གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱབས་ཆེན་བདེ་གྲོལ་གྱི་བརྩམས་སྒྲུང་གསར་པ། 《འཆལ་མོ་དབང་མཚོ》

2018-11-24 14:43:18 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།

                                         ༡

  མོའི་མིང་ལ་དབང་མཚོ་ཟེར། མོ་ནི་ཁྱོ་ཀ་འདས་མ་ཐག་པའི་བུད་མེད་ཅིག་རེད། འོན་ཀྱང་ངལ་གསོའི་དུས་སུ་མི་གཞན་གྱི་འཚོ་བ་གླེང་སྟེ་དུས་ཚོད་སྐྱེལ་བའི་མི་མང་པོར་མཚོན་ན་སྔོན་མ་ལྟར་ཡུགས་མོ་དབང་མཚོ་ཟེར་བ་ལས་འཆལ་མོ་དབང་མཚོ་ཞེས་པའི་མིང་དེ་ཅུང་ཁ་ལ་བདེ་བར་གྱུར།

  འོན་ཀྱང་བདག་གིས་བསམ་ན་དེ་ནི་ཁ་ལ་བདེ་བ་ཙམ་མིན་པར་སེམས་ལ་བདེ་བ་ཡིན་པར་འདྲ་སྟེ། དབང་མཚོ་དང་ཁ་རི་ཁ་ཐུག་ཏུ་སྡོད་དུས། མོ་ལ་འཆལ་མོ་ཞེས་དངོས་སུ་འབོད་མཁན་ལ་མཚོ་སྐྱིད་ལས་མ་བྱུང་།

  ཉིན་དེ་ནི་དབང་མཚོའི་ལས་གྲོགས་ཀྲང་སྐལ་བཟང་གི་གཉེན་སྟོན་ཏེ། ཀྲང་སྐལ་བཟང་གི་ཡུལ་གྲོགས་ཝང་རྣམ་རྒྱལ་གྱིས་རང་ཉིད་རྫོང་གླུ་གར་ཚོགས་པའི་ཚོགས་དཔོན་ཡིན་པའི་དབང་ཤེད་ལ་བརྟེན་ནས་ལས་ཁུངས་ནང་གི་མཚོ་སྐྱིད་སོགས་གཞས་མ་འགའ་ཞིག་ཀྱང་གཉེན་སྟོན་དེར་གཞས་གཏོང་བར་བོས།

  སྔ་དྲོར་གསོལ་ཁང་ནས་བསྡུས་པའི་ཆོ་ག་ཚར་རྗེས། ཕྱི་དྲོའི་དུས་སུ་ཝང་རྣམ་རྒྱལ་སོགས་ཁྱོ་ཤུག་དེ་གཉིས་ཀྱི་ཁང་ཁྱིམ་གསར་བ་དེར་སྐྱིད་པོ་བྱེད་དུ་སོང་། དབང་མཚོ་སོགས་བུད་མེད་ལས་གྲོགས་འགས་གསར་དུ་བཙོས་པའི་ཤ་མོག་སྡེར་མ་འགའ་ཁྱེར་ཏེ་སླར་ཡང་གཡོས་ཁང་དུ་འགྲོ་བའི་སྒང་ལ། ཅུང་ར་རོ་བར་གྱུར་བའི་མཚོ་སྐྱིད་ཀྱིས་ཆང་དཀར་དམ་བུ་འགའ་ཁོ་ཚོའི་ཕྱོགས་སུ་བཏེགས་ཏེ། རྒྱ་སྐད་ཀྱིས“ཨ་ཅེ་རྣམས་ཅུང་སྡོད་དང་། ངས་ཁྱེད་ཚོར་ཆང་ཞིག་འདྲེན”ཟེར། དབང་མཚོའི་གཡས་སུ་སྡོད་པའི་སྒྲོན་དཀར་གྱིས་སྣང་དག་མེད་པར་ཆང་དཀར་དམ་བུ་གསུམ་ཞབས་དག་བརྒྱབ་སྟེ་དབང་མཚོའི་སྐབས་དང་འཁེལ་སྐབས། མོས་དམ་བུ་དེ་དག་ཁ་ལ་འཕྲད་ཙམ་བྱས་ནས་སར་བཞག་ཅིང་། དག་སེལ་གང་ཡང་མེད་པར་ཁ་ཕྱིར་འཁོར་རྩིས་བྱས།

  སྐབས་དེར། མཚོ་སྐྱིད་ཀྱིས་སླར་ཡང“ཝ་ཡེ། ཨ་ཅེ། ཆང་དེ་ལྟར་འཐུང་དོན་ཅི་ཡིན། ང་མིག་ནང་ལ་མི་འཇོག་པ་ཡིན་ནམ”ཟེར།

  དབང་མཚོས་ཅི་ཡང་མི་ཟེར་བར་ཁ་ཕྱིར་འཁོར་ཏེ་འགྲོ་དུས་མཚོ་སྐྱིད་ཀྱིས་མོའི་རྒྱབ་གཟུགས་ལ་བལྟས་ཏེ་ལྡབ་ལྡིབ་ཀྱི་ངང་དུ“འཆལ་མོ་དབང་མཚོས་ཀྱང་ང་ལ་བརྙས་བཅོས་བྱེད་ཀྱིན་འདུག”ཅེས་སྨྲས། དེ་མ་ཐག་ཁང་པ་དེའི་ནང་ན་ར་བཟི་སྟེ་འུར་རྒྱག་གིན་པའི་མི་ཚང་མ་འཇམ་ཅག་གེར་བསྡད་ཅིང་། དབང་མཚོས་ཕར་གོམ་པ་འགའ་སྤོས། དེ་གར་ཡོད་པའི་མི་རྣམས་ཀྱིས་མོས་མཚོ་སྐྱིད་ཀྱི་ཚིག་དེ་མ་ཐོས་པར་སྙམ། ཡིན་ཡང་གོམ་པ་འགའི་རྗེས་སུ་མོས་གློ་བུར་ཏུ་ཁ་ཕྱིར་འཁོར་བ་དང་། ཚིག་གཅིག་ཀྱང་མི་བཤད་པར་ཟས་ཅོག་སྟེང་གི་ཆང་དམ་སྟོང་བ་ཞིག་བླངས་ཏེ་མཚོ་སྐྱིད་ཀྱི་མགོ་ལ་གཞུས། མཚོ་སྐྱིད་ཀྱི་མགོ་ལས་ཁྲག་དོན་ཅིང་ཁང་པའི་ནང་འུར་ཆི་ལེར་གྱུར། དབང་མཚོའི་ལས་གྲོགས་བུ་མོ་གཉིས་ཀྱིས་མོའི་ལག་པ་ནས་འཐེན་ནའང་དབང་མཚོ་ནི་ཤིན་ཏུ་ལྷོད་པའི་ངང་ཁོ་ཚོའི་རྗེས་སུ་འགྲོ་ཞིང་ཕྱི་མིག་ཙམ་ཡང་མི་ལྟ། མཆུ་ཚོས་སྲབ་མོ་བྱུགས་ཤིང་། ལྷམ་རྟིང་མཐོ་དང་ཚི་ལེན་དཀར་པོ་གྱོན་པ་དང་། སྐྲ་ལོ་སེར་ནག་གཡུ་ཡི་སྐྲ་འཛིན་གྱིས་མནན་ལ། གདོང་བར་འཛུམ་གྱིས་ཁེངས་པའི་དབང་མཚོའི་བྱ་སྤྱོད་དེར་མི་རྣམས་ཧ་ལས་པར་མ་ཟད། ཏག་ཏག་མོས་མཚོ་སྐྱིད་ལ་ཆང་དམ་གྱིས་གཞུ་བའི་ཚུལ་དེ་འགུལ་བརྙན་བྱས་ནས་མི་མང་པོའི་ཁ་པར་དུ་ཁྱབ་པར་མ་ཟད། དེ་ལ་ད་དུང་GIFཡི་རྣམ་པར་བཟོས་པ་ཞིག་ཀྱང་འདུག

  འགུལ་བརྙན་དེར་བསམ་གནག་གམ་རྩེད་མོར་དགའ་བ་འགས་སྐད་སྦྱར་བས་སླར་ཡང་དེ་ལ་པར་གཞི་སྣ་ཚོགས་བྱུང་ཞིང་། དེ་ལས་གཅིག་ནི་ཉན་མི་བཟོད་པའི་ཆགས་ཚིག་ཁོ་ན་ཡིན་པར་མ་ཟད་དེའི་ནང་དུ་དབང་མཚོའི་ཁྱོ་ཀ་འདས་པོར་བརྙས་པའི་ཚིག་གཅིག་ཀྱང་འདུག་པས། དེས་མི་རྣམས་ཀྱིས་བརྗེད་དེ་ལོ་གཉིས་ཙམ་འགོར་བའི་སྐྱེ་བོ་དེ་སླར་ཡང་གླེང་གཞི་ཞིག་ཏུ་བསྒྱུར།

  དེའི་སྔོན་གྱི་གཏམ་རྒྱུད་བཤད་ན། ལོ་གཉིས་ཀྱི་སྔོན་གྱི་དགུན་ཁའི་ཞོགས་པ་ཞིག་ལ། འབྲོང་རྭ་སྡེ་བའི་སྡེ་མི་ཞིག་གིས་བྱིས་པ་ཞིག་འཕོངས་ལ་བཞག་སྟེ་རྫོང་མཁར་དུ་སློབ་གྲྭར་སྐྱེལ་བར་ཡོང་དུས། ཁ་བ་སྲབ་མོས་གཡོགས་པའི་གཞུང་ལམ་གྱི་འགྲམ་དུ་མོ་ཊ་ཞིག་ལྷུང་ཡོད་པ་མཐོང་། སྡེ་མི་དེས་སྦག་སྦག་ཁ་བཀག་སྟེ་དེ་སར་སོང་ནས་ལྟ་སྐབས་མོ་ཊའི་མདུན་ཤེལ་ཆག་ཅིང་ཁ་གཡོན་དུ་འགྱེལ་འདུག་ལ། ནང་དུ་ཚི་ལེན་སྲབ་མོ་ཞིག་ལས་གྱོན་མེད་པའི་ཕོ་གསར་ཅིག་ཁ་ལོ་བའི་འདུག་སྟེགས་དང་སྒོ་བར་དུ་བཙིར་འདུག ཕོ་གསར་དེས་ཧ་ཅང་སྡུག་བསྔལ་བའི་ཉམས་ཀྱིས་ཁ་ཤ་འདར་འདར་བྱེད་ཅིང་ཅི་ཞིག་བཤད་རྩིས་བྱ་མོད་ངག་ནི་མི་འཁྲོལ། སྐབས་དེར་སྡེ་མི་དེས་རྫོང་མཁར་དུ་ཡོད་པའི་མི་ཞིག་ལ་ཁ་པར་བཏང་ནས་ཕོ་གསར་དེ་སྨན་ཁང་དུ་སྐྱེལ་ཐབས་བྱས་ནའང་ཡུན་རིང་མ་འགོར་བར་ཁོའི་དབུགས་ཆད། དེ་ནས་ཁོའི་སྲིང་མོ་དང་ཕུ་བོ་ཆེ་བ། དེ་མིན་གྲོགས་པོ་འགའ་འཕྲོ་རིམ་འཕྲོར་དེར་སླེབས་ཤིང་། རྫོང་འཆར་སྐྱེས་ཁང་གི་ཀྲུའུ་རིན་གཞོན་པ་ཡིན་པའི་ཁོའི་སྲིང་མོ་བདེ་སྐྱིད་ཀྱིས་ནི་བཏགས་ཁྱི་ཤོར་མ་ཞིག་དང་འདྲ་བར་ནད་ཁང་ཆུང་ངུ་དེ་ལས་ཕར་རྒྱུག་ཚུར་རྒྱུག་བྱས་ཤིང་། སྐད་མཐོན་པོས“ཡོད་ཚད་ལྟས་ངན་མ་དེ་ལན་པ་ཡིན། ངས་མོ་རང་དགར་མི་སྐྱུར”ཟེར།

