ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་སྒྲུང་། ལུག་ཚེ་ཐར།

    རྩོམ་པ་པོ་དང་ཁོང་གི་བརྩམས་སྒྲུང་གསར་རྩོམ་གྱི་མྱོང་བའི་སྐོར།
    
    ལོ་ཙཱ་བ་དང་ཁོང་གིས༼ལུག་ཚེ་ཐར༽གྱི་སྐོར་ལ་སྤེལ་བའི་དཔྱད་གཏམ་ཐུང་ངུ།
    ཁྱོད་ཀྱི་ལུས་པོ་རིད་ཅིང་མིག་ཟུང་གཏིང་དུ་རྡིབ་པ་དང་། ལྭ་བ་ཧྲལ་ཧྲུལ་དུ་གྱུར་ཏེ་ལོ་ན་རྒས་པའི་ཚུལ་གྱིས་བདག་གི་སྨྲ་བའང་ཉམས་པར་བྱེད། སྐྲ་དཀར་གྱི་ཉག་མ་རེ་རེ་ཁྱོད་ཀྱི་དཔྲལ་བའི་ངོས་སུ་ལྷབ་ལྷུབ་སྐྱོད། ཡལ་ཀ་སྐམ་པོ་ཞིག་དང་འདྲ་བའི་གཡས་ལག་བསྲིངས་འོངས་ཏེ་མཛུབ་ཤ་རྩུབ་མོ་དག་བདག་གི་གཉེར་མས་ཟིན་པའི་ངོ་གདོང་ལ་འཕྲད་པར་བྱས་པས་ཡུད་ཅིག་ལ་དེ་ཉིད་གཟེར་བྲེང་བྲེང་དུ་གྱུར། ངས་ཁ་ཕྱེད་ཙམ་གདངས་ཞིང་བྲང་ཁོག་ཧྲིལ་བོ་སྐྱོ་སྣང་གིས་ཁྱབ་པས་“ཁྱོད་ཅིའི་ཕྱིར་འདི་ལྟ་བུར་གྱུར་བ་ཡིན་ནམ”ཞེས་སེམས་ཧ་ཅང་སྐྱོ་བའི་ངང་དྲིས། ཁུང་བུ་ནག་པོ་དང་འདྲ་བའི་ཁྱོད་ཀྱི་མིག་ཟུང་ལས་ཁྲག་གི་མཆི་མ་རྡོག་པོ་འགའ་ལུད། ཁྱོད་ཀྱིས་སྐད་ངག་འདར་འདར་གྱི་ངང་དུ“ང་རང་དམྱལ་བའི་ཁམས་ན་ཡོད་པས་ཚད་མེད་པའི་སྡུག་བསྔལ་མྱོང་གིན་ཡོད”ཅེས་ལན་བཏབ། ཁྱོད་ཀྱིས་ལྭ་བའི་ཕུ་ཐུང་ཕུད་དེ་ཚི་ལེན་གྱི་ཤས་ཤིག་ཡར་བརྫེས། ཀྱེ་མ་ཀྱེ་ཧུད། དཀོན་མཆོག་གསུམ་པོ། སུ་ཞིག་གིས་ཁྱོད་ཀྱིས་ནུ་མ་གཉིས་ཀ་བཀོག་སོང་། ཤ་ཁྲག་འདྲེས་མར་འབྱར་བའི་རྨ་ཁ་ལས་ཁྲག་ཐིགས་རེ་རེ་མར་འདྲིལ་པས་བདག་གི་སྣ་ལམ་རུལ་དྲི་ཡིས་ཁྱབ་ཅིང་སྙིང་རྩ་དམ་པར་གྱུར་བས་སྐྱོ་བའི་མིག་ཆུ་ཤར་མར་ཤོར། ཁྱོད་ན་རེ། “ཁྱོད་རང་འཇིག་རྟེན་མི་ཡུལ་ན་ཡོད་པས་ངའི་ཆེད་དུ་གསོལ་བ་མང་ཙམ་བཏབ་སྟེ་བདག་གི་སྡིག་པ་དག་པར་བྱས་ནས་ཚེ་འཕོ་རུ་འཇུག་རོགས” ངས་ཁྱོད་ཀྱི་ལག་པ་འཁྱག་པོ་ནས་དམ་པོར་བཟུང་སྟེ་ངུ་མ་འདར་གྱིས་རང་གི་བྲང་ཁར་སྦྱར་ཅིང་དྲག་ཏུ་ལྡིང་བའི་རང་གི་སྙིང་གསོན་པོས་དེ་ཉིད་དྲོན་པོར་བསྲོ་བར་བསམ། ཁྱོད་ཀྱིས་དངངས་པའི་ཉམས་དང་བཅས་ཏེ“བྱ་སྐད་གྲགས་ལ་ཉེ་བས་ང་རང་འགྲོ་རན་སོང”ཟེར། ངས“འདི་ནི་གྲོང་ཁྱེར་ཏེ་ཁྱིམ་བྱ་གསོ་ཡི་མེད་པས་ཁྱོད་ཀྱིས་བྱ་སྐད་ཐོས་མི་སྲིད”ཅེས་སྨྲས་མ་ཐག་ཁྱོད་ཀྱི་ལག་པ་ངའི་ལག་ནང་ནས་ཞུ་བ་ལྟར་གྱུར་ཅིང་ཁྱོད་ཀྱང་སྨུག་སྤྲིན་ཡལ་བ་བཞིན་ཤུལ་མེད་དུ་གྱུར། “བཟང་མོ།”ངས་སྐད་ཆེན་པོས་ཁྱོད་ལ་བོས་ཤིང་དེས་ང་རང་གཉིད་ལས་བཀྲོགས་པ་དང་ལུས་ཧྲིལ་བོ་རྔུལ་ཆུས་ཁྱབ་འདུག མིག་ཕྱེ་ནའང་མུན་ནག་གིས་ཡོངས་སུ་བཀབ་པས་ཅི་ཡང་མཐོང་བར་མི་འགྱུར་ཅིང་ཁོག་པའི་སྙིང་ནི་རྔ་རྡུང་བ་བཞིན་ལྡིང་། ངས་མགོ་བོ་བཀྱགས་ཏེ་མྱུར་བར་གློག་བསྒྲོན་པ་ན་ཆ་སྒམ་དང་། བརྙན་འཕྲིན། ཚ་དེམ། ཤིང་ཅན་སོགས་རེ་རེ་གློག་འོད་ཀྱི་འོག་ནས་མདངས་དང་ལྡན་པར་གྱུར་ཅིང་དེ་དག་གིས་རྣམ་རིག་དང་བཅས་བདག་གི་ཕྱོགས་ལ་ལྟ་བ་འདྲ། ཡིན་ནའང་ཁྱོད་མཐོང་ས་ན་མི་འདུག ཁྱོད་ཀྱིས་ང་ལ་བཞག་པ་ནི་རྨི་ལམ་ངན་པ་ཞིག་གོ། དེའང་མ་ཡིན་ཏེ། ང་རང་རྨི་ལམ་ནས་ཁྱོད་ཀྱི་ཞེན་ཆགས་ཀྱི་རྣམ་ཤེས་དང་འཕྲད་པའོ།། རྨིས་མ་ཐག་པ་དེ་དག་མངོན་སུམ་ནས་བྱུང་བ་དང་འདྲ་བས་ང་རང་སྐྱིད་པོ་གཏན་ནས་མ་བྱུང་། སེམས་འཚབ་པར་གྱུར་ཅིང་ཕོ་བར་ཟུག་གཟེར་ཚད་མེད་བྱུང་བས་དེ་ཉིད་ལག་པས་བསྐྱོར་ཏེ་དབུགས་མར་གནོན་དགོས་བྱུང་། ཅུང་ཙམ་འགོར་རྗེས་ན་ཟུག་འཇགས་པར་གྱུར་ནའང་རྨི་ལམ་དེས་ད་དུང་གཏོང་བར་མི་བྱེད།
     ཁྱོད་འཇིག་རྟེན་མི་ཡུལ་དང་བྲལ་ནས་མི་ལོ་བཅུ་གཉིས་འགོར་ནའང་ད་དུང་ཚེ་འཕོ་མ་ཐུབ། དེ་ནི་ངའི་བསམ་པའི་ཡུལ་དང་བྲལ་བ་ཞིག་རེད། ཁྱོད་ཚེ་ལས་འདས་རྗེས། ངས་སྔོན་ཆད་དང་འདྲ་བར་ཉིན་རེ་བཞིན་སྐོར་བ་བྱས་པ་དང་། གཟའ་སྐར་བཟང་བའི་ཉིན་མོར་མཆོད་མཇལ་ལ་སོང་ཞིང་ཡར་དཀོན་མཆོག་ལ་མཆོད་པ་དང་མར་དབུལ་ཕོངས་ལ་སྦྱིན་པ་བཏང་བ་ཡིན་མོད་ད་དུང་ཅི་ཞིག་གིས་འདང་མེད་དམ། ཁྱོད་ཀྱི་སྡུག་བསྔལ་ལ་མཐའ་མེད་པས་བདག་གི་སེམས་ཀྱང་སྐྱོ་བས་ཟིན་པར་གྱུར། དེ་རིང་ཞོགས་པར་ངས་ཇོ་བའི་མདུན་ནས་གསེར་ཡིག་བསྲེག་བར་བྱ། དེ་ནས་ཕྱོགས་བཞིའི་ལྷ་ཁང་བཞིར་སོང་ནས་མཆོད་མེའི་ཞལ་དབྱེ་བར་བྱས་ཏེ་ཁྱོད་ཉིད་སྔ་མོ་ནས་ཚེ་འཕོ་བའི་སྨོན་ལམ་རྒྱག་པར་བྱ། ང་ལ་གཉིད་སྣང་གཏན་ནས་མེད་པས་དྲ་ཡོལ་ཕྱེ་སྟེ་ཕྱི་རོལ་ཏུ་བལྟས་པ་ན་ད་དུང་ནག་ཐིང་ཐིང་དུ་སྣང་། ཤེལ་སྒོའི་ངོས་སུ་རིད་ཅིང་གཉེར་མས་ཟིན་པ་དང་། རྒས་ཤིང་ལྟ་ན་མི་སྡུག་པའི་ངོ་གདོང་ཞིག་ཤར་བ་ནི་སྐབས་འདིའི་ང་རང་རེད། ངའང་འཆི་བ་དང་ཐག་ཤིན་ཏུ་ཉེ་བས་མཚན་མོར་མལ་དུ་ཉལ་ཐེངས་རེར་ཕྱི་ཉིན་གསོན་པོར་སད་ཐུབ་མིན་ཡང་གཏན་ནས་མི་ཤེས། མི་ཧྲེང་དུ་གྱུར་བའི་བདག་ལ་ཞེན་ས་དང་ཆགས་ས་གང་ཡང་མ་མཆིས་པས་ནམ་ཞིག་གི་ཉིན་མོར་གློ་བུར་ཏུ་འཆི་བར་བསྒུགས་ཡོད། ངས་མགོ་བོ་བཏེགས་ཏེ་གྱང་ངོས་ཀྱི་ཆུ་ཚོད་ལ་བལྟས་པ་ན། ད་དུང་ཐོ་རངས་ཀྱི་དུས་ཚོད་ལྔ་བ་ལས་མིན་ཞིང་ནམ་ལངས་པར་དུས་ཚོད་གཉིས་མཆིས། ང་མལ་ལས་ལངས་ཤིང་། ལག་པ་གཙང་མར་བཀྲུས་ནས་ཆུ་སྦུག་གི་མཆུ་ལས་ཆུ་ཐེངས་དང་པོར་བླངས་པ་དེས་ལྷ་སྐུའི་མདུན་ནས་མཆོད་ཆབ་ཕུལ་ཅིང་སྤོས་བསྒྲོན་ཏེ་ལག་པ་ཐལ་མོར་སྦྱར་ནས་དཀོན་མཆོག་གསུམ་པོར་ཁྱོད་རང་མྱུར་བར་ཚེ་འཕོ་བའི་སྐྱབས་འཇུག་ཞུས་པ་ཡིན།
     ངས་མཆོད་མེ་དང་། ཁ་བཏགས། ཆང་རག་བཅས་རས་ཀྱི་ཁུག་མའི་ནང་བཅུག་སྟེ་སྒོར་བུད་ཅིང་ལམ་སྒྲོན་གྱི་འོད་མདངས་འོག་ནས་གླིང་སྐོར་ལ་སོང་བ་ཡིན། སྐོར་ལམ་ན་ལོ་ན་བགྲེས་པའི་དད་ལྡན་པ་མང་པོས་ཕྲེང་བ་འདྲེན་ཞིང་ཁ་ཏོན་འདོན་ལ། ཁོ་ཚོ་གོམ་པ་མྱུར་མོས་བདག་གི་གམ་ནས་བུད་འགྲོ།  ཉིན་མོའི་ཟིང་ཆ་འཇགས་པར་གྱུར་ཅིང་རླངས་འཁོར་རེ་གཉིས་མགྱོགས་པོར་རྒྱུགས་པའི་སྒྲ་ལས་གཞན་གསོལ་འདེབས་ཀྱི་སྒྲ་དབྱངས་གང་སར་ཁྱབ་འདུག སྐབས་འདིར་ཆེས་ཉེ་བ་མི་དང་ལྷ་གཉིས་ཀྱི་བར་ཐག་ཡིན་ལ་མི་ཡི་སེམས་པའང་གཙང་ཞིང་དག་པར་གྱུར་བས་བསྔོ་བ་སྨོན་ལམ་ཡོད་ཚད་སེམས་པའི་གཏིང་ནས་འོང་བའོ།། གཟིགས་ཤིག་དང་། མདུན་གྱི་སྐྲ་ལོ་དུང་ལྟར་དཀར་བའི་བགྲེས་མོ་དེས་གོམ་པ་རེ་རེ་ལུས་ཀྱི་རིང་ཐུང་གིས་འཇལ་བཞིན་ཕྱག་འཚལ་བ་དང་། མ་ཎི་འཁོར་ལོ་ཆེན་པོ་དེ་སྐོར་བའི་རྒན་པོ་དེའི་རྗེས་ན་ཧཱ་པ་ཆུང་ཆུང་ཞིག་སྤྲོ་བ་དང་བཅས་རྒྱུག་ཅིང་ལམ་གང་བོ་དྲིལ་ཆུང་གི་སིལ་སྒྲས་ཁྱབ་པར་བྱེད། འདི་དག་མཐོང་བས་ངའི་སེམས་བདེ་ལ་བབས་ཤིང་རེ་བའི་འོད་སྣང་ཞིག་ཀྱང་མཐོང་བར་གྱུར། བཟང་མོ། ཁྱོད་ཀྱིས་ལེགས་པར་ཉོན་དང་། ངས་ལམ་གང་པོར་སློབ་དཔོན་པདྨ་འབྱུང་གནས་ལ་གསོལ་བ་བཏབ་སྟེ་ཁྱོད་རང་ཚེ་འཕོ་བའི་ལམ་དུ་གཞུག་པར་བྱ། “དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ།། དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས།། བར་ཆད་ཀུན་སེལ་བདུད་འདུལ་དྲག་པོའི་རྩལ།། གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ།། ……ཨྃ་བཛྲ༌གུ༌རུ༌པདྨ༌སིདྡྷི༌ཧཱུྂ༔ ……”
   ཁྱོད་ཀྱིས་གཟིགས་དང་། མཁའ་དབྱིངས་རིམ་བཞིན་གསལ་བར་གྱུར་ཅིང་། ཕོ་བྲང་པོ་ཏ་ལ་ཀྲོང་ངེར་བདག་གི་མདུན་དུ་མངོན་བྱུང་། རི་འདབས་ཀྱི་རྩེ་སྐོར་ལམ་དུ། སྐོར་བ་བྱེད་མཁན་གྱི་མི་ནི་དྲ་བ་འཛིངས་པ་དང་མཚུངས་ཤིང་། གསོལ་འདེབས་ཀྱི་སྒྲ་དང་ལྷ་བསང་གི་དུ་བས་བར་སྣང་འགེངས་པར་གྱུར། ཐང་ཆད་པའི་ངས་ཀླུ་ཁང་གི་རྡོའི་སྟེགས་བུ་ཞིག་ནས་མི་རྣམས་ཀྱི་བྲེལ་འཚུབ་ཀྱི་ཚུལ་དང་དད་པའི་རྣམ་འགྱུར་ལ་བལྟས་ནས་བསྡད། ངས་དེ་ག་ནས་ཁྱོད་རང་དྲན་ཞིང་རང་ལ་མི་ཡུལ་ནས་ཁྱོད་ཀྱི་སྡིག་པ་དག་པར་བྱེད་པའི་སྐལ་བ་ལྡན་པ་ནི་ཅི་འདྲའི་སྐྱིད་པ་ལ་སྙམ། གལ་སྲིད་འཆི་བའི་འཇིགས་པ་གློ་བུར་ཏུ་བསླེབ་ནའང་ང་རང་གཏན་ནས་མི་སྐྲག་སྟེ། ངས་མི་ཚེ་ཐུང་ཐུང་འདིར་འཆི་བར་མངོན་དུ་ཕྱོགས་པའི་བློ་ནི་ལེགས་པར་སྦྱངས་ཟིན། འཆི་བས་ང་རང་སྐྱོ་བ་དང་འཇིགས་པ་གང་ཡང་བྱ་མི་ནུས་ཏེ་དེ་ནི་ཚེ་སྲོག་གི་རིམ་པ་ཞིག་རྫོགས་པ་ལས་མཐར་ཐུག་མ་ཡིན། སྒྲིབ་གཉིས་ཀྱི་མུན་པ་དྭངས་ཤིང་མཁྱེན་གཉིས་ཀྱི་སྣང་བ་རྒྱས་པའི་བར་དུ་རྣམ་ཤེས་ཀྱིས་ནི་འགྲོ་བ་རིགས་དྲུག་གི་སྐྱེ་བ་ཡང་ཡང་ལེན་པར་བྱེད་དོ།། ངའི་རིག་པ་སླར་ཡང་ཇེ་གསལ་དུ་གྱུར་ནའང་ཆུ་སྐྱར་ཞིག་གྲག་པས་བར་ཆད་བྱས་སོང་།
