གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟི་དང་གཞས་མ།༼ བརྩམས་སྒྲུང༽

2013-04-02 17:59:00 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།

   གཞས་མ་དེའི་མིང་ལ་དབྱངས་ཅན་པད་མ་ཟེར་བ་དང་། མོ་ཚེ་ལས་མ་འདས་པའི་ཡར་སྔོན་དུ་མི་རྣམས་ཀྱིས་མོའི་སྐོར་གྱི་གཏམ་རྒྱུད་མང་པོ་ཞིག་ཤོད་ཀྱིན་ཡོད་དེ། སྨན་ཁང་ག་གེ་མོ་ཞིག་ནས་མོས་ཕྲུ་གུའི་སྲིད་བཤིགས་པ་དངོས་སུ་མཐོང་བ་དང་། ཕྲུ་གུ་དེའི་ཕ་ནི་རྫོང་གི་དཔོན་པོ་ཆེ་གེ་མོ་ཡིན་པ། དཔོན་པོ་དེས་མོའི་གྱོང་གུན་གསབ་ཆེད་མོ་ལ་སྡོད་ཤག་ཅིག་ཉོས་ཡོད་པ། ཡང་ཁོང་ཚང་ལ་སྔགས་པ་མཐུ་ལྡན་ཞིག་ཡོད་པ་དེས་དུས་ངེས་མེད་དུ་མོའི་ཁ་ནང་ལ་ཕུ་འདེབས་ཀྱིན་ཡོད་པས་མོའི་སྐད་ངག་ནི་ཇེ་ཡག་ནས་ཇེ་ཡག་ནི་ཡིན་ཚུལ། དེ་མིན་མོས་གཞས་མ་གཞན་ཞིག་གི་དགའ་རོགས་འཕྲོག་པས་དེའི་སྐད་ངག་སྙན་མོའང་མཉམ་དུ་འཕྲོག་སོང་བ་སོགས་སོ།།
  ན་ནིང་གི་ལོ་སར་གྱི་དུས་སུ། མོས<<ང་ཡི་སྙིང་སྡུག>>ཞེས་པའི་གཞས་ཤིག་བརྙན་འཕྲིན་ཁང་ཞིག་གི་དགོང་ཚོགས་སུ་བཏང་བ་དེ་གྲོང་ཁྱེར་ནས་གྲོང་མཁར་དང་། དེ་ནས་རི་གྲོང་དག་ཏུ་ཁྱབ་པར་མ་ཟད་མགྲོན་ཁང་དག་གི་ནང་ན་རྒྱན་པོ་འགྱེད་དེ་ཉི་མ་གཏོང་བཞིན་པའི་གསར་བུ་ཞིག་གིས“གལ་སྲིད་དབྱངས་ཅན་པད་མ་དང་ཞག་གཅིག་ཉལ་རྒྱུ་བྱུང་ན་ཕྱི་ཉིན་འཆི་དགོས་བྱུང་ཡང་འགྱོད་པ་མེད”ཟེར་བ་དང་། ཚོང་དཔོན་ཞིག་གིས“མོའི་གཞས་གཉིས་པ་དེར་བདག་གིས་དཔལ་འབྱོར་གྱི་མ་རྩ་གཏོང་གི་ཡོད”ཅེས་ངོམ་སོ་བྱས་པ་ན་རྒྱན་པོ་འགྱེད་མཁན་དེས་ཉིན་མང་པོའི་རིང་ལ་ཚོང་དཔོན་དེའི་རྗེས་དེད་ནས་ཁོ་ལ་ཞབས་ཞུ་བསྒྲུབས་པ་སྐད་དུ་གྲགས། 