  ཏག་ཏག་ཉིན་དེར་དབང་མཚོ་རྫོང་མཁར་དུ་མེད་ལ། ཁྱོ་ཀར་ཤི་ཆོག་སྒྲུབ་པའི་ཉིན་གཉིས་པར་མོ་རང་ཕྱིར་སླེབས། མོ་ནང་དུ་སླེབ་པའི་ཚེ་ན་མང་པོ་ཞིག་གིས་མིག་གིས་ལྟར་མི་བཟོད་པ་ཇི་བཞིན་མགོ་བོ་ནང་དུ་བཀུགས་པ་དང་། ཐ་ན་སྡུག་བསྔལ་གྱིས་ཟིན་པའམ་སེམས་ལྷོད་ལ་བབས་པའི་བདེ་སྐྱིད་ཀྱིས་ཀྱང་མོའི་ཕྱོགས་སུ་ཟུར་མིག་ཙམ་འཕེན་པ་ལས་གཞན་ཅི་ཡང་མ་བྱས། མོས་གདོང་དཀྲིས་དམར་པོ་ཞིག་གིས་གདོང་ཕྱེད་བསྒྲིབས་འདུག་ལ། ཀོ་སྟོད་ནག་པོའི་ནང་གི་ལུས་པོ་ནི་དེ་གར་ཡོད་པའི་མི་ཐམས་ཅད་ཀྱི་ཟིལ་ཤུགས་ཟློག་བྱེད་ཡིན་པ་ལྟར་མདུན་དུ་བརྐྱངས་ཏེ་ཐད་ཀར་མོ་དང་ཁྱོ་ཀའི་ཉལ་ཁང་དུ་སོང་། འགའ་ཞིག་གིས་བཤད་ན་མོ་རང་ཉལ་ཁང་དུ་སོང་རྗེས་ནང་ནས་ཟྭ་བརྒྱབ་སྟེ་ཉིན་གཉིས་གསུམ་ལ་བསྡད་པ་དང་། ཀུན་གྱི་མཐོང་ལམ་དུ་མ་བྱུང་བས་དེ་གར་ཡོད་ཀྱང་ཡོད་གོ་མི་ཆོད་པའི་མི་ལྷག་མ་ཞིག་ཏུ་གྱུར་སོང་ཟེར།

  འདས་ཆོག་ཚར་རྗེས། ཁྱོ་ཀའི་ཕུ་བོས་ཁོའི་ཁྱིམ་མི་ཡོངས་ཀྱི་ཚབ་བྱས་ཏེ“འུ་ཚོ་ནི་ཤི་བོའི་རྗེས་ཀྱི་གསོན་པོ་རེད། ངེད་ཚོས་ཀྱང་མཐོ་རིས་པོའི་རྣམ་ཤེས་ཀྱི་རྗེས་སུ་ས་མི་འདེད་པ་དང་། གཏམ་མི་ཁ་བསམ་ནས་ཁོའི་འཆི་རྐྱེན་སོགས་རྩད་མི་གཅོད། ཡིན་ནའང་མགོ་ཡི་ཁང་པ་འདི་མཐོ་རིས་པོས་ཉོས་པ་ལས་ཁྱོད་ལ་འབྲེལ་བ་མེད་པས་ང་ཚོས་ཕྱིར་ལེན་རྒྱུ་ཡིན”ཟེར།

  དབང་མཚོས་ཁོ་ལ་ཡིན་མིན་གྱི་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་དེ་སྔ་ནས་སྡུད་གསོག་བྱས་ཡོད་པའི་རང་གི་གྱོན་པ་རྣམས་ཁྱེར་ཏེ་སྒོར་བུད།

  དེའི་རྗེས་སུ། རྫོང་མཁར་དེའི་མི་རྣམས་ཀྱིས་བདུན་ཕྲག་གཉིས་གསུམ་གྱི་རིང་ལ་དོན་དེ་ཇ་ཁ་ཆང་ཁའི་དུས་ཚོད་སྐྱེལ་སྤྱད་བྱས།

  དེ་སྔ་དབང་མཚོ་དང་ཁྱིམ་མཚེས་ཡིན་པའི་མི་ལ་ལས། དབང་མཚོའི་ཁྱོ་ཀ་འཁོར་བགེགས་ཀྱིས་མ་ཤི་བའི་ཉིན་འགའི་སྔོན་དུ། ཁོང་གཉིས་ཀྱིས་བཟའ་འཁོན་དྲག་པོ་བྱེད་ཀྱིན་པ་དང་། ནམ་གུང་ཞིག་ལ། ཁྱོ་ཀས་གྲི་ཐུང་ཞིག་ཐོགས་ནས་དབང་མཚོ་སྒོར་འདེད་ཀྱིན་པ་དངོས་སུ་མཐོང་ལ། “ཁྱོད་ལ་སྙིང་སྟོབས་ཡོད་ན་ཁྱི་རྒན་དེའི་རྗེས་སུ་རྒྱུགས”ཟེར་བའང་དངོས་སུ་ཐོས་བྱུང་ཟེར།

  རྫོང་དཔོན་གཞོན་པ་ཞིག་གི་ཁ་ལོ་བས། དབང་མཚོའི་ཁྱོ་ཀ་འཁོར་བགེགས་ཀྱིས་ཤི་བའི་ཉིན་དེར། ཁོས་དབང་མཚོ་དང་སྐྱེས་པ་གཞན་ཞིག་གྲོང་ཁྱེར་ཀ་བའི་རིམ་པ་ལྔ་ཅན་གྱི་གསོལ་མགྲོན་ཁང་ཞིག་གི་ཁོ་ཧྥེ་ཁང་ནས་མཐོང་བ་དང་། སྐྱེས་པ་དེ་ནི་ཕར་བལྟས་ན་དབང་མཚོའི་ཁྱོ་ཀ་ལས་འབྱོར་ཕྱུག་ལྡན་པ་དང་། སྐྱེ་འབྲས་མཚར་བ་ཞིག་རེད་ཟེར།

  དེ་མིན་བོད་ཟས་ཁང་གི་བདག་མོ་ཞིག་གིས། ཏག་ཏག་དུས་སྐབས་དེ་ལ། ཁྱིམ་མཚེས་ཀྱི་རྫོང་ག་གེ་མོའི་སྨན་ཁང་ཞིག་ནས་དབང་མཚོས་སྲིད་ཤིག་གིན་འདུག་ལ། ཕར་བལྟས་ཚེ་མོ་ནི་དེ་ལ་སེམས་ཁྲལ་ཅུང་ཙམ་མེད་པར་དགའ་སྣང་གིས་ཁྱབ་འདུག་ཅེས་བཤད།

  ཡིན་ནའང་དབང་མཚོས་དགུན་ཁ་དེ་ཧྲིལ་བོར་མི་རྣམས་ཀྱི་རེ་བ་སྐོང་བྱེད་ཀྱི་དོན་གཅིག་ཀྱང་བསྒྲུབས་མ་བྱུང་སྟེ། ཐ་ན་མོའི་ཟུར་ཕོར་གྲགས་པའི་མི་རྫིག་པོ་དེའི་གྲིབ་མ་ཙམ་ཡང་རྫོང་མཁར་དེར་མངོན་རྒྱུ་མ་བྱུང་། མོ་རང་འབྲོག་ཁྱིམ་གྲོང་དུ་བབས་པ་ཞིག་གིས་རྫོང་མཐར་བརྩིགས་པའི་སྒོ་ར་ཆེན་པོ་ཞིག་གི་ནང་ནས་ཁང་པ་ཆུང་ཆུང་ཟླ་བ་རེར་སྒོར་བརྒྱ་ཅན་ཞིག་གླས་ཏེ་བསྡད་པ་དང་། སྒོའི་ཕྱིར་འབུད་པའམ་ལས་ཀར་འགྲོ་དུས་ཁ་ངོ་ཡོངས་རྫོགས་གདོང་དཀྲིས་ཀྱིས་བཏུམས་འདུག མོ་ལ་ཟུར་མིག་གིས་ལྟ་བའི་སྐྱེས་པ་ཚོས་ནི་མོའི་ཁ་དོག་མི་འདྲ་བའི་གདོང་དཀྲིས་དེ་དག་ལས་གཞན་མོའི་གདོང་གི་ཉམས་འགྱུར་ག་འདྲ་ཡིན་པའང་ཉམས་སུ་མྱོང་མ་ཐུབ་པས། བུད་མེད་འགའ་ཞིག་གིས་མོའི་རྒྱབ་གཟུགས་ལ་བལྟས་ཏེ། “ཁྱོ་ཀ་མོ་རང་གི་དོན་དུ་ཤི་ཡང་ད་དུང་སྣང་དོགས་ཅི་ཡང་མེད་པར་ཁེངས་ཉམས་ཀྱིས་འགྲོ་བ་དེ་ལ་གཟིགས་དང་། ལས་རྒྱུ་འབྲས་ཟེར་བ་དེ་འདུག་གམ”ཟེར་བ་ལའང་སྙིང་པོ་མེད་པ་ལྟ་བུར་གྱུར།