   ཉི་ཤར་གྱི་མཚམས་སྤྲིན་གྱིས་ཕོ་བྲང་པོ་ཏ་ལ་ཡོངས་སུ་འཁྱུད་བྱུང་། ད་ནི་དེ་འདྲ་སྔ་རྒྱུ་མེད་པས་ངས་གཙུག་ལག་ཁང་དུ་སོང་ནས་མཆོད་མཇལ་བྱས་ཏེ་གསེར་ཡིག་བསྲེག་དགོས།
   གཙུག་ལག་ཁང་དུ་གྲྭ་བ་ཞིག་གིས་སྨྱུག་གུ་གསེར་ཆུའི་ནང་བསྒྲེས་ཏེ་ཁྱོད་ཀྱི་མིང་ཡིག་མཚལ་ཤོག་རིང་བོ་ཞིག་གི་ངོས་སུ་བྲིས་ཤིང་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་གྱི་གསེར་ཀོང་ཞིག་ཏུ་བཞག་ནས་བསྲེགས་བྱུང་། དུ་སྨུག་ལང་ལོང་གི་གསེབ་ནས་ངའི་མཐོང་སྣང་ལ་མདངས་ཉམས་ཤིང་དབྱིབས་འགྱུར་བའི་ཁྱོད་ཀྱི་ངོ་གདོང་མངོན་བྱུང་། ངའི་བྲང་ཁ་གློ་བུར་ཏུ་སྲ་མོར་གྱུར་བས་དབུགས་ཀྱང་ལེན་དཀའ་བར་གྱུར། གྲྭ་བ་དེས“གསེར་ཡིག་བསྲེགས་ཟིན་པས་ཁྱོད་ཀྱིས་ཇོ་བོའི་མདུན་ནས་སེམས་རྣལ་མོས་གསོལ་བ་གདབ་ཆོག”ཟེར། ངས་རང་གི་བྲང་ཁ་བསྐྱོར་ཏེ་མཆོད་མེ་གྲྭ་བ་དེའི་ཕྱག་ཏུ་བཞག་པ་དང་། ལྕགས་དཀར་བོས་བཏུམས་པའི་ཐེམ་པར་འཛེགས་ནས་ཁ་བཏགས་ཇོ་བོའི་མདུན་དུ་བསྒྲོན་ཞིང་ཐོད་པ་ཁོང་གི་ཞབས་གཡས་པར་གཏུགས་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པ་ཡིན།
དེ་ནས་ང་རང་ཕྱོགས་བཞིའི་ལྷ་ཁང་བཞིར་མཇལ་དུ་སོང་ཞིང་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨ་རག་དང་ཤོག་དངུལ་མཆོད་པ་ཡིན། མཆོད་མཇལ་བྱས་ཚར་དུས་ཉིན་གུང་གི་དུས་ལ་བསླེབ་པར་ཉེ། ང་ལ་ལྟོགས་སྐོམ་གྱི་སྣང་བ་ཅིག་ཅར་དུ་བྱུང་བས་ཉེ་འགྲམ་གྱི་ཇ་མངར་མོ་འཐུང་ས་ཞིག་ཏུ་འཛུལ། དེ་ན་ཡུལ་སྐོར་དུ་འོང་བའི་མགྲོན་པོ་མང་པོ་ཡོད་ལ་ཁོ་ཚོས་ཤོང་ཆ་ཆེ་བའི་གྱོན་གོས་ཁུག་མ་མང་པོ་ཡོད་པ་ཅན་རེ་གྱོན་འདུག ཁོ་ཚོའི་ཁྲོད་ཀྱི་ཡུལ་སྐོར་བ་བུ་མོ་ཞིག་བདག་གི་གམ་ནས་བསྡད་ཅིང་མོས་བདག་དང་མཉམ་དུ་པར་རྒྱག་པའི་རེ་བ་ཞུས། ངས་དགོད་ཞོར་དུ་མོའི་རེ་བ་བསྐངས་པ་ཡིན། ངས་ཐུག་པ་དང་ཇ་འཐུང་ཚར་རྗེས་མགྲོན་པ་དེ་ཚོས་སྔར་བཞིན་སྤྲོ་སྣང་དང་བཅས་ཁ་བརྡ་བྱེད་ཀྱིན་འདུག་ནའང་ང་རང་ཁ་རོག་གེར་སྒོར་བུད་པ་ཡིན།
སྒོར་བུད་རྗེས་ང་རང་སྣེ་རིང་ལ་ཁ་ཁུ་སིམ་པའི་སྲང་ལམ་དོག་མོ་ཞིག་ཏུ་ཞུགས་ཤིང་དེ་ག་ནས་ཀན་སུའུ་ཡི་སྐྱེས་པ་ཞིག་དང་འཕྲད། ཁོས་ཨོག་ཚོམ་བཞག་ཡོད་པ་དང་ཞྭ་མོ་སྒོར་སྒོར་ཁ་དོག་དཀར་བོ་ཅན་ཞིག་གྱོན་ཞིང་ལུག་བཞི་ཁྲིད་འདུག ངས་ཁོ་ནི་བཤན་པ་ཞིག་རེད་སྙམ། ཁོ་ངའི་གམ་ནས་འགྲོ་དུས། ལུག་གཅིག་གིས་མདུན་དུ་འགྲོ་མཚམས་བཞག་ཅིང་ངའི་ཕྱོགས་སུ་གདོང་གཏད་དེ་འབའ་སྐད་འབྱིན་པ་དང་སྐད་སྒྲའི་ཁྲོད་ནས་སྐྱོ་བའི་མདངས་ཤིག་ཕྱུང་། ངས་སླར་ཡང་ལུག་དེའི་གདོང་ལ་བལྟས་པས་ཤ་ཚ་ཞིང་སྙིང་ཉེ་བའི་ཚོར་བ་ཞིག་བྱུང་བར་མ་ཟད་སྔར་ནས་འདྲིས་གོམས་ཆེ་བ་ལྟ་བུར་མངོན། ལུག་དེའི་མིག་ཆུ་ཤོར་ལ་ཁད་བྱེད་ནའང་ཀན་སུའུ་ཡི་སྐྱེས་པ་དེས་ཤེད་ཆེན་པོས་མདུན་དུ་འདྲུད་པར་བྱེད། ངའི་སེམས་ལ་གནོན་མི་ཐུབ་པའི་ཚོར་བ་ཞིག་བྱུང་ཞིང་བསམ་བློ་གཏོང་བའི་ཁོམ་ལོང་ཙམ་ཡང་མེད་པར་སྐྱེས་པ་དེར“ཨ་རོ”ཞེས་བོས་པ་ཡིན། ཁོས་ཞེད་སྣང་དང་བཅས་ཁ་ཕྱིར་འཁོར་ཏེ་ངའི་ཕྱོགས་ལ་ལྟ་བར་བྱེད། ངས་ཁོ་ལ་ཉེ་བར་བཅར་ཏེ“ལུག་འདི་ཚོ་བཤའ་རྒྱུ་ཡིན་ནམ”ཞེས་དྲིས། ཁོས“དེ་ཡིན་ན་ཅི་རེད”ཅེས་ཕྱིར་ང་ལ་མྱུར་མོར་དྲི་བ་ཞིག་བཏོན། ངས་ཕྲེང་བ་རང་གི་སྐེ་ལ་བསྐོན་ནས་མགོ་བོ་བསྒུར་ཏེ་འབའ་སྐད་འབྱིན་མཁན་གྱི་ལུག་དེར་བྱིལ་བྱིལ་བྱས། ལུག་དེའི་ལུས་པོ་འདར་གྱིན་འདུག་པ་དང་མིག་ནང་ནས་སྐྱོ་བ་དང་འཇིགས་པའི་ཉམས་མངོན་ཞིང་རིལ་མའང་ས་ལ་ཁོག་མེད་དུ་ཤོར་སོང་། ངའི་སེམས་ལུག་དེའི་འཇིགས་སྣང་གིས་བཀུགས་པས་ཞེ་ཐག་པ་ནས་དེ་ཉིད་སྙིང་རྗེ་བར་གྱུར། བཟང་མོའི་སྡིག་པ་དག་པར་བྱ་ཕྱིར། ངས་བཤས་རར་འཁྲིད་རྩིས་ཀྱི་ལུག་དེ་ངེས་པར་དུ་ཉོ་དགོས། དེ་བས་ངས“དངུལ་ག་ཚོད་ཡིན་ནམ”ཞེས་དྲིས་པ་ན་ཁོས“ཅི་ཞིག”ཅེས་ངའི་དྲི་བའི་ཧ་མ་གོ་བ་ལྟ་བུར་འདུག ངས“ལུག་འདིར་དངུལ་ག་ཚོད་ཡིན་ནམ”ཞེས་བསྐྱར་དུ་དྲིས་པ་ན་ཁོས“མི་བཙོང”ཟེར། དེ་ནས་ངས“ངས་ཉོ་ཐག་ཆོད་ཡིན། ངས་དེ་ཚེ་ཐར་ལ་གཏང་དགོས”ཞེས་སྨྲས། ཀན་སུའུ་ཡི་སྐྱེས་པ་དེས་དང་པོ་ཧ་ལས་པའི་ཚུལ་གྱིས་ངའི་ཕྱོགས་ལ་ལྟ་བར་བྱེད་ཅིང་དེ་ནས་མནོ་བསམ་གཏོང་བར་བྱེད། ཉི་ཟེར་ཕྲ་མོ་ཁོའི་གདོང་ལ་ཕོག་པས་ཁོའི་གདོང་ལ་དམར་མདངས་རྒྱས་འདུག ཁོ་ན་རེ། “ངས་ཁྱོད་ཀྱི་འདོད་པ་བསྐང་ཆོག ཁེ་བཟང་ཡང་མི་བཟའ། སུམ་བརྒྱ་དང་སུམ་ཅུ་སྦྱིན་པས་ཆོག” ཁོས་བསམ་ཚུལ་ལ་འགྱུར་བ་བྱུང་བས་བདག་གི་སྤྲོ་བའང་འཕེལ་བས་མྱུར་བར་རུམ་ནས་དངུལ་བླངས་ཏེ་ཁོ་ལ་སྤྲད་པ་ཡིན། ཁོས་དངུལ་དེ་དག་ལྭ་བའི་ཁུག་མའི་ནང་བཅུག་སྟེ་ལུག་དེའི་འཁྲིད་ཐག་ང་ལ་གཏད་ཅིང་ལུག་གཞན་པ་དག་ཁྲིད་དེ་བུད་སོང་།
“ལུག་ཁྱོད་ནི་ང་དང་ལས་འབྲེལ་ཟབ་མོ་འདུག ངས་ཁྱོད་ཚེ་ཐར་ལ་བཏང་བ་ནི་ཁྱོད་ཀྱིས་སྐྱེ་བ་སྔོན་མར་རྣམ་དཀར་དགེ་བའི་ལས་བསགས་པ་སྐྱེ་བ་འདིར་སྨིན་པས་རེད”ཅེས་ངས་རང་དབང་མེད་པར་ལུག་དེར་ཁྱོད་དུ་བོས། ཁྱོད་ཀྱིས་ང་ལ་ཁ་ཡ་མི་བྱེད་པར་ལུག་གཞན་པ་དག་གི་རྒྱབ་གཟུགས་ལ་བལྟས་ནས་འབའ་སྐད་འབྱིན་པར་བྱེད། ཀན་སུའུ་ཡི་སྐྱེས་པ་དེས་ཕྱི་མིག་ཅིག་ཀྱང་མི་འཕེན་པར་ཁོ་ཚོ་སྲང་ལམ་ཆུང་ངུ་དེའི་སྣེར་ཡལ་སོང་། ངས་སྲོག་གཅོད་རྩིས་ཀྱི་ཚེ་སྲོག་དེ་གསུམ་པོའི་ཕྱིར་ཏུ་ཕངས་སེམས་ཤིག་ཤོར་བ་དང་སྐེ་ནས་ཕྲེང་བ་བླངས་ཏེ་གསོལ་བ་སྨོན་ལམ་བཏབ་པ་ཡིན། འུ་གཉིས་ཀྱི་ལུས་ལ་བཀྲག་མདངས་བཀྲ་བའི་ཉི་འོད་ཕོག་ནའང་དེས་འུ་གཉིས་ཀའི་སེམས་ཁྲལ་མཐའ་རུ་བསྐྲད་མི་ནུས། ངས“བདག་ལ་ཁྱོད་སྐྱོབ་བྱེད་ཀྱི་དངུལ་མ་གཏོགས་མེད་པས་ད་དུང་མ་འོངས་པའི་འཚོ་བ་བསྐྱལ་བར་བསམ་བློ་གཏང་དགོས་པ་རེད”ཅེས་སྨྲས། ངས་མགོ་བོ་ཡར་བཀྱགས་པ་ན་མིག་ཆུ་དྭངས་མོ་ཞིག་ཁྱོད་ཀྱི་མིག་ཀོང་དུ་ལྟེམ་མེར་འཁྱིལ་འདུག་པ་མཐོང་། དེ་མུར་སླར་ཡང་མགོ་བོ་བསྒུར་ཏེ་ཁྱོད་ཀྱི་བལ་གྱིས་གཡོགས་པའི་ལུས་པོར་བྱིལ་བྱིལ་བྱས་་པ་ན་བལ་གྱི་ནང་དུ་རྩྭ་དང་རྡེའུ་ཡང་འཚངས་འདུག མཚར་དགོས་པ་ཞིག་ལ་ངའི་བསམ་པའི་ནང་ཁྱོད་དང་བཟང་མོ་གཉིས་ངོ་བོ་གཅིག་ཏུ་གྲུབ་འདུག་པ་དང་། ཁྱོད་ཀྱི་ལུས་པོ་ལས་རྔུལ་ཆུ་དང་སྐྲ་ཡི་དྲི་མ་འདྲེས་པའི་བཟང་མོའི་དྲི་ངད་ཚོར་བྱུང་། ཡུན་རིང་མ་ཚོར་བའི་དྲི་ངད་དེས་བདག་གི་དབང་བོ་དག་གཏིང་ནས་བསྒུལ་བས་ངས་ཁྱོད་རང་ལྡབ་འགྱུར་གྱིས་སྙིང་རྗེ་བར་གྱུར། ངས་ཁྱོད་ཀྱི་བལ་རྫོང་དུ་མགོ་བོ་བཞག་ནས་དགའ་སྤྲོའི་མིག་ཆུ་ཤོར་བར་གྱུར། སྣེ་རིང་ལ་ཁ་ཁུ་སིམ་པའི་སྲང་ལམ་དོག་མོ་དེ་ནས་འུ་གཉིས་ཕན་ཚུན་ལ་ཁེན་ཞིང་བསྒྱུར་དུ་མེད་པའི་ལས་ཀྱི་བཀོད་པ་དེའི་དབང་གིས་བདག་གི་མིག་ཆུ་ཤམ་ཤམ་དུ་བཞུར་སོང་།
ངས་ཁྱོད་རང་ཉིད་སྡོད་སའི་སྒོ་ར་གྲུ་བཞིའི་ནང་དུ་ཁྲིད་པ་ན་ཁྱིམ་མཚེས་ཚོས་ཧ་ལས་པའི་ངང་ངའི་ཕྱོགས་སུ་ལྟ་བ་དང་ཕྲུ་གུ་ཆུང་ཆུང་ཚོས་སྤྲོ་བའི་ངང་བསྐོར་ཏེ་ལྟད་མོ་ལྟ་ཞིང་“ཨ་མེས། ལུག་འདི་ཁྱེད་ཀྱི་ཡིན་ནམ”ཟེར། ངས“ཡིན”ཞེས་ལན་བཏབ། ཁོ་ཚོས“འདིས་ཅི་ཞིག་བཟའ”ཟེར། ངས“རྩྭ་དང་སྔོ་ཚོད”ཅེས་ལན་བཏབ། དེའི་འཕྲོར་ཁོ་ཚོས་མང་པོ་ཞིག་དྲིས་ཤིང་བདག་གིས་ཀྱང་རེ་རེ་བཞིན་ལན་བཏབ།