 མོ་ལ་དགའ་ཞེན་ཚད་མེད་བྱེད་པའི་མི་དེ་ཚོའི་ངག་ལ་ཉན་ཚེ་ཁྱོད་ཀྱིས་སྤང་ལྗོངས་ཀྱི་དེའུ་འབུར་ཞིག་གམ་ཞིང་སའི་རྐ་ཚིགས་གང་རུང་ནས་མོའི་མིང་གིས་བོས་ཚེ་མོ་རང་སྤྲུལ་སྒྱུར་ལ་མཁས་པའི་ལྷ་མོ་ཞིག་དང་འདྲ་བར་མངོན་ཡོང་ཚུལ་ཡང་བཤད་ངེས།
   མིང་ལ་ཚེ་རིང་ཟེར་བའི་ཟོག་རྫི་ཞིག་གིས་ཁོས་རྨི་ལམ་དུ་བསྟུད་མར་ཆུ་མིག་དྭངས་མོ་ཞིག་གི་ཁར་གསེར་གྱི་བུམ་པ་ཐོགས་ཏེ་ཡོང་བའི་ལྷ་མོ་ཞིག་མངོན་པ་དང་གཉིད་ལས་སད་སྐབས་རང་གིས་ཚོར་མེད་དུ་དབྱངས་ཅན་པད་མས་བཏང་བའི་གཞས་རྣམས་ངག་ན་ཟློ་བཞིན་འདུག་ཟེར། ཡིན་ནའང་ཚེ་རིང་གིས་སྐད་ཆ་དེ་བཤད་ནས་བདུན་ཕྲག་གཅིག་འགོར་བའི་རྗེས་སུ་ཁོ་ལ་གློ་བུར་ཏུ་ནད་ལྕི་མོ་ཞིག་ཕོག་ཅིང་ངག་འཁྱལ་བར་གྱུར། སྐབས་རེར་ཁོས“དབྱངས་ཅན་པད་མ་ནི་ངའི་ཆུང་མ་ཡིན། ངེད་གཉིས་ཀྱི་ཕྲུ་གུའི་མིང་ལ་དབྱངས་ཕྲུག་ཟེར”ཟེར་བ་དང་ཡང་སྐབས་རེར“ང་མ་གཏོང་། ང་གཅིག་བུར་འགྲོ་མི་ཕོད”ཟེར། དེ་ནས་བཟུང་ཚེ་རིང་ནི་ཟོག་རྫི་ཞིག་ནས་སྤྲང་ལྟོགས་ཤིག་ཏུ་གྱུར་བ་དང་ཁོས་དབྱངས་ཅན་པད་མས་གཞས་གཏོང་མྱོང་སའི་ཟློས་གར་ཁང་ཞིག་སྒོ་འགྲམ་ན་མཚམས་རེར་ཀི་འདེབས་ཤིང་ལན་རེར་ཚར་རྒྱུ་མེད་པའི་གཏམ་མང་པོ་ཞིག་ལབ་པར་བྱེད། ཁོའི་ཕྱུགས་ཟོག་རྣམས་ཀྱང་ཁོའི་ཆུང་མས་ཐག་རིང་ཞིག་ལ་དེད་སོང་།
 གང་ལྟར་མི་རྣམས་ཀྱི་འདོད་སྲེད་ལ་གཤོག་པ་ཐོགས་པའི་དཔྱིད་ཀའི་དུས་ཤིག་ནས་བཟུང་། ཁྱིམ་ཚང་རེ་རེར་དབྱངས་ཅན་པད་མས་གཞས་བཏང་ཡོད་སའི་འོད་སྡེར་རེ་ཡོད་པར་གྱུར་བ་དང་རྟ་བ་དང་སྦག་ཞོན། ཚོང་བ། ལས་ཀ་བ་དག་གི་ཁ་པར་ཡང་མོའི་འདྲ་པར་སྣ་ཚོགས་ཀྱིས་གང་བར་གྱུར།
