གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲོལ་དཀར།

2014-12-26 15:21:54 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།

  

  ནོར་རྣམས་ལྷས་སུ་བསྡུས་མ་ཐག་ས་རུབ་པར་གྱུར། མོས་ནོར་རྣམས་རྡང་ལ་བཏགས་ཏེ་ཁྱིམ་ནས་མཆོད་མེ་ཞིག་སྒྲོན་བཞིན་པའི་སྐབས་སུ། སྦག་སྦག་གི་སྒྲ་ཞིག་ཐག་རིང་ས་ནས་གྲགས་ཏེ་ཇེ་གསལ་དང་ཇེ་ཆེར་གྱུར། ཁྱི་མོ་རྒྱ་ལོ་མ་ནི་ཟུག་བཞིན་དུ་དེའི་ཕྱོགས་སུ་བརྒྱུགས།
  མོས་མགྱོགས་པོར་སྒོར་བརྒྱུགས་ཏེ་སུ་ཡིན་བལྟས་པ་ན། ཁྱོ་ཀ་འདས་པོའི་ཚ་བོ་བསམ་འགྲུབ་ནི་མགོར་དཀྲིས་པའི་ལག་རས་དཀྲོལ་གྱིན་ཡར་ཡོང་བཞིན་འདུག་པ་དང་། རྗེས་སུ་ཁོའི་ཨ་མ་མཚོ་སྐྱིད་ཀྱང་ཡར་ཡོང་གིན་འདུག
  ཉིན་འགའ་ལ་འགྲུལ་བ་ཞིག་གི་གྲིབ་མའང་མ་མཐོང་བས་མོ་རང་ཤིན་ཏུ་དགའ་བར་གྱུར་ཏེ། འགྲུལ་བ་དེ་གཉིས་ཀ་ནང་དུ་བསུས། དེ་ནས་དེམ་གྱི་ནང་གི་ཇ་རོ་རྙིང་བ་ཕྱིར་བཏོན་ཏེ་ཇ་གསར་དུ་བསྐོལ་ཅིང་། བལ་སྒྱེ་ཁྲ་ཁྲ་ཞིག་གི་ཁ་ཕྱེ་ནས་ཤ་སྐམ་སྤར་མོ་འགའ་བླངས་ནས་སླ་ངའི་ནང་དུ་བླུགས་ཏེ་དེའི་སྟེང་དུ་ཆུ་བླུགས། ཡང་ཕྱེ་ཁུག་ལས་ཕྱེ་བླངས་ཏེ་དེ་རྫི་མགོ་བརྩམས།
བསམ་འགྲུབ་ཀྱིས་དཀྱིལ་དཀྲུང་དུ་མེ་ཁར་སྲོ་བཞིན་ཁ་ཏོན་འདོན་བཞིན་པའི་དུས་སུ་མཚོ་སྐྱིད་ཀྱིས།
  "སྒྲོལ་དཀར། ངེད་གཉིས་ལ་བཟའ་མ་ལས་མི་དགོས། ངེད་གཉིས་མགྱོགས་པོར་ཕྱིར་མ་སོང་ན་མནའ་མ་གཅིག་པོ་ཤུལ་ཏུ་ཡོད། མོ་ལ་ཕྲུ་གུ་བཙས་མ་ཐག་ཡིན་པས་འགྲུལ་འཛེམ་བཞག་ཡོད། དེ་མ་ཤེས་པར་མི་ཞིག་ཁྱིམ་དུ་འཛུལ་ན་ཅི་བྱ། ང་ཚོས་ཐེངས་མང་པོར་ཁྱོད་ལ་ཁ་པར་བཏང་ནའང་འཕྲོད་མ་བྱུང་། ཁྱོད་ལ་ཁ་པར་མེད་དམ། ཁ་པར་མ་འཕྲོད་ན་ང་ཚོའི་ཞེའང་མི་བདེ་བར་འདུག"ཟེར།
  "དེང་སང་ཅི་ཡིན་པ་མི་ཤེས། མཚམས་མཚམས་སུ་མ་གཏོགས་བརྡ་རྟགས་མི་འདུག ཡང་ན་ངའི་ཁ་པར་རྙིང་ཀོག་དེ་ལ་སྐྱོན་ཞིག་བྱུང་ཡོད་པ་འདྲ། དོ་དགོང་ཁྱོད་གཉིས་འདིར་སྡོད་དང་། ཐུག་པ་བཏུང་རྗེས་ངས་ཁྱོད་གཉིས་ལ་ཉལ་ས་དྲོན་པོ་ཞིག་བཟོ"
མོས་དེ་ལྟར་སྨྲས་མ་ཐག་སྦྲའུའི་ནང་རེ་ཞིག་ཁུ་སིམ་མེར་གྱུར།