ཕྱི་དྲོ་དེར། ངས་ག་ས་ག་ནས་བསྒྲུགས་འོང་ཏེ་འདོར་མ་ཐུབ་པའི་གད་སྙིགས་ཡོད་ཚད་དོར་ཏེ་ཁྱོད་ཀྱི་ཆེད་དུ་སྒེའུ་ཁུང་གི་འོག་ལ་གཙང་སྦྲ་བྱས། ཁྱོད་ཀྱིས་ཐེ་ཚོམ་གྱི་མིག་མདངས་ཀྱིས་ཡུན་རིང་བར་ངའི་ཕྱོགས་ལ་ལྟ་ཞིང་མཚམས་དང་མཚམས་སུ་སྣ་མཚུལ་དམར་བོ་དེ་ཅི་ཞིག་བཤད་འདོད་ཀྱིས་འགུལ་ཙམ་བྱེད། ངས་ཁྱོད་ལ“ཁྱོད་ཀྱི་ཚང་མལ་བཟོས་ཟིན་པས་ད་ནི་འདི་ག་ནས་ཚེ་མཇུག་བསྐྱང་ཆོག”ཅེས་སྨྲས། ཁྱོད་ཀྱིས་ངའི་སྐད་ཆར་ཉན་ནའང་མིག་སྔར་བཞིན་ངའི་ཕྱོགས་སུ་ཅེར་འདུག་པས་ཅི་ཡང་གོ་མེད་པ་འདྲ།
    ཆུ་ཚོད་འཁོར་ལོའི་ཁབ་རྩེ་མགྱོགས་པོར་རྒྱུག་ཅིང་དེས་ཉི་མ་ནུབ་རིའི་ཕག་ཏུ་བསྐྱལ།དེའང་ཐོག་མར་ངས་ཁྱོད་ལ་གཟན་ཆས་ཉོ་དགོས།བར་སྐོར་ནས་ཁ་ཆེའི་ཆོས་ལུགས་ཀྱི་དགོན་པའི་བར་གྱི་སྲང་ཆུང་དེར་མཚན་མོའི་དུས་སུ་ཐང་དུ་སྔོ་ཚོད་བཤམས་པའི་ཟི་ཁྲོན་པ་མང་པོ་འདུག་ཅིང་ངས་དེ་ག་ནས་ཚོད་དཀར་རྒྱ་མ་བཅུ་ཉོས་པ་དང་། ད་དུང་མི་དགོས་པར་དོར་ཟིན་པའི་སྔོ་ཚོད་རུལ་བའི་ལོ་མའང་བསླངས་ཏེ་ཡུལ་དུ་ལོག་རྗེས་ཞིབ་པར་གཙབས་ནས་ཁྱོད་ལ་སྦྱིན་པ་ན་ཁྱོད་ལྷོད་ལ་བབས་ཤིང་མགོ་བོ་བསྒུར་ནས་ཁམ་བུ་རེ་རེ་བྱས་ཏེ་ལྡོད་པ་དང་། རེས་འགར་གསལ་ཞིང་དྭངས་པའི་མིག་ཟུང་ང་ལ་གཏད་པར་བྱེད། ཁྱོད་ཀྱི་མིག་མདངས་ཅུང་ལྷོད་པོར་གྱུར་ནའང་དོགས་པ་དང་འཇིགས་དངངས་ཀྱི་ཉམས་ཤིག་སྐབས་དང་སྐབས་སུ་མངོན། ངས་འདོད་པ་ཧ་ཅང་ཁེངས་པའི་ཚུལ་གྱིས་ཁྱོད་ཀྱི་ཕྱོགས་ལ་བལྟས་ནས་གད་མོ་ཐག་གེར་ཤོར། ང་ནི་ཁྱོད་ཀྱི་ལུས་ཡོངས་ཁེབས་པའི་བལ་དཀར་དང་ཚོར་བ་སྐྱེན་པའི་མིག་ཟུང་ལ་དགའ་ཐག་ཆོད། གཡང་མོ་ལུག་ཁྱོད་ཀྱི་རྐྱེན་པས་ངས་ཉིན་འདིའི་ཕྱི་དྲོའི་ཆང་འཐུང་ཐེངས་དེའང་དོར་བར་བྱས། ཨ། ཉིན་འདིའི་ཕྱི་དྲོ་ནི་འདི་ལྟར་མགྱོགས་པོར་བུད་སོང་། གལ་སྲིད་སྔོན་ཆད་ཡིན་ན་དུས་འདི་ནི་རིང་དྲགས་པས་ང་རང་ཅི་བྱ་གཏོལ་བྲལ་དུ་གྱུར་ཡོད་ངེས།
     མཚན་མོར་ངའི་སེམས་ལ་ཁྱོད་རང་ཐོགས་ཏེ་ཐེངས་གསུམ་ལ་སད་པས་གཉིད་སྐྱིད་པོ་ཞིག་ལོག་མ་ཐུབ། སད་ཐེངས་རེར་སྒོ་ཕྱེ་ནས་ཁྱོད་ལ་བལྟས་པ་ན་ཁྱོད་ནི་གཉིད་སྟུག་པོ་ལོག་འདུག་ཅིང་རྒྱབ་མདུན་དུ་བཀུགས་པ་དང་། མགོ་བོ་མར་སྨད་དེ་འདུག་པས་ཚུགས་ཀ་དེ་ནི་སྙིང་རྗེ་བ་ཞིག་རེད། བཟང་མོའི་གཉིད་དུ་ལོག་དུས་ཀྱི་ཚུགས་ཀའང་ཁྱོད་དང་གཉིས་སུ་མེད་པས་ཁྱོད་གཉིས་ནི་ཅི་འདྲའི་འདྲ་བ་ལ་ཨང་། ངས་ཁྱོད་ཀྱི་གམ་ནས་ཡུན་རིང་བར་ཁྱོད་ལ་བལྟས་ནས་བསྡད་ཅིང་སེམས་པ་དྲོད་སྣང་གིས་ཁྱབ་པར་གྱུར། 
    གཉིད་ལས་སད་དུས། སྒོ་ར་གྲུ་བཞིའི་ནང་གི་མི་རྣམས་ཡར་ལངས་འདུག་པ་དང་། སློབ་གྲྭར་འགྲོ་བའི་སློབ་མ་ཚོའི་སྐད་སྒྲའང་གོ་ཐུབ། 
    ང་རང་ཡར་ལངས་པ་འགོར་དྲགས་པས། སེམས་ལ་འཚུབ་ཆ་ཞིག་ལངས།
     ངས་འདོགས་ཐག་བཀྲོལ་ཏེ་ཁྱོད་རང་ཁྲིད་ནས་གླིང་སྐོར་ལ་འགྲོ་བར་བརྩམས། ཁྱོད་ཀྱིས་འབའ་སྐད་སི་ལི་ལིར་འབྱིན་ཞིང་རྐང་ལག་བཞི་བོས་རྡོ་གཅལ་གྱི་ངོས་སུ་བཀན་པོར་རྡེབ་པ་དང་ལུས་པོ་ཕྱི་རུ་བཀུག་པར་བྱེད། སྒོ་རའི་དཀྱིལ་དུ་ཆུ་ལེན་པར་འོང་བའི་ཁྱིམ་མཚེས་ཤིག་གིས་ཚུལ་དེ་མཐོང་ནས་ཁྱོད་དེད་དེ་ང་ལ་རོགས་པ་བྱས། ཁྱོད་ང་ཚོའི་ཤེད་ཤུགས་ལ་མི་དོ་བས་ངའི་རྗེས་མི་འདེད་ཀ་མེད་བྱུང་། འུ་གཉིས་ཀྱིས་སྲང་ཆུང་བརྒལ་ཏེ་སྐྱིད་ཆུའི་འགྲམ་དུ་བསླེབས་ཤིང་གཙང་ཆུ་སྔོན་མོ་ལམ་གང་བོར་འུ་གཉིས་ལ་འགྲོགས་པ་དང་། རླུང་བུ་བསིལ་མོས་བདག་གི་རྒས་པའི་སྐྲ་དཀར་ལྷབ་ལྷུབ་ཏུ་སྐྱོད་པར་བྱེད། ལྕགས་པོ་རི་བརྒལ་དུས་ཁྱོད་ཀྱིས་སླར་ཡང་ཕྱིར་འཐེན་ཏེ་ཅི་བྱས་ཀྱང་ཀྱག་ཀྱོག་གི་རི་སྒང་ནས་འགྲོ་བར་མི་བྱེད། སྐོར་བར་འགྲོ་བའི་མི་འགས་ཁྱོད་ཀྱི་རྒྱབ་ནས་དེད་ཅིང་ངས་མདུན་ནས་ཁྲིད། དེ་ལྟར་ཡུན་རིང་བར་འགོར་རྗེས་ངའི་ལུས་ཡོངས་རྔུལ་ཆུས་བརླན་ཞིང་ངའི་ལུས་ཀྱི་ནུས་ཤུགས་ཡོངས་རྫོགས་ཟད་ལ་ཉེ་བར་གྱུར། ཐང་ཆད་པའི་ངས་ཁྲོ་བའི་ཚུལ་གྱིས“གལ་སྲིད་ཁྱོད་ད་དུང་མི་འགྲོ་ན་ངས་ཁྱོད་ཀན་སུའུ་ཡི་སྐྱེས་པ་དེའི་སར་བསྐྱལ་བར་བྱ”ཞེས་སྨྲས། ཁྱོད་ཀྱི་མིག་ཟུང་ལས་དངངས་པའི་ཉམས་ཤིག་མངོན་པས་མགོ་བོ་མར་བསྒུར་བ་ལས་ངའི་ཕྱོགས་ལ་ལྟ་ཙམ་ཡང་མི་བྱེད། སྐབས་དེར་མི་བདུན་བརྒྱད་ཅིག་གིས་མཉམ་དུ་རུབ་འོང་བ་དང་ཁོ་ཚོས་རི་མགོར་འགོ་སའི་ལམ་འཕྲང་དོག་མོ་ནས་ཡར་ལངས་ཏེ་གཏམ་སྣ་ཚོགས་ལབ་པར་བྱེད། ལ་ལས“དེ་འདྲའི་བཙན་པོ་མ་བྱེད་དང་། ཁོ་ཐེངས་དང་པོ་སྐོར་བར་ཁྲིད་པ་ཡིན་པས་སྐྲག་སྣང་ཅུང་ཙམ་ཡོད་ངེས”ཟེར་བ་དང་། ལ་ལས“ཁོར་ཅུང་ཙམ་ངལ་གསོ་རུ་ཆུགས་དང་། ང་ཚོས་ཁྱོད་ལ་རོགས་པ་བྱ”ཟེར། ཡང་འགའ་ཤས་ཀྱིས“ཁོ་སྐྲག་པའི་ཚུལ་ལ་ལྟོས་དང་། ལུས་ཀྱང་འདར་གྱིན་འདུག”ཟེར། རི་མགོའི་དར་ལྕོག་རླུང་བུས་ལྷབ་ལྷུབ་ཏུ་སྐྱོད་པའི་སྒྲ་ནི་གྲགས་པ་དང་། མ་ཎི་རྡོ་རྐོ་མཁན་རྒན་པོ་ཞིག་གིས་སྐོར་ལམ་ནས་ལུས་དཀྱིལ་དཀྲུལ་དུ་བསྡད་དེ་རྡོ་ལེབ་ངོས་སུ་ཡི་གེ་དྲུག་མ་ཐག་ཐག་ཏུ་རྐོ་བར་བྱེད། བགྲེས་མོ་ཞིག་གིས་རང་གི་ཁུག་མའི་ནང་ནས་རྩམ་པ་རྡོག་རྡོག་རེ་བླངས་ནས་ཁྱོད་ཀྱི་ཁ་ནང་དུ་བཞག་པ་ན་ཁྱོད་ཀྱི་སྣ་མཚུལ་འགུལ་འགུལ་གྱིས་ལྕེ་བསྲིངས་ཏེ་རྩམ་པ་ཟ་བར་བྱེད། བགྲེས་མོ་དེས“སྙིང་རྗེ་བའི་གཡང་དཀར་ལུག ཁྱོད་ནི་ཚེ་ཐར་དུ་བཏང་བ་ཞིག་ཡིན་པས་སུས་ཀྱང་ཁྱོད་ལ་གནོད་པར་མི་བྱ་བས་སྐྲག་མི་དགོས”ཟེར་བཞིན་ཁྱོད་ཀྱི་མགོ་ལ་བྱིལ་བྱིལ་བྱས་ཤིང་རྒྱབ་ལ་ཡང་མོར་བརྡེགས་པས་ཁྱོད་ཀྱང་ཁ་ལ་ཉན་པའི་ཚུལ་གྱིས་རི་སྒང་དེར་འགོས། ང་རང་འཁྲིད་ཐག་བཟུང་སྟེ་མྱུར་བར་སྔོན་ལ་བུད་པ་དང་། མི་རྣམས་ཀྱི་ཁ་ཏོན་འདོན་པའི་སྒྲ་ནི་རྒྱབ་ན་ལྷང་ལྷང་དུ་གྲགས།
        ཅུང་ཙམ་འགོར་རྗེས། འུ་གཉིས་མཚམས་ཆུང་ཇ་མངར་མོ་ཁང་དུ་བསླེབས་ཤིང་ངས་ཁྱོད་སྒོ་འགྲམ་ནས་བཏགས་ཏེ་ཞབས་ཞུ་བར་ཁྱོད་ལ་སྔོ་ཚལ་སྦྱིན་པར་བསྐུལ། ཁོ་ཚོས་གཡོས་ཁང་ནས་སྔོ་ཚལ་ལོ་མ་རྡོག་པོ་འགའ་བླངས་ཏེ་ཁྱོད་ལ་སྦྱིན། ཞབས་ཞུ་བ་ཞིག་ངའི་གམ་ལ་ཡོང་སྟེ“ལུག་འདི་ཚེ་ཐར་ལ་གཏང་རྩིས་ཡོད་དམ”ཟེར། ངས“ཚེ་ཐར་དུ་བཏང་ཟིན་པ་ཞིག་ཡིན”ཞེས་ལན་བཏབ། ཞབས་ཞུ་བས་“དེས་ན་ཁྱོད་ཀྱིས་ཁོའི་རྣ་བ་ཕིགས་ཏེ་ལུས་ལ་ཚོན་རྟགས་རྒྱག་རོགས” ཟེར། ངས“དེ་ངས་ཤེས་ཡོད། འོན་ཀྱང་ཁོ་ནི་ཉོས་མ་ཐག་པ་ཞིག་ཡིན་ལ་ངས་རྣ་བ་ཕིགས་ཀྱང་མི་ཤེས”ཞེས་སྨྲས། སྐབས་དེར་དེ་ག་ན་ཇ་འཐུང་བཞིན་པའི་རྒན་པོ་ཞིག་གིས“སང་ཉིན་ཁྱོད་ཀྱི་འདི་གར་ཁྲིད་ཤོག་དང་། རྣ་བ་ངས་ཕིགས་ཆོག”ཟེར། ཁོས་ཕྲུག་ལྭ་ཞིག་གྱོན་འདུག་པ་དང་སྨྲ་ར་དཀར་བོ་མདུན་ན་རིང་པོར་དཔྱངས་འདུག ངས“དེས་ན་བཀའ་དྲིན་ཤིན་ཏུ་ཆེ”ཅེས་དྲིན་གཟོ་བའི་ཚིག་དག་སྒོར་ཕྱུང་། ཁོས་རང་ཉིད་ལུག་གི་རྣ་བ་ཕིགས་པ་ལ་བྱང་ཡོད་པ་དང་། ལུག་ལ་ཟུག་རྔུ་མེད་པར་ཕིགས་ཐུབ་ཚུལ་སོགས་བཤད། ཁོའི་གདེང་ཚོད་ཀྱིས་བདག་གི་སེམས་ཀྱང་བདེ་ལ་ཕབ། ཞབས་ཞུ་བས་ང་ལ“ཁྱོད་ཀྱི་ཁུག་མ་སྦྱིན་དང་། ནང་དུ་སྔོ་ཚོད་འགའ་གཞུག་པར་བྱ”ཟེར་བཞིན་ངས་ཁུག་མ་འཁྱེར་ནས་བུད་སོང་།