    ཉིན་ཞིག་ལ། མིང་ལ་རྡོ་རྗེ་ཟེར་བའི་སློབ་གྲྭ་ཆེན་མོ་བ་ཞིག་ཆང་ནད་ཀྱིས་གཟིར་ཏེ་ཉིན་གུང་གི་བར་དུ་གཉིད་ཡོད་པའི་སྐབས་སུ་མི་ཞིག་གིས་ཁོའི་མལ་ཐུལ་གྱི་སྣེ་ནས་འཐེན་པར་བྱེད་ཅིང་ཁོས་དེའི་ཕྱོགས་སུ་ལག་པས་གཡུག་གིན“ཕ་རོ་ཟ་རྒྱུ་ཁྱོད། ཕར་སོང་། ང་རང་ད་དུང་ཅུང་གཉིད་དགོས”ཞེས་སྨྲས་པ་ན་བསིལ་ཞིང་འཇམ་པའི་ལག་པ་ཞིག་གིས་ཁོའི་སྐྲ་ལོར་བྱིལ་བྱིལ་བྱེད་ཀྱིན“ཡར་ལོངས་ལ་ལྟོས་དང་། དེ་རིང་ཉི་མ་གསར་བ་ཞིག་ཤར་ངེས་རེད”ཅེས་པའི་བུད་མེད་ཀྱི་སྐད་ཅིག་ཁོའི་རྣ་ལམ་དུ་གྲགས། ཁོས་གཉིད་སྣང་དང་བཅས་མིག་འབྱེད་མ་བཙུམ་གྱིས་ཕར་བལྟས་པ་ན་ཚི་ལེན་གློ་མདོག་ཅན་ཞིག་གྱོན་པའི་བུ་མོ་ཞིག་ཁོའི་ཉལ་ཁང་དུ་བསླེབས་འདུག་པ་དང་། མོའི་འཛུམ་མདངས་ཀྱིས་འོད་སྣང་དང་འདྲ་བར་ཉལ་ཁང་གི་ནང་ཡོངས་རྫོགས་གསལ་བར་བྱས་སོང་། དེ་ནས་ཁོའི་སེམས་ལ་སྔར་མེད་པའི་དངངས་འཚབ་ཅིག་སྐྱེས་ཏེ་ཡར་ལངས་པ་ན་བུ་མོ་དེ་མི་སྣང་བར་གྱུར།
    ཁོས་བུ་མོ་དེ་དབྱངས་ཅན་པད་མ་རེད་ཟེར་ཅིང་ཁོ་ནི་དཔྱིད་ཀའི་དུས་ནས་བཟུང་མོ་དངོས་སུ་མཐོང་མྱོང་ཟེར་བའི་མི་དང་པོ་དེར་གྱུར།
    དེ་ནས་བཟུང་མི་རྣམས་ཀྱིས་དབྱངས་ཅན་པད་མ་ཅིའི་ཕྱིར་ཁོའི་ཉལ་ཁང་དུ་འོང་བའི་སྐོར་ལ་བགྲོ་གླེང་སྣ་ཚོགས་བྱས་པ་དང་། ཕལ་ཆེ་བས་རྡོ་རྗེ་ཚང་ལ་མི་རབས་མང་པོར་བརྒྱུད་པའི་གཟི་མིག་དགུ་བ་ཞིག་ཡོད་པ་དེ་རྒྱུ་མཚན་དུ་དྲངས།
  འཁྱལ་པོ་བཀྲ་དབང་གིས་བཤད་པ་ལྟར་ན། གལ་སྲིད་རྡོ་རྗེ་ཚང་གི་གཟི་མིག་དགུ་བ་དེ་དབྱངས་ཅན་པད་མ་ཚང་གི་སྔགས་པའི་ལག་ཏུ་ཤོར་ཚེ་དབྱངས་ཅན་པད་མ་ཚེ་ཐོག་འདི་ནས་ལྷ་མོ་དབྱངས་ཅན་མར་འགྱུར་ངེས་པ་དང་། སྐབས་དེར་མོས་རྒྱུད་མངས་ཀྱི་སྒྲ་དབྱངས་ལ་བརྟེན་ནས་འཇིག་རྟེན་པ་མཐའ་དག་གི་བླ་དགུག་པར་ངེས་ཤིང་མི་རྣམས་ཀྱིས་ཀྱང་སྐད་ཆ་བཤད་པའི་ཚབ་ཏུ་གཞས་གཏོང་ངེས་ཟེར། བཀྲ་དབང་གི་གཏམ་དེ་གཅིག་ནས་བཅུ་ལ་བརྒྱུད། བཅུ་ནས་བརྒྱ་ལ་བརྒྱུད་མཐར་རྡོ་རྗེའི་ཨ་མས་གོ་བར་གྱུར་ཅིང་མོས་མཚན་མོ་རིང་བོ་ཞིག་རྣམ་རྟོག་གིས་ཕར་བསྐྱལ་རྗེས་གཟི་མིག་དགུ་བ་དེ་ཁོང་ཚང་གི་སྦྲའི་ཆོན་ཕུར་གང་རུང་ཞིག་གི་འོག་ཏུ་སྦེད།