  དེ་ནས་ཁ་ཏོན་འདོན་བཞིན་པའི་བསམ་འགྲུབ་ཀྱིས་ཕྲེང་རྡོག་འགའ་བརྒྱ་དཔོན་གྱི་རྩར་དེད་ཅིང་དངུལ་གྱི་འཛབ་ཀོ་རྒྱུན་ཕྲ་མོར་བརྒྱུས་པ་ཞིག་ཡོད་པ་དེས་མཚམས་བཅད་རྗེས།
  "སྒྲོལ་དཀར། དེ་རིང་ངེད་གཉིས་ཁྱོད་སར་ཡོང་ནས་འདྲི་རྒྱུ་ཞིག་ཡོད། གོ་ཐོས་སུ་ཁྱོད་འབྲོག་སྡེ་གསར་བར་སྤོ་གྲབས་འདུག་ཟེར། བདེན་པ་ཡིན་ནམ"ཟེར།
  སྒྲོལ་དཀར་གྱིས་ཀ་ཏོ་རའི་ནང་གི་ཕྱེ་དེ་ཡང་ཡང་རྫི་ཞོར་དུ་མགོ་བོ་སྨད་པ་དང་། མིག་ཆུ་རྡོག་པོ་འགའ་མོའི་མིག་གཡས་པ་ནས་མར་ཐོན་ཏེ་མཁུར་ཚོས་ཀྱི་ངོས་སུ་འགྲིལ།
  "བདེན་པ་ཡིན་ནམ། ཁྱོད་ལ་དཀའ་ངལ་ཡོད་ན་ངེད་ཚང་ལ་བཤད་ཆོག ཐེངས་སྔོན་མར་ཡང་ངས་ཁྱོད་ལ་བཤད་མྱོང་། གལ་ཏེ་ཁྱོད་ལ་རོགས་པ་དགོས་ཚེ་སློབ་གྲྭར་གནང་བ་བཏང་རྗེས་ངས་ལྷ་སྐྱིད་ཁྱོད་ཀྱི་གམ་དུ་མངག་ཆོག ཡིན་ཡང་ཁྱོད་ཀྱི་མགོ་སྦྲ་འདི་ཨ་མྱེས་དྲིན་ཆེན་པོའི་མགོ་སྦྲ་ཡིན་པས་དེ་ལྟེབས་ཚེ་འུ་ཚང་གི་ཤུལ་ཆད་པ་དང་ཁྱད་པར་མེད"
  ཨ་ནེ་མཚོ་སྐྱིད་ཀྱིས་སྐད་དམའ་མོས་དེ་ལྟར་སྨྲ་བཞིན་པའི་སྒང་ལ་ཁྱི་མོ་རྒྱ་ལོ་མ་དྲག་ཏུ་ཐེངས་འགར་ཟུག་ཅིང་། སྐད་སྒྲ་ཐག་རིང་ལ་ཡལ། སྒྲོལ་དཀར་ཕྱེ་རྫི་མཚམས་བཞག་སྟེ་འཚུབ་ཆ་དང་བཅས་ཡར་ལངས་ཤིང་།
  "ཁྱེད་གཉིས་ཅུང་ཙམ་སྡོད་དང་ང་རང་མགྱོགས་པོར་བསླེབས་ཡོང"ཅེས་སྨྲས།
  མོས་ལག་པའི་ངོས་ཀྱི་ཕྱེ་ཞིབ་དག་མུན་ནག་གི་ཁྲོད་དུ་སར་འཐོར་ཅིང་། མོ་རང་ཁྱི་མོ་རྒྱ་ལོ་མ་ཟུག་སའི་ཕྱོགས་སུ་བསླེབས་ལ་ཉེ་དུས་ན་འདམ་གྱི་ནང་དུ་གོམ་པ་སྤོས་པ་ལས་སྒྲ་ཆལ་ཆིལ་དུ་མཆེད།
  ཕར་ཕྱོགས་ནས་སྐྱ་མི་ཞིག་གི་གཟུགས་རིས་ནག་རོག་རོག་ཏུ་མངོན་ཡོང་ཞིང་། སྒྲོལ་དཀར་གྱིས་དེ་ངོས་ཟིན་ནས།
  "དྲིན་ཆེན་པོ། ཁྱོད་ཚུར་མ་ཡོང་། འུ་གཉིས་བར་ལ་སྐད་ཆ་མེད། དེ་རིང་ངའི་ཁྱིམ་ལ་འགྲུལ་བ་ཡོད”ཅེས་འདར་མ་འདར་གྱིས་དེ་ལྟར་སྨྲས།
  "སྒྲོལ་དཀར། ཁྱོད་ཀྱིས་འདང་ཞིག་རྒྱོབས་དང་། ང་གང་ནས་མ་འགྲིག་པ་རེད། སྔོན་ཆད་ཁྱོད་ལ་ཁྱོ་ཀ་ཡོད་དུས་དེ་ལྟར་སྨྲ་ཆོག་ཀྱང་མཐོ་རིས་པོ་འདས་རྗེས་ཁྱོད་ཀྱང་མོ་རྐྱང་མིན་ནམ། མཐོ་རིས་པོ་དང་ངེད་གཉིས་ཅི་འདྲ་ཡིན་པ་ཁྱོད་ཀྱིས་ཀྱང་ལོས་ཤེས། ཁྱོད་མི་ཚེ་གང་པོར་ཁེར་འདུག་བྱའམ། སྒྲོལ་དཀར། ང་ལ་ད་དུང་བཤད་རྒྱུ་ཞིག་ཡོད།”