        ངས་ནང་གང་བར་གཏམས་པའི་རས་ཀྱི་ཁུག་མ་ཁུར་ནས་ཁྱོད་རང་ཁྲིད་དེ་ར་མོ་ཆེའི་སྒོ་ཁར་སོང་། ལམ་གྱི་ངོས་གཉིས་ཀའི་ཚོང་ཁང་དག་གི་སྒོ་ཕྱེ་འདུག་པ་དང་། རོལ་དབྱངས་སྣ་ཚོགས་བར་སྣང་ལ་ཁྱབ་ཅིང་རེས་འགར་ཚོང་རྫས་ཀྱི་གོང་བཅག་སྟེ་བཙོང་བའི་འབོད་སྒྲའང་ཐོས་ཐུབ། ངས་སེམས་ལ་དེ་མ་ཉིད་དུ་ཁྱོད་རང་ཁྲིད་དེ་ར་མོ་ཆེར་སོང་ནས་ཇོ་བོ་མི་བསྐྱོད་རྡོ་རྗེར་མཇལ་ན་ཁྱོད་ཀྱིས་སྐྱེ་བ་གཞུག་མར་སྐྱེ་བ་ལེགས་པོ་ཞིག་ལོན་པར་ཕན་ཐོགས་ངེས་སྙམ། འུ་གཉིས་བསང་གསོལ་གྱི་དུ་བའི་ཀློང་ནས་ར་མོ་ཆེའི་སྒོ་ཆེན་དུ་འཛུལ་བ་ན་མི་རྣམས་ཀྱིས་ཧ་ལས་པའི་ཚུལ་གྱིས་ལྟ་བར་བྱེད། གྲྭ་བ་ཞིག་གིས་འུ་གཉིས་ཀྱི་མདུན་ནས་བཀག་སྟེ་ཁྱོད་རང་ལྷ་ཁང་དུ་འཛུལ་ན་ལྷ་ཁང་སྦག་སྲིད་པར་བཤད་ནས་འགྲོ་རུ་མ་བཅུག ངས་ཁོང་ལ་ཁྱོད་ནི་ཁ་སང་ཉོས་མ་ཐག་པ་ཞིག་ཡིན་ཞིང་ཚེ་ཐར་དུ་བཏང་ཡོད་ལུགས་བཤད་དེ་ནན་གྱིས་ཞུ་བ་བྱས། མཐའ་མར་ཁོང་གིས་འུ་གཉིས་ནང་དུ་བཏང་སོང་། ངས་ཁྱོད་ལ་མཇལ་ཁ་ཡག་པོར་ལེན་པ་དང་སེམས་གཏིང་ནས་གསོལ་བ་འདེབས་པར་གསལ་འདེབས་བྱས། ཁྱོད་ཀྱིས་ཁ་ལ་ཉན་པའི་ངང་ངའི་རྗེས་དེད་ཅིང་། བྱམས་བརྩེའི་དགྱེས་ཞལ་ཅན་ཅན་གྱི་སངས་རྒྱས་བྱང་སེམས་དང་། དྲེགས་པའི་ཟིལ་ཤུགས་ཅན་གྱི་ཆོས་སྐྱོང་སྲུང་མ་སོགས་ལ་བལྟས་ཏེ་བཅོས་མ་མིན་པའི་སྐྲག་ཉམས་ཤིག་ཀྱང་མངོན་པ་དང་། རྐང་ལག་ནང་དུ་བཀུག་སྟེ་གོམ་པ་ཡང་མོ་སྤོ་བར་བྱེད། ངས་ཁྱོད་ཀྱི་མིག་མདངས་ཁྲོད་ནས་ཁྱོད་ནི་ཧ་ཅང་བསམ་ཤེས་པའི་ལུག་ཅིག་ཡིན་པ་ཤེས་ལ། ཁྱོད་ཀྱིས་ང་དང་འགྲོགས་ཏེ་དཀར་བོ་དགེ་བའི་ལས་མང་པོ་གསོག་ཐུབ་པ་དང་། ཆུང་ངུ་ནས་མགོ་བརྩམས་ཏེ་བསགས་པའི་དགེ་བ་ལས་འབྲས་བུའང་ཡག་པོ་སྨིན་ངེས་པར་བསམ།
        འུ་གཉིས་ཀྱི་ར་མོ་ཆེའི་ར་སྐོར་ནང་ནས་ཉི་མར་ལྡེ་སྟེ་ངལ་བ་གསོས། བསང་གསོལ་གྱི་དུ་བ་དང་མཆོད་མར་གྱི་དྲི་མས་བར་སྣང་གང་ཞིང་། རེས་འགར་རྔ་དལ་མོར་རྡུང་བའི་སྒྲའང་ཁྱབ་འོང་། དེ་དག་གིས་འུ་གཉིས་ཀྱི་སེམས་པ་འཁོར་བའི་ཟང་ཟིང་ལས་བྲལ་ཏེ་ལྷིང་འཇགས་ཀྱི་གནས་སུ་བཀོད། ངས་ཁྱོད་ལ“ཁྱོད་ཚོ་གཡང་མོ་ལུག་ནི་ཡག་པོ་འདུག ཁྱོད་ཀྱིས་ཤེས་སམ། ཆོས་རྒྱལ་སྲོང་བཙན་སྒམ་པོས་གཙུག་ལག་ཁང་བཞེངས་དུས་མཚོ་བསུབ་པར་ས་ཁུར་མཁན་ནི་ར་མ་ཞིག་ཡིན་པས་མཛད་རྗེས་དཔག་ཏུ་མེད་པ་བཞག་འདུག དེ་བས་དུས་ད་ལྟའང་གཙུག་ལག་ཁང་ན་ར་མར་མཆོད་པ་འབུལ་གྱིན་ཡོད”ཅེས་སྨྲས། ཁྱོད་ཀྱིས་ངའི་སྐད་ཆར་ཉན་བཞིན་མ་ནེ་ངའི་རྐང་བར་གཏུག་ཅིང་ངས་ལག་པས་ཁྱོད་ཀྱི་མ་ནེར་འཕྲུག་པ་ན་ཁྱོད་དགའ་ཐག་ཆོད་དེ་མིག་ཟུམ་ཟུམ་བྱེད། ངས་ཁྱོད་ཀྱི་ལུས་པོ་རྫོབ་དྲགས་ཏེ་སྤུ་མདོག་ནག་པོ་བྱེད་ལ་ཉེ་བ་མཐོང་བས་ཕྱིར་ཁྱིམ་ལ་ལོག་རྗེས་ཁྱོད་ཀྱི་ལུས་པོ་བཀྲུ་དགོས་སྙམ།
        ཁྱོད་རང་འབབ་ཆུའི་སྦུ་གུའི་འགྲམ་ནས་དྲང་མོར་ལངས་པ་དང་། དྭངས་ཤིང་གཙང་བའི་ཆུ་ནི་ཁྱོད་ཀྱི་སྒལ་གཞུང་ནས་འཐོར་ཏེ་ཐིགས་པ་རེ་རེར་གྱུར་ནས་ས་འོག་གི་སྦུ་གུའི་ནང་བཞུར་སོང་། ངས་རྐང་རྗེན་དུ་ཁྱོད་ཀྱི་ལུས་ལ་འདག་ཆལ་བྱུགས་པ་དང་། མཛུབ་མོ་བཅུ་བོ་ཚོམ་བུར་སྐྱེས་པའི་བལ་རྫོང་དུ་བཅུག་སྟེ་སྐེ་ནས་ལྟེ་བའི་བར་དུ་ཉུལ་ཉུལ་བྱས། ངའི་མཛུབ་མོས་ཁྱོད་ཀྱི་བདེ་བའི་ཚོར་བ་དེའང་མྱངས། ཆུ་སྒོ་སླར་ཡང་ཕྱེ་བ་ན། ཁྱོད་ཀྱི་བལ་གསེང་ནས་མར་བབས་པའི་ཆུ་ནི་རྙོག་པར་གྱུར་འདུག བདག་གིས་སླར་ཡང་འདག་ཆལ་བྱུགས་ཏེ་བཀྲུས་པས་ཁྱོད་ཉིད་མཁའ་ནས་བབས་པའི་ཁ་བ་བཞིན་དཀར་བོར་གྱུར་ཅིང་དེ་ནི་མིག་གིས་ལྟར་མི་བཟོད་པ་ཞིག་ཏུ་སྣང་། ལོ་ངོ་བཅུ་གྲངས་ཀྱི་སྔོན་དུ། བཟང་མོ་འཇིག་རྟེན་ན་ཡོད་དུས་ངས་བཟང་མོའི་སྐྲ་ལོའང་དེ་ལྟར་བཀྲུས་པ་དང་། མོའི་མཇིང་བ་དཀར་བོ་དེའང་ཉི་མའི་འོད་ཟེར་གྱི་འོག་ནས་ལྟ་བར་མི་བཟོད་པ་ཞིག་ཡིན། སྤྲོ་སྐྱིད་ཀྱི་ཉིན་མོ་དེ་དག་བདག་གི་དྲན་པའི་ནང་སྟོང་བར་ལུས་ཏེ་ཡུན་རིང་འགོར་ནའང་དེ་རིང་བདག་གིས་སླར་ཡང་ཚོར་བ་དེ་རྙེད་པར་གྱུར། འུ་གཉིས་རང་ཁྱིམ་གྱི་སྒེའུ་ཁུང་འོག་ནས་བསྡད་ཅིང་ངས་སྐྲ་ཤད་ཀྱིས་ཁྱོད་ལུས་ཀྱི་བལ་རྣམས་ལེགས་པར་བཤད། ཁྱོད་ཀྱིས་ལུས་པོ་ང་དང་ཉེ་བར་བཅར་ནས་རྭ་ཅོས་བདག་གི་བྲང་ཁར་འཕྲུག་པར་བྱེད། ཁྱོད་ཀྱི་རྭ་ཅོ་གུག་པོ་དེས་ངའི་བྲང་ཁ་རིད་པོར་ཟུག་གཟེར་བསླངས་པས་བདག་གིས་མི་འགོག་ཀ་མེད་བྱུང་ཞིང་ཁྱིམ་ནས་མར་རྡོག་ཅིག་བླངས་ཏེ་རྭ་སྟེང་དུ་བྱུགས་པ་ན་དེའི་ངོས་ཀྱི་རི་མོ་དག་ཇེ་གསལ་དུ་གྱུར། ཁྱོད་བསླེབས་པས་ང་ལ་བསྒྲུབ་མི་ཚར་བའི་ལས་ཀ་མང་པོ་ཞིག་ཡོད་པར་མ་ཟད་སེམས་རྟེན་ཞིག་དང་རེ་བཅོལ་ཞིག་ཀྱང་ཡོད་པར་གྱུར། དེར་མ་ཟད་བཟང་མོའི་སྐོར་གྱི་དོན་ཙག་ཙིག་དག་ཀྱང་བདག་གི་དྲན་པའི་ངོས་སུ་གསལ་བར་གྱུར། དེའི་ཕྱིར་ངས་སྔོན་ཆད་དང་འདྲ་བར་ཉི་མ་རེ་རེའི་ཕྱི་དྲོའི་དུས་སུ་ཆང་ཁང་དུ་སོང་ནས་ཆང་གིས་བཟི་བར་མི་བྱེད་དེ་ངས་ཁྱོད་དྲན་ཞིང་ཁྱོད་ལ་གཟན་རྩྭ་སྟེར་དགོས་པ་དྲན་པས་སོ།།
       ངའི་ཁ་སྐོམ་སྟེ་བཟོད་ཐབས་མེད་པས་འགྱིག་ཟོ་ཞིག་བཟུང་ནས་ནས་ཆང་ཉོས་འོངས། ཁྱིམ་དུ་བསླེབས་རྗེས་ཤིང་སྟེགས་ཆུང་ངུ་ཞིག་ནས་བསྡད་དེ་སྲོད་ཁའི་ཉི་འོད་ལུས་ལ་བཀླུབས་ནས་ཁྱོད་ལ་ལྟ་ཞོར་དུ་ཆང་རག་བཏུང་བ་ཡིན། ཁྱོད་ངའི་མདུན་དུ་ལངས་ཤིང་བཟང་མོའི་གོམས་གཤིས་སུ་གྲུབ་པའི་ཅུང་ཙམ་ངོ་ཚ་ཞིང། ཞི་དུལ་གྱི་མིག་མདངས་དེ་སྤྱད་ནས་ང་ལ་ལྟ་བར་བྱེད། དེ་ལྟ་བུའི་མིག་མདངས་ཀྱིས་དུས་ཀྱི་འཁོར་ལོས་བདག་གི་སེམས་ཁར་སྤུངས་པའི་རྒ་བའི་སྡུག་བསྔལ་དེ་ཡོངས་སུ་འཕྲོག་ནས་བདག་གི་སེམས་པ་དྲོད་ལམ་ལམ་མེར་བྱས། ཆང་རག་དེའང་བདག་གི་ཕོ་བར་ཞུགས་རྗེས་བྲོ་བ་ཞིམ་པོར་གྱུར། སྔོན་གྱི་དུས་སུ་དེ་ལྟ་བུའི་བྲོ་བ་མི་ཚོར་དོན་ནི་སེམས་ཁམས་ལ་འགྱུར་བ་བྱུང་བས་ཨེ་ཡིན་ནམ། ངོ་མ་བཤད་དཀའ་བ་ཞིག་རེད། ངས་ཁམ་བུ་རེ་རེ་བྱས་ནས་འཐུང་ཞིང་བྲོ་བ་ཞིམ་པོ་དེ་ལྕེ་སྟེང་ནས་སེམས་པའི་དཀྱིལ་འཁོར་བར་དུ་ཁྱབ་ཅིང་མཐའ་མར་དེ་ཡིས་ལུས་སེམས་ཡོངས་རྫོགས་ཟིན་པར་གྱུར། མཚན་མོ་དེར་ང་རང་གཉིད་སྟུག་པོ་ཞིག་ཁུག་པས་རྨི་ལྟས་ཙམ་ཡང་མ་བྱུང་།
       ཕྱི་ཉིན་ཁྱོད་ཀྱི་རྣ་བ་གཉིས་ཀར་སྣུམ་བྱུགས་པའི་ཁབ་ཀྱིས་ཁུང་བུ་ཕིགས་ཏེ་སྣ་ཚར་དམར་པོ་བཏགས་པས་གཞན་གྱིས་ལྟ་འདོད་ཆེ་བ་ཞིག་ཏུ་གྱུར།
      བཟང་མོ། ཁྱོད་དུས་སྔ་མོ་ནས་ཚེ་འཕོ་ཕྱིར། ང་རང་ལུག་ཚེ་ཐར་འཁྲིད་ནས་སྐོར་བར་འགྲོ་བཞིན་ཡོད་ཅིང་ལུག་དེ་ངས་ཁྱོད་ཡིན་པ་ལྟར་བྱས་ཡོད། 
      བཟང་མོ། དེང་འདིར་ཁྱོད་རང་ངའི་རྨི་ལམ་ནས་མི་མངོན་པས། ངས་ཁྱོད་ཀྱི་གནས་ཚུལ་ཡང་མི་ཤེས། དེ་བས་ནུས་ན་སླར་ཡང་ཞེན་ཆགས་ཀྱི་རྣམ་ཤེས་དེ་རྨི་ལམ་ནས་ཐེངས་གཅིག་མངོན་པར་བྱ་རོགས།
       སྐབས་འདིར་ང་དང་གཡང་དཀར་ལུག་གཉིས་ཀྱིས་ཉིན་རེ་བཞིན་གླིང་སྐོར་གྱི་ལམ་དེད་ནས་སྐོར་བ་བྱེད་བཞིན་པ་སྐྱེ་བོ་ཀུན་གྱི་མཐོང་བའི་ཡུལ་དུ་གྱུར་བ་དང་། ཁྱོད་ཀྱི་རྣ་ཚར་དམར་པོ་དེ་དང་སྒལ་གཞོང་དུ་བྱུགས་པའི་མཚལ་རྟགས་དེས་མི་རྣམས་ལ་སྐྱེ་བ་འདིར་ཁྱོད་ཀྱིས་རང་བྱུང་གི་སྐྱེ་འཆི་ལས་གཞན་གསོད་གཏུབས་ཀྱི་འཇིགས་པ་གང་ཡང་མྱོང་མི་དགོས་པ་གསལ་བོར་མཚོན་འདུག
       ངས་ཁྱོད་རང་འཁྲིད་ནས་ཟླ་ངོ་གཅིག་གི་རིང་ལ་གླིང་སྐོར་དུ་སོང་ཞིང་ཁྱོད་ཀྱང་སྐོར་ལམ་གྱི་ཡོད་ཚད་ལ་གོམས་ཤིང་འདྲིས་པར་གྱུར། དེ་རིང་ནས་བཟུང་སྟེ་ངས་ཁྱོད་ཀྱི་འདོགས་ཐག་བཀྲོལ་ཅིང་འུ་གཉིས་ཕན་ཚུན་གྱི་རྗེས་སྙེག་ཞོར་དུ་སྐོར་བར་སོང་། ངས་རས་ཀྱི་ཁུག་མ་ཁུར་ཅིང་ནང་དུ་ཇ་ཕོར་དང་བག་ལེབ་བཅུག་སྟེ་ལག་ནས་ཕྲེང་བ་དྲངས། ངས་འགྲོ་ཞོར་དང་འདུག་ཞོར་བྱས་ཏེ་ཁྱོད་ཀྱིས་རང་གི་རྗེས་སྙེག་གིན་ཡོད་མེད་ལ་གསལ་བོར་བལྟས། གཞུང་ལམ་བརྒལ་རན་དུས་ངས་རླངས་འཁོར་གྱིས་ཁྱོད་ལ་རྡུང་ག་རྒྱག་པར་དོགས་ཏེ་སླར་ཡང་ཁྱོད་རང་ཁྲིད། ལམ་བར་ནས་ངོ་ཤེས་དང་འཕྲད་དེ་ཁ་བརྡ་བྱེད་པའི་དུས་སུ་ཁྱོད་རང་ངའི་གམ་ནས་ཙོག་བུར་ལངས་པར་བྱེད། ཁོ་ཚོས“སྙན་གྲགས་ལགས། ཁྱོད་ཀྱིས་དགེ་བའི་ལས་བཟང་བོ་ཞིག་བསྒྲུབས་འདུག་པས་ལས་བཟང་བོ་སྨིན་ངེས་རེད” “ལུག་འདིར་མི་ཡི་གཤིས་ཀར་ལོབས་འདུག” “སྙན་གྲགས་ལགས། ལུག་འདིའི་སྐེ་ལ་དྲིལ་ཆུང་ཞིག་ཐོགས་དང་། ཁྱོད་ཀྱིས་རྒྱུན་པར་ཕྱི་མིག་བལྟ་མི་དགོས་པར་འདུག” “ཁྱོད་དང་འཕྲད་པ་ནི་ལུག་འདིར་ལས་སྐལ་བཟང་བོ་ཡོད་པས་རེད”སོགས་ཟེར། སྐད་ཆ་དེ་དག་གིས་བདག་གི་སེམས་པ་སྤྲོ་བས་ཁེངས་པར་བྱས། ངོ་མ་འུ་གཉིས་ངོ་འཕྲད་པ་ནི་ངས་ནམ་ཡང་ཚེ་སྔོན་མའི་ལས་ཀྱི་འབྲས་བུ་ཡིན་པར་འདོད། གཅིག་བྱས་ན་བཟང་མོའི་ཞེན་ཆགས་ཀྱི་རྣམ་ཤེས་དེ་རྨི་ལམ་ནས་མངོན་པས་འུ་གཉིས་མ་བགྲོས་གཅིག་ཏུ་འཛོམས་པ་མ་གཏོགས་དེ་ལྟ་བུའི་སྟེས་དབང་གི་དོན་ཞིག་གང་ན་ཡོད། 
