གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ཧོང་གི་མི་དང་ཉི་ཧོང་གི་རྩོམ་རིག༼ལྷུག་རྩོམ༽

2014-01-12 15:03:00 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།

                                         ༡
 
  ཁོར་ཡུག་གི་རྐྱེན་པས་བདག་གི་མི་ཚེའི་ནང་རི་པིན་དང་། འཇར་པན། ཉི་ཧོང་བཅས་ཡུལ་གྲུ་གཅིག་ལ་མིང་འབོད་སྟངས་མི་འདྲ་བ་གསུམ་བྱུང་ལ། དེང་གི་དུས་འདིར་ཉི་ཧོང་ཞེས་པ་ཅུང་འབོད་བདེ་བར་སྣང་།
  ༢༠༠༩ལོའི་ཟླ་བ་བཅུ་གཉིས་པར། ང་རང་ཉི་ཧོང་དུ་སྤྲོ་འཆམ་ལ་སོང་བ་དང་། མི་རྣམས་ཀྱི་ཞི་ཞིང་དུལ་བའི་སྤྱོད་པ་དང་། དེང་རབས་གྲོང་ཁྱེར་གྱི་དངོས་པོའི་ལོངས་སྤྱོད་ཤིན་ཏུ་དར་བ་དེ་གཉིས་ཀས་བདག་གི་ཡིད་དབང་བཀུག
  པེ་ཅིང་ནས་ཐོ་ཁྱོ་རུ་འཕུར་བའི་གནམ་གྲུ་དང་། ཁྱོ་ཐོ་ནས་ཨོ་ས་ཁར་བགྲོད་པའི་མེ་འཁོར།  ཨོ་ས་ཁ་ནས་ཀོ་རེ་ཡའི་སོ་ཨུལ་སོགས་སུ་འཕུར་བའི་གནམ་གྲུའི་ནང་ནས་ངས་མེ་ཞེ་མ་ཡོ་ཁེ་ཨོ(三島由紀夫)ཡིས་བརྩམས་པའི<<གསེར་ཁང་དགོན་པ>>ཞེས་པའི་བརྩམས་སྒྲུང་དེ་བཀླགས་པ་དང་སྐབས་འགར་ཨ་ཞི་ཟེར་བའི་སྦི་རག་དེ་བཏུང་ནས་སྣང་བ་བན་བུན་དུ་བཏང་བས། མངོན་སུམ་དང་འཕྲུལ་སྣང་གཉིས་ཀ་ནས་ཤར་ཕྱོགས་ཀྱི་རྒྱལ་ཁབ་དེའི་མི་དང་གནས་ཀྱི་བཀོད་པ། ལོ་རྒྱུས། ཆོས་ལུགས། རིག་གནས་སོགས་ལ་རྒྱུས་ལེན་པའི་སྐལ་བ་མངོན་དུ་གྱུར།
  ད་ལྟ<<གསེར་ཁང་དགོན་པའི>>ནང་གི་བྱུང་རིམ་མང་དག་ཅིག་བརྗེད་པར་གྱུར་འདུག་མོད་དམིགས་བསལ་གྱི་འགྲུལ་སྐྱོད་དེ་གཏན་ནས་བརྗེད་ཐབས་བྲལ་ཅིང་། ལྷག་པར་དུ་ཐོ་ཁྱོ་ནས་ལོ་ན་ཅུང་བགྲེས་པའི་བུད་མེད་འགའ་ཞིག་ནི་ཉི་ཧོང་གི་སྲོལ་རྒྱུན་ཆ་ལུགས་སྤྲས་ཏེ་ཁང་བརྩེགས་ཀྱི་གྲིབ་མའི་ཁྲོད་དུ་གོམ་པ་དལ་མོས་བག་ཕེབས་པར་འགྲོ་བཞིན་པ་དང་། ཁྱོ་ཐོ་ནས་གཟུགས་མཛེས་མ་འགའ་ཞིག་གིས་གར