གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་རིག

2012-12-01 16:10:00 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།

  ང་ལ་མཚོན་ན་རྩོམ་རིག་ཅེས་པ་ནི་ཡི་གེ་དང་འབྲེལ་བའི་ལས་ཀ་ཞིག་ཡིན་ཏེ། གསལ་བོར་བཤད་ན་ཡི་གེའི་འཇིག་རྟེན་དེ་ནི་ངེད་ཅག་གི་བསམ་བློའི་ནང་གི་གཟུགས་མེད་ཀྱི་འཇིག་རྟེན་ཞིག་རེད། དེ་རུ་ཕྱོགས་དང་དུས་ཚོད་ཅེས་པ་མེད་ལ་ཐོག་མཐའ་བར་གསུམ་གང་ཡང་མེད་པས་རང་རེའི་མཐོང་ལམ་གྱི་རི་ར་བ་ཁང་ཁྱིམ་སོགས་དང་བསྡུར་ན་དེ་ནི་རྟག་པ་ཞིག་ཀྱང་རེད། ཤེག་སེ་པེ་ཡར་གྱི་སྨྱུག་འོག་གི་ཧམ་ལེ་ཀྲིཉིད་མིའི་སེམས་ཀྱི་སྒྱུ་མའི་ཆོ་འཕྲུལ་དང་ཉེ་བའི་སར་ཀློག་མཁན་ཁྲི་སྟོང་གི་སེམས་ན་ཤི་གསོན་གྱི་གདམ་ཀ་མ་རྙེད་པར་ལུས་ཡོད་པ་དང་།  གཙང་སྨྱོན་ཧེ་རུ་ཀའི་རྟོག་པའི་ཀློང་ནས་རྣལ་འབྱོར་བ་མི་ལ་རས་པ་ཉིད་རས་གཟན་ཐལ་རྐྱང་ཞིག་གམ་མགུར་མ་དམ་དུམ་ཞིག་དང་ལྷན་དུ་གངས་ཀྱི་སྤོ་ན་བཞུགས་པའི་སྣང་བརྙན་དེ་ད་དུང་ཡང་དེ་འདྲའི་གསལ་བ་ལ། གལ་སྲིད་མངོན་སུམ་གྱི་སྣང་བ་འདི་ཐལ་བ་སྤར་མོ་གང་དང་འདྲ་བར་རླུང་ནང་ནས་ཤུལ་མེད་དུ་འགྲོ་སྲིད་ན་ཡི་གེའི་སྒྱུ་འཕྲུལ་གྱིས་བཟོས་པའི་འཇིག་རྟེན་དེས་ནམ་ཡང་རིན་པོ་ཆེའི་དོ་ཤལ་ཞིག་རྟེན་རྫས་བཤམས་སྟོན་ཁང་དུ་ཡོད་པ་དང་འདྲ་བར་ཀུན་གྱི་དང་བ་འདྲེན་པར་བྱེད།
  ཡང་རྩོམ་རིག་ནི་རིན་ཐང་ཆེ་བའི་ལག་རྩལ་ཞིག་ཀྱང་རེད་དེ། དེས་ཁྱོད་ཀྱི་མི་གཤིས་ཀྱི་མཁར་རྫོང་བརྟན་པོར་འཛུགས་པར་བྱེད་ཅིང་ཁྱོད་ལ་ཁྱིམ་ལུད་ཀྱི་སྙིགས་མ་དང་ཀུ་ཅོའི་ཝུ་བས་གྲུབ་པའི་དུས་ཚོད་ཀྱི་གཙང་བོ་རྒལ་རོགས་ཀྱང་བྱེད།