  ཁྱི་མོ་རྒྱ་ལོ་མའི་ཟུག་སྐད་འཇགས་ཟིན་ནའང་། སྒྲོལ་དཀར་གྱིས་ངུ་རྒྱངས་རིང་པོ་ཞིག་བྱས་ཤིང་མི་དེའི་རྟ་དེའང་འདྲོག་ཙམ་བྱས།
  "རབ་བརྟན། དྲིན་ཆེན་པོ། ཁྱོད་ཕར་འགྲོ་རོགས། ཁྱོད་ཀྱིས་ཁོ་མ་གླེང་རོགས། ཁོ་འཇིག་རྟེན་ན་ཡོད་དུས་ངའི་སེམས་ཁྱོད་ཕྱོགས་སུ་འཁོར་མྱོང་ནའང་ཁོ་འཇིག་རྟེན་དཀར་ངོགས་དང་བྲལ་ཟིན་དུས་ངས་ཁོ་ལ་ཁྲེལ་མེད་བྱ་མི་རུང"
  "སྒྲོལ་དཀར། ཤི་བོར་དགོས་པ་ཆོས་ཡིན། ཁྱོད་ཀྱིས་ཁོའི་ཕྱོགས་ལ་དགེ་རྩ་ཅི་འདྲ་བཏང་བ་མི་ཤེས་མཁན་མེད། འོན་ཀྱང་ཁྱོད་ཤི་བོའི་རྗེས་ཀྱི་གསོན་པོ་རེད། ཁྱོད་ཀྱིས་ཁྱོད་རང་གི་སྐྱིད་སྡུག་ལའང་འདང་རྒྱག་རན་རེད། དངོས་གནས། མཚན་མོ་དེར་འུ་གཉིས་ཀྱི་བར་དུ་འབྲེལ་བ་བྱུང་མེད་ན་ངས་ཀྱང་ཁྱོད་ལ་ཁྱིས་མི་སྒུག་པ་བཞིན་མི་སྒུག"
  ཁོས་གློ་ལུ་ཞིག་བྱས་ཏེ་མུ་མཐུད་དུ་བཤད་རྩིས་བྱེད་ཀྱིན་པའི་སྒང་ལ་སྒྲོལ་དཀར་ནི་ཁ་ཕྱིར་འཁོར་ཏེ་བརྒྱུགས་ཡོང་ཞིང་། ཁྱི་མོ་རྒྱ་ལོ་མའང་མོའི་མདུན་ནས་ལམ་མཁན་ཞིག་དང་འདྲ་བར་ཁོང་ཚང་གི་སྦྲའུ་གཟས་ཏེ་བརྒྱུགས།
  སྦྲ་སྒོར་བསླེབས་མ་ཐག་མོས་གྲུ་མོས་མིག་ཆུ་འབྱིད་ཙམ་བྱས་ཤིང་ནང་དུ་འཛུལ་བ་ན། ཨ་ནེ་མཚོ་སྐྱིད་དང་ཕུ་བོ་བསམ་འགྲུབ་གཉིས་ཀྱིས་ཁའི་སྔ་གཞུག་རྩོད་པ་བཞིན།
  "སུ་ཞིག་རེད"ཅེས་དྲིས།
  “ཟོག་བཙལ་ཞིག་རེད”མོས་སྐད་དམའ་མོས་དེ་ལྟར་ལན་བཏབ། 
 ཐབ་ཀ་ནས་ཇ་ཁོལ་ཞིང་། མོས་འགྲུལ་བ་གཉིས་ལ་ཇ་དཀར་ཡོལ་གང་རེ་བླུགས་རྗེས་མུ་མཐུད་དུ་ཕྱེ་རྫི་བཞིན་བསྡད།
མཚོ་སྐྱིད་ཀྱིས་སྒྱེད་པུའི་ནང་གི་མེ་འབྲུ་བཞིན་དུ།
  "སྒྲོལ་དཀར། ཁྱོད་ཀྱིས་ངོ་མ་ཨུ་ཚུགས་བྱ་རྒྱུ་ཡིན་ན་ངས་ཀྱང་ཁྱོད་ལ་བཙན་པོ་མི་བྱེད། འོན་ཀྱང་ཁྱོད་ཀྱི་རྩྭ་ས་འདི་མཐོ་རིས་པོ་ཡོད་དུས་རྒྱན་མགོ་མ་བླངས་ནས་ཐོབ་པ་རེད། ཁྱོད་ཚོས་སྡེ་བའི་ནང་གི་ཁྱིམ་ཚང་མང་པོར་དེའི་ཆེད་དུ་བཟའ་འདོད་ཀྱི་མིད་པ་འགུལ་བཞིན་ཡོད། གལ་ཏེ་ཁྱོད་འབྲོག་སྡེ་གསར་བར་སྤོས་ཏེ་རྩྭ་ས་ཁོ་ཚོར་གླས་ཚེ་ཁྱོད་ལ་ཕྱིར་སྟེར་མིན་ཡང་སུས་ཤེས། ཁྱོད་མོ་རྐྱང་ཞིག་གིས་བཙན་པོའི་ངོ་ཡ་ག་ནས་ཡོང་། དེ་ལས་བསམ་འགྲུབ་ལ་གླ་རོགས། ཁྱོད་ཀྱི་ནོར་འགའ་བོ་བཙོང་ཆོག་ལ་ཡང་ན་བསམ་འགྲུབ་ཀྱིས་འཚོའང་ཆོག གང་ལྟར་ཡང་ཁྱོད་ལ་ཞོ་དང་འོ་མ་མི་ཆད་པ་ཞིག་བྱ་ངེས"ཟེར།