       ང་རང་མཚམས་ཆུང་ཇ་ཁང་དུ་འཛུལ་ཅིང་ཁྱོད་ཀྱང་སྒོ་སྲུབས་ནས་འོངས་ཏེ་སྒྲོག་ཙེའི་འོག་ཏུ་འཛུལ། ངས“ཁྱོད་སྒོའི་ཕྱི་ནས་འདུག་པ་ལས་ནང་དུ་ཡོང་མི་རུང”ཞེས་སྐད་བརྒྱབ་ནའང་ཁྱོད་་སྒྲོག་ཙེའི་འོག་ནས་བསྒོངས་ཏེ་འདུག་པ་ལས་ང་ལ་ཁ་ཡ་ཙམ་ཡང་མི་བྱེད། ཇ་ཁང་ནང་གི་མགྲོན་པོ་ཚོས་ནི་ང་ལ་ལྟ་ཞོར་དུ་ཅི་ཞིག་གོ་སོང་བའི་ཚུལ་གྱིས་དགོད་པར་བྱེད་ཅིང་ཞབས་ཞུ་བས“ཁོ་དེ་ནས་འདུག་ཏུ་ཆུགས་དང་། མགྲོན་པོ་འདུག་སར་བསྡད་ཡོད་པ་ནི་མ་རེད”ཟེར། དེ་བས་ངས་ཀྱང་ཁྱོད་རང་གི་འདོད་པ་བཞིན་བཞག་ཅིང་རས་ཀྱི་ཁུག་མའི་ནང་ནས་ཇ་ཕོར་བླངས་ཏེ་སྒྲོག་ཙེའི་སྟེང་དུ་བཞག་པ་དང་། སླར་ཡང་བག་ལེབ་བླངས་ཏེ་སིལ་བུར་བྱས་ནས་ཁྱོད་ལ་སྦྱིན། ཁྱོད་ཀྱིས་ལྕེ་བསྲིངས་ཏེ་དེ་དག་ཁ་ནང་དུ་བཅུག་རྗེས་སོ་བར་ནས་སྐག་སྒྲ་དང་བཅས་ལྡོད་པར་བྱེད། ངས་ཇ་འགྲང་ཚད་ཅིག་འཐུང་བ་དང་། ཁྱོད་རང་ཁུ་སིམ་མེར་སར་བསྡད་ཅིང་མི་རྣམས་ནང་དུ་འོང་བའམ་ཕྱིར་འགྲོ་བའི་སྐབས་སུ་མགོ་བོ་འགུལ་ཙམ་བྱེད། མི་དར་མ་ཞིག་གིས་རང་གི་གམ་གྱི་མགྲོན་པོ་ཞིག་ལ“ལྷོ་རིགས་གསུམ་མགོན་པོའི་ལྷ་ཁང་དེ་ཞིག་གསོ་བྱེད་སྒང་ཡིན་པས། གོ་ཐོས་སུ་ལས་ཀ་བས་མི་འདང་བར་བཤད། གལ་སྲིད་དེར་སོང་ནས་རོགས་པ་བྱས་ན་དགེ་བ་བསམ་གྱིས་མི་ཁྱབ་པ་ཡོད་ངེས”ཟེར། གཏམ་དེ་ཐོས་པས་བདག་ཀྱང་སྤྲོ་བ་འཕེལ་ཞིང་དེ་ནི་ལས་དང་སྐལ་བ་ཤིན་ཏུ་བཟང་བོ་ཞིག་ཡིན་པས་རང་གིས་མ་བསྐུལ་དང་བླངས་ཀྱིས་དེར་སོང་ནས་རོགས་པ་བྱ་དགོས་སྙམ། ངས་ཇ་ཕོར་ནང་གི་ཇ་ལྷག་མ་དག་ཕྱིར་ཕོས་རྗེས་ཇ་ཕོར་གཙང་མར་ཕྱིས་ཏེ་ཁུག་མའི་ནང་བཅུག་ནས་ཡར་ལངས་པ་ན་ཁྱོད་ཀྱང་ཤིན་ཏུ་སྐྱེན་པའི་ངང་ཡར་ལངས། འུ་གཉིས་མཉམ་དུ་ཇ་ཁང་གི་སྒོར་བུད་དེ་ཟིང་ཆ་ཆེ་བའི་སྲང་ལམ་དུ་སོང་། ཁྱོད་ཀྱིས་སྔོན་ལྟར་མཐའ་འཁོར་གྱི་ཟང་ཟིང་ལ་མཉམ་འཇོག་མི་བྱེད་པར་སེམས་རྣལ་མས་བདག་གི་རྗེས་འདེད་པར་བྱེད་པས་འུ་གཉིས་ཀི་ཀི་ཟིང་ཟིང་གི་སྲང་ཆུང་དེ་ནས་ཐོན་ཏེ་ཕྱིར་སྒོ་ར་གྲུ་བཞིའི་ནང་དུ་བསླེབས།
      ངས་ཁྱོད་རང་སྒེའུ་ཁུང་གི་འོག་ནས་བཏགས་ཤིང་། གསོ་སྒྱེ་ལས་རྩྭ་སྐམ་པོ་བླངས་ཏེ་རྩི་ཤོར་བའི་ཀ་ཏོ་ར་ཞིག་ཏུ་བཞག་པ་དང་། ཆུ་སྦུག་གི་མཆུ་ལས་ཀ་ཏོ་ར་གཞན་པ་ཞིག་གི་ནང་དུ་ཁྱོད་ལ་འཐུང་ཆུ་གཙང་མ་ཞིག་བླངས། ཁྱོད་ཀྱིས་ཀ་ཏོ་ར་གཉིས་ཀར་ལྟ་ཞིང་ལྟོགས་སྐོམ་གྱི་སྣང་བ་གང་ཡང་མེད་མོད་དྭངས་ཤིང་གཙང་བའི་མིག་ཟུང་དུ་ངལ་དུབ་ཀྱི་ཉམས་ཤིག་མངོན་འདུག  ཁྱོད་རང་རྐང་ལག་བཞི་བོ་གུག་པར་བྱས་ཏེ་སར་བསྡད་པ་དང་རྣ་བ་གཉིས་ཀ་འགུལ་འགུལ་བྱེད། ངས་ཁྱོད་རང་ཐང་ཆད་པས་ཁྱོད་ལ་སྐྱིད་པོར་ངལ་གསོ་རུ་འཇུག་རན་པ་ཤེས་པ་དང་། ཁྱིམ་དུ་འཛུལ་ནས་ལྷམ་ཕུད་ཅིང་ལྷམ་འཚངས་སྒེའུ་ཁུང་གི་སྟེགས་བུར་བཞག་སྟེ་ཉི་མར་བསྐམས་རྗེས་མལ་ཁྲིའི་སྟེང་ནས་དཀྱིལ་དཀྲུང་དུ་བསྡད། དེ་ནས་བཟང་མོའི་ཕྱོགས་སུ་རིགས་གསུམ་མགོན་པོའི་ལྷ་ཁང་ལ་དངུལ་ག་ཚོད་དབུལ་དགོས་པ་དང་། ཇི་ལྟར་བྱས་ན་རང་ལ་དེ་ག་ནས་ལས་ཀ་ལས་སུ་འཇུག་པ་སོགས་ཀྱི་སྐོར་ལ་བསམ་བློ་བཏང་། དེའང་མགོ་ནག་བོད་པ་ཀུན་གྱིས་ཤེས་པ་ཞིག་ནི་རྗེ་བཙུན་མི་ལ་རས་པས་རང་གིས་མི་བསད་པའི་སྡིག་པ་དག་པའི་ཕྱིར་ཏུ་མར་བ་ལོ་ཙཱ་བ་དགེ་རྒན་དུ་བསྟེན་ནས་རང་གི་ལུས་སྟེང་ནས་དཀའ་བ་ཚད་མེད་པ་མྱངས་པ་སྟེ། རྒྱབ་ལ་སྒལ་རྨ་བུད་ཅིང་རྐང་ལག་རྣག་ཁྲག་གིས་བཟུང་ནའང་འབད་པའི་མཚམས་ནི་མ་བཞག་པས་མཐར་ཚེ་གཅིག་ལུས་གཅིག་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད། བཟང་མོའི་སྐྱེ་བ་ཡག་པོ་ཞིག་ལེན་པའི་ཕྱིར་ཏུ། བདག་གིས་ཀྱང་སྒོར་ལྔ་བརྒྱ་དབུལ་རྒྱུ་དང་། མོའི་སྡིག་པ་དག་པའི་ཕྱིར་ཏུ་ཟླ་ངོ་གཅིག་ལ་ལས་ཀ་བསྒྲུབ་རྒྱུ་ཡིན། ངས་དེ་ལྟར་བསམ་བློ་བཏང་བ་ན། མུན་ནག་གི་ཡོལ་བས་གོ་མེད་ཚོར་མེད་དུ་སྒོ་རའི་ནང་ཡོངས་སུ་གཡོགས་པར་གྱུར། སང་ཉིན་སྔ་མོ་ནས་ཡར་ལང་དགོས་པས་ད་ནི་མལ་དུ་ལོག་པའི་དུས་ལ་བབས་སོང་།
      སྒོར་རྡོག་པས་གཞུ་བའི་སྒྲ་ཞིག་གིས་ང་རང་གློ་བུར་ཏུ་གཉིད་ལས་བཀྲོགས། ང་རང་ཚབ་ཚུབ་ཏུ་ཡར་ལངས་ཤིང་སྒོའི་ཕྱོགས་སུ་ཁ་ཕྱོགས་ཏེ“སུ་ཡིན་ནམ”ཞེས་བོས་པ་ན་སྒོ་རྡུང་མཁན་མེད་ལ་ཕྱི་རོལ་ནི་འཇམ་ཐིང་ངེར་གནས། ངས་སྔ་མོ་འདི་འདྲ་ཞིག་ལ་སྒོ་རྡུང་མཁན་ནི་སུ་ཡིན་པ་མི་ཤེས་པས་ཁྱིམ་མཚེས་གང་རུང་ཞིག་ལ་ན་ཚ་བྱུང་བ་ཨེ་ཡིན་ནམ་སྙམ་ནས་སླར་ཡང“སུ་ཡིན”ཞེས་གློག་བསྒྲོན།  སྐབས་དེར་སྒོ་སླར་ཡང་ཁྲོག་ཁྲོག་ཏུ་རྡུང་བར་བྱེད་ཅིང་རྡུང་བའི་སྒྲའང་སྔོན་མ་ལས་ཇེ་དྲག་དང་ཇེ་མགྱོགས་སུ་གྱུར། ངས་རྐང་སྣམ་གྱོན་ཞོར་དུ་མྱུར་བར་སྒོ་དབྱེ་བར་སོང་། སྒོ་ཡོལ་ཕྱེ་སྟེ་གློག་འོད་འོག་ནས་བལྟས་པ་ན་སྐྱེ་བོ་གཅིག་ཀྱང་མཐོང་བའི་ཡུལ་དང་བྲལ། མགོ་བོ་ཅུང་བསྒུར་བ་ན་ཁྱོད་ཀྱིས་སྒོ་ཐུམ་ནག་པོར་ཁེན་ནས་མགོ་བོ་བཏེགས་ཏེ་འབའ་སྐད་འབྱིན་བཞིན་པ་མཐོང་། བདག་གི་སེམས་ཀྱི་འཇིགས་དངངས་དག་སྐད་ཅིག་ཞི་བར་གྱུར་བ་སྟེ་མ་གཞི་ཁྱོད་ཀྱིས་སྒོ་རྡུང་བཞིན་ང་ལ་མྱུར་བར་ཡར་ལངས་ནས་སྐོར་བ་ལ་འགྲོ་བར་བསྐུལ་བ་རེད། ངས་ཁ་ནས་ཁྱོད་ལ་བསྡིགས་ནའང་སེམས་ནས་དགའ་བར་གྱུར་ཅིང་ལྷ་སྐུའི་མདུན་དུ་མཆོད་ཆབ་ཕུལ་ཏེ་སྤོས་བསྒྲོན་པ་དང་། དེ་ནས་ཁྱོད་ལ་རྩྭ་སྦྱིན་ཞིང་མཐར་འུ་གཉིས་སྐོར་བ་ལ་སོང་། ལམ་སྒྲོན་འོག་གི་ཨར་འདམ་གྱི་རྐང་ལམ་དེ་ཁྱོད་ཀྱིས་རྨིག་པས་བརྡུངས་པར་བྱས་ཏེ་གོམ་སྒྲ་ཐག་གེར་གྲགས་ཤིང་དེ་ཡིས་བདག་གི་ཁ་ཏོན་གྱི་སྒྲ་ལ་རམ་བུ་བཏེགས་པས་ཡོད་ཚད་ཤིན་ཏུ་མཐུན་པོ་དང་ཆ་མཉམ་པ་ལྟར་གྱུར། འུ་གཉིས་ཀུན་བདེ་གླིང་དུ་སླེབ་དུས། གནམ་ནས་ཆར་བ་ཟམ་ཟིམ་དུ་བབས་པས་འུ་གཉིས་ཀྱིས་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ་ཆར་བྱོལ་བྱ་ས་ཞིག་བཙལ། ཆར་བ་ཇེ་ཆེར་སོང་སྟེ་ཤག་ཤག་ཏུ་བབས་ཤིང་རྐང་ལམ་དང་གཞུང་ལམ་ཚང་མ་ཆུ་ཡིས་བཀང་མགོ་བརྩམས། ངའི་ལྷམ་ནང་དུ་ཆུ་བྱོས་ཤིང་ཁྱོད་ཀྱི་ལུས་ཧྲིལ་བོ་ཆུ་ཡིས་བངས་པར་གྱུར། མདུན་ཕྱོགས་ནས་མི་ཞིག་གིས“འདིར་ཤོག ཆར་བྱོལ་བྱོས་ཤིག”ཟེར་བས་འུ་གཉིས་ཟ་ཁང་ཞིག་གི་སྒོ་མཆོར་གྱི་འོག་གཟས་ནས་བརྒྱུགས། དེ་གར་མི་བདུན་བརྒྱད་ཅིག་འདུས་འདུག་པ་དང་། ཕལ་ཆེ་བ་སྐོར་བ་བྱེད་མཁན་རེད། ཁྱོད་ཤིན་ཏུ་འཁྱག་པར་གདོན་མི་ཟ་སྟེ། ལུས་པོ་ནང་དུ་སྒོང་བར་བྱེད། སྒོ་མཆོར་གྱི་ཕུག་ཏུ་ཡོད་པའི་གཞོན་ནུ་དེས་ཁྱོད་ལ་རྡོག་པས་ཐེངས་གཅིག་གཞུས་ནའང་ཁྱོད་འགུལ་ཙམ་མི་བྱེད། གམ་གྱི་བགྲེས་མོ་ཞིག་གིས་བཟོད་མ་ཐུབ་པར་གཞོན་ནུ་དེར“ཁོ་ལུག་ཚེ་ཐར་ཞིག་ཡིན་པ་མི་མཐོང་ངམ། ཚེ་ཐར་ལའང་རྡོག་པས་གཞུས་ནས་ཁྱོད་དུད་འགྲོ་ཞིག་ལའང་མི་དོ”ཞེས་སྡིགས་པར་བྱེད། གཞོན་ནུ་དེས་ལན་སློག་པར་རྩོམ་པའི་དུས་སུ་དེ་གར་ཡོད་པའི་མི་ཚང་མས་ཁ་རུབ་སྟེ་ཁོ་ལ་བསྡིགས་བྱུང་། གཞོན་ནུ་དེས་རང་གི་གནས་བབས་ཚོར་ནས་ཆར་ནང་དུ་བརྒྱུགས་ཏེ་སླར་ཡང་ལམ་དུ་ཞུགས་སོང་། ཁོ་ཚོས“གཞོན་ནུ་ལོ་ཆུང་འདི་ཚོར་སྙིང་རྗེ་ཏོག་ཙམ་མི་འདུག་པས་མི་ཡུལ་ནས་འཚོ་ནའང་དུད་འགྲོ་དང་ཁྱད་ཅི་ཡོད” “ཁོས་མཚན་གང་བོར་ཆང་རག་བཏུང་སྟེ་ཕྱིར་ཡུལ་ལ་ལོག་པ་འདྲ་སྟེ་ཁོའི་ལུས་ཡོངས་ལ་ཆང་དྲི་བྲོ་ཡི་འདུག” “མི་རབས་གཅིག་ལས་གཅིག་བཙོག”སོགས་ཟེར། འུ་གཉིས་ཀྱིས་སྒོ་མཆོར་འོག་ནས་ཁོ་ཚོའི་ཁ་བརྡར་ཉན་ཞིང་ཆར་བ་འབབ་མཚམས་སྔ་མོ་ནས་ཆད་པར་བསྒུགས། དུས་ཚོད་ཕྱེད་ཀ་ཙམ་གྱི་རྗེས་སུ་ཆར་བ་ཇེ་ཆུང་དུ་གྱུར་ཅིང་འུ་གཉིས་སྔར་བཞིན་སྐོར་བ་ལ་སོང་།