  ཕལ་བའི་སྐྱེ་བོའི་མིག་ལམ་དུ་རྩོམ་པའི་དེད་དཔོན་ཁབ་ཁ(Franz Kafka)མཆོག་གྲོགས་མེད་ཁེར་རྐྱང་གི་ངང་དུ་འཇིག་རྟེན་མི་ཡུལ་དང་ཁ་བྲལ་སོང་བར་ལྟ་བུར་འདུག་མོད་འོན་ཀྱང་དོན་དངོས་སུ་གྲོགས་མེད་ཁེར་རྐྱང་དུ་ལུས་པ་ནི་ཁོང་གི་སྨྱུག་འོག་གི་Kལགས་ཡིན་པ་ལས་ཁོང་ག་ལ་ཡིན། ཁོང་ནི་༼མཁར་རྫོང་༽དང་། ༼འདྲི་གཅོད༽ ༼ཨ་མེ་རུ་ཀ༽སོགས་མི་ཡི་རྒྱལ་ཁམས་རེ་རེ་གསར་བཞེངས་བྱེད་དུས་ཀྱི་འཇིག་རྟེན་བྱེད་པོ་ཡིན་ཞིང་དེའང་ཡེ་ཤུ་བ་ཚོའི་འདོད་ཚུལ་ལྟར་ན་འཇིག་རྟེན་བྱེད་པོ་ནི་རྫུ་འཕྲུལ་གྱི་གར་འགྱེད་མཁན་ཞིག་དང་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པས་དེ་ལ་ཁེར་རྐྱང་ཞེས་པའི་ཐ་སྙད་མི་འཇུག རེད་དེ། Kལགས་ནི་ཁྱོད་དང་ང་སྟེ་འཁོར་བའི་སྡེ་འདབས་ཤིག་ན་འགྲོ་འདོད་ཀྱང་འགྲོ་སའི་ཡུལ་གང་ཡིན་ཆ་མ་འཚལ་བར་ལུས་ཡོད་པ་དེ་ཡིན་ཞིང་དེའི་བདག་པོ་ཁབ་ཁ་མཆོག་ནི་བསམ་དུ་མེད་ཅིང་རྗོད་དུ་མེད་པའི་སྤྲོས་བྲལ་གྱི་རང་བཞིན་དུ་གྲུབ་ཚར།
  སྐབས་འགར་རྩོམ་རིག་ཅེས་པ་ནི་སྦྱོར་བ་རྩུབ་པའི་སྐྱེ་བོ་ཞིག་གིས་དམོད་བོར་བ་དང་ཡང་འདྲ་སྟེ། ཁོ་བོས་༡༩༩༩ལོར༼གླུ་སྐད་སྐྱ་བོ༽ཞེས་པའི་ནང་པདྨ་ཞེས་པའི་བུ་མོ་ཞིག་བཟོས་པ་དེས་ད་དུང་ཡང་བདག་དང་རྒྱང་ཐག་མི་རིང་བའི་རི་ལུང་དག་ཏུ་ཁ་བ་དང་བུ་ཡུག་གིས་ཀུན་ནས་བསྐོར་བའི་གླུ་གཞས་དེ་གཏོང་བ་ཡང་ཡང་ཐོས་ཡོང་ལ། ༢༠༡༠ལོར་༼ཐག་པ་ཁྲ་ཁྲ༽ཞེས་པའི་ནང་ཁོ་ཞེས་པའི་མི་ཞིག་བཟོས་པ་དེས་མཚན་མོ་རེ་རེ་བཞིན་བདག་གི་རྨི་ལམ་དཀྲུག་པར་བྱེད། མངོན་སུམ་གྱི་འཚོ་བའི་ཁྲོད་དུ། དེ་སྔའི་འགྲོ་རོགས་དང་འདུག་རོགས། ཆང་གྲོགས་སོགས་མང་པོ་ཞིག་བདག་གི་མཐོང་ལམ་ནས་ཡལ་ཏེ་འབྲེལ་བ་ཆད་པ་ལྟར་འདུག་མོད་རྩོམ་རིག་ཁྲོད་ཀྱི་སྐྱེ་བོ་དེ་དག་གིས་ནི་བུ་ལོན་ཞིག་ཆད་ཡོད་པ་དང་འདྲ་བར་ང་རང་གཏོང་བར་མི་བྱེད། དེ་བས་བདག་གིས་མི་ཞིག་མི་འཆི་བར་བྱེད་པའི་ཐབས་ཤིག་ཨེ་ཡོད་ཅེ་ན་ཡོད་དེ་དེ་ཉིད་ཁམས་དཀར་དམར་གྱིས་མི་བཟོ་བར་ཡི་གེར་བརྟེན་ནས་བཟོ་བ་དེ་རེད་སྙམ།