  ཟླ་ངོ་གཅིག་གི་རྗེས་སུ། དབང་མཚོ་གུང་གསེང་གི་ཉིན་གསུམ་གྱི་དུས་ཚོད་སྤྱད་དེ་གྲོང་ཁྱེར་ཀ་བར་ཐེངས་གཅིག་ཕྱིན་པ་དང་ཕྱིར་ལོག་དུས་མོས་གྷོལ་ཧྥི(Golf)དམར་པོ་ཞིག་བཏང་འདུག

  མོས་མོ་ཊ་དེ་རྩིག་པ་རྩིག་མཁན་གྱི་རྒྱ་མི་དང་། ཀོ་ལྤགས་ཉོ་མཁན་གྱི་ཁ་ཆེ་བ། ད་དུང་ལོ་རྒས་པོར་ཆགས་པའི་སྨད་འཚོང་མ་སོགས་ཀྱིས་གང་བའི་སྒོ་ར་དེའི་ནང་དུ་བཏང་ཡོང་དུས། ཏག་ཏག་ཁང་བདག་མ་སྒྲོན་ཡག་ནི་ཅུང་ཧ་ལས་པར་གྱུར། དབང་མཚོས་ཁོང་ཚང་གི་ཁང་པ་གླས་པའི་རིང་ལ། གཞན་པ་ཚོ་ལྟར་དེ་ཡིན་དང་འདི་མིན་གྱི་འཁང་ར་གང་ཡང་མི་བྱེད་པར་མ་ཟད། ལས་ཐུན་གྲོལ་རྗེས་མོས་ཁང་ཆུང་དེའི་ནང་ནས་ལྕགས་ཐབ་ལ་མེ་ཁ་དྲོན་པོ་བཞག་སྟེ་ནང་དུ་འཛུལ་ནས་སྡོད། དུས་དེར་སྒྲོན་ཡག་གིས་དབང་མཚོར་འདུག་གྲོགས་སམ་སྐྱ་ཡ་ཞིག་ཡོད་ན་ཅི་མ་རུང་སྙམ་ལ་མོ་རང་ཡང་དབང་མཚོར་ཉེ་བར་བཅར་ཏེ་ཁ་བརྡ་བྱ་འདོད་སྐྱེས་ནའང་གོ་སྐབས་དེ་གཏན་ནས་མ་རེག ཉིན་ཞིག་མོས་བཤས་མ་ཐག་པའི་ལུག་གི་གཡོས་རྒྱུ་སྡེར་མ་གང་ཁྱེར་ཏེ་དབང་མཚོའི་སྒོ་བརྡུངས།

  སྒྲོན་ཡག་གིས་གཡོས་རྒྱུ་སྡེར་མ་གང་བོ་ནང་དུ་བསྲིངས་ཏེ། “འདི་ནི་ཁ་སང་བཤས་པ་ཡིན་པས་ཤིན་ཏུ་ཞིམ། ཁྱོད་ཀྱིས་ཟོ་དང”ཟེར་བ་ན། དབང་མཚོས་རྣ་བའི་ནང་དུ་བཅུག་པའི་རྣར་གཞུག་མར་བླངས་པ་དང་། མདུན་ཅོག་སྟེང་གི་དཔེ་དེབ་དེའི་ཁ་བསུམ་རྗེས“ངོ་མ་ཧྲ་ཐལ། འོན་ཀྱང་ངས་དཀར་ཟས་མ་གཏོགས་མི་ཟ”ཟེར་ཅིང་སྒོ་མོ་དལ་གྱིས་བརྒྱབ།

  དེའི་རྗེས་སུ་ཞིབ་འཇུག་སློབ་མའི་བསླབ་གནས་བླངས་ཤིང་། འབུམ་རམས་པར་རྒྱུགས་སྤྲོད་པར་བྲེལ་བཞིན་པའི་རྫོང་མཁར་འདིའི་ཤེས་ཡོན་པ་དབང་ཕྱུག་གིས་ཁ་བའི་མེ་ཏོག་ཟེར་བའི་སྦི་རག་ཅིག་འཐུང་ཞོར་དུ“བདག་གིས་བསམ་ན་དབང་མཚོས་ཁང་པ་སྡུག་ཅག་དེ་འདྲ་ཞིག་གླས་ཏེ་སྡོད་དོན་ནི་ཁྱོ་ཀའི་འཆི་རྐྱེན་དེ་མོ་རང་ལ་འབྲེལ་བ་མེད་པ་དང་། མོས་ཁྱོ་ཀར་ཁྲེལ་མེད་བྱས་མེད་པ་དག་སེལ་བྱེད་པའི་ཆེད་དུ་རེད། མོ་བསམ་བཞིན་དུ་མི་གཞན་གྱི་མིག་དང་རྣ་བའི་ཐག་ཉེ་ས་རུ་འཚོ་བཞིན་པ་རེད། མོས་གྷོལ་ཧྥི་དམར་པོ་དེ་ཉོས་པ་དེས་ཀྱང་མོས་ཁང་པ་སྡུག་ཅག་དེ་གླ་དོན་ནི་འབུལ་ཕོངས་ཀྱིས་མིན་པ་ར་སྤྲད་འདུག”ཅེས་སྨྲས།

  ཡིན་ནའང་ཁོའི་དཔྱད་པའི་ཚིག་དེའང་དེ་འདྲའི་གཟུ་མོ་ཞིག་མིན་པ་འདྲ་སྟེ། ཉིན་ཞིག་ལ། རྫོང་སློབ་འབྲིང་གི་དགེ་རྒན་འགས་གཟའ་མཇུག་ལ་ཏག་སེ་བརྩེས་ཏེ་ཐང་ཆད་རྗེས། གལ་སྲིད་སུ་ཞིག་ཕམ་ན་དབང་མཚོའི་སྒོ་བརྡུང་བར་འགྲོ་རྒྱུའི་རྒྱན་པོ་འགྱེད།

  མཚན་གུང་གི་ཆུ་ཚོད་གསུམ་པར། དགེ་རྒན་དེ་དག་རྐང་འཇབ་ལག་འཇབ་ཀྱིས་སྒོ་ར་ཆེན་པོ་དེའི་ནང་དུ་སོང་ཞིང་། ཁོ་ཚོས་རྒྱན་པོ་ལས་ཕམ་པའི་དགེ་རྒན་དེར་དབང་མཚོའི་སྒོ་རྡུང་བར་བསྐུལ། ཡིན་ནའང་ཁོ་ཚོ་དབང་མཚོའི་སྒོ་ཁར་སླེབས་རྗེས་ཁང་ཆུང་དེའི་ནང་ནས་ངུ་སྐད་གསལ་ལ་མི་གསལ་བ་ཞིག་གྲག་ཡོང་བ་དང་། རིམ་གྱིས་ངུ་སྐད་དེ་འཁུན་སྒྲར་གྱུར་ལ་རིམ་གྱིས་སྒྲ་མེད་པར་གྱུར། ཁོག་པའི་སྙིང་ལྟིག་ལྟིག་ཏུ་ལྡིང་བཞིན་པའི་དགེ་རྒན་དེས་སྒོ་རྡུང་བར་རྩོམ་དུས་འཁུན་སྒྲ་དེ་སླར་ཡང་གྲགས་ཤིང་རིམ་གྱིས་དེ་ཉིད་ཆགས་པའི་སིད་སྒྲ་ལྟ་བུར་གྱུར། ཡིན་ནའང་ཞིབ་ཏུ་ཉན་དུས་དེ་ནི་ངུ་སྐད་གཉོམ་པོ་ཞིག་ཡིན་པ་འདྲ། ཁོ་ཚོས་དེ་ཆགས་པའི་སིད་སྒྲར་རྟོག་ནས་ཇི་ལྟར་གཟབ་ནན་གྱིས་ཉན་ནའང་དེར་བུད་མེད་ཅིག་གི་སྒྲ་ལས་གང་ཡང་མི་འདུག དེས་ཁོ་ཚོ་ཚང་མའི་ཆགས་པ་བསླངས་པར་མ་ཟད་ཚང་མ་ཧ་ལས་པར་གྱུར། རྒྱན་པོ་ལས་ཕམ་པའི་དགེ་རྒན་དེ་ལའང་སྒོ་རྡུང་བའི་སྤོབས་པ་མེད་པར་གྱུར། སྒྲ་དེ་ཇེ་དམའ་ནས་ཇེ་དམར་གྱུར་ཅིང་ཁུ་སིམ་མེར་གྱུར་དུས་ཁོ་ཚོས་ཕྱིར་གོམ་པ་འགའ་བཀྱེད་ཅིང་རྫས་འགྱུར་དགེ་རྒན་ནོར་བུ་ཟེར་བ་དེས་ཤུབ་བུར“ད་ནི་མོས་ཅི་ཞིག་བྱས་པ་ཐོས་སམ”ཟེར་བ་ན། ཆབ་སྲིད་དགེ་རྒན་བཀྲ་ཤིས་ཟེར་བ་དེས“མོས་རང་གིས་རང་ལ་གཡེམ་པ་རེད”ཅེས་སྨྲས། སྒོ་ར་དེ་ལས་ཕྱིར་འབུད་སྐབས་ཁོ་ཚོའི་གྲས་ཀྱི་ལོ་རྒྱུས་དགེ་རྒན་བསམ་འགྲུབ་ཀྱིས་དབང་མཚོའི་གྷོལ་ཧྥི་དམར་པོ་དེའི་ངོས་སུ་རྡོ་བ་ཆུང་ངུ་ཞིག་གིས“འཆལ་མོ་དབང་མཚོ”ཞེས་པའི་ཡི་གེ་བཞི(ཡི་གེ་དེ་དག་ནི་རྒྱ་ཡིག་གི‘荡妇昂措’ཡིན)བྲིས།

  གང་ལྟར་དེའི་ཕྱི་ཉིན་ནས་བཟུང་སྟེ“འཆལ་མོ་དབང་མཚོ”ཞེས་པའི་མིང་དེ་རྫོང་མཁར་ཡོངས་ལ་ཁྱབ་པར་གྱུར་ནའང་མོས་མཚོ་སྐྱིད་ཀྱི་མགོ་ལ་ཆང་དམ་གྱིས་གཞུས་པའི་བར་དུ་དེ་ལ་ཨ་ལན་གང་ཡང་མ་བསློགས་ཤིང་། ཏག་ཏག་མོས་མཚོ་སྐྱིད་ཀྱི་མགོ་ལ་ཆང་དམ་གྱིས་གཞུས་པ་ནི་མཚོ་སྐྱིད་གཅིག་བུའི་མགོ་ལ་གཞུས་པ་མིན་པར་མོ་ལ“འཆལ་མོ་དབང་མཚོ”ཞེས་འབོད་མཁན་གྱི་མི་ཐམས་ཅད་ཀྱི་མགོ་ལ་གཞུས་པ་ལྟ་བུར་གྱུར།