       ལུས་ཡོངས་རྫོགས་རློན་པར་གྱུར་བའི་འུ་གཉིས་ལྷོ་རིགས་གསུམ་མགོན་པོའི་ལྷ་ཁང་དུ་སོང་ཞིང་དེ་གའི་དཀོར་གཉེར་བ་བཙལ། ངས་དངུལ་ཁོང་ལ་ཕུལ་བ་དང་། འུ་གཉིས་ལ་དེ་ག་ནས་ལས་ཀ་ལས་སུ་འཇུག་པར་བསྒུགས། ཁོང་གིས་མི་འཐད་པ་གང་ཡང་མེད་པར་འུ་གཉིས་ཀྱི་འདོད་པ་བསྐངས་ཤིང“གུང་ཚིགས་ལྷ་ཁང་དུ་ཡོད་པ་ལས་གཞན་ད་དུང་ཇ་ཐེངས་གཉིས་ལ་ལྡུད་རྒྱུ་ཡོད”ཟེར། ཁོང་གི་གཏམ་དུ་ཐོས་པས་བདག་གིས་སེམས་སྤྲོ་བས་ཟིན་པར་གྱུར་ཏེ་ཉིན་གང་བོར་ས་བླུགས་ཤིང་འདམ་བརྫིས་པ་ཡིན་ལ་ཁྱོད་ལྷ་ཁང་གི་སྐས་ཐེམ་འགྲམ་དུ་བཏགས་ཤིང་ཕྱིར་ཁྱིམ་དུ་ལོག་རྗེས་ཁྱོད་ལ་ཏ་ལེན་ཞིག་བཟོས། ཉིན་གཉིས་པར་ཁྱོད་ཀྱིས་ཀྱང་ཏ་ལེན་ཁུར་ནས་མཚམས་མེད་པར་ས་དང་བྱེ་མ་དབོར་ཏེ་རྔུལ་ཆུ་བཏང་ནས་ལྷ་ཁང་བཞེངས་པར་ནུས་པ་བཏོན། དེ་གའི་གྲྭ་བ་ཚོས“ལུག་འདིས་འུ་ཅག་གི་མིག་ལམ་དུ་སྔོན་ཆད་གཙུག་ལག་ཁང་བཞེངས་དུས་ཀྱི་རྣམ་པ་དེ་གསལ་བོར་མངོན་པར་བྱས་བྱུང”ཟེར། 
      འུ་གཉིས་ཀྱིས་རིགས་གསུམ་མགོན་པོའི་ལྷ་ཁང་ནས་ཉིན་ཉེར་གསུམ་ལ་ལས་ཀ་ལས་མོད་མཇུག་གི་ལས་ཀར་འུ་གཉིས་ཀྱིས་རོགས་པ་ཕྲན་ཙམ་བྱ་མི་ཐུབ་སྟེ་དེ་ནི་གྱང་ངོར་ལྡེབས་རིས་བྲི་བ་སོགས་ལྷ་རིས་པ་དག་གི་ལས་ཀ་རེད། ལས་ཀའི་མཇུག་གྲིལ་བའི་ཉིན་བཞི་བར། རིགས་གསུམ་མགོན་པོའི་ལྷ་ཁང་གི་དཀོར་གཉེར་བས་འུ་གཉིས་ཀྱི་སར་གྲྭ་བ་ཞིག་མངགས་འོངས་པ་དང་ཁོང་གིས་ཤིང་རྟ་ཞིག་དེད་དེ་གཟན་རྩྭ་སྒྱེ་མོ་དྲུག་དང་རྟེན་གསུམ་རིལ་བུ་ཁྱེར་འོངས། ངས་ཁོང་གི་ངག་བཀོད་ལྟར་རིལ་བུ་ཆུའི་ནང་དུ་བསྲེས་ཏེ་ཚེས་བཟང་གི་དུས་ལ་འཁེལ་དུས་འུ་གཉིས་ཀྱིས་ཏོག་ཙམ་རེ་འཐུང་བ་དང་། སྐབས་འགར་དེ་ཡིས་ཁྱོད་ཀྱི་མིག་ཀྱང་བཀྲུས་པ་ཡིན།
ཉིན་རེ་རེའི་ཞོགས་པར། ཁྱོད་ཀྱིས་སྒོ་མོ་བརྡུངས་ཏེ་ང་རང་གཉིད་ལས་དཀྲོག་པ་དང་། དེ་ནས་ཁྱོད་སྔོན་མ་དང་ང་རྗེས་མ་བྱས་ནས་འགྲོ། ལམ་ཁ་ནས་མི་ཆ་ཡོད་སོགས་དང་འཕྲད་པའི་དུས་སུ་ཁྱོད་ཀྱིས་ཁ་ཡ་མི་བྱེད་པར་མུ་མཐུད་མདུན་དུ་འགྲོ་ཞིང་ལམ་བདེ་ས་ཞིག་ནས་བསྡད་དེ་ང་རང་སྒུག་པར་བྱེད། ཇ་ཁང་དུ་བསླེབས་རྗེས། ཁྱོད་ང་རང་རྒྱུན་པར་སྡོད་སའི་སྒྲོག་ཙེའི་འོག་ཏུ་འཛུལ་བར་བྱེད་ཅིང་དེ་གའི་མགྲོན་པོ་ཚོས་ཁྱོད་རང་མཐོང་རྗེས་རང་གི་ཇ་ཕོར་བཟུང་སྟེ་འདུག་སྟེགས་གཞན་ཞིག་ཏུ་སོང་ནས་འུ་གཉིས་ལ་འདུག་ས་ཤུག་པར་བྱེད་པས་ཀུན་གྱིས་ཁྱོད་རང་ངོ་ཤེས་པར་གྱུར་འདུག
       མཚན་ཐུན་དང་པོར་ངའི་རྨི་ལམ་དུ་བཟང་མོ་མངོན་བྱུང་། ཁྱོད་རང་སྨུག་སྤྲིན་གྱིས་ཁྱབ་པའི་རི་ངོས་ཀྱི་ལམ་ཕྲན་ཞིག་ཏུ་འགྲོ་བ་དང་། གདོང་ལ་རང་བཞིན་དང་བབ་ཆགས་པའི་ཉམས་ཞིག་མངོན་ཞིང་གོམ་ཁ་ཡང་ཞིང་བརྟན་པ་ལྟར་འདུག དེ་ནས་ཁྱོད་སྐྱེ་བོ་གཞན་ཞིག་ལ་འཁྲུལ་བ་ཇི་བཞིན་རབ་རིབ་མི་གསལ་བར་གྱུར་སོང་། ངས་རྨི་ལམ་ནས་སོ་དཀར་པགས་འཛུམ་བཏོན་ཞིང་སེམས་ཀྱི་སྤྲོ་དགའ་མི་ཟད་པ་དེས་ང་རང་གཉིད་ལས་བཀྲོགས་བྱུང་། ང་ཡིས་མལ་ཁྲིར་ཙོག་སྟེ་རྨི་ལམ་དེར་དཔྱད་པ་བཏང་བ་སྟེ། ཁྱོད་ཀྱི་གདོང་གི་རང་བཞིན་དང་བབ་ཆགས་ཀྱི་ཉམས་དེས་ཁྱོད་རང་དམྱལ་བའི་སྡུག་བསྔལ་ལས་ཐར་ཟིན་པ་མཚོན་པ་དང་། རྨི་ལམ་གྱི་མཇུག་ཏུ་རབ་རིབ་མི་གསལ་བར་གྱུར་བ་དེས་ཁྱོད་ཀྱིས་ཚེ་འཕོས་ཏེ་སྐྱེ་བ་གཞན་ཞིག་བླངས་ཟིན་པ་མཚོན་ནོ།། དེ་ལྟར་བསམ་བཞིན་བདག་གི་སྤྲོ་བ་ལྷག་ཏུ་འཕེལ་བས་གཉིད་སྣང་ཕྲན་ཙམ་མ་བྱུང་། མཚན་སྨད་ཀྱི་དུས་སུ། བདག་གི་ཕོ་བར་ཟུག་གཟེར་ཚད་མེད་བྱུང་སྟེ་དཔྲལ་བ་ནས་རྔུལ་ཆུའི་ཐིགས་པ་དག་མར་ལྷུང་། ངས་གལ་སྲིད་འདི་ལྟར་ན་བར་གྱུར་ན་ཉིན་འདིར་སྐོར་བ་ལ་འགྲོ་མི་ཐུབ་པས་ཁྱོད་ཅི་ཞིག་བྱ་དགོས་པར་སྙམ། དེ་ནས་སླར་ཡང་ཇི་ལྟར་མང་དུ་གཟེར་ནའང་དུས་ཚོད་འགའ་ལས་མི་གཟེར་བར་དེའི་འཕྲོར་སངས་དྲགས་སུ་འགྲོ་ངེས་སྙམ་སྟེ་ཡར་ལངས་ནས་ཕོ་བའི་སྨན་རིལ་བུ་འགའ་འཐུང་སྟེ་སླར་མལ་ཐུལ་དུ་འཛུལ། ཁྱོད་ཀྱིས་སྒོ་རྡུང་བའི་སྐབས་དེར། ཟུག་གཟེར་གྱི་ཚོར་བ་དེ་སྔར་བཞིན་བདག་གི་ཕོ་བའི་ནང་ནས་ཡལ་མེད་པས་ཡར་ལངས་ཏེ་འགྲོ་འོང་བྱ་ག་ལ་ཐུབ། ཁྱོད་ཀྱིས་སྒོ་བརྡུངས་པའི་སྒྲ་ཇེ་དྲག་ཏུ་གྱུར་བས་ངས་བཟོད་བསྲན་ཆེན་པོས་སྒོའི་འགྲམ་དུ་སོང་སྟེ་སྒོ་ཕྱེ་ནས་ཁྱོད་ཀྱི་འདོགས་ཐག་བཀྲོལ་ཅིང“ང་ལ་ན་ཚ་བྱུང་བས་ཁྱོད་གཅིག་བུར་སྐོར་བར་འགྲོ་རོགས། སྐོར་བ་ཚར་རྗེས་མྱུར་བར་ཕྱིར་ཤོག”ཅེས་སྨྲས། ཁྱོད་ཀྱིས་མགོ་བོ་བཏེགས་ཏེ་ངའི་ཕྱོགས་སུ་བལྟས་ནས་འུ་གཉིས་མཉམ་དུ་སྒོ་རའི་ཕྱི་རོལ་ཏུ་འབུད་པར་བསྒུགས། ངས་ཁྱོད་ཁྲིད་ནས་སྒོ་རའི་ཕྱིར་མི་འབུད་ཀ་མེད་བྱུང་ཞིང་དེ་ནས་ཁྱོད་དེད་དེ་མདུན་དུ་འགྲོ་བར་བསྐུལ། ཁྱོད་ཀྱིས་འཚེར་སྣང་དང་བཅས་ངའི་ཕྱོགས་སུ་ལྟ་བར་བྱེད། ངའི་ལག་པ་གཡུག་གཡུག་བྱས་ཏེ་ཁྱོད་རང་མུ་མཐུད་མདུན་དུ་འགྲོ་བར་བསྐུལ། ཁྱོད་ཀྱིས་ངའི་བསམ་ཚུལ་རྟོགས་ཏེ་ཁ་ཕྱིར་འཁོར་ནས་སྲང་ཆུང་དེའི་སྣེར་ཕྱོགས་ནས་སོང་བ་དང་། གསལ་ཞིང་དྭངས་པའི་རྨིག་སྒྲ་ཕྱིར་བཞག་སྟེ་སྲང་ཆུང་དེའི་ཕྱོགས་སུ་ཡལ་སོང་།
      ང་སླར་ཡང་མལ་ཐུལ་དུ་འཛུལ་ཅིང་ཟུག་གཟེར་འཇགས་འགྲོ་བར་བསྒུགས།
       ཉི་མའི་འོད་ཟེར་སྒེའུ་ཁུང་གི་ངོགས་སུ་འཕྲོས་པ་དང་། ངས་མལ་ཐུལ་ནང་ནས་ཁྱོད་ཀྱི་དོན་དུ་སེམས་ཁྲལ་བྱ་མགོ་བརྩམས། སེམས་ཁྲལ་དེས་སེམས་འཚབ་སྟེ་སྲེག་པ་དང་འདྲ་བས་ན་བའི་ཟུག་རྔུའང་བརྗེད་འགྲོ། ངས་ལྭ་བ་གྱོན་ཏེ་སྒོའི་ཕྱིར་བུད་ནས་ཁྱོད་རང་བཙལ། ཟུག་གཟེར་དེའི་རྐྱེན་པས་ངའི་མགོ་བོ་ནས་རྔུལ་ཆུ་བཞུར་བ་དང་། གོམ་པའང་སྤོ་མི་ཐུབ་པས་རྒྱ་སྒོ་ནས་སྒོ་རུར་ཁེན་ཏེ་མི་འདུག་ཀ་མེད་བྱུང་། ན་ཟུག་ཅུང་ཙམ་འཇམ་པར་གྱུར་རྗེས་ངས་སྲང་ལམ་གྱི་སྣེ་ལ་བལྟས་པ་ན་ཁྱོད་ཀྱི་དཀར་བོང་བོང་གི་ལུས་པོ་བདག་གི་མིག་ལམ་དུ་མངོན་ཞིང་ཁྱོད་རང་དེ་ག་ནས་མགྱོགས་བུལ་རན་པའི་ངང་ནས་ཚུར་འོང་བ་དང་རེས་འགར་སུག་བཞིས་སར་བཀན་ནས་ཕྱོགས་བཞིར་ལྟ་བར་བྱེད། ཁྱོད་གཅིག་པུར་སྐོར་བ་ལ་འགྲོ་ཐུབ་སོང་བས་ངས་ཡིད་ཀྱི་སྤྲོ་བ་གནོན་མ་ཐུབ་པར་མིག་ཆུ་ཕྱུང་། ང་རང་བསྲན་ཚུགས་པའི་ངང་ཡར་ལངས་ཏེ་ཁྱོད་རང་གམ་དུ་ཡོང་བར་བསྒུགས། ངས་ཁྱོད་རང་སྒེའུ་ཁུང་གི་འོག་ཏུ་བཏགས་ཤིང་ཁྱོད་ལ་གཟན་རྩྭ་སྦྱིན། ཀྱེ་མ། ཁོག་པའི་སྙིང་ཡང་དུམ་བུར་འགས་བྱེད་ཀྱི་ཟུག་གཟེར་ཅིག་སླར་ཡང་བྱུང་བས་བདག་སར་བསྡད་ཅིང་ཟུག་གཟེར་འབྱུང་ས་གང་དེ་ལག་པས་བསྐྱོར། ཁྱིམ་མཚེས་ཀྱི་མི་རྣམས་ཀྱིས་ང་རང་རུབ་འོང་ནས“ཨ་མེས་སྙན་གྲགས་ལགས། ཁྱོད་ལ་ཅི་བྱུང་སོང” “སྨན་ཁང་དུ་སོང་ནས་ཨེམ་ཆི་བསྟེན་པར་བྱ” “ཁྱོད་ཀྱི་ངོ་མདངས་མི་ལེགས་པས་མྱུར་བར་སྨན་ཁང་དུ་འགྲོ”སོགས་ཟེར་བཞིན་ང་རང་སྨན་ཁང་དུ་སྐྱེལ་བར་བྱེད། ངས་ཀྱང་ཁོ་ཚོའི་རེ་བ་བཟློག་མ་ཐུབ་པས་སྨན་ཁང་དུ་སོང་སྟེ་ནད་ལ་མི་བརྟག་ཀ་མེད་བྱུང་། ཨེམ་ཆིས་ངའི་ནད་ཡང་མོ་མིན་པས་སྨན་ཁང་ནས་བསྡད་དེ་བཅོས་དགོས་ཟེར་ནའང་ངས་ཅི་བྱས་ཀྱང་དེ་ལ་འཐད་པ་མ་བྱས་པར་ཟུག་གཟེར་འཇགས་བྱེད་ཀྱི་ཁབ་ཅིག་བརྒྱབ་པས་འཐུས་པར་བཤད། ཁྱིམ་མཚེས་ཚོས་ཀྱང་སྨན་ཁང་ནས་བསྡད་དེ་བཅོས་དགོས་ཟེར་ཞིང“ཉིན་རེའི་ཟས་ཐུན་གསུམ་པོ་ངེད་ཅག་གིས་རེས་བསྐོར་ནས་བསྐྱལ་བར་བྱ”ཟེར། ཁོ་ཚོར་སྐུ་དྲིན་ཤིན་ཏུ་ཆེ་མོད་འོན་ཀྱང་ང་རང་སྨན་ཁང་ནས་སྡོད་ག་ལ་ཉན།  ཨེམ་ཆིས་ཁྱིམ་མཚེས་འགའ་སྒོའི་ཕྱིར་བོས་པ་དང་། ཁོ་ཚོ་ཕྱིར་ནང་དུ་འོང་དུས་ཀུན་གྱི་ངོ་མདངས་རྩ་བ་ནས་ཤོར་འདུག ངས་ཁོ་ཚོའི་ཉམས་འགྱུར་ལས་རང་གི་ནད་ནི་བཅོས་ཐབས་མེད་པའི་ཚད་དུ་བསླེབས་འདུག་པ་གསལ་བོར་ཤེས་བྱུང་། དེ་བས་ངས“ཨེམ་ཆི་ལགས། ང་ནི་གཉེན་ཚན་སོགས་ཅི་ཡང་མེད་པའི་མི་ཧྲེང་ཞིག་ཡིན་པས་ཁྱེད་ཀྱིས་ངའི་ནད་ཀྱི་གནས་ཚུལ་མ་གསང་དྲང་པོར་གསུང་རོགས”ཞེས་རེ་བ་བཏོན། ཨེམ་ཆིས“ཁྱེད་ཤིན་ཏུ་ངལ་བར་གྱུར་ཡོད་པས་སྨན་ཁང་ནས་བསྡད་དེ་ནད་དྲགས་སུ་འཇུག་དགོས”ཟེར། ངས“ཁྱེད་ཀྱིས་ང་ལ་དྲང་གཏམ་སྨྲ་རོགས། ངས་ཁྱིམ་མཚེས་ཚོའི་ངོ་མདངས་ལས་རང་གི་ནད་ཤིན་ཏུ་ལྕི་བ་ཤེས་ཡོད”ཅེས་པ་ན། ཁོང་གིས“ཁྱེད་ཀྱིས་ཡར་མར་མང་པོ་མ་དྲན་རོགས། ནད་དེ་འདྲ་ལྕི་མོ་མ་རེད། ཐོག་མར་སྨན་ཁང་ནས་བསྡད་དེ་བཅོས་དགོས”ཟེར་བ་དང་ཁྱིམ་མཚེས་ཚོས་ཀྱང་སེམས་བཟང་བོས་སྨན་ཁང་ནས་འདུག་པར་ཁ་ཏ་བྱེད། ངས“ཨེམ་ཆི་ལགས། ཁྱེད་ཀྱིས་ནད་ཐོ་ང་ལ་བསྟན་རོགས་ཞུ། མཇུག་འབྲས་ཅི་བྱུང་ཡང་བདག་གིས་དང་དུ་ལེན་ཐུབ”ཅེས་པ་ན་ཨེམ་ཆིས་ཁྱིམ་མཚེས་ཚོ་ལ་ལྟ་བ་དང་ཁོ་ཚོ་མགོ་བོ་སྨད་དེ་ཁ་རོག་གེར་འདུག ངས་མུ་མཐུད་དུ“ང་ལ་བུ་ཕྲུག་ནི་མེད་པས་དོན་ཡོད་ཚད་རང་གིས་ཐག་གཅད་ཆོག ཁྱེད་ཀྱིས་ང་ལ་བསྟན་རོགས་ཞུ”ཨུ་ཚུགས་བྱས་པས་ཨེམ་ཆིས་ནད་ཐོ་ང་ལ་མི་སྟོན་ཀ་མེད་བྱེད།  དེར་ཕོ་བའི་འབྲས་སྐྲན་ཞེས་བྲིས་འདུག ཡི་གེ་དེ་དག་ངའི་མིག་ལམ་དུ་མངོན་པ་དང་ཁོག་པའི་སྙིང་ལ་གཟེར་ཤད་ཅིག་བྱུང་། ངས་རང་ལ་འཇིག་རྟེན་འདི་ནས་འཚོ་ཁོམ་མང་པོ་མེད་པས་གལ་སྲིད་རང་ཉིད་ཤི་སོང་ན་ཁྱོད་རང་སྟེ་ལུག་ཚེ་ཐར་ཇི་ལྟར་འཚོ་དགོས་སྙམ། སེམས་ཁྲལ་དེའི་རྐྱེན་པས་བདག་གི་སེམས་ཁམས་རྙོག་ཟིང་དུ་གྱུར་ཅིང་སེམས་ཀྱང་བརྟན་པོ་མིན་པར་གྱུར། མི་རྟག་འཆི་བ་གློ་བུར་སླེབ་དུས། ངས་རང་གིས་ཞེན་ས་ཆགས་ཡུལ་གང་ཡང་མེད་པ་ཞིག་བྱ་མི་ཐུབ་པ་ཤེས་བྱུང་། ངས་གདོང་ཨེམ་ཆེའི་ཕྱོགས་སུ་གཏད་ནས“ང་རང་ད་དུང་ཅི་ཙམ་ལ་འཚོ་ཐུབ”ཅེས་དྲིས། ཨེམ་ཆིས“དེ་བཤད་དཀའ་བར་འདུག ཨེམ་ཆིའི་ཁར་ཉན་ཏེ་སྨན་བཅོས་བྱས་ན་སྨན་བཅོས་མ་བྱས་པ་ལས་དུས་རིང་པོར་འཚོ་ཐུབ”ཟེར། ང་རང་སྨན་ཁང་སྡོད་ག་ལ་རུང་། གལ་སྲིད་སྨན་ཁང་ནས་བསྡད་ཚེ། ངའི་ལུས་པོའི་ནང་སྨན་ཁབ་མང་པོ་རྒྱག་ངེས་པ་དང་དེ་ལྟར་བྱས་ཚེ་ངའི་དུས་ཚོད་ལྷག་མ་དག་སྨན་ཁང་ནས་བརླག་འགྲོ དེ་མིན་སྐོར་བ་དང་མཆོད་འབུལ་གང་ཡང་བྱ་མི་ཐུབ་པས་ལུས་པོ་མ་ཤི་བའི་སྔོན་དུ་སེམས་པ་ཤི་འགྲོ་བ་རེད། དེ་བས་ངས་དེ་ག་ནས་ཐར་བར་བྱ་བའི་ཆེད་དུ“ཨེམ་ཆི་ལགས། དེ་རིང་ང་ལ་ཟུག་གཟེར་འཇགས་བྱེད་ཀྱི་ཁབ་ཅིག་རྒྱག་རོགས། ངས་ཕྱིར་སོང་ནས་ཁྱིམ་གྱི་ལས་འཕྲོ་འགའ་བསྒྲུབ་དགོས། སང་ཉིན་ཕྱིར་ཡོང་སྟེ་སྨན་ཁང་ནས་འདུག་པར་བྱ”ཞེས་རྫུན་མི་སྨྲ་ཀ་མེད་བྱུང་། སྨན་པས་ངའི་གཡོ་འཕྲུལ་ཤེས་བྱུང་བ་འདྲ་བས“རང་གི་ཚེ་སྲོག་གིས་རྩེད་ཆས་མ་བྱེད”ཅེས་གདམས་པ་དང་། བདག་གིས་ཁག་ཐེག་གི་སྐད་ཆ་མང་པོ་བཤད་རྗེས་སྨན་ཁང་དང་ཁ་བྲལ་ཐུབ་པ་བྱུང་།
       ལུག་ཚེ་ཐར་གྱིས་ཁྱིམ་མཚེས་ཚོས་ང་རང་བསྐྱོར་ནས་ཡོང་བ་མཐོང་རྗེས་ས་ནས་མགྱོགས་པོར་ཡར་ལངས་ཏེ་ངའི་གམ་དུ་བཅར་བྱུང་། གཞན་སུ་ལའང་མི་འཛེམ་པའི་མིག་ཆུ་ཤམ་ཤམ་དུ་བཞུར་བས་བདག་གི་རྒས་པའི་གདོང་དེ་ཡོངས་སུ་བརླན་པར་གྱུར། བཟང་མོའང་འདི་ལྟར་ངེད་ཅག་གིས་སྨན་ཁང་ནས་པང་དུ་བླངས་ཏེ་འོང་བ་ཡིན་ལ་ཆེས་མཐའ་མཇུག་གི་དབུགས་དེ་རང་ཁྱིམ་ནས་ཆད་པ་ཡིན། ངས་འདི་ལྟར་མིག་ཆུ་འབྱིན་མི་འོས་ཏེ་ཁྱིམ་མཚེས་ཚོས་ང་རང་འཇིག་རྟེན་ལ་ཞེ་ཆགས་ཏེ་འཆི་བར་སྐྲག་པར་འདོད་སྲིད། ཁོ་ཚོས་ཁྱོད་གཞོགས་གཅིག་ཏུ་དེད་དེ་ང་རང་ཁྱིམ་དུ་བསྐྱལ། ངས་ཁྱོད་ཀྱི་མིག་ཟུང་མཆི་མས་བརླན་ཞིང་མགོ་བོ་མར་དུད་པ་མཐོང་བྱུང་། ཁྱིམ་མཚེས་ཚོས་ང་རང་རུབ་སྟེ་ཉིན་གཉིས་་པར་སྨན་ཁང་ནས་སྡོད་པར་བསྐུལ་ཅིང་ལ་ལས་ཕྱིར་རང་ཁྱིམ་དུ་ལོག་ནས་བྱ་སྒོང་དང་། མར། སྐམས་ཤ་སོགས་འཁྱེར་འོངས། ཁོ་ཚོས་ད་དུང་ལུག་ཚེ་ཐར་ལ་ལྟ་སྐྱོང་ལེགས་པོ་བྱ་ཞེས་ཁས་བླངས། ཚིག་དེ་བདག་གི་སྙིང་དང་ཉེ་བར་གྱུར་ཅིང་ང་རང་གཏོང་བར་མི་བྱེད་པའི་སེམས་ཁྲལ་དེའང་ཇེ་ཆུང་དུ་གྱུར། ཁྱིམ་མཚེས་ཚོ་ང་རང་ཐང་ཆད་པར་དོགས་ནས་རེ་རེ་བཞིན་ཕྱིར་རང་ཁྱིམ་དུ་ལོག་སོང་།
ངས་དྲ་ཡོལ་བརྒྱབ་ནས་གློག་སྒྲོན་བསྒྲོན། ཕོ་བའི་ནང་ན་ད་དུང་ཡང་ཟུག་གཟེར་ཕྲན་ཙམ་འདུག ངས་ཁྱོད་ཁང་བའི་ནང་དུ་བླངས་ཤིང་རང་ཉིད་ཤིང་གི་མལ་ཁྲི་རུ་སར་བསྡད། ཁྱོད་ཀྱང་ངས་རྐང་འགྲམ་ནས་སར་བསྡད་པ་དང་། མགོ་བོ་བཏེགས་ཏེ་ངའི་ཕྱོགས་སུ་ལྟ་བར་བྱེད། ངས་ལུས་པོ་མདུན་དུ་ཕྱོགས་ཏེ་ཁྱོད་ལ་འཕྲུག་འཕྲུག་བྱས། ཁྱོད་ཀྱིས་ཤིན་ཏུ་བདེ་བ་ལྟར་མིག་ཟུམ་ཟུམ་བྱེད། ངས་བརྩེ་གདུང་ཟབ་མོས་ཁྱོད་ལ“ད་ལྟ་ང་རང་ནམ་འཆི་ཆ་མེད་དུ་གྱུར་ཡོད། དེ་ལྟ་མོད་ཀྱང་འཇིག་རྟེན་དུ་འཚོ་བའི་རིང་ལ་ངས་ཁྱོད་ལ་དགེ་བའི་ལས་མང་པོ་ཞིག་བསྒྲུབ་ཏུ་འཇུག དེ་ལྟར་བྱུང་ཚེ་སྡིག་པའི་ལས་དག་སྟེ་སྐྱེ་བ་ཕྱི་བ་ངན་སོང་ལ་མི་སྐྱེ། གལ་སྲིད་ང་རང་ཤི་སོང་ནའང་ཁྱོད་རང་ཚེ་མཐའ་རྫོགས་པའི་བར་དུ་སྒོ་ར་འདིའི་ནང་གི་སྐྱེ་བོ་ཚོས་གཅེས་པར་བསྐྱང་ངེས། སྐྱེ་བ་འདིར་འུ་གཉིས་ཀྱིས་སྐྱེ་བ་སྔོན་མའི་ལས་འཕྲོ་བསྐྱངས་པ་སྟེ་སྐྱེ་བ་ཕྱི་མའམ་ཚེ་རབས་དུ་མའི་བར་དུའང་བསྐྱང་ངེས”ཞེས་སྨྲས་པ་ན་ཁྱོད་ཀྱིས་ངས་སྨྲས་པ་དག་གསལ་བོར་གོ་བ་ཇི་བཞིན་ཡར་ལངས་ཏེ་མདུན་གྱི་སུག་པ་གཉིས་བདག་གི་རྐང་བའི་སྟེང་དུ་བཞག་ཅིང་མིག་ཀོང་ལ་མཆི་མ་བསྐྱིལ། ང་རང་ཁྱོད་ཀྱི་སྐེ་ལ་འཐམས་ནས་སྐད་མཐོན་པོས་ངུས། ཁྱོད་ཀྱི་འཁྱག་བསིལ་བསིལ་གྱི་དབུགས་རྒྱུན་བདག་གི་རྣ་བའི་འགྲམ་དུ་རྒྱུ་བའི་ཚུལ་ནི་བཟང་མོས་དབུགས་ལེན་པ་དང་འདྲ་ཞིང་དེས་བདག་གི་སེམས་ཁམས་བདེ་ལ་འབབ་ཏུ་བཅུག ངས་མུ་མཐུད་དུ“ངས་འགྲོ་བ་སེམས་ཅན་ཐམས་ཅད་འབྱུང་བཞིའི་འཇིགས་པ་དང་། གཡུལ་འཁྲུག་གི་འཇིགས་པ། མི་འདོད་ནད་ཀྱི་འཇིགས་པ་སོགས་དང་འབྲལ་བའི་སྨོན་ལམ་འདེབས་པའི་ཞོར་དུ་ཁྱོད་ཀྱང་སྐྱེ་བ་ཕྱི་མར་མི་ཁྱིམ་ཕྱུག་པོ་ཞིག་ཏུ་ཕ་མ་བྱམས་བརྩེ་ཅན་དུ་སྐྱེ་བ་དང་། དམ་པའི་ཆོས་དང་མཇལ་བའི་སྨོན་ལམ་གདབ་པར་བྱ”ཞེས་མང་པོ་མང་པོ་ཞིག་ལབ་ཅིང་ཚུལ་དེ་ནི་སང་ཉིན་གྱི་དུས་སུ་རང་གི་ཚེ་ཡི་འཕེན་པ་རྫོགས་དགོས་པ་དང་འདྲ། སྐབས་དེར་ཕྱི་རོལ་ནས་ཁྱི་སྐད་ལྷང་ལྷང་དུ་གྲགས་པས་ཧ་ཅང་འཕྱི་དྲགས་པ་ཤེས་ཤིང་འུ་གཉིས་མལ་དུ་ལོག་རན་འདུག ངས་ཁྱོད་ཕྱིར་སྒོ་རའི་ནང་དུ་ཁྲིད་དེ་ཁྱོད་ལ་སྔ་མོ་ནས་ངལ་གསོ་རུ་བཅུག
       ང་རང་སྨན་ཁང་དུ་སྡོད་བཅོས་བྱེད་པར་མ་སོང་། སེམས་ལ་འཚུབ་ཆ་ཞིག་ལངས་པས་ཉིན་འདི་ནས་བཟུང་ཁྱོད་རང་ཁྲིད་ནས་དགོན་པ་དང་ལྷ་ཁང་དག་གི་ནང་མཇལ་སྐོར་ལ་སོང་བ་དང་། ཚེས་བཟང་གི་དུས་ལ་འཁེལ་དུས་ཚོང་ཁྲོམ་ནས་ཉ་རྒྱ་མ་བཅུ་ཕྲག་འགའ་ཉོས་ཏེ་ཁྱོད་ལ་འཁུར་དུ་བཅུག་ཅིང་ཧ་ཅང་ཐག་རིང་བའི་གཙང་འགྲམ་ལ་སོང་ནས་དེ་དག་ཚེ་ཐར་ལ་བཏང་། ཚེ་ཐར་དུ་བཏང་བའི་ཉ་དེ་ཚོ་འགྱིག་ཁུག་ལས་ལྡེམ་ལྡེམ་དུ་འཁྱུག་པ་དང་། མཇུག་མ་གཡུག་གཡུག་བྱེད་ཀྱིན་གཙང་འགྲམ་གྱི་ཆུ་རྩྭའི་གསེང་དུ་འཛུལ་རྗེས་ཤུལ་མེད་དུ་ཡལ་འགྲོ། འུ་གཉིས་ཀྱིས་ཚེ་སྲོག་བརྒྱ་ཕྲག་དུ་མ་འཇིགས་རུང་འཆི་བདག་གི་ཁ་ལས་བསྐྱབས་ཤིང་ཁོ་ཚོར་ཞེད་པ་དང་ཡིད་ཕམ་པ་སོགས་གང་ཡང་མེད་པར་སྔོ་ཐིང་ཐིང་གི་གཙང་བོ་ནས་སླར་ཡང་འཚོ་བ་རོལ་དུ་བཅུག འུ་གཉིས་ཀྱིས་དྭངས་ཤིང་གཙང་བའི་ཆུ་ནང་དུ་བལྟས་པ་ན་དེའི་ནང་དུ་གནམ་སྔོན་དང་སྤྲིན་དཀར་ཤར་འདུག་ལ། རླུང་བུ་བསིལ་མོ་དལ་གྱིས་རྒྱུ་བའི་ཚེ་ན་ཆུའི་ངོས་སུ་གཉེར་རིས་བབས་ཤིང་གནམ་དང་སྤྲིན་པའི་གཟུགས་ཀྱང་ཕར་ཚུར་དུ་གཡོ་བར་བྱེད། རྒྱ་ལྕང་གི་ཡལ་ཀ་དག་ཡོམ་ཡོམ་དུ་འགུལ་བའི་སྒྲའང་ཤིག་ཤིག་ཏུ་གྲགས། གྲམ་ཁའི་ངོགས་སུ་རྩྭ་ལྗང་ཕོན་པོར་སྐྱེས་ཤིང་ཕྱེ་མ་ལེབ་འགས་གར་གྱི་སྟང་སྟབས་སྣ་ཚོགས་པ་སྒྱུར་བར་བྱེད། འུ་གཉིས་ཀྱི་རིག་པ་གསལ་ཞིང་སེམས་ཁམས་སྐྱིད་པ་དང་། ཡིད་ལ་བྱམས་དང་བརྩེ་བས་ཁེངས་འདུག ངས་གཙང་འགྲམ་ནས་དཀྱིལ་དཀྲུང་དུ་བསྡད་དེ་ནས་ཆང་གི་ཁ་ཕྱེ་ནས་དལ་མོར་བཏུང་བ་དང་། ལག་པས་ཕྲེང་བ་མགྱོགས་པོར་དྲངས་ཤིང་ཕྲེང་རྡོག་དག་ཕན་ཚུན་འཕྲད་པའི་སྒྲ་ཡིས་སེམས་པ་ལྷིང་འཇགས་ཀྱི་གནས་སུ་བསྐྱལ། ཁྱོད་ཀྱིས་ཡིད་ལ་དོགས་པ་སོགས་གང་ཡང་མེད་པར་མགོ་བོ་བསྒུར་ཏེ་རྩྭ་ལྡོད་པ་དང་། རེས་འགར་རྣ་བ་ཀྲོང་ངེར་བཏེགས་ཏེ་མདའ་འཕངས་པ་ལྟར་རྒྱུག་པའི་རླངས་འཁོར་དག་གི་ཕྱོགས་སུ་ལྟ་བར་བྱེད། ཉི་མ་ནུབ་རིར་མ་ཡལ་བའི་སྔོན་དུ། འུ་གཉིས་ཀ་དལ་མོར་རང་ཁྱིམ་དུ་ལོག