    རྡོ་རྗེའི་ཆེད་ལས་ནི་རྩིས་རིག་ཡིན། དབྱངས་ཅན་པད་མ་མཐོང་བའི་མཚན་མོ་དེར་ཁོས་མི་ལོ་མང་པོའི་རིང་ལ་རང་ཉིད་སྡུག་ལ་གཏོད་བྱེད་ཀྱི་གྲངས་ཀ་དེ་དག་ནི་སྤྱོད་ཁང་ནང་གི་ཤ་སྦྲང་དག་དང་འདྲ་བར་མི་སུན་པོ་བཟོ་བྱེད་ལས་མ་འདས་པར་སྙམ་ལ། གྲངས་ཀ་དེ་དག་ཇི་ལྟར་ཕར་བསྒྲིགས་ཚུར་བསྒྲིགས་བྱས་ཀྱང་དབྱངས་ཅན་པད་མ་ལྟ་བུ་ཞིག་མི་གྲུབ་པས་བརྩིས་ནས་ཐོབ་པའི་སྡོམ་ཚིག་མཐའ་དག་ནི་ར་བཟི་སྐབས་ཀྱི་སྐྱིད་སྣང་དང་འདྲ་བར་སྙིང་བོ་མེད་པར་སྙམ། དེ་ལྟར་བསམ་བློ་བཏང་གིན་བཏང་གིན་ཁོའི་ཁོག་པའི་ནང་གི་སྙིང་བོར་བ་ལྟར་གྱུར་ཅིང་ཡར་ལངས་ཏེ་གོམ་པ་སྤོ་བར་བརྩམས་པ་ནི་འགྲོ་སའི་གནས་ནི་མེད་པ་ལྟར་འདུག ཁོའི་སློབ་གྲོགས་རྣམས་ཀྱིས་ཁོའི་མཐའ་བསྐོར་ནས་དབྱངས་ཅན་པད་མའི་སྐོར་ལ་དྲི་བ་སྣ་ཚོགས་བཏོན་པས་མཐར་ཁོས“དྲང་མོར་བཤད་ན་སྐབས་དེར་ང་རང་གཉིད་ཡོད། ངས་རྨི་ལམ་ནས་མོ་མཐོང་བ་ཙམ་མོ”ཟེར། སློབ་གྲོགས་བུ་མོ་ཞིག་གི་ལུས་སེམས་གཉིས་ཀ་ཕྲག་དོག་གིས་ཟིན་པར་གྱུར་བས་མོས“ཁྱོད་ཚོ་དེ་འདྲ་ཞིག་ཧད་ནས་ཅི་བྱེད། དབྱངས་ཅན་པད་མའང་མི་ཞིག་ཡིན་པ་རེད། མི་ཟེར་བ་ཨེ་ཤེས། ཁ་དང་སྣ། ལྕེ་སོགས་ཡོད་པའི་མི་རྡོ་རྗེ་ཁོ་རང་ལྟ་བུ་ཞིག”ཟེར། སློབ་གྲོགས་ཚོའི་ག་ཞ་དང་ཀུ་ཅོའི་ཁྲོད་ནས་རྡོ་རྗེའི་ལུས་པོ་ཚ་བས་ཟིན་པར་གྱུར་ཅིང་ཁོས་སློབ་གྲོགས་ཚོ་ལྟ་ཅི་དགེ་རྒན་ལའང་ཁ་ཡ་མི་བྱེད་པར་རྒྱབ་ཁུག་ཅིག་ཁུར་ཏེ་སློབ་གྲྭའི་སྒོ་ཐེམ་བརྒལ་ནས་བུད་སོང་། སློབ་གྲོགས་བུ་མོ་དེས“ཁོའི་ཕྱི་རོལ་ཏུ་གོམ་སྟབས་སྒྱུར་བཞིན་པའི་དུས་སུ་རྐང་བ་གཉིས་ཀར་བརྟེན་ནས་སྐྱོད་བཞིན་པ་དང་མི་འདྲ་བར་རྐང་ལག་བཞི་བོར་བརྟེན་ནས་རྒྱུག་བཞིན་པ་འདྲ། ཁོ་ཕྱིར་ཡོང་དུས་ལག་པ་གཉིས་ཀ་ཡོད་སྲིད་དམ”ཞེས་རྡོ་རྗེས་སློབ་གྲྭའི་སྒོ་ཐེམ་རྒལ་བཞིན་པའི་ཚུལ་དེ་ཉིན་ཐོར་བྲིས།
    སློབ་གྲྭ་དེའི་ཁོ་ར་ཁོར་ཡུག་མཐའ་དག་ནི་མིག་མངས་ཀྱི་རི་མོ་ལྟ་བུའི་ཞིང་ས་ཆེན་པོ་ཞིག་ཡིན་ལ་དེ་རུ་སྐྱེས་པའི་འབྲུ་དྲུག་གི་སྙེ་མས་ཉི་མའི་འོད་ཀྱང་ཕྱིར་བསྡུ་བའི་སྐལ་བ་མེད་པར་ཚོན་ཕྱེ་རུ་ཕབ་བཞིན་པ་འདྲ། རྡོ་རྗེས་སློབ་གྲོགས་བུ་མོ་དེས་ཉིན་ཐོར་བྲིས་པ་བཞིན་རི་དྭགས་ཤིག་ལྟར་དམིགས་སའི་གནས་དེ་བཙལ་ནའང་སོང་གིན་སོང་གིན་མགོ་བོ་འཁོར་ཏེ་གནས་གཅིག་ལ་ཡང་ཡང་བརྒྱུད་པར་མ་ཟད་ཁ་ལྕེ་སྐོམ་ཞིང་ལུས་པོར་སྔར་མེད་པའི་འདོད་ཆགས་ཤིག་སྐྱེས། དེ་བས་ཁོས་ཉིན་དེར་མཐོང་བའི་དབྱངས་ཅན་པད་མའི་གཟུགས་བརྙན་སེམས་སུ་བསྒོམས་ཚེ་མོའི་གློ་མདོག་གི་ཚི་ལེན་དེའི་སྟེང་དུ་ཁོའི་སྐོམ་པ་སེལ་ཐུབ་པའི་ཆུ་ཐིགས་དང་ཟིལ་བ་ཡོད་པར་སྙམ་ལ་མོའི་ལག་པས་སླར་ཡང་ཁོ་ལ་ཐེངས་གཅིག་རེག་ཚེ་ཁོའི་ཁུ་བའང་དབང་མེད་དུ་ཤོར་འགྲོ་བར་སྙམ།
    མཚན་མོའི་དུས་སུ། ཁོ་རང་ཁྱི་སྐད་སང་སང་དུ་གྲགས་པའི་གྲོང་སྡེ་ཞིག་ཏུ་འབྱོར་བ་དང་། ཁྱིམ་ཚང་ཞིག་ལ་གནས་ཚང་གཡར་ནས་བསྡད། ཁྱིམ་ཚང་དེའི་སྡོད་ཤག་གི་གྱང་ངོས་སུའང་དབྱངས་ཅན་པད་མའི་འདྲ་པར་སྣ་ཚོགས་བཀལ་ཡོད་ཅིང་མིག་ཡ་གཅིག་ཞར་བའི་ཁྱིམ་བདག་མ་དེས“དེང་སང་བུ་མོ་འདི་ལ་སྙན་གྲགས་ཆེན་པོ་རྒྱས་འདུག ཡིན་ནའང་མོའི་རྒྱབ་ན་ཐག་པ་ཞིག་ཡོད་པ་དང་ཐག་པ་དེའི་སྣེ་མོར་མི་རྒྱགས་པ་ཞིག་འཇུས་ཡོད་པ། གལ་སྲིད་མི་རྒྱགས་པ་དེ་མེད་ཚེ་མོའི་ལུས་ཀྱི་ཟོ་མདངས་ཉམས་སྲིད་པར་མ་ཟད་ངག་ཀྱང་འཁྲོལ་ཐུབ་མིན་སུས་ཤེས”ཟེར། ཁོས་མི་དེ་ནི་གཞན་གྱིས་བཤད་ཀྱིན་པའི་སྔགས་པ་དེ་ཨེ་ཡིན་ནམ་སྙམ།
    མལ་དུ་ཞུགས་དུས་ཁྱིམ་བདག་མས་ཁོ་ལ་ཧ་ཅང་ནག་པའི་མལ་ཐུལ་ཞིག་གྱོན་དུ་བཅུག་ཅིང་མཚན་གང་བོར་མུན་ནག་གིས་མར་མནན་ཡོང་བ་ལྟ་བུའི་ཚོར་བ་ཞིག་བྱུང་།  མཚམས་ཤིག་ནས་ཁོས་དབུགས་ཀྱང་ལེན་དཀའ་བར་གྱུར་ཏེ་ཡར་ལང་བར་བརྩམས་ནའང་ལུས་ལ་ཤེད་ཤུགས་ཅི་ཡང་མི་འདུག དེ་བས་ཁོས་རང་ཉིད་ཡོད་སའི་ཁྱིམ་ཚང་དེ་ནི་མངོན་སུམ་དང་རྨི་ལམ་གཉིས་ཀྱི་འདྲེས་མདོ་ཡིན་པ་ཤེས། སྐབས་དེར་ཁོས་ཁྱིམ་བདག་མས་བཤད་པའི་མི་རྒྱགས་པ་དེ་མཐོང་བྱུང་། མི་དེའི་གདོང་ལ་རི་མོ་སྣ་ཚོགས་འདུག་ཅིང་ཁ་ཤ་མཐུག་ལ་སྣ་ལེབ་པ་དང་། མིག་ནི་རབ་ཏུ་ཆུང་བར་འདུག ཁོས་ལག་པ་གཡོན་པས་ཐག་པ་ཞིག་ལ་དམ་དུ་འཇུས་ཤིང་ལག་པ་གཡས་པས་དངུལ་ལོར་སྤར་བ་གང་བཟུང་འདུག
  རྡོ་རྗེས་ཐག་པ་དེའི་ཕྱོགས་སུ་ཇི་ལྟར་བལྟས་ནའང་དེ་ནི་ཤིན་ཏུ་རིང་བའི་གཙང་བོ་ཞིག་དང་འདྲ་བར་གྱ་གྱུའི་ངང་དུ་ཐག་རིང་བའི་སར་བརྐྱངས་འདུག་པས་སྣེ་མོའང་མཐོང་ཐབས་བྲལ།
    མི་རྒྱགས་པ་དེས“ལྟོས་དང་། ཐག་པ་འདིའི་སྣེ་ན་དབྱངས་ཅན་པད་མ་ཡོད། དབྱངས་ཅན་པད་མའི་དྲུང་ན་འཇིག་རྟེན་འཁོར་བའི་མི་རྣམས་ཡོད། ཧ་ཧ་ཧ”ཟེར། དེར་མ་ཟད་ཁོས་མིག་གིས་ཐག་རིང་ལ་བལྟས་ཏེ“གསར་བུ། ཁྱོད་ཀྱིས་མཐོང་བྱུང་ངམ། ནག་རོག་གེར་ཡོད་པ་དེ་ཁྱོད་ཚང་གི་སྦྲ་ནག་རེད། ཁྱོད་ཀྱི་ཨ་མས་དབྱངས་ཅན་པད་མས་བོར་བའི་དངོས་པོ་དེ་སྦྲ་ནག་དེའི་ཆོན་ཕུར་ཞིག་གི་འོག་ཏུ་སྦས་འདུག ཁྱོད་ཚོས་བཤད་སྟངས་ལྟར་ཡིན་ཚེ་སྦས་པ་ཡིན་མོད་ངས་བལྟས་ན་བཞག་པ་རེད”ཟེར།