་སྟེགས་ནས་ཆེད་དུ་དམར་ལྗང་སྔོ་སེར་སོགས་ཁ་དོག་སྣ་ཚོགས་ལྡན་པའི་ཉི་ཧོང་གི་སྲོལ་རྒྱུན་ཆ་ལུགས་འགྲེམ་སྟོན་བྱེད་དུས་བདག་གིས་རྒྱུ་སྤུས་བཟང་བའི་གོས་དང་རས་ཟེར་བ་ནི་དེ་འདྲ་ཞིག་ཡིན་པར་སྙམ་ལ། གདོང་ལ་སྐེག་ཚོས་རན་པར་བྱུགས་སྟངས་ནི་གཟུགས་མཛེས་མ་དེ་ཚོས་ཤིན་ཏུ་ཤེས་ཡོད་པར་སྙམ། དེ་དང་མཉམ་དུ་གནའ་བོའི་ལུགས་སྲོལ་དག་མི་ཉམས་པར་ཡུན་རིང་བར་གནས་ཡོད་པ་དེ་ནི་ནམ་ཡང་སྐྱེ་བོ་རྣམས་ཀྱི་ཡིད་དབང་འཕྲོག་བྱེད་ཅིག་རེད་སྙམ། 
                             
                                         ༢
   དེའང་ང་ནི་རྩོམ་པ་པོ་ཆེ་གེ་མོ་གང་ཡིན་པ་དེ་དམིགས་སུ་བཀར་ནས་གླེང་བ་ལས་རྒྱལ་ཁབ་ལམ་ཡུལ་གྲུ་ག་གེ་མོའི་རྩོམ་རིག་ཅེས་རྩོམ་པ་པོ་མང་པོ་ཞིག་ཕ་ཡུལ་གཅིག་ཡིན་པ་རྒྱུ་མཚན་དུ་བྱས་ནས་དེ་དག་རིགས་གཅིག་གི་ཁོངས་སུ་སྡུད་པར་དེ་འདྲ་མི་སྤྲོ། ངེད་ཅག་བོད་ལ་མཚོན་ནའང་ཞང་ཞུང་ཆོས་དབང་གྲགས་པའི་བརྗིད་ཆེ་ཞིང་འུད་ཆེན་པོའི་ཉམས་དང་ལྡན་པའི་སྙན་ངག་དང་དགེ་འདུན་ཆོས་འཕེལ་གྱི་གོ་བདེ་ཞིང་ལྷོད་ཤ་ལྡན་པའི་སྙན་ངག་དེ་གཉིས་ལ་ཐུན་མོང་གི་ཁྱད་ཆོས་གང་ཡོད་ཅེ་ན། གཉིས་ཀ་བོད་ཡིག་གི་ལམ་ནས་བྲིས་པ་ཙམ་མ་གཏོགས་གཞན་ཅི་ཞིག་མཆིས། 
  དེ་བས་རྩོམ་པ་པོ་དང་དཔེ་ཀློག་པ་ཞིག་ཡིན་པའི་ཆ་ནས། ངས་ཉི་ཧོང་གི་རྩོམ་རིག་ཟེར་དུས། ཁ་ཝ་བྷ་ཐ་ཡ་སི་ན་རིའི(川端康成)བརྩམས་སྒྲུང<<ཁ་བའི་རྒྱལ་ཁམས>>ནང་གི་མཚན་མོར་མེ་འཁོར་ཁ་བའི་རྒྱལ་ཁམས་སུ་སྐྱོད་དུས་ཤེལ་གྱི་ཁྲ་མའི་ངོས་སུ་གཟུགས་བརྙན་སྣ་ཚོགས་ཤར་བའི་སྐོར་ཞིབ་འབྲི་བྱས་ཡོད་པ་དེ་དང་། ཨ་ཁུ་ཐ་ག་ཝ་ལོའུ་ནོ་སུ་ཁེ (芥川龍之介)ཡི་<<ནགས་ཀློང་ཁྲོད་དུ>>ཞེས་པར་ཁྲིམས་དཔོན་གྱིས་དྲི་བ་འདོན་དུས་མི་རེ་རེས་དོན་གཅིག་གི་སྐོར་ལ་སྒྲུང་མི་འདྲ་བ་རེ་བཤད་པ། ཁུ་རོ་ཡ་སེན་ཅི(黒井千次)ཟེར་བའི་རྩོམ་པ་པོ་ཞིག་གིས་ཤིན་ཏུ་སྟབས་བདེ་ཞིང་ཀློག་བྲོ་ལ། བྱུང་རིམ་ཁྱད་མཚར་ལྡན་པའི་སྒྲུང་ཐུང་འགའ་བྲིས་ཡོད་པ། མེ་ཞེ་མ་ཡོ་ཁེ་ཨོ་དང་ཁ་ཝ་བྷ་ཐ་ཡ་སི་ན་རི་གཉིས་ཀྱིས་སྔ་རྗེས་སུ་རང་སྲོག་བཅད་པ་སོགས་དྲན་ཡོང་བ་ལས་རྩོམ་རིག་དཔྱད་བརྗོད་པ་ཚོ་ལྟར། རྩོམ་པ་པོ་གྲགས་ཅན་ག་ཚོད་ཡོད་པ་དང་། སོ་སོའི་བརྩམས་ཆོས་ལ་ཁྱད་ཆོས་ཅི་ཞིག་ཡོད་པ། ཁོ་ཚོས་འབྲི་སྟངས་ཅི་ཞིག་བེད་སྤྱད་ཡོད་པ་སོགས་ལ་བསམ་བློ་གཏན་ནས་མི་ཐོངས།
  བདག་གིས་ཁ་ཝ་བྷ་ཐ་སོགས་ཀྱི་སྨྱུག་འོག་གི་འདུ་བྲལ་དང་། སྐྱེ་འཆི། བརྩེ་དུང་། མཚན་མ། ཁེར་རྐྱང་སོགས་ལས་ཆོས་ལུགས་དང་རིག་གནས་ཀྱི་རྩ་བ་བརྟན་པའི་ཤར་ཕྱོགས་རྩོམ་རིག་གི་མཛེས་སྡུག་ཅིག་རྙེད་ཡོང་ལ། ཏག་ཏག་ངེད་ཅག་བོད་པའི་རྩོམ་པ་ཚོས་ཀྱང་བརྗོད་བྱ་དང་རྗོད་བྱེད་ཀྱིས་ཁྱབ་ཁོངས་ཆེ་རུ་བཏང་སྟེ་ཉི་ཧོང་གི་རྩོམ་པ་པོ་ཚོ་ལྟར་རྩོམ་འབྲི་ཤེས་ཚེ་མ་འོངས་པར་བོད་དུའང་ཁ་ཝ་བྷ་ཐ་ལྟ་བུའི་རྩོམ་པ་པོ་མི་འབྱུང་བའི་ངེས་པ་མེད་པར་སྙམ།
  རེད་དེ། ཐག་རིང་གི་རྒྱུ་སྐར་རྣམས་སུ་ཞིག་གི་སྙིང་ཁར་ལྷུང་བའི་ཚེ་ན། གོ་ལ་འདིར་ཁེར་རྐྱང་དུ་སྡོད་པའི་སེམས་པ་རྣམས་ཀྱང་རང་སར་གྲོལ་འགྲོ་བ་འདྲ།1
                                          ༣
  དེའང་བདག་ལ་མི་འགའ་ཞིག་གིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ། ཉི་ཧོང་བ་དག་གིས་ནུབ་ཀྱི་རིག་གནས་ལ་བླ་ལྷག་གིས་སློབ་སྦྱོང་བྱས་ཏེ་མྱུར་བར་སྟོབས་འབྱོར་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་བ་རེད་ཅེས་སྨྲས་ལ་དེའི་སྔོན་དུ་རང་གི་རིག་གནས་གཅིག་བུ་ལས་གཞན་དག་ལ་མི་སློབ་པར་སྒོ་བརྒྱབ་པ་ལྟ་བུ་ཞིག་ཏུ་བཤད་མོད། ཉེ་སྔོན་བདག་གིས་ཁུ་རོ་ཡ་ན་ཀེ་ཐེ་ཚུ་ཁོས(黑柳砌子)བརྩམས་པའི<<སྒེའུ་ཁུང་འགྲམ་གྱི་ཐོ་ཐོ་མ>>ཞེས་པ་བོད་ཡིག་ཏུ་བསྒྱུར་བ་ལས་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྔོན་ནས་བཟུང་ཉི་ཧོང་དུ་ནུབ་ཕྱོགས་ཀྱི་རྩོམ་རིག་དང་། རོལ་དབྱངས། གློག་བརྙན། ཟློས་གར། སློབ་གསོ་རིག་པ། སེམས་ཁམས་རིག་པ་སོགས་ཤུགས་ཆེ་རུ་དར་ཡོད་པ་ཤེས། མ་ཟད་དམག་འཁྲུག་གིས་གཞན་ཡུལ་ནས་རིག་གནས་དར་བའི་རྒྱུན་དེ་ལའང་བར་ཆད་ཆེན་པོ་བྱས་ཡོད་པ་ཤེས།
  ལྷག་པར་དུ་མུ་ར་ཁ་མི་ཧ་རུ་ཁི(村上春树)ཡིས་བརྩམས་པའི<<ནོར་ཝེའི་ནགས་ཚལ>>ཞེས་པ་བཀླགས་རྗེས། དམག་འཁྲུག་གི་རྗེས་སུ་ནུབ་ཕྱོགས་ཀྱི་སྒྱུ་རྩལ་གྱི་རིགས་སྣ་ཚོགས་ཉི་ཧོང་གི་སློབ་ཆེན་པ་ཚོའི་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། མུ་ར་ཁ་མི་སོགས་ཀྱིས་ནུབ་ཀྱི་རིག་གནས་ཀྱི་བརྡ་རྟགས་མང་པོ་ཞིག་རང་གི་རྩོམ་ནང་དུ་སྤྱད་པས་ནུབ་ཕྱོགས་པ་དག་གིས་ཀྱང་དེ་ལ་དགའ་མོས་ཆེན་པོ་བྱས་ཤིང་། ཉེ་བའི་ལོ་འགར་མུ་ར་ཁ་མི་ཉིད་ནོ་པེལ་རྩོམ་རིག་ལེན་མཁན་གྱི་ཉི་ཧོང་གི་མི་གསུམ་པར་འགྱུར་བའི་བར་ཐག་ཤིན་ཏུ་བསྟུངས་པར་གྱུར།
  རྩོམ་པ་པོ་ཞིག་གི་མིག་རྒྱང་གིས་ཁོའི་བརྩམས་ཆོས་ཀྱི་ཚེ་སྲོག་ཀྱང་གྲུབ་ཐུབ་པས་ན། ངེད་ཅག་ཤར་ཕྱོགས་ཀྱི་རྩོམ་པ་པོ་གཞན་དག་གིས་ཀྱང་མུ་ར་ཁ་མི་སོགས་ལྟར་རང་གི་བརྩམས་ཆོས་དེ་རིག་གནས་ཀྱི་རྣམ་པ་གཅིག་གི་ཁྱབ་ཁོངས་ལས་བརྒལ་བར་བྱ་བར་བརྩོན་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད་སྙམ།
                      ༢༠༡༣ལོའི་ཟླ་༡༠བར་བྲིས་པའོ།།
 
  མཆན།
____________
 1<<ཁ་བའི་རྒྱལ་ཁམས>>སུ་དགུ་ཚིགས་སྙིང་ཁར་ལྷུང་བ་འདྲ་ཞེས་དཔེ་རུ་བཀོད་ཡོད།

                                       (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང) 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།