  འཁོར་བའི་ཆོས་ཉིད་མིང་མངས་ཀྱི་རི་མོ་ལྟར་གསལ་བ་དེའི་ནང་ནས་མགོ་བོ་རྨོངས་ཚེ་རང་ཅག་གིས་དངུལ་གྱི་རྩིས་ཁྲ་དང་། མ་འོངས་པའི་འཆར་གཞི། འདས་སོང་གི་ལོ་ཟླ། འདུ་བྲལ་གྱི་སྡུག་བསྔལ་སོགས་ལས་རྙེད་པར་མི་འགྱུར་མོད་རྩོམ་རིག་གི་ཞིང་ཁམས་བར་སྣང་གི་ཕོ་བྲང་ལྟར་གྲུབ་པ་དེའི་ཁྲོད་ནས་མི་ཚེ་བསྐྱལ་ཚེ་ཁྱོད་ཀྱིས་མགོ་གཉིས་ཅན་གྱི་ལྷ་མོ་དང་། འོད་ཀྱི་རི་དྭགས། འཆི་བ་ལས་རྒྱལ་བྱེད་ཀྱི་མདའ་མོ། མ་འོངས་པ་མཐོང་བྱེད་ཀྱི་མེ་ལོང། གབ་ལན་གཏན་ནས་མེད་པའི་གབ་ཚིག་སོགས་ཀྱང་མཐོང་བར་འགྱུར་ཅིང་། དེ་ལ་བརྟེན་ནས་ཁྱོད་ཀྱི་སེམས་པའི་གྱང་ར་སྲ་ཞིང་མཐོ་བ་དེ་དག་རྨང་ནས་བཤིགས་པའི་སྦྱོར་བའང་བརྩམ་སྲིད།
  གསལ་པོར་བཤད་ཚེ། རྩོམ་རིག་ནི་ཁྱོད་ཀྱི་སྡོད་ཤག་གི་ངོས་ཤིག་ཏུ་བསྐུངས་པའི་སྒེའུ་ཁུང་ཁྱད་པར་བ་ཞིག་སྟེ། དེ་གང་དུ་ཡོད་པ་ཤེས་དགོས་ཚེ་ཁྱོད་ཀྱིས་རྨི་ལམ་མང་དུ་རྨི་དགོས། སད་ཐབས་མེད་པའི་རྨི་ལམ་མང་དུ་རྨི་དགོས། ཁྱོད་ཀྱི་ལུས་པོ་ཚ་བས་ངར་དགོས། ཐམས་ཅད་གཉིད་དུ་ཡུར་བའི་མཚན་མོ་ཞིག་ལ་ཁྱོད་རང་རྨི་ལམ་རྨི་བཞིན་ཡར་ལངས་ཏེ་འགྲོ་དགོས། སྐབས་དེར་ཁྱོད་ཀྱིས་ངོ་མཚར་བའི་སྒེའུ་ཁུང་དེ་མཐོང་སྲིད། ཐག་རིང་ན་སྒྱུ་སྐར་དག་ཚོམ་བུར་བཀྲ་བ་དེ་ཡིས་ཁྱོད་ཀྱིས་སྡོད་ཤག་དང་ཉེ་བའི་སར་འདྲུད་ཡོང་ངེས།
                   ༢༠༡༢ལོའི་ཟླ་༡༡པའི་ཚེས་༡༡ཉིན་རྨ་ཆུ་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།