  དེ་ནས་མི་རྒྱགས་པ་དེས་ཁོ་རང་ཐག་པའི་སྣེ་མོར་འཇུ་རུ་བཅུག་སྟེ་ཁོང་ཚང་གི་སྦྲ་འདབས་སུ་ཁྲིད་པ་དང་ཆོན་ཕུར་ཅུང་ཆུང་བ་ཞིག་ཡོད་པ་ཡར་བལ་ནས་དེའི་འོག་གི་གཟི་ལག་ཏུ་བླངས། ཁོས་གཟིའི་ངོས་སུ་འབྱར་བའི་ས་ནག་གཙང་མར་ཕྱིས་རྗེས་དངུལ་མདོག་གི་ཁབ་ཕྲ་མོ་ཞིག་བླངས་ཏེ་གཟི་དེའི་མིག་རེ་རེའི་ནང་དུ་བཙུགས་ནས་ནང་གི་སྙིགས་རོ་ལྟ་བུའི་རྡུལ་རྣམས་ཕྱིར་བཏོན་པ་དང་། ཁོ་རང་གི་ཁ་ལ་བླངས་ནས་བུས་པ་ན་རླུང་བུས་ཀྱང་རམ་འདེགས་བྱེད་པ་ལྟ་བུའི་སྒྲ་དབྱངས་སྙན་མོ་ཞིག་གྲགས་བྱུང་། དེ་འཕྲལ་རྡོ་རྗེས་དེ་སྔ་མཐོང་བའི་དབྱངས་ཅན་པད་མ་དེར་བསླེབས་པ་དང་ཁོའི་ལག་ནང་གི་ཐག་པའང་རེ་ཞིག་ལྷོད་པར་གྱུར།  མི་རྒྱགས་པ་དེས་གཟི་དེ་མོ་ལ་སྤྲོད་བཞིན“ཚངས་པའི་སྲས་མོ། ཁྱོད་ཀྱིས་དཀའ་ལས་མྱངས་སོང་།”ཟེར།
  ཁོས་ཐག་པ་དེ་རང་གི་ལག་པའི་ནང་དུ་ཡུན་རིང་བར་དྲངས་པ་ན་དེའི་སྣེ་མོར་མི་མོ་ཞིག་གི་ཕྱི་ལྤགས་ཤིག་ལས་ཅི་ཡང་མི་འདུག
    དེ་མུར་ཁོ་རང་གཉིད་ལས་སད། ཉིན་དེའི་གསར་ཤོག་གི་ངོས་སུ་འདི་ལྟར་བྲིས་ཡོད་དེ།
    སྐད་གྲགས་ཅན་གྱི་གཞས་མ་དབྱངས་ཅན་པད་མ་འཁོར་བགེགས་བྱུང་སྟེ་ཚེ་ལས་འདས་སོང་། ཉེན་རྟོག་པས་འཁོར་བགེགས་འབྱུང་སའི་གནས་ནས་མོའི་ཨལ་ཝེ་(LV)རྟགས་ཅན་གྱི་ལག་ཁུག་ཅིག་རྙེད་བྱུང་བ་དང་། དེའི་ནང་དུ་འགྱིག་གི་སྐྲ་ཤད་ཅིག་དང་། ངོས་གཅིག་ཤེལ་དང་ངོས་གཞན་དེར་གཞས་པ་སྐད་གྲགས་ཅན་ཞིག་གི་འདྲ་པར་ཡོད་པའི་མེ་ལོང་ཆུང་ཆུང་ཞིག གསར་དུ་སྒྲ་བླངས་མ་ཐག་པའི་མོ་རང་གི་གླུ་གཞས་ཀྱི་འོད་སྡེར་ཅིག ཁ་བྱང་ལ<<གངས་རི་དཀར་པོ>>ཟེར་བའི་གཞས་ཚིག་ཅིག སྨིན་མ་འབྲི་བྱེད་ཀྱི་སྨྱུ་གུ་ཞིག མཆུ་སྐག་ཅིག་བཅས་འདུག་གོ།

                ༢༠༡༣ལོའི་ཟླ་༣པའི་ཚེས་༡༥ཉིན་རྨ་ཆུ་ནས་བྲིས།


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།