  མོས་དེ་ལྟར་བཤད་བཞིན་པའི་སྒང་ལ་གློ་བུར་ཏུ་ཅི་ཞིག་དྲན་པ་བཞིན། "རབ་ཡིན་ན་འབྲོག་སྡེ་གསར་བར་མ་སྤོས་ན་དགའ། འུ་ཚོས་སྦྲ་འདི་ལ་འདང་ཞིག་རྒྱག་དགོས"ཞེས་པའི་ཚིག་གཅིག་བརྣན་པའི་ཚུལ་ཏུ་སྨྲས།
  སྒྲོལ་དཀར་གྱིས་མགོ་བོ་འདེགས་ཙམ་བྱེད་ཀྱིན"ཁྱོད་ཀྱིས་སེམས་བདེ་མོ་བྱོས། ང་དེ་ལ་མི་འགྲོ། ཁ་སྔོན་དེ་འདྲ་མ་བྱས་ན་མི་ནུས་པར་འདོད་ཀྱང་ད་ལྟ་ཅུང་ལོབས་འགྲོ་ཡིན་འདུག"ཟེར།
མཚོ་སྐྱིད་ཀྱིས་བསམ་འགྲུབ་ཀྱི་ཕྱོགས་ལ་ལྟ་ཞོར་དུ།
  “ངེད་ཚང་གི་མནའ་མ་འདི་ངར་བ་ཞིག་ཡིན། ངོ་མ་བཤད་ན་མཐོ་རིས་པོ་ཡོད་དུས་ཀྱང་དུས་ཚོད་མང་ཤོས་ལ་ཁྱོད་ཀྱིས་ཁེར་འདུག་བྱས་པ་མིན་ནམ། "ཟེར།
  སྐབས་དེར་བསམ་འགྲུབ་ཀྱིས།
  "ཨ་མ། འུ་གཉིས་མགྱོགས་པོར་ཕྱིར་མ་སོང་ན་ཟོག་ཡན་དེ་དག་རྐུན་མས་འཁྱེར་འགྲོ་ཡང་སྲིད། ངས་ཡོང་ཁར་ལྕགས་དྲའི་སྒོའང་རྒྱག་རྒྱུ་བརྗེད་འདུག"ཅེས་སྨྲས་ཏེ་ཡར་ལངས།
  "ཁྱོད་གཉིས་ཅུང་ཙམ་སྡོད་དང་། ངའི་ཐུག་པ་མགྱོགས་པོར་ཁོལ་སྲིད"
མོ་དེ་སྐད་སྨྲ་བཞིན་པའི་སྒང་ལ། ཁོ་གཉིས་མཉམ་གཅིག་ཏུ་ཡར་ལངས་པ་པ་དང་། བསམ་འགྲུབ་ཀྱིས་དངུལ་ཁུག་ལས་བརྒྱ་ལོར་གསུམ་དང་བཅུ་ལོར་འགའ་བླངས་ཏེ།
  "འདི་ཁ་སྔོན་རྨ་ཡུལ་གྱི་དགོན་པ་རྣམས་ལ་མ་ཎི་བཅོལ་བའི་ལྷག་མ་ཡིན"ཟེར་བཞིན་དངུལ་དེ་དག་སྒྲོལ་དཀར་གྱི་ཕྱོགས་སུ་གཏད།
  "དེར་འཇོག་རོགས། ཁྱེད་གཉིས་ཅུང་མི་སྡོད་དམ"
  མོས་ལག་པའི་ངོས་ཀྱི་ཕྱེ་འབྱིད་བཞིན་དུ་ཡར་སྒྱེད་གྱི་རྩམ་སྒམ་བསྟན་ཞིང་། བསམ་འགྲུབ་སྔོན་དུ་བུད་པ་དང་། ཁོས་འགྲོ་ཞོར་དུ།
  "ཁོམ་པ་ཡོད་དུས་ཤིག་ལ་ཡོང་ཆོག རོགས་པ་བྱ་རྒྱུ་རེ་ཡོད་ཚེ་ང་ལ་ཤོད”ཟེར།
  མཚོ་སྐྱིད་རྗེས་སུ་བསྡད་ཅིང་། མོས་སྐད་མགོ་ཅུང་དམའ་མོས།
  “སྲུ་མོ། ད་ནི་སེམས་སྡུག་དེ་འདྲ་མ་བྱ། འདུག་རོགས་ཤིག་བཙལ་ནས་འཚོ་བ་བསྐྱང་རོགས། མགྱོགས་པོར་བྱིས་པ་ཞིག་བཙས་ན་དགའ"ཟེར།