                                      ༢

  ལྕགས་ཐབ་འཁྱག་པ་དེའི་ནང་དུ་མེ་རོ་ཅུང་ཙམ་ལྷག་ཡོད་པ་འདྲ་བས་དབང་མཚོས་དེའི་འོག་གི་ཐལ་བ་རྣམས་ཕྱིར་བྲུས་ཤིང་སྒོ་འགྲམ་གྱི་ལྕགས་ཟེའུ་རྙིང་བ་དེའི་ནང་དུ་བླུགས། སྣང་དོགས་དེ་ཙམ་མེད་པའི་ངང་ར་བའི་ནང་དུ་མིག་ཉུལ་ཅིག་བྱས། ཞོར་དུ་མོ་རང་གི་མོ་ཊའི་ཕྱོགས་སུ་བལྟས་པ་ན་ཁྱིམ་མཚེས་རྒྱ་མི་ལས་གླ་བ་ཚོའི་བྱིས་པ་རྣམས་སློབ་གྲྭ་གྲོལ་ཏེ་མོ་ཊའི་མཐའ་བསྐོར་ནས་རྩེད་མོ་རྩེ་བཞིན་འདུག མོས་སེམས་མ་བདེ་བར་དེ་གར་སོང་སྟེ་མོ་ཊར་བསྡད་ཅིང་། ནང་གི་ལག་ཕྱིས་ཤིག་གིས་ལག་པར་འགོས་པའི་ཐལ་བ་གཙང་མར་ཕྱིས་རྗེས་མོ་རང་གི་སྒོ་འགྲམ་དུ་བཏང་ཡོང་། བྱིས་པ་དག་ཀྱང་འུར་སྒྲ་དང་བཅས་མོའི་རྗེས་སུ་བརྒྱུགས་ཡོང་བ་ན་ཁོ་ཚོའི་ཁྱིམ་བདག་རེ་འགས་དེ་གོ་ནས་ཁོ་ཚོ་རེ་རེ་བཞིན་ཁྲིད་སོང་། ལྕགས་ཐབ་འོག་གི་མེ་རོ་དེ་སེམས་ཅན་ཞིག་གི་འཆི་ཁའི་དབུགས་དང་འདྲ་བར་གྱུར་ཡོད་པས་མོས་འཚུབ་ཆ་ཆེན་པོས་ཁང་བའི་སྒོ་ཟུར་དུ་བཞག་པའི་འགྱིག་སྒྱེ་དེ་ལས་ཨོང་བ་སྤར་མོ་འགའ་དེའི་ཁར་བླུགས། རིམ་གྱིས་དེ་ལས་དུ་བ་ལྷོག་ལྷོག་ཏུ་འཕྱུར་ཅིང་མེ་འབར་བའི་སྒྲའང་ཚག་ཚག་ཏུ་གྲགས་པས་མོས་ཇ་དེམ་གྱི་ནང་དུ་ཆུ་བསྣན་ཏེ་དེའི་ཁར་ཇ་ལོ་བླུགས་པ་དང་། ཚུར་ཡོང་དུས་ལམ་ཁ་ནས་ཉོས་ཡོང་བའི་འོ་མ་འགྱིག་དམ་གང་བོ་ལས་དེར་གསུམ་ཆ་གཅིག་ཙམ་བླུགས། མེ་འབར་བའི་སྒྲ་སྔར་ལས་ཆེ་བར་གྱུར་ཏེ་ཁང་པ་ཆུང་ངུ་དེའི་ནང་ལ་དྲོད་འཁོར་མགོ་ཚུགས་པས་མོའི་ཇ་དེམ་ཡར་བླངས་ཏེ་གམ་གྱི་ལྕགས་གཞོང་ཆེན་པོ་དེའི་ནང་ནས་རྡོ་སོལ་འགའ་བླངས་ནས་ལྕགས་ཐབ་ཏུ་བླུགས། དེ་ནས་ཤིང་གི་རྐུབ་སྟེགས་ཤིག་གི་སྟེང་དུ་བཞག་པའི་ཀ་ཏོ་རའི་ནང་དུ་ཆུ་བླུགས་ཏེ་ལག་པ་གཙང་མར་བཀྲུས། ཁ་ཡོལ་དང་ངང་སྒྲོའི་སྟོད་གོས་ཕུད་དེ་མལ་ཁྲིའི་སྟེང་ནས་བསྡད་པ་ན་ཁ་པར་གྲགས་བྱུང་།

  ཁ་པར་གྱི་ངོས་སུ་ཚུལ་ཁྲིམས་རྒྱ་མཚོ་ཞེས་ཤར་འདུག

  “དབང་མཚོ། བདེ་མོ་ཡིན་ནམ། དེང་སང་ཅི་བྱེད་ཀྱིན་ཡོད”

  “ཨོ། ཨ་ཁུ་ཚུལ་ཁྲིམས། ང་བདེ་མོ་ཡིན། ཉི་མ་རེ་རེ་བཞིན་ལས་ཚོགས་ལ་འགྲོ་ཁུལ་བྱས་ནས་བསྡད་ཡོད། སྒྲིག་ལམ་ཇེ་དོག་ལ་གྱུར་བས་སྔ་ཆད་གཞུག་ལས་ཙམ་ལའང་ཆད་པ་རྒྱག་གིན་འདུག ཁྱེད་ཚང་སར་ཐེངས་གཅིག་བཅར་བསམ་མོད་དངོས་གནས་ཁོམ་པ་མ་བྱུང་། ཁྱེད་ཚང་བདེ་མོ་ཡིན་ནམ། སྙུང་གཞི་ག་འདྲ་འདུག”

  “ཨོ་རེད། ལས་ཀ་ལྕི་ཡང་ལས་ཚོགས་ལ་འགྲོ་དགོས། འགྲོ་ས་ཞིག་ཡོད་པ་དེའང་སྐྱིད། ངེད་ཚང་གི་བསམ་འགྲུབ་ལྟ་བུ། སློབ་གྲྭར་ལོ་མང་པོར་སོང་ནའང་ལས་ཀ་མི་རྙེད་པར་མ་ཟད། ཕར་ཚིག་གཅིག་བཤད་ན་ཚུར་ལན་བརྒྱ་སློག འབྲོག་ལས་གཅིག་ཀྱང་མི་ཤེས། དོན་མེད་དུ་རུ་ཉུལ་བྱས་ནས་བསྡད་ཡོད། ཨོ་ཧུ། ཨོ་ཧུ། ཨོ་ཧུ། ཨོ། ཉིན་འདི་གར་སྨན་པ་རྟ་ཁོའི་སྨན་བཏུང་བས་ངའི་ནད་ཀྱང་ཅུང་ཇེ་དགར་སོང་འདུག ཡིན་ཡང་ལུ་མཚམས་མི་འཇོག་པར་འདུག ཨོ་ཧུ། ཨོ་ཧུ། ངས་དེ་རིང་ཁྱོད་ལ་ཁ་པར་གཏོང་དོན་ནི་ཁ་སྔོན་ངེད་དགོན་པར་བསྐྱིས་པའི་དངུལ་དེ་དག་ཕྱིར་སྤྲད་རན་འདུག སྐྱེད་ཀ་ནི་ཁྲི་གཅིག་དང་སྟོང་གཉིས་ཡིན་པ་འདྲ། ཁྱོད་ཀྱིས་ཐབས་བཀོད་ཅིག་འཐེན་དང་། ངའང་དགོན་པའི་སི་ཀོན(寺管)གྱིས་སྡོད་དུ་མི་འཇུག་གི ཨོ་ཧུ། ཨོ་ཧུ།”

  “ཡ་ཡ། ཧ་གོ་སོང་། ཁྱེད་ཀྱིས་སྐུ་ལུས་ལ་བདག་སྐྱོང་བྱ་དགོས། དྲོས་འཁྱག་བྱེད་དུ་མ་འཇུག ངས་མྱུར་བར་དངུལ་དེ་དག་ཁྱེད་ལ་འཕྲོད་ཐབས་བྱ”

  མོས་ཁ་པར་སར་བཞག་སྟེ་མདུན་ཅོག་སྟེང་གི་ལག་དེབ་རྩིས་འཁོར་གྱི་ཁ་ཕྱེ་ནས་ཐོ་པའོ་དྲ་བ་ཉུལ་བའི་སྒང་ལ་སླར་ཡང་ཁ་པར་ཞིག་སླེབས་བྱུང་། ཐེངས་འདིར་ཁ་པར་གཏོང་མཁན་ནི་ལས་ཁུངས་ཀྱི་མགོ་གཙོ་གཞོན་པ་ཀྲང་མེན་རེད།

  ཁོས་རྒྱ་སྐད་ཀྱིས། “ཝེ། དབང་མཚོ། ཁ་སྔོན་གྱི་སྙན་ཞུ་དེ་བྲིས་ཚར་ཡོད་དམ། ངེས་པར་དུ་གནང་ཉིན་ཚར་བར་བྱས་ཏེ་གཞེས་ཉིན་བློ་ཅུའུ་ཀྲང་གི་མདུན་སར་ཁྱེར་ནས་འགྲིག་མིན་བལྟ་རུ་འཇུག་དགོས། དེའི་ཕྱི་ཉིན་ཞིང་ཆེན་ལྟ་ཞིབ་ཚོགས་པ་ཡོང་རྒྱུ་རེད། ཡ་དེ་བྱེད། ང་རང་གྲོང་ཁྱེར་ཀ་བ་ནས་ཡོད་པས་བྲེལ་བ་ཆེན་པོ་ཡོད། མང་པོ་མི་བཤད། གལ་ཏེ་གནང་ཉིན་བློ་ཅུའུ་ཀྲང་མེད་ཚེ་ང་སར་ཁྱེར་ཡོང་ཡང་ཆོག”

  “དེས་ན”མོས་ཁོ་ལ་ཚིག་གཅིག་བཤད་པར་རྩོམ་པའི་སྐབས་སུ་ཕར་ཕྱོགས་ཀྱི་ཁ་པར་མར་མནན་ཟིན་པ་དང་། ལྕགས་ཐབ་ཀྱི་ནང་གི་མེ་ཤུགས་དྲག་ཏུ་འབར་ཏེ་ཇ་འཕྱུར་ལ་ཉེ་བས་མོའི་ཇ་དེམ་གྱི་ཁ་གཅོད་བླངས་ནས་ཤིང་ཐུར་ཞིག་གིས་དེའི་ནང་དཀྲུག་ཙམ་བྱས།

