གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉམས་མགུར་སེམས་ཕྲ་མ།༼བཅད་མ༽

2013-09-23 20:35:00 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།
སེམས་ཕྲ་མོ་མེ་ཏོག་ཡུ་རིང་མ།།
དུས་རྟག་པར་བཞད་ནས་ཟུམ་དུས་མེད།།
ལུས་ལང་ཚོ་མཚོ་ཁའི་འཇའ་གཟུགས་མ།།
ཐེངས་རྗེས་མར་ཤར་དུས་སྐྱ་མདངས་ཤིག།

ལམ་སྐྱ་མོ་ལྭ་བའི་སྐ་རགས་འདྲ།།
རྒལ་གྱིན་རྒལ་གྱིན་ལྷོད་པར་འགྱུར།།
ཁྱིམ་འཁོར་བ་སྤྲིན་ནང་ཆར་ཆུ་སྟེ།།
རྨི་ལམ་ལྷན་ཅིག་མཐོ་རུ་གཡེང་།།

གདོང་འདི་དག་རྟག་པར་ཁྱོད་དང་འགྲོགས།།
མིག་དམ་པོར་བཙུམས་ཀྱང་ཡིད་ལ་འཆར།།
སེམས་འདི་དག་ཁྱོད་ལ་རྟག་པར་འཐམས།།
སྣོད་སྟོང་བར་བྱས་ཀྱང་དགང་བར་འགྱུར།།

སྣང་བའི་མར་མེ་གཡོ་བ་འདིས།།
འཇིག་རྟེན་ཁམས་ནི་དོན་ཡོད་བྱས།།
སྨིག་རྒྱུའི་རི་མོ་གྲུབ་པ་འདིས།།
ཡོད་དང་མེད་པའི་མཚམས་ཀྱང་ཕྱེ།།

          ༢༠༡༣ལོའི་ཟླ་༩པའི་ཚེས་༢༣ཉིན་རི་ཁ་བ་ཅན་གྱི་སྔོན་བྱོན་དམ་པ་རྣམས་ཀྱི་ངག་རིག་གི་འགྲོས་ལྟར་བྱས་ཏེ་གྲོང་ཁྱེར་ཆེན་པོ་ཞིག་ནས་སྦྱར་བའོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།