  སྒྲོལ་དཀར་གྱིས་འཐད་པའི་བརྡ་རུ་མགོ་བོ་ལྡེམ་ཙམ་བྱས་ཏེ། ཁོ་གཉིས་སྒོར་བསྐྱལ།
  སྦག་སྦག་གི་སྒྲ་དྲག་པོ་ཆོན་ཐག་ཀྱང་འདར་བར་བྱེད་པ་དེ་ཐེངས་འགར་གྲགས་རྗེས། དེ་ཉིད་མགྱོགས་པོར་ཡལ་བར་གྱུར་ཅིང་། ཁྱི་མོ་རྒྱ་ལོ་མ་ནི་དེའི་རྗེས་ལ་བརྒྱུགས་ནས་ཅུང་ཙམ་ཟུག་ཅིང་། དེ་ནས་ཁ་ཕྱིར་འཁོར་ཏེ་བརྒྱུགས་ཡོང་།
  སྒྲོལ་དཀར་ཕྱིར་ཁྱིམ་དུ་ལོག་སྟེ་སྒྱེད་པུའི་ནང་དུ་ཨོང་བ་བསྣན་ཏེ་མེ་དྲག་པོ་སྦར་རྗེས། སླ་ང་ཐབ་ཀར་བཞག་སྟེ་ཕྱེ་ཐུག་སྐོལ་མགོ་བརྩམས། ལྷབ་ལྷུབ་གཡོ་བའི་མེ་ལྕེས་མོའི་དཀར་ལ་དམར་མདངས་རྒྱས་པའི་ངོ་གདོང་གསལ་བར་བྱེད་ཅིང་། འབུ་མེ་ལྕེབས་འགས་དེའི་མཐའ་འཁོར་དུ་འཕུར་ལྡིང་བྱེད། མོས་དེ་དག་ལ་གཡོལ་བ་དང་འདྲ་བར་སྐབས་དང་སྐབས་སུ་མགོ་བོ་ཕྱིར་དགྱེ་བར་བྱེད། མོའི་ལག་པ་གཡོན་པའི་ནང་དུ་ཕྱེ་རིང་བོ་ཐག་པ་ལྟར་ཐེན་པ་དེ་དག་ལག་པ་གཡས་པས་བྱང་ཆ་ལྡན་པའི་ངང་ལེབ་མོ་ཆུང་བ་རེ་བྱས་ཏེ་བཅད་ནས་སླ་ངའི་ནང་དུ་འཕེན་ཞིང་། དེ་ལས་འགྱུར་ཁུགས་ལྡན་པའི་ངང་ཐག་སྒྲ་ཞིག་གྲགས་པར་བྱེད། སྐབས་འགར་མོའི་རིག་པ་གཞན་དུ་གཡེང་བས་ལེབ་མོ་གཅིག་གཉིས་རེ་སླ་ངའི་ནང་དུ་མི་ལྷུང་བར་ཁྱིམ་གྱི་ཕྱོགས་གཞན་དུ་ལྷུང་མི་འགྲོ་མོད་མོས་དེ་ལ་སྣང་དོགས་མི་བྱེད།
  དེ་ལྟར་ཐུག་པ་ཁོལ་རྗེས། མོས་རང་གི་ཅ་ནེའི་ནང་དུ་ཐུག་པ་བླུགས། ཐུག་པ་དེ་ནི་ཁུ་དང་། ཕྱེ། ཤ་གསུམ་གྱི་ཁ་དོག་རྣམས་སོ་སོར་ཤིན་ཏུ་གསལ་བ་དང་། སྐོལ་ཡུན་དང་མང་ཉུང་རན་པས་དེ་  འཐུང་བའི་སྐབས་སུ་མོའི་ལུས་ལ་སྔར་མེད་པའི་ལྷོད་ཅིག་བབས་ཏེ་གཉིད་ཅོག་ཐེངས་འགར་བརྒྱབ་ཅིང། དེ་དང་ལྷན་དུ་མོ་ལ་ངལ་དུབ་ཀྱི་ཚོར་བ་ཞིག་བྱུང་།
  ཐུག་པ་བཏུང་ཚར་རྗེས་མོའི་ཡ་ཁྱིམ་ནས་མ་ཎིའི་འཁོར་ལོ་དང་མོ་རང་གི་སྐེ་ནས་ཕྲེང་བ་བླངས་ཏེ་མ་ཎི་བཏོན། དང་པོ་མོས་སྒྲ་གསལ་ལ་མི་གསལ་བའི་ངང་དུ་མ་ཎི་བཏོན་ནའང་། བཏོན་གྱིན་བཏོན་གྱིན་ཁོག་ནས་མང་པོ་ཞིག་ཡར་ཐོན་པ་ལྟར་སྒྲ་གསལ་ཅིང་མཐོ་བར་གྱུར་པར་མ་ཟད། འདོན་མི་ཐུབ་པར་གྱུར་ཏེ་དབུགས་རིང་པོར་ལེན་དགོས་བྱུང་པ་དང་། རིམ་གྱིས་དབུགས་ཀྱང་ལེན་དཀའ་བར་གྱུར་ནས་མགྲིན་པ་འགག་ཅིང་སྙིང་རླུང་ལངས། མིག་ཆུའང་ཁྲོམ་ཁྲོམ་དུ་བཞུར་བར་གྱུར།