  མོས་ཐོ་པའོ་དྲ་བ་གཟིམས་ཏེ་ཅིན་ཏུང་དྲ་བར་ཉུལ། ནོར་ནག(Black yak)རྟགས་ཅན་གྱི་སྟོད་གོས་དམར་ནག་བརྩེགས་རིམ་གསུམ་ཅན་ཤིན་ཏུ་དཔེ་གསར་ཡིན་པ་རིན་གོང་སྒོར་1199ཅན་ཞིག་མཐོང་རྗེས་དེ་ག་ནས་ཅུང་ཙམ་ལུས་པ་དང་། དེའི་པར་རིས་རྣམས་ལ་རེ་རེ་བཞིན་ལྟ་ཙམ་བྱས་རྗེས “མོ་ཆས། ཨང་རྟགས་L 170/92A”ཞེས་པ་མནན་རྗེས“ཉོ་འཁོར”ནང་དུ་འཕངས། སྐབས་དེར་ཇ་ཁོལ་ཏེ་འཕྱུར་བས་མྱུར་བར་དེ་ཉིད་ལྕགས་ཐབ་ཀྱི་ཟུར་དུ་བཞག་རྗེས་དེའི་ཤུལ་དུ་ཁ་གཅོད་བཞག མེ་ལྕེ་དྲག་པོས་ཁ་གཅོད་ཀྱི་ནང་ནས་ཡར་མེ་སྟག་གཙུབས་ཀྱིན་འདུག་ལ་ཁང་པའི་ནང་ལ་གསལ་ཅིང་མི་གསལ་བའི་འོད་དམར་པོ་ཞིག་འགྱེད་པར་བྱེད།

  མོས་མདུན་ཅོག་གི་འཐེན་སྒམ་ཞིག་ལས་ཤིང་ཅན་ཞིག་བླངས་ཏེ་ཇ་དཀར་ཡོལ་གང་བླུགས་ནས་སེམས་ཆུང་གིས་ཧུབ་གང་བཏབ་ཅིང་། ཅེན་ཏུང་དྲ་བའི“ཉོ་འཁོར”ནང་གི་སྟོད་གོས་དེ་མར་གཡུག་པ་དང་། “རིན་གོང་བཅག་རྗེས་བརྡ་རྒྱག་པ”ཞེས་པ་དེ་ནས་མནན།

  དེ་ནས་མོས་ཅི་ཞིག་དྲན་པ་ལྟར་སྒོར་བུད་དེ་མོ་ཊའི་འདུག་སྟེགས་ཕྱི་མ་ནས་འགྱིག་ཁུག་ཅིག་ཁྱེར་ཡོང་བ་དང་། དེའི་ནང་གི་ཀྲོ་མ་ཀྲུ་དང་། སྒོག་པ། གླང་རྔ་སོགས་རེ་རེ་བླངས་ཏེ་ཀ་ཏོ་ར་ཞིག་གི་ནང་ནས་གཙང་མར་བཀྲུས། སྙིགས་ཆུ་ཅུང་ཙམ་མིན་ན་ཕར་འགྲོ་བཞིན་པའི་ཁྱིམ་མཚེས་ཀྱི་སྤོ་བོ་ཤིག་གི་སྟེང་ལ་ཕོས་པས་བཟོད་གསོལ་ཞུ་བའི་འཛུམ་ཞིག་བསྟན། སྒོ་མོ་ཕྱེ་ཐེངས་རེ་རེར་གྲང་རླུང་མི་ཟད་པ་དག་རང་གི་ཁུང་བུ་འཚོལ་བའི་ཙི་གུ་དག་དང་འདྲ་བར་ནང་དུ་ཤོར་ཡོང་བས་མོས་མྱུར་བར་སྒོ་བརྒྱབ་སྟེ་སྒོ་ལྕགས་ཀྱང་དྲངས། སླར་ཡང་ལྕགས་ཐབ་ཏུ་རྡོ་སོལ་ཆེན་པོ་རེ་གཉིས་འཕངས་པས་ནང་གི་གྲང་རླུང་དེའང་མྱུར་བར་ཞི་བར་བྱས།

  དེའི་འཕྲོར་མོས་ལས་ཀ་གང་ཞིག་བསྒྲུབ་དགོས་པ་སེམས་ལ་ཝ་ལེར་ཤར་ཡོང་ནའང་དགོས་པའི་ཅ་ལག་དེ་གང་དུ་ཡོད་པ་དེ་འཕྲལ་ཡིད་ལ་མ་ཤར་བས་ཁང་པ་ཆུང་ངུའི་ནང་ནས་ཡར་འགྲོ་མར་འགྲོ་ལན་འགར་བྱས་ཤིང་། མཐར་མདུན་ཅོག་གི་འོག་ནས་ཤིང་ལེབ་ཅིག་དང་ཚལ་གཏུབ་ཅིག གྲི་ཆུང་ཞིག་བཅས་ཁྱེར་ཡོང་།

  དེར་ཆེ་ཆུང་མི་འདྲ་བའི་གླང་རྔ་གཉིས་ཡོད་པ་དང་། མོས་ཧ་ཅང་གཟབ་ནན་གྱིས་ཆེ་ཤོས་དེའི་ལོ་མ་དག་ལག་པས་རེ་རེ་བཞིན་བཏོག དེ་ནས་གྲུ་ཆུང་ཐོགས་ཏེ་དེའི་ཤུན་ལྤགས་བཤུས། ཡིན་ཡང་གྲི་དེ་ཅུང་རྡུགས་པས་ཤིང་འཛེར་ཡོད་སར་འཁེལ་དུས་ཤུགས་ཆེན་པོ་མ་བརྒྱབ་ན་མི་ཆོད་པར་འགྱུར། དེ་བས་ཤིང་འཛེར་ཆེན་པོ་ཞིག་གཅོད་དུས་གྲི་ངན་ལག་པར་རྣོ་ཟེར་བ་ལྟར་དེ་མ་ཆོད་པར་ལག་པ་གཡོན་པའི་སྟེང་ལ་འཁེལ་ཏེ་རྨ་ཁ་བཏོད། མོས་ཤུན་ལྤགས་བཤུ་འཕྲོ་བྱས་པའི་གླང་རྔ་དེ་ཤིང་ལེབ་ཏུ་བཞག་རྗེས་ལག་ཕྱིས་བླངས་ནས་རྨ་ཁར་གླན་པ་དང་། ཁྲག་གི་ཐིགས་པ་རེ་རེ་མར་ལྷུང་། ལག་པ་སྲིང་ཉེས་ཤིག་གིས་རེ་གཉིས་ནི་ལྕགས་ཐབ་ཏུ་ལྷུང་བས་ཚག་སྒྲ་གྲགས་ཤིང་གཞོབས་དྲི་ཞིག་ཀྱང་འཐུལ་ཡོང་། མོ་གཞོབས་དྲི་དེ་ལ་བྱོལ་འདོད་པའམ་ཡང་ན་རྨ་བཅོས་བྱེད་འདོད་པ་གང་ཡིན་ཆ་མ་འཚལ་མོད་མྱུར་བར་སྟོད་གོས་གྱོན་ཞིང་ཁ་པར་ཨམ་ཕྲག་ཏུ་བཅུག་སྟེ་སྒོར་བུད། ལག་པ་གཡས་པས་སྒོ་ལ་ཟྭ་བརྒྱབ་རྗེས་མོ་ཊའི་ནང་དུ་བུད།

  ཡིན་ཡང་དེ་སྔའི་གྲང་ངར་གྱི་དཔུང་དེས་མོ་ཊའི་ནང་ན་བསྒུགས་ཡོད་པ་དང་འདྲ་བར་མོ་ལ་དྲག་ཏུ་གཙེས། མོས་མོ་ཊའི་གློག་སྒོ་ཕྱེ་ཞིང་མ་འཕྲུལ་བསྐོར་བའི་སྐད་ཅིག་མར་གདོང་དཀྲིས་ནང་ནས་ལུས་པ་ཚོར་བྱུང་། མོར་མཚོན་ན་གདོང་དཀྲིས་མེད་པར་སྒོར་འགྲོ་བ་ནི་གཏན་ནས་ལོབས་མེད་པའི་གོམས་གཤིས་ཤིག་ཡིན་ཡང་རྨ་ཁར་ཟུག་གཟེར་དྲག་པོ་ཞིག་བྱུང་བ་དང་ཁྲག་བཞུར་བའི་མཚམས་ད་དུང་མི་ཆད་པས་ལག་པ་གཡས་པ་གཅིག་བུས་དལ་མོར་མོ་ཊ་བཏང་སྟེ་སྲང་ལམ་ཀ་བའི་སྨན་པ་ལི་ཡོད་སར་གཟས་ཏེ་སོང་།

  སྐབས་དེར་མོའི་ཁ་པར་བསྟུད་མར་གྲགས་ཤིང་ཁ་པར་མོ་ཊ་དང་སྦྲེལ་ཡོད་པས་མོ་ཊའི་སྒྲ་སྐྱེད་ཀྱི་ནང་ནས་སྐྱེས་པའི་སྐད་གདངས་ཤིན་ཏུ་གསལ་བ་དེས།

  “ཨ་རོ། དབང་མཚོ། ཁྱོད་ཀྱིས་ད་དུང་ང་ལ་ལན་ཞིག་མི་སྟེར་རམ། དེང་སྐབས་ངའི་སེམས་འདི་ནི་རིལ་མ་བྲག་ངོས་ན་ཡོད་པ་དང་འདྲ་བར་ལྷོད་ལ་འབབ་པའི་དུས་ཤིག་མི་འདུག གལ་ཏེ་ཁྱོད་ཀྱིས་ང་ལ་གོ་སྐབས་ཤིག་སྟེར་ན་ངས་ལ་ཁྱོད་རྒྱལ་མོ་ཞིག་ལྟར་གུས་བརྩི་བྱ་ངེས། ངས་སྐྱེས་ཕོ་རབ་ཅིག་གི་ལ་རྒྱའང་ཆུ་ལ་བསྐྱུར་ཆོག ཁྱོད་ལ་ཟས་རང་འགྲུབ་དང་གོས་རང་འགྲུབ་ཡོང་ངེས་ཞེས་ན་ཅུང་ཐལ་ཆེའང་ངའི་འཁོར་བ་སྦྲང་ཚང་འདྲ་བོ་དེ་ཁྱོད་ཀྱི་ཡིན། དཀར་བོ་དགེ་བ”ཟེར།

  “ང་ད་ལྟ་ཅུང་བྲེལ་བས་ངས་ཁྱོད་ལ་རྗེས་སུ་ཁ་པར་གཏོང”

  མོ་རང་སྨན་པ་ལི་ཡི་སྨན་ཁང་དུ་སླེབས་དུས་དེ་གར་གནམ་ཁབ་རྒྱག་པའི་རྒན་དར་གཞོན་གསུམ་མི་ཉི་ཤུ་ཙམ་སྐུབ་སྟེགས་རིང་བོ་འཕྲེད་དུ་བཞག་པ་གཅིག་དང་ཐུར་དུ་བཞག་པ་གཉིས་ཀྱི་སྟེང་བསྒྲིགས་འདུག་ལ། སྨན་པ་ལི་དང་ནད་གཡོག་མའི་གམ་དུའང་བྱིས་པ་པང་བ་དང་ཆམ་པ་ཕོག་པའི་མི་རེ་འགས་འཚང་ཁ་རྒྱག་གིན་འདུག ཁོ་ཚོའི་ནང་གི་རེ་གཉིས་ཀྱིས་མོའི་རྒྱབ་ལ་བལྟས་ཏེ་སྐད་ཆ་ཤུབ་བུར་བཤད་ཀྱིན་འདུག

  མོས་གདོང་དཀྲིས་མ་བརྒྱབ་པའི་རྐྱེན་གྱིས་གདོང་གི་མཛེས་པ་ཕྱིར་མངོན་པ་དང་ཡང་ན་ལག་པ་བསྐྱོར་ནས་འོང་བ་གང་ལ་མཉམ་བཞག་པ་མི་ཤེས་མོད། སྨན་པ་ལི་ཡིས་མོ་རང་མཐོང་འཕྲལ་མི་དེ་དག་ལོགས་སུ་བཞག་སྟེ། དག་ལ་མི་དག་པའི་བོད་སྐད་ཀྱིས།

  “འདིར་ནད་པ་ལྗི་མོ་ཞིག་ཡོད་པས་ཁྱོད་ཚོས་ཅུང་ཙམ་སྒུགས་ཨང”ཞེས་དབང་མཚོ་ཁང་སྦུག་གི་སྨན་བཅོས་ཁང་དུ་ཁྲིད་ཅིང་། ཁོ་དང་ནད་གཡོག་མ་གཉིས་ཀྱིས་མོའི་རྨ་ཁ་གཙང་མར་བཀྲུས་ཤིང་སེང་རས་དཀར་བོས་གཡོགས་ཏེ། “སྐྱོན་མི་འདུག ཉིན་གཉིས་ཀྱི་རྗེས་སུ་སླར་ཡང་འདིར་ཐེངས་གཅིག་ཤོག་དང་། སེང་རས་བརྗེ་ཆོག”ཟེར།

  སྨན་པའི་རྣམ་འགྱུར་ཡག་པོ་དེས་མོའི་སེམས་ལ་དར་ཅིག་རིང་བདེ་སྣང་ཞིག་སྟེར་ནའང་སྒོར་བུད་དེ་མོ་ཊའི་ནང་འབུད་པར་རྩོམ་དུས་ཆར་ཕྱི་དང་མདུན་ཤེལ་གཉིས་ཀྱི་བར་དུ་ཤོག་བུ་གྲུ་བཞི་ཞིག་བཞག་འདུག མོས་དེ་ལག་ཏུ་མ་བླངས་ཀྱང་ཁྲིམས་འགལ་གྱིས་མོ་ཊ་བཞག་པའི་བརྡ་ཡིག་ཅིག་ཡིན་པ་ཤེས་ཤིང་། “དམྱལ་བ་དེ་ཚོ”ཟེར་བཞིན་མོ་ཊའི་ནང་བུད།

  གངས་རླུང་དྲག་པོས་མོའི་མིག་མཐར་འཁྱིལ་བའི་མཆི་མར་ཅུང་ཙམ་མིན་ན་དར་ཆགས་སུ་བཅུག་སོང་།

  ལུག་མང་པོ་དྲུད་པའི་ཟོང་འཁོར་ཆེན་པོ་ཞིག་གཞུང་ལམ་ནས་ཁ་ཕྱིར་དཀྱོགས་མ་ཐུབ་པར་འཕྲེད་དུ་བསྡད་ཡོད་པ་དང་། མོ་ཊ་ཆུང་བ་ཁ་ཤས་ཀྱིས་དུས་གཅིག་ཏུ་དུང་བརྡ་གཏོང་བཞིན་འདུག དེ་ནས་དེ་དག་ཐམས་ཅད་རྡུལ་འཚུབ་ཀྱི་ཀློང་ཆེན་པོ་ཞིག་གི་ནང་དུ་ཚུད་ཅིང་། དེ་དྭངས་རྗེས་ཉེན་རྟོག་པ་ཁ་ཤས་སླེབས་ནས་ཟོང་འཁོར་གྱི་ཁ་ལོ་བར་སྐད་འཛེར་འཛེར་གྱིས་གཏམ་མང་པོ་ཞིག་ལབ་བཞིན་འདུག

  དབང་མཚོས་ལག་ཕྱིས་གཙང་མ་ཞིག་གིས་མོ་ཊའི་མདུན་དང་གཡས་གཡོན་འབྱིད་ཙམ་བྱས་རྗེས་གཉིད་ཅོག་ཅུང་ཙམ་བརྒྱབ་པ་དང་། ལམ་ནས་ཤར་བགྲོད་མི་ཐུབ་པ་ཤེས་རྗེས་ཁ་ཕྱིར་འཁོར་ཏེ་ལས་ཤག་གཟས་ནས་སོང་།

                                   ༣

  ཁ་པར་ངོས་ཀྱི་ཟླ་ཚེས་ལ་བལྟས་ཚེ་དཔྱིད་དུས་སླེབས་ནས་ཟླ་བ་གཅིག་ལྷག་འགོར་ཟིན་ནའང་། རྫོང་མཁར་འདིའི་ཕྱོགས་ཀུན་ཏུ་རླུང་བུ་འུར་འུར་དུ་ལྡང་ཞིང་། རྡུལ་རླུང་འཚུབ་མའི་ཁྲོད་དུ་ཁྱི་ལྡོམ་རྣམས་སྐོར་དང་སྐོར་བྱས་ཏེ་འགྲོ་བཞིན་པས་ནངས་སྔ་མོར་སློབ་ཕྲུག་ཆུང་ཆུང་དག་སློབ་གྲྭར་འགྲོ་དུས་ཁྱིམ་མི་ཚོས་མི་སྐྱེལ་ཀ་མེད་དུ་གྱུར་བར་མ་ཟད། གཞུང་འཁོར་དང་སྒེར་འཁོར་ཡོད་མཁན་ཚོ་ལས་གཞན་ལས་བྱེད་རྐང་ཐང་དག་གིས་ཀྱང་ལས་ཀར་འགྲོ་དུས་དབྱུག་པ་རིང་པོ་རེ་བཟུང་ཡོད།

  ཡིན་ནའང་ཁོ་ནི་རང་ཤོང་སྤྱིལ་བུའི་ནང་ནས་ཁ་ཏོན་དགེ་སྦྱོར་ལ་བརྩོན་ཏེ་བསྡད་ཆོག་པས་ཁྱི་ལྡོམ་གྱི་འཇིགས་པར་སྐྲག་མི་དགོས་པའི་ཁར། ལོ་སར་གྱི་རྗེས་སུ་དབང་མཚོ་དང་མཉམ་གཅིག་ཏུ་དགུང་ཟས་ཟོས་མྱོང་བའི་ཕྱི་མི་གཅིག་པོ་ཡིན་པས་གྲོང་མི་གཞན་དང་བསྡུར་ན་ལས་བསོད་ཅན་གྱི་མི་ཞིག་ཡིན་ཞེས་བཤད་ཆོག

  དབང་མཚོ་དང་ཁོ་གཉིས“གངས་ཀྱི་ཕོ་བྲང”ཞེས་པའི་བོད་ཟས་ཁང་ཞིག་ནས་འཛོམས་པ་དང་། ཁོས་ཆུ་ཚོད་ཕྱེད་ཀའི་སྔོན་དུ་སྒེའུ་ཁུང་གི་འགྲམ་གྱི་འདུག་གནས་ཤིག་ནས་མོ་བསྒུགས། ཕྱི་རོལ་ཏུ་བལྟས་ཚེ་ཁ་བའི་འདབ་མ་དག་སར་མ་ལྷུང་གོང་ནས་རྡུལ་རླུང་འཚུབ་མར་ཐིམ་སྟེ་མི་སྣང་བར་གྱུར་འགྲོ་བ་དང་། སྐྱེ་བོ་རེ་གཉིས་ཡར་མར་དུ་འགྲོ་བཞིན་པ་དག་གི་ཁྲོད་ནས་འབྲོག་པ་ཚོས་སློག་ཚར་གྱིས་མགོ་བཏུམས་ཤིང་། གཞན་དག་གིས་ལག་གི་ཁུག་མའམ་དངོས་པོས་གདོང་བཀབ་སྟེ་འགྲོ་བ་མཐོང་།

  བོད་ཟས་ཁང་དེར་ཁོ་ལས་གཞན་ཟས་ཅོག་གཉིས་ཀྱི་མགྲོན་པོ་ལས་མེད་ལ། གཅིག་ནི་སྐད་མཐོན་པོས་ཏག་སེ་རྩེད་བཞིན་པའི་གཞོན་ནུ་འགའ་དང་། གཞན་དེ་ནི་ཁ་པར་ལ་ཅེར་བཞིན་ཁ་རྩོད་དྲག་པོ་བྱེད་ཀྱིན་པའི་གྲྭ་པ་འགའ་རེད། དབང་མཚོ་ནང་དུ་སླེབས་དུས་ཁོ་ཚོས་མོ་ལ་ཇི་ལྟར་མཉམ་འཇོག་བྱས་པ་ཁོས་མ་ཤེས་ཀྱང་། དབང་མཚོས་གདོང་དཀྲིས་དམར་སྐྱ་དེ་དཀྲོལ་ནས་ཁོའི་ཁ་སྤྲོད་དུ་ལྷོད་པོར་སྡོད་དུས་ཁོ་ཚོས་སྐབས་དང་སྐབས་སུ་མིག་ཟུར་གྱིས་ཁོང་གཉིས་ལ་ལྟ་བཞིན་པ་གསལ་པོར་མཐོང་ཐུབ།