      ལོ་འདིའི་དབྱར་ཟླ་ཐ་མར། ཚེ་སྨོན་གླིང་དགོན་པའི་བླ་མས་བཀའ་ཆོས་གསུང་གིན་འདུག ངས་ཁྱོད་རང་འཁྲིད་ནས་བཀའ་ཆོས་ལ་ཉན་པར་སོང་བ་ན་དགོན་པའི་ར་སྐོར་ནང་མཇལ་བ་ཡིས་གང་འདུག་པས་འུ་གཉིས་གྲུ་ཟུར་ཞིག་ཏུ་སོང་སྟེ་བསྡད། བླ་མས་བཀའ་ཆོས་གསུང་དུས། ཁྱོད་རང་རྣ་བ་ཀྲོང་ངེར་བསྲིངས་ཏེ་འཇམ་ཅག་གེར་སར་བསྡད་པ་དང་མཚམས་དང་མཚམས་སུ་ཁྲི་སྟེང་གི་བླ་མའི་ཕྱོགས་ལ་མིག་མདའ་འཕེན་པར་བྱེད། འདུག་བཟོད་མེད་པའི་དུས་སུ་མི་ཚོགས་ཀྱི་རྒྱབ་ཏུ་བུད་ནས་སྐོར་བ་ཞིག་རྒྱག་ཅིང་དེ་ནས་རིང་བོ་མི་འགོར་བར་ངའི་གམ་དུ་ཡོང་བར་བྱེད། ཁྱོད་ཀྱི་ཚུལ་དེ་མཐོང་བས་མི་རྣམས་ཧ་ལས་པར་མ་ཟད་ཁྱོད་ལ་སྙིང་ཉེ་བར་གྱུར། རྗེས་ཀྱི་ཉི་མ་དག་གི་རིང་ལ། མཇལ་བ་ཚོས་ཁྱོད་ལ་རྩྭ་དང་སྔོ་ཚལ་སྟེར་བར་བྱེད་ཅིང་ཁོ་ཚོས་དེ་དག་ཁྱོད་ཀྱི་མདུན་དུ་སྤུངས་རྗེས་ཁྱོད་ཀྱི་རྒྱབ་ལ་བྱིལ་བྱིལ་བྱེད་ཀྱིན“ཁྱོད་རང་དམ་པའི་ཆོས་དང་འབྲེལ་བ་ཟབ་པས་ན། ལེགས་ཚོགས་ཀྱི་འབྲས་བུ་མི་ཟད་པ་སྨིན་ངེས”ཟེར། དགོན་པའི་ནང་གི་གྲྭ་བ་དེ་ཚོ་ཁྱོད་ལ་ལྷག་ཏུ་བྱམས་ཏེ། ཁྱོད་ལ་ལྷ་ཁང་ནས་ལྷ་སྐུར་མཇལ་བ་དང་། སྐོར་བ་སོགས་བྱེད་དུ་བཅུག་པར་མ་ཟད་ཁྱོད་ཀྱི་རྣ་བར་འདོགས་རྒྱུའི་རྣ་ཚར་དམར་བོ་ཞིག་ཀྱང་བསྩལ།
      འུ་གཉིས་ཀར་ཉིན་རེ་རེ་བཞིན་ཁོམ་པ་གཏན་ནས་མེད་ཅིང་མིག་རྡེབ་དབང་ཙམ་དུ་སྟོན་དཀྱིལ་ལ་བསླེབས་སོང་། སྐབས་འདིར་བདག་གི་ཕོ་བ་ཅུང་ཙམ་གཟེར་ནའང་སྔོན་ཆད་ལས་ཅུང་དགའ་རུ་སོང་འདུག བཟང་མོའི་ཞེན་ཆགས་ཀྱི་རྣམ་ཤེས་རྨི་ལམ་ནས་མངོན་མཚམས་ཆད་པས་ད་ནི་མོ་རང་ཚེ་འཕོས་ཏེ་མི་ཡི་སྐྱེ་བ་ལེན་ཐུབ་ཡོད་ན་ཅི་མ་རུང་། ངའི་བཟང་མོའི་ཕྱོགས་ཀྱི་སེམས་ཁྲལ་རེ་ཞིག་ཆུང་དུ་གྱུར་ནའང་ལུག་ཚེ་ཐར་ཕྱོགས་ཀྱི་སེམས་ཁྲལ་ཆེ་ནས་ཆེ་རུ་གྱུར་ཏེ་རང་ཉིད་ཤི་རྗེས་ཁྱོད་ལ་བདག་སྐྱོང་བྱེད་མཁན་མེད་ཅིང་ཁྱོད་ཀྱིས་མནར་གཅོད་མྱང་དགོས་པ་དང་། གཞན་གྱིས་ཁྱོད་རང་ར་སྐོར་ནས་སྤྱུགས་ན་ཅི་བྱ་སྙམ། སེམས་ཁྲལ་དེ་བདག་གི་བསམ་པའི་ནང་ཡོངས་སུ་ཁྱབ་པས་དེས་ང་ལ་ལོ་འགའ་ལ་འཇིག་རྟེན་ནས་ལྷག་མར་འཚོ་བའི་སྙིང་རུས་བསྩལ་ཅིང་ངས་ཉི་མ་རེ་རེ་བཞིན་དཀོན་མཆོག་གསུམ་པོའི་མདུན་ནས་རང་ལ་ད་དུང་ཡང་གསོན་པོར་འཚོ་བའི་སྐལ་བ་ཡོད་པའི་སྐྱབས་འཇུག་ཞུས། བརྒྱད་པའི་ཆབ་ཞུགས་དུས་ཆེན་དང་བསྟུན་ཏེ། ངས་ཁྱོད་རང་ཁྲིད་ནས་གླིང་སྐོར་ལ་བརྐྱངས་ཕྱག་འཚལ་ནས་སྐོར་བ་ཐེངས་གཅིག་བྱེད་པར་བརྩམས། ངས་ཁྱོད་ལ་དོན་དེ་བཤད་དུས་ཁྱོད་ཀྱི་མིག་ཟུང་ལ་རེ་བའི་འོད་སྣང་གིས་ཁེངས། ངས་ཁྱོད་ལ་ཏ་ལེན་ཞིག་གསར་དུ་བཟོས་ཤིང་རང་ལ་རས་ཀྱི་པང་ཁེབས་ཤིག་བཟོས་ནས་གྲ་སྒྲིག་ལེགས་པར་བྱས། 
         ནམ་གསལ་བོར་ལངས་མི་འདུག  མུན་པ་ངོས་རེ་རེ་བྱས་ནས་དལ་མོར་ཡལ་ཏེ་མཁའ་དབྱིངས་རིམ་གྱིས་སྐྱ་བོར་གྱུར། ངས་གོམ་པ་རེའི་རྗེས་ནས་བརྐྱངས་ཕྱག་རེ་འཚལ་ནའང་མདུན་དུ་བསྐྱོད་པ་ཤིན་ཏུ་དལ། ཁྱོད་ཀྱང་དལ་བུར་བདག་གི་གམ་ནས་འགྲོ་བ་དང་། མཚམས་དང་མཚམས་སུ་བདག་གི་ཕྱོགས་སུ་ལྟ་བར་བྱེད། ཁྱོད་ཀྱི་རྒྱབ་ཏུ་བཞག་པའི་ཏ་ལེན་དེའི་གཡོན་ཕྱོགས་སུ་རྩམ་ཁུག་ཆུང་ངུ་ཞིག་དང་ཇ་ཚ་དེམ་གང་བཅུག་ཡོད་ལ་གཡས་ཕྱོགས་སུ་ཚོད་དཀར་ཕོན་གཅིག་དང་ཆུ་འགྱིག་ཟོ་གང་བཅུག་ཡོད། ཉི་འོད་ལམ་ལམ་དུ་འཚེར་བའི་དུས་སུ། འུ་གཉིས་ཀ་ཕྱག་འཚལ་ཏེ་རྡོ་སེང་གེ་ལམ་གྱི་ལྷོ་ངོས་སུ་བསླེབས། འགྲུལ་སྐྱེལ་རླངས་འཁོར་འགའ་རེ་རེ་བཞིན་དེ་གར་བསྐོར་ཡོང་སྟེ་ལམ་འགྲམ་ནས་བསྡད་པ་དང་། དེ་དག་ལས་རྒྱལ་ཁབ་ཕྱི་ནང་གི་འགྲུལ་བ་མང་པོ་ཞིག་བབས། ཁོ་ཚོས་འུ་གཉིས་མཐོང་བ་དང་རུབ་ཅིང་པར་ཆས་དག་མཚམས་མེད་པར་ཁྲག་ཁྲོག་ཏུ་བརྡབས། ལ་ལས་འུ་གཉིས་ལ་དངུལ་སྦྱིན་ཅིང་ངས་དངུལ་བླངས་ཏེ་ཐལ་མོ་སྦྱར་ནས“བཀའ་དྲིན་ཆེ”ཞེས་སྨྲས། དངུལ་དེ་དག་ཉིན་གང་རུང་ལ་དགོན་པར་དབུལ་དགོས། འུ་གཉིས་ཀས་བརྐྱངས་ཕྱག་འཚལ་བཞིན་ཁོ་ཚོ་རྗེས་སུ་བསྐྱུར་ཅིང་ངས་དཀོན་མཆོག་གསུམ་པོར་རང་ཉིད་འཇིག་རྟེན་དུ་མང་ཙམ་གསོན་ཏེ་ཁྱོད་དང་མཉམ་དུ་མི་ཚེ་རིང་དུ་སྐྱེལ་བའི་སྐྱབས་འཇུག་ཞུས།
          འུ་གཉིས་ཀྱིས་ལམ་འགྲམ་ནས་བསྡད་དེ་གུང་ཚིགས་བྱས་པ་སྟེ། ང་རང་རྐང་ཐང་བགྲོད་ལམ་ནས་དཀྱིལ་དཀྲུང་དུ་བསྡད་ཅིང་ཏ་ལེན་ལས་ཚོད་དཀར་བླངས་ནས་དུམ་བུར་བྱས་ཏེ་ཁྱོད་ཀྱི་ཁ་ནང་དུ་བཞག ཁྱོད་ཤིན་ཏུ་ལྟོགས་ཡོད་པས་ཁམ་བུ་འགའ་ཡིས་དེ་དག་ཁྱུར་མིད་དུ་བཏང་སོང་། ངས་ཚོད་དཀར་ཡོངས་རྫོགས་ཁྱོད་ཀྱི་མདུན་དུ་བཞག་ཅིང་རང་གིས་ཇ་བླུགས་ཏེ་རྩམ་པ་བརྫིས། ལམ་འགྲམ་གྱི་སྐྱེ་བོ་ཚོས་འུ་གཉིས་ལ་ལྟ་ཙམ་བྱས་རྗེས་བྲེལ་མོར་བུད་འགྲོ། དེ་ནས་ངས་ཁྱོད་ལ་རྩམ་པ་རྡོག་རྡོག་འགའ་སྦྱིན་ཞིང་སྐོམ་སོད་པའི་བར་དུ་འགྱིག་ཁུག་ཏུ་ཆུ་བླུགས་ཏེ་འཐུང་དུ་བཅུག  འུ་གཉིས་ཀྱིས་ལྗོན་པའི་གྲིབ་བསིལ་འོག་ནས་ངལ་བ་གསོས། འོན་ཀྱང་ལམ་ཁའི་རླངས་འཁོར་དང་ཕར་འགྲོ་ཚུར་འོང་ལ་བྲེལ་བའི་མི་ཚོགས་ཀྱི་ཟིང་ཆས་སེམས་མི་བདེ་བར་བྱེད་པས་སྐྱིད་པོར་ངལ་གསོ་རུ་མ་བཅུག དེ་བས་འུ་གཉིས་ཀྱིས་སླར་ཡང་བརྐྱངས་ཕྱག་འཚལ། ཉི་ཟེར་དྲག་པོས་བདག་གི་ལུས་ཡོངས་རྔུལ་ཆུས་ཁྱབ་ཏུ་བཅུག་ཅིང་ཚ་ཞིང་ངར་བའི་རྡོ་གཅལ་གྱིས་བདག་གི་བྲང་ཁར་ཚ་བ་རྒྱས་སུ་བཅུག འོན་ཀྱང་དེ་དག་ལ་བཤད་རིན་ཅི་ཡོད། ངས་སྐོར་ལམ་གྱི་སྣེ་རུ་བསླེབ་པའི་བར་མཚམས་མི་ཆད་པར་བརྐྱངས་ཕྱག་འཚལ་དགོས།
          ཕྱི་ཉིན། འུ་གཉིས་ཀྱིས་ཁ་སང་མཚམས་འཇོག་སའི་གནས་དེ་ག་ནས་མུ་མཐུད་དུ་བརྐྱངས་ཕྱག་འཚལ། སྐབས་དེར་འུ་གཉིས་དང་མཉམ་དུ་བརྐྱངས་ཕྱག་འཚལ་མཁན་གྱི་མི་བཅུ་གྲངས་ཤིག་ཡོད་པ་དང་། ཆ་ལུགས་ལ་བལྟས་ན་ཁོ་ཚོ་ནི་རྒྱང་རིང་གི་ཁམས་ཕྱོགས་ནས་ཡིན་པ་ཤེས་ཐུབ། ལུས་པོ་ཆེམ་ཆེམ་དུ་ས་ལ་བརྐྱངས་པའི་སྒྲ་དང་ལྷན་ཅིག་ངེད་ཅག་གིས་མུ་མཐུད་དུ་ཕྱག་འཚལ་བ་དང་སྐྱ་རེངས་ཀྱི་མདུན་ནས་བསུས། ཞོགས་པའི་ཉི་ཟེར་གསེར་ཀྱི་ཐིགས་པ་འཐོར་བ་བཞིན་སར་འཕྲོས་ཤིང་དེས་མདུན་གྱི་ལམ་བུ་ཉིད་གསེར་འོད་ཀྱི་མདངས་དང་ལྡན་པར་བྱས་སོང་། ཁྱོད་ཀྱི་དཀར་བོང་བོང་གི་ལུས་པོ་གསེར་འོད་ཀྱི་ཁྲོད་ན་འགུལ་འགུལ་བྱེད་པ་དང་། སྔོན་ལས་ཀྱང་གཙང་ཞིང་མིག་མདངས་འཕྲོག་པར་བྱེད་པས་ལྷུག་པར་བཞད་ཅིང་རྡུལ་གྱིས་མ་སྦགས་པའི་པདྨ་དཀར་བོ་ཞིག་དང་གཉིས་སུ་མེད་དོ།།
                                      
                                               ༼རྩོམ་གྱི་པར་དབང་བོད་ཡིག་གི<<མི་རིགས་ཀྱི་རྩོམ་རིག>>༢༠༡༡ལོའི་དེབ་༢པའི་ཡིན།༽

                                                                                                             (སྐྱབས་ཆེན་བདེ་གྲོལ་གྱིས་རྒྱ་ཡིག་ནས་བསྒྱུར)

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་སྒྲུང་། ལུག་ཚེ་ཐར།

2011-04-19 ཚེ་རིང་ནོར་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།