  མོའི་ཁྱོ་ཀ་མི་ཡུལ་དུ་ཡོད་དུས་ཀྱང་། མོས་ཐེངས་མང་པོར་འདི་ལྟར་གཅིག་པུར་ཐུག་པ་བསྐོལ་ཅིང་། ཁ་ཏོན་བཏོན་པ་དང་། དེ་ནས་བརྙན་འཕྲིན་ལ་ལྟ་ཞོར་དུ་གཉིད་འགྲོ་ནའང་སེམས་པའི་གཏིང་དུ་ལྗིག་ཏིག་གེ་བ་ཞིག་ཉར་རྒྱུ་ཡོད། ལྷག་པར་དུ་ཁྱོ་ཀར་ཁ་པར་འཕྲོད་པ་དང་། ཁོ་རང་ཉིན་འགའི་རྗེས་སུ་ཕྱིར་ཡོང་བའི་སྐད་ཆ་གོ་ཚེ་རེ་ཞིང་སྒུག་པའི་ཚོར་བ་དེ་ནི་དྲོད་སྣང་ལྡན་པ་ཞིག་རེད། ཐེངས་ཤིག་ཁྱོ་ཀ་ལྷ་སར་སོང་ཟིན་པ་ཐོས་པ་དང་འགའ་ཞིག་གིས་ཁོ་དེ་ལས་ཀྱང་ཐག་རིང་བའི་གནས་སུ་འགྲོ་ངེས་རེད་ཟེར་བས་དུས་སྐབས་དེར་མོའི་རེ་བའི་ཐག་པ་དེ་ལྷོད་ནས་ཆད་ལ་ཉེ་བར་གྱུར་མོད། རབ་བརྟན་དང་འབྲེལ་བ་བྱུང་བའི་ཉིན་གཉིས་པར་མོས་ཁྱོ་ཀར་ཁྲེལ་མེད་བྱས་བྱུང་སྙམ་པའི་ནོངས་པ་དང་། སེམས་པ་རབ་བརྟན་གྱི་ཕྱོགས་སུ་འཁོར་བའི་དགའ་བ་གཉིས་ལ་བརྟེན་ནས་ཐག་པ་དེ་སླར་ཡང་སྲ་མོར་རིང་དུ་བསྲིང་ཐུབ་པར་གྱུར། ལྷག་པར་དུ་ཉིན་འགའི་རྗེས་སུ་ཁྱོ་ཀར་ཁ་པར་འཕྲོད་རྗེས"ཁྱོད་ལྷ་སར་སོང་བ་འགྲིག་འདུག ཇོ་བོའི་མདུན་ནས་འུ་གཉིས་ལ་ཕྲུ་གུ་ཞིག་བཙའ་བའི་སྨོན་ལམ་འདེབས་རོགས"ཞེས་སྨྲས། ཕར་ཕྱོགས་ན་ར་བཟི་བའི་ཁྱོ་ཀས"འུ་གཉིས་ལ་སྐྱེ་བ་རྗེས་མར་མ་གཏོགས་ཕྲུ་གུ་ཞིག་བཙའ་མི་ཐུབ་པ་འདྲ། སྒྲོལ་དཀར། ང་ཕྱིར་ཡོང་དུས་ཁྱོད་ལ་མགོ་དཀྲིས་ཤིག་ཉོས་ཡོང"ཟེར་དུས་མོའི་སེམས་ལ་སླར་ཡང་ལྗིད་ཏིག་གེ་བ་ཞིག་ཉར་རྒྱུ་ཡོད་པར་གྱུར། འོན་ཀྱང་དེང་འདིར་མོའི་སེམས་ནི་སྟོང་བ་སྟོང་ནག་མགོ་དང་རྐུབ་ཀྱི་དབྱེ་བ་མེད་པ་ཞིག་ཏུ་གྱུར་འདུག་ལ་དེ་ལས་ཐོན་པ་ནི་ན་ཟུག་དང་སུན་སྣང་ཁོ་ན་རེད།
  མོས་གོག་མ་ནུར་གྱིས་མ་ཎིའི་འཁོར་ལོ་མཆོད་ཁྲིའི་གམ་དུ་བཞག་ཅིང་ཀན་རྐྱལ་དུ་སར་ལོག་པ་དང་། ལག་ཟུང་ས་ནས་བསྣོལ་ཏེ་དེ་ལ་ཐོད་པ་གཏུག་བཞིན་གསོལ་འདེབས་བྱེད་ཀྱིན་པའི་སྒང་ལ། སྦྲའུའི་སྲག་བར་ནས་རླུང་འཚུབ་ཅིག་ལྡང་ཡོང་བས་མོས་མགོ་བོ་ཡར་འདེགས་དགོས་བྱུང་བ་དང་། ཅུང་ཙམ་མིན་ན་མོའི་མདུན་གྱི་མར་མེ་དེ་གཟིམས་པར་བྱས་སོང་། མོས་ད་དུང་རླུང་ལྡང་མི་ཡོང་ངམ་སྙམ་བཞིན་ལུས་པོ་འཕྲེད་དུ་བསྡད་ཅིང་མདུན་དུ་དགྱེ་ཙམ་བྱེད་ཀྱིན་སྐབས་སུ་ཁྱི་མོ་རྒྱ་ལོ་མ་དྲག་ཏུ་ལན་འགར་ཟུག མོས་དབུགས་རིང་པོ་ཞིག་བླངས་ཏེ་ལག་པ་སར་ཁེན་ནས་ཡར་ལངས་ཨེ་ཐུབ་ལྟ་བའི་སྒང་ལ་མི་ཞིག་འཚབ་འཚུབ་ཀྱིས་ནང་དུ་འཛུལ་བྱུང་ལ། ཁོ་ནི་ཏག་ཏག་རབ་བརྟན་རེད།