  འདི་ནི་དབང་མཚོས་ཁང་པ་ཆུང་ངུ་དེར་གནས་སྤོས་རྗེས་སྐྱེ་བོ་གཞན་ཞིག་ལ་ཕྱི་རོལ་ནས་ཐེངས་དང་པོར་དུས་བཏབ་པ་ཡིན།

  ཞབས་ཞུ་མས་དབང་མཚོར་དཀར་ཡོལ་འབྲུག་རིས་མ་ཆུང་ངུ་ཞིག་གི་ནང་དུ་འོ་ཇ་བླུགས་ཤིང་། ཁོའི་དཀར་ཡོལ་གྱི་ནང་དུའང་འོ་ཇ་བསྣན་རྗེས“ཁྱེད་གཉིས་ཀྱིས་ཟས་ཅི་ཞིག་བཟའ་རྒྱུ”ཟེར།

  ཁོས“ཅུང་ཙམ་གྱི་རྗེས་ནས་མངག་ཆོག”ཅེས་སྨྲས།

  ཞབས་ཞུ་མ་ཕར་སོང་རྗེས་དབང་མཚོས་ལག་ཟུང་གིས་འགྲམ་པ་གཉིས་ཀར་གླན་ཙམ་བྱས་ཏེ་ངག་སྒོ་ཕྱེ།

  དབང་མཚོའི་སྐད་མགོ་ཤིན་ཏུ་དམའ་ནའང་ཚིག་རེ་རེ་ངག་ནས་ཟློ་བའི་སྒྲ་གདངས་ཧ་ཅང་གསལ་ཅིང་། སྨྲ་ལྕེར་ཐོགས་པ་མེད་པ་དང་། ལྷག་པར་དུ་མོའི་མཆུ་རྩི་གློ་ཁས་བྱུགས་པའི་མཆུ་སྒྲོས་མཉེན་ཅིང་སྲབ་པ་འགུལ་འགུལ་བྱེད་དུས་གང་བཤད་པ་ཐམས་ཅད་བདེན་པ་ཡིན་ལ། ཡིད་ཆེས་ཆོག་པ་ལྟ་བུ་ཞིག་ཏུ་འདུག དེ་དང་བསྡུར་ན་གམ་གྱི་གཞོན་ནུ་དེ་ཚོ་དང་གྲྭ་པ་དེ་ཚོའི་སྐད་གདངས་ཇི་ལྟར་མཐོ་ཞིང་དག་ནའང་ཆུ་ཁའི་ཝུ་བ་ལྟར་སོབ་སོབ་འཕྱུར་བ་མ་གཏོགས་གཏིང་ནས་ལྷོག་ལྷོག་ཏུ་གདུས་པ་ཞིག་མིན་པར་འདུག

  “དེ་རིང་འུ་གཉིས་འཛོམས་ནས་ང་ལ་མང་པོ་ཞིག་བཤད་རྒྱུ་མེད། ངས་མི་ཞིག་དང་འཕྲད་དེ་སྐད་ཆ་འགའ་བཤད་འདོད་པ་ཙམ་ཡིན། ངས་ཚིག་གང་ཡང་ཁྱོད་ལ་འཛེམ་དོགས་མེད་པར་བཤད་ཆོག་པར་སྙམ་ཡོད། ཡིན་ཡང་ཁྱོད་དང་འདི་ལྟར་ངོ་འཕྲད་ཚེ་དོན་དུ་ཅི་ཞིག་བཤད་དགོས་པའང་མི་ཤེས”

  མོ་ལུས་པོ་ལྟག་ཀར་དགྱེ་བཞིན་དུ་འཛུམ་ཙམ་བྱས།

  ཁོའི་ངག་ལས་དབང་མེད་དུ“ཁྱོད་བདེ་མོ་ཡིན་པ་ཤེས་པས་ང་རང་དགའ་ཡོད”ཟེར་བའི་ཚིག་ཅིག་ཐལ་བ་དང་། དེ་འཕྲལ་ཅི་ཞིག་བཤད་དགོས་པ་མ་ཤེས་པར་སྟོད་གོས་ཀྱི་ཁུག་མའི་ནང་ནས་ཐ་མག་བླངས་ཏེ་རྐང་གཅིག་འཐེན།

  མོས་ཁོ་རང་དོགས་བདེ་བཞིན་མེད་པ་དང་ཅུང་འཚབ་བཞིན་པ་མཐོང་ནས་ཀུ་རེ་རྩེ་བའི་ཉམས་དང་བཅས“ངའང་རྐང་གཅིག་སྟེར་རོགས”ཟེར་ཅིང་། ཡང“གལ་སྲིད་རྫོང་མཁར་འདི་མིན་པར་གནས་གཞན་ཞིག་ཏུ་ཡོད་ཚེ་ངས་ཀྱང་ཐ་མག་འཐེན་སྲིད”ཟེར།

  “ཡ། རྗེས་སུ་འུ་གཉིས་གནས་གཞན་ཞིག་ལ་ཆེད་དུ་ཐ་མག་འཐེན་དུ་འགྲོ”

  རྒྱུ་མཚན་ཅི་ཡིན་མི་ཤེས་མོད། སྐད་ཆ་དེ་ལྷོད་ཆ་མེད་པ་དང་ཅུང་ཨུ་ཚུགས་བྱེད་པ་ལྟར་ངག་ལས་ཤོར་བས་ཁོས་དེ་འཕྲལ་ངང་ཚུལ་དེ་བཅོས་པའི་ཚུལ་གྱིས“ཟས་ཅི་ཞིག་བཟའ་རྒྱུ། དེ་རིང་ངས་མགྲོན་བྱེད”ཅེས་སྨྲས།

  ཁོ་ལ་མཚོན་ན་ཉིན་འདི་གར་དབང་མཚོ་དང་འཕྲད་ཡོང་བསམ་པ་མེད་ལ། གལ་སྲིད་མོ་རང་ཐག་རིང་ནས་མཐོང་ནའང་མ་ཤེས་ཁུལ་གྱིས་བྱོལ་ཏེ་འགྲོ་སྲིད་མོད་མོས་ཁོ་ལ་དུས་བཏབ་པ་དེས་ཁོ་རང་ཅི་བྱེད་ཆ་མི་འཚལ་བ་ཞིག་ཏུ་བཏང་། ལྷག་པར་དབང་མཚོའི་ཁྱོ་ཀ་འདས་དུས་དང་། མོ་རང་ཁེར་རྐྱང་དུ་ཁྱིམ་ནས་འབུད་དུས། མོས་གཞན་ལ་ཤེལ་དམ་གྱིས་གཞུ་བའི་འགུལ་བརྙན་གང་སར་ཁྱབ་དུས་སོགས་ཐམས་ཅད་དུ་ཁོ་རང་མོ་སར་སེམས་གསོ་གཏོང་བར་འགྲོ་ཐུབ་མེད། ནོངས་པ་དེའི་རྐྱེན་པས་ཁོའི་སེམས་ནས་རང་ཉིད་ནི་མོའི་ནང་མི་ཞིག་ནས་ཕྱི་མི་ཞིག་ཏུ་གྱུར་ཡོད། དེ་བས་ཉིན་འདིར་མོས་ཁོ་ལ་དུས་འདེབས་དོན་ནི་སླར་ཡང་ནང་མི་ཞིག་ཏུ་བརྩིས་པ་ཨེ་ཡིན་ནམ་སྙམ་ནས་ཡིད་སེམས་དོགས་པས་ཁེངས།

  “དེ་རིང་ངས་མགྲོན་བྱེད། ཡིན་ཡང་ངས་ཁྱོད་སུན་པོ་མི་བཟོ་བར་སྨོན”

  དབང་མཚོས་འཛུམ་ཆུང་ཞིག་སྟོན་ཞོར་དུ་དེ་ལྟར་ཟེར་དུས་སྐད་ལ་ཅུང་འདར་ཆ་བབས་འདུག་ནའང་། ཇ་ཧུབ་གང་འཐུང་རྗེས་སླར་ཡང་ལྷོད་ལ་བབས།

  མོའི་མཛེས་པའི་ཞལ་ནི་སྔོན་ཆད་ལྟར་བཀྲག་མདངས་རྒྱས་ཤིང་དགའ་བདེའི་ཚོར་བས་ཕྱུག་པ་ཞིག་མིན་ནའང་། ཐགས་བཟང་བའི་སོ་ཕྲེང་དང་། དཀར་ལ་དམར་ཤ་འདྲེས་པའི་ངོ་གདོང་། ལྷོད་ཅིང་སྙན་པའི་སྐད་སྒྲ། དྲང་ཞིང་ལྡེམ་པའི་གཟུགས་པོ་སོགས་ལས་མོ་རང་མཛེས་མ་ཞིག་ཡིན་པ་ཤེས་ཐུབ་ལ། ལྷག་པར་དུ་རྫོང་མཁར་འདིའི་སྐེད་པ་སྦོམ་པོ་ཅན་དང་། བརླ་ཤ་མཐུག་པོ་ཅན། རྒྱབ་སྒུར་བོ་ཅན། གདོང་ནག་དྲེག་གིས་ཟིན་པའི་བུད་མེད་དག་མཐོང་རྗེས་ད་གཟོད་དབང་མཚོ་ལྟ་བུ་ཞིག་གནས་འདིར་ཤིན་ཏུ་དཀོན་པ་ཤེས་ངེས།

  ཡིན་ནའང་ཤིན་ཏུ་དཀོན་པ་གང་དེ་ནི་ཀུན་གྱིས་རེག་ཅིང་ཕུར་ནས་ནག་པོར་གཏོང་ངེས་པ་དང་། ཡང་ན་ཀུན་གྱིས་གླེང་ནས་ཅི་ཡིན་འདི་ཡིན་མིན་པ་ཞིག་ཏུ་གཏང་སྲིད་པ་རེད། དེ་བས་དབང་མཚོའི་ཁ་གཏད་དུ་སྡོད་དུས་དབང་མཚོ་ནི་ཅི་འདྲ་རེད་ཅེ་ན་མོའི་བྱད་དབྱིབས་དང་རྣམ་འགྱུར། ཆ་ལུགས། སྨྲ་བརྗོད་སོགས་མ་གཏོགས་མོའི་ནང་སེམས་ཀྱི་གཏིང་ཟབ་སར་བསྐུངས་ཡོད་པ་དེ་དོན་དུ་ཅི་ཞིག་ཡིན་པ་ཁོས་ཤེས་མ་བྱུང་། ཡང་གཅིག་བཤད་ན་དབང་མཚོའི་སྐོར་ལ་མཆུ་ཏོའི་རླུང་འཚུབ་ལྡང་དུས་ཁོ་ནི་ཁ་རོག་གེར་འདུག་མཁན་གྱི་གྲས་ཡིན།