 ཁོས་ཅི་ཡང་མི་སྨྲ་བར་མགོ་དཀྲིས་དཀྲོལ་ཅིང་། ལག་པ་ཕུ་རུང་ནས་ཕྱུང་སྟེ་མེ་འབྲུ་བ་དང། རུམ་ནས་ཐ་མག་སྒམ་ཆུང་ཞིག་བླངས་ཏེ་རྐང་གཅིག་ལ་མེ་བསྒྲོན། 
 མོས་དབུགས་འཚང་བཞིན་དུ།
  “ཁྱོད་ལ་ངོ་མ་གོ་བ་ཞིག་མི་འདུག་ཨང”ཟེར་བ་ན། ཁོའི་གདོང་གི་ཉམས་ནི་སྔར་ལས་གཟབ་ནན་དང་ལྡན་པར་གྱུར་ཅིང་། ཐ་མག་རྔམ་འཐེན་ཐེངས་གཅིག་བྱས་ཏེ་དུ་བ་སྒོར་འབྱིན་གྱིན།
 “ཁྱོད་ཀྱིས་དེ་དགོང་གཅིག་པུར་ང་ལ་གནས་ཚང་ཞིག་གཡར་དང་། སང་ཉིན་ང་རང་ནམ་མ་ལངས་གོང་དུ་བུད་འགྲོ། ང་འདིར་ཡོང་བ་སུས་ཀྱང་མཐོང་མི་སྲིད”ཟེར།
  མོས་ཁོ་ལ་ཡིན་མིན་གྱི་སྐད་ཆ་གང་ཡང་མི་བཤད་པར་འཁྱར་འཁྱོར་དུ་མ་ཁྱིམ་དུ་སོང་།

  “ཁྱོད་ལྟོགས་ཀྱིན་འདུག་གམ”
  “ངས་དགོང་ཟས་ཟོས་ཟིན། འོན་ཀྱང་ཅུང་སྐོམ་གྱིན་འདུག”
  “དེས་ན་ངས་ཁྱོད་ལ་ཇ་བླུག”

  “ཨོ་ཡ”

  མོས་དཀར་ཆ་ནས་དཀར་ཡོལ་ཞིག་བླངས་ཏེ་ཁོ་ལ་གཏད་པ་དང་། ཇ་དེམ་ཐབ་སྟེང་དུ་བཞག་ཅིང་། སྒྱེད་པུའི་ནང་དུ་ཨོང་བ་གཞོང་བ་གང་བླུགས། མེ་ལྕེའི་དམར་པོས་མོའི་གདོང་གི་མིག་ཆུའི་ཤུལ་དང་སྐྱོ་བའི་ཉམས་སོགས་ཐམས་ཅད་གསལ་བར་བྱས། ཇ་གདུས་རྗེས་མོས་ཁོའི་དཀར་ཡོལ་དུ་ཇ་བླུགས་ཤིང་ཁོས་དཀར་ཡོལ་གྱི་ཁ་གང་ལ་ཉེ་བ་མཐོང་ནས།
 “ཆོག་གི ཆོག་གི”ཟེར།
 དེ་ནས་ཁོས་ཇ་ལ་ཧུབ་རིང་པོ་བྱས་ཤིང་།
 “སྒྲོལ་དཀར། ངར་ཁྱོད་ལ་སྐད་ཆ་ཞིག་བཤད་རྒྱུ་ཡོད། འོན་ཏེ་འདིའི་སྔོན་དུ་ངས་བཤད་ཐུབ་མ་སོང་། དྲང་མོར་བཤད་ན་ངའི་སེམས་ཁྱོད་ལ་འཁོར་འཁོར་ཞིག་སུ་ལའང་འཁོར་མ་མྱོང་། ངའི་ཆུང་མ་མཁའ་འགྲོ་སྐྱིད་ཀྱང་བཟང་མོ་ཞིག་ཡིན་པ་ཁྱོད་ཀྱིས་ཀྱང་ཤེས་ངེས། ཡིན་ཡང་ད་ལྟ་ངེད་གཉིས་སུ་ཡིན་ཡང་དེ་འདྲའི་སྐྱིད་སྣང་མི་འདུག ངེད་གཉིས་ལ་བུ་མོ་སྐྱེས་རྗེས་ཞང་ཀྲང་ནོར་བུའི་ཁ་ལ་ཉན་ཏེ་རྒྱལ་ཁབ་ཀྱི་བྱ་དགའ་ལེན་པར་རྔམ་ནས་མོར་མངལ་སྒོ་གཅོད་པའི་གཤག་བཅོས་བྱས་པ་ཡིན། དེའི་རྗེས་སུ་ང་ལ་འགྱོད་པ་རྟས་མི་ཟིན་པ་ཞིག་སྐྱེས་པར་མ་ཟད་ཤ་ལས་ཆད་པའི་བུ་མོ་གཅིག་པོ་རྐྱེན་ངན་ཞིག་དང་འཕྲད་ཨེ་ཡོང་སྙམ་ནས་སེམས་བདེ་བའི་སྐབས་ཤིག་མི་འདུག ལྷག་པར་དུ་ཁྱིམ་ཚང་གཞན་གྱི་ཕྲུ་གུ་རྣམས་ཆེན་པོ་ཆགས་ཡོང་དུས་ངའི་སེམས་ནི་འཚབ་ནས་མི་བཟོད་པར་འདུག”ཟེར།
 ཁོས་སླར་ཡང་ཇ་ལ་ཧུབ་གང་བཏབ་རྗེས་ཇ་ནེ་སྒྲོལ་དཀར་གྱི་ཕྱོགས་སུ་གཏད་ཅིང་མོས་ཁོ་ལ་ཇ་བླུགས། ཐལ་ཁུང་ནས་མེ་སྟག་འགའ་ཞིག་ཡར་འཚུབ་པས་ཁོས་ཕྱེ་བཀྱེད་ཅུང་ཙམ་བྱས་ཏེ་མུ་མཐུད་དུ།
  “ད་ལྟ་ངའི་སེམས་ན་འདོད་པ་རིལ་བུ་མ་ཞིག་ཡོད་པ་ནི་ཕྲུ་གུ་ཞིག་སྐྱེས་པ་དེ་རེད། རབ་ཡིན་ན་དེ་བུ་ཞིག་ཡིན་དགོས། དེ་མིན་ནའང་ངའི་འདོད་པ་ཚིམ་པ་ཡིན། བུ་མོར་ནུ་བོ་ཞིག་གམ་ནུ་མོ་ཞིག་མེད་ཚེ་ངས་མོ་རང་སྙིང་རྗེ་ནས་མི་བཟོད། སྒྲོལ་དཀར། གལ་སྲིད་ཁྱོད་ཀྱིས་ང་ལ་ཕྲུ་གུ་ཞིག་བཙའ་ན་ངའི་ཚེ་མཇུག་ཁྱོད་ཀྱི་ས་ནས་བསྐྱལ་ཆོག ཁྱོད་དང་མཐོ་རིས་པོ་གཉིས་ལ་ཕྲུ་གུ་མེད་པ་ནི་མཐོ་རིས་པོའི་སྐྱོན་རེད། དེ་ངས་ཤེས། དོན་འདི་ལ་མཁའ་འགྲོ་སྐྱིད་ཀྱང་འཐད་པ་ཡིན། ངས་དོན་འདི་ཁྱོད་ལ་བཤད་འདོད་ནའང་ཁྱོད་ཀྱི་ཁ་པར་ནི་ནམ་ཡང་མི་འཕྲོད་པར་འདུག”ཟེར།
  སྒྲོལ་དཀར་གྱི་མིག་གཡས་པ་ནས་མཆི་མ་རྡོག་འགའ་མར་འགྲིལ་བཞིན་པའི་སྒང་ལ་ཁ་ཚུབ་ནས་ཆར་ཐིགས་འགའ་ལྷུང་སྟེ་ཐབ་ནང་དུ་ཚག་སྒྲ་མཆེད།
 རབ་བརྟན་གྱིས་རྟིང་སྣོན་གྱི་ཚུལ་དུ“སྤྱིར་ང་དང་མཉམ་དུ་ཕྲུ་གུ་བཙའ་བའི་བུད་མེད་མེད་པ་མིན་ཡང་ཁྱོད་ཀྱིས་བཙས་ན་ང་ལ་དགེ་བ་ཞིག་རེད”ཟེར།
  སྐབས་དེར་མོས་དབྱུག་པ་ཞིག་བླངས་ཏེ་ཁ་ཚུབ་བསུམ་གྱིན་ཡོད་ལ། དེའི་ཞོར་དུ་ཕུ་རུང་གིས་གདོང་གི་མིག་ཆུ་དང་ཆར་ཆུ་འབྱིད་ཞོར་དུ་འཛུམ་ཙམ་བྱས་ཏེ་ན་རེ།
 “ཁྱོད་དེ་འདྲའི་ངར་བ་ཞིག་ཡིན་ནམ”
 འབུ་མེ་ལྕེབས་ཤིག་མོས་བསྒྲོན་པའི་མཆོད་མེའི་ནང་དུ་མཆོངས་ཤིང་མར་ཁུ་ལྟེམ་མེར་འཁྱིལ་བའི་ནང་ནས་འབུད་མ་ཐུབ་པར་གཤོག་པ་འདར་ཙམ་བྱེད།

                                          ༢༠༡༤ ༡༠ ༡༡ 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།