  ཞབས་ཞུ་མས་སླར་ཡང་ཁོང་གཉིས་ཀྱི་གམ་དུ་ཡོང་སྟེ་ཟས་མངགས་པར་སྐུལ་དུས་དབང་མཚོས་ཟས་ཅི་ཞིག་ཡིན་ཡང་ཁྱད་པར་མེད་ཟེར་བས་ཁོས་ཁོ་གཉིས་ལ་འབྲོག་ཐུག་རེ་དང་། ཤ་པ་ལི། ཞོག་ཁོག་བརྔོས་མ་བཅས་མངགས།

  ཟ་ཁང་གི་ནང་དུ་བདུད་བྷེས་བླངས་པའི《སྐལ་བཟང་སྒྲོལ་མ》ཞེས་པའི་རྡུང་ལེན་དེ་གྲགས་ཤིང་། སྒྲ་ཧ་ཅང་མཐོ་བས་གམ་གྱི་མི་དེ་དག་གི་སྐད་ཅོར་ཡང་མི་གསལ་བར་བྱས།

  དབང་མཚོས་ལུས་པོ་མདུན་དུ་སྣུར་ཙམ་བྱས་ཏེ།

  “འདི་ཚང་གིས་ཁ་བརྡ་ཡག་པོ་ཞིག་བྱེད་དུ་མི་འཇུག་པ་འདྲ། ཡིན་ནའང་འདི་ལས་འགྲོ་ས་གཞན་གང་ཡང་མི་འདུག”ཟེར།

  ཁོས་ཅུང་ཙམ་དོགས་མི་བདེ་བའི་ཚུལ་གྱིས“ཁྱོད་ཀྱི་གནས་ཚུལ་ཚང་མ་ངས་གོ་བྱུང་། ཡིན་ཡང་ང་ལ་ཁྱོད་སར་བཅར་བའི་སྤོབས་པ་མ་བྱུང་། དྲང་མོར་བཤད་ན་ཁྱོད་ཀྱིས་ང་ལ་ལྟ་ཚུལ་ཅི་འདྲ་བཟུང་ཡོད་པའང་མི་ཤེས། ཡིན་ནའང་གཞན་གྱིས་ཁྱོད་ལ་ཚིག་འདྲ་མིན་བཤད་དུས་ང་རང་དངོས་གནས་སྐྱིད་མ་བྱུང”ཅེས་སྨྲས།

  སྐབས་དེར་མོའི་ལྭ་བའི་ཁུག་མའི་ནང་གི་ཁ་པར་གྱི་སྒྲ་གྲགས་བྱུང་ལ་ཁ་པར་ཡར་བླངས་རྗེས་འཆར་ངོས་ལ་གནོན་ཙམ་བྱས་ཏེ་ཟས་ཅོག་ཏུ་ཁ་མར་བསྐོར་ནས་བཞག མོས་ཅུང་འཛུམ་པ་དང་བཅས“སྐྱོན་མེད། མི་མི་ཁས་ཤི་བའི་དཔེ་མེད”ཟེར།

  “དངོས་གནས་རེད”

  ཁོས་དེ་ལྟར་ཟེར་བཞིན་སླར་ཡང་ཐ་མག་རྐང་གཅིག་ལ་མེ་བསྒྲོན་ཅིང་། མུ་མཐུད་དུ་མོའི་སྐོར་གླེང་བའི་སྤོབས་པ་མ་བྱུང་བར་ཕྱི་རོལ་ལ་བལྟས་ནས“ད་ལོའི་རླུང་འཚུབ་ནི་ན་ནིང་ལས་ཀྱང་ཆེ་བ་འདྲ”ཞེས་སྨྲས།

  “ཁྱི་ལྡོམ་འདི་དག་ཀྱང་གང་ནས་སླེབས་པ་མི་ཤེས། གོ་ཐོས་སུ་འབྲོག་ཁྱིའི་གོང་མར་ཆག་པས་འབྲོག་ཁྱི་མང་པོ་ཉོས་པའི་ཚོང་བ་འགའ་ཞིག་གིས་ར་བའི་ནང་གི་འབྲོག་ཁྱི་ཚང་མ་དུས་གཅིག་ལ་ཕྱི་ལ་བཏང་བ་རེད་ཟེར། གལ་སྲིད་ཁོ་ཚོས་འབྲོག་ཁྱི་དེ་དག་རྒྱ་ནང་ལ་དྲུད་ནའང་ཁྱི་ཤ་བྱས་ཏེ་བཙོང་བ་ལས་ཐབས་མེད་ཅིང་། དབོར་སྟབས་མི་བདེ་བ་དང་དབོར་བའི་རིན་གོང་ཆེ་བར་བསམ་ནས་འགའ་ཞིག་གིས་ལས་སླ་མོ་དེ་བདམས་པ་རེད་ཟེར། བདེན་མིན་སུས་ཤེས”

  མོས་དེ་ལྟར་སྨྲས་རྗེས་ཁོས་ཀྱང་དེའི་སྐོར་ནས་ཚིག་འགའ་སྨྲས་ཤིང་། ཉིན་འདི་གའི་རྫོང་མཁར་འདིའི་གླེང་གཞི་དག་སྟེ་ལུག་ཤའི་རིན་གོང་མར་ཆག་པ་དང་། རྒྱན་པོ་འགྱེད་མཁན་འགའ་ཞིག་སྤྲང་པོར་གྱུར་བ། རྩྭ་ས་ཆེན་པོ་ཞིག་ལ་མེ་ཤོར་བ་སོགས་གླེང་།

  ཞབས་ཞུ་མས་ཟ་མ་ཁྱེར་ཡོང་བ་དང་། དབང་མཚོས་སྒྲོ་ལྭ་ཁམ་སྐྱ་མཐུག་ཅིང་ཡང་བ་དེ་ཕུད་ཅིང་སྔོན་མའི་འདུག་སྟངས་དེས་ཅུང་ངལ་བར་བྱས་པ་དང་འདྲ་བས་དེ་བརྗེས་ནས་ཅུང་ཟུར་དུ་བསྡད།

  གང་ལྟར་དེའི་རྗེས་སུ་མོ་རང་ཅུང་མི་བདེ་བར་གྱུར་བ་འདྲ་སྟེ། མོའི་གདོང་གི་རྣམ་པར་འགྱུར་བ་གང་ཡང་མེད་མོད་ཡང་ནས་ཡང་དུ་འདུག་སྟངས་རྗེ་བ་དང་། ཟས་ཁམ་འགའ་ཟོས་རྗེས་བསྟུད་མར་དབུགས་རིང་བོ་འགའ་ལེན་དགོས་བྱུང་ཞིང་། མཐར་ཞབས་ཞུ་མའི་ས་ནས་ཆུ་འཁྱག་ཕོར་བ་གང་བླངས་ཏེ་འཐུང་རྗེས་གསང་སྤྱོད་དུ་བརྒྱུགས་སོང་།

  ཕྱིར་འོངས་རྗེས་མོའི་གདོང་མདོག་ཀྱང་ཅུང་མི་ལེགས་པར་གྱུར་འདུག་ལ། ཁ་པར་ཡང་བསྟུད་མར་ཐེངས་འགར་གྲགས་པས་དེས་མོ་རང་སུན་པོར་བཟོས་པ་དང་འདྲ་བར་ཁ་བརྡ་བྱེད་འདོད་ཀྱི་འདུན་པ་ཉམས་ཤིང་རེ་ཞིག་ཁ་རོག་གེར་བསྡད། མཐར་མོས“འུ་གཉིས་མོ་ཊ་བཏང་སྟེ་རྫོང་མཐར་འཆམ་འཆམ་ལ་སོང་ན་ག་འདྲ་འདུག འདིའི་ནང་ནས་མི་སྐྱིད་པར་འདུག”ཟེར།

  ཁོ་དང་དབང་མཚོ་གཉིས་དབང་མཚོའི་མོ་ཊར་བསྡད་དེ་རྫོང་མཁར་ལས་བྲལ་ཏེ་མགྱོགས་པོར་བརྒྱུགས། ཁ་དོག་སྐྱ་བོར་གྱུར་བའི་སྤང་རྩྭ་དང་། ཕྱེད་ཀ་བྱེ་མ་དང་ཕྱེད་ཀ་ས་ནག་ཡིན་པའི་དེའུ་འབུར། ཁང་པའི་དབྱིབས་དང་འདྲ་བའི་རས་གུར་གྱི་ཚོགས། འབར་ཞུན་སྒམ་ཆུང་དག་གྲ་དག་པོར་བསྒྲིགས་པ་འདྲ་བའི་འབྲོག་སྡེ་གསར་བ། མཐའ་སྲུང་དམག་མི་དག་ཡར་ལང་བ་དང་འདྲ་བའི་གློག་སྡོང་དང་མཐའ་མེད་པར་ཀུན་ཏུ་བྲེས་པའི་གློག་གི་སྐུད་པ། ཐག་རིང་ན་རྩེ་མོ་ཁ་བས་གཡོགས་པའི་རི་བོ། དེ་དག་ཐམས་ཅད་དེབ་ཀྱི་ཤོག་ངོས་སློག་པ་བཞིན་མིག་མདུན་དུ་རེ་རེ་བཞིན་བཀྲམས་ཡོང་དུས་ཁོ་ལ་ལྟད་མོ་མང་དྲགས་ཏེ་ཅུང་ཟད་ཁོང་དུ་ཆུད་དཀའ་བའི་ཚོར་བ་བྱུང་བ་དང་། ཡང་ན་དེ་དག་ལ་གཡེང་ནས་བསྡད་ཚེ་དབང་མཚོ་གཅིག་པུར་བཞག་པ་དང་འདྲ་བས་ཁོས་ཁོང་གཉིས་བར་གྱི་ལྷིང་འཇགས་ཀྱི་སེང་རས་དེ་དབྲལ་བ་ཇི་བཞིན“འུ་གཉིས་གང་དུ་འགྲོ་རྒྱུ”ཟེར།

  དབང་མཚོས“ངས་ཀྱང་མི་ཤེས། སོང་གིན་སོང་གིན་སླེབ་ས་ཞིག་ལོས་ཡོད”ཟེར་ཅིང་གཏམ་དེ་ཀུ་རེ་ཡིན་པ་མཚོན་བྱེད་དུ་དགོད་ཙམ་བྱས།

  ཁོ་རང་དབང་མཚོས་འཚུབ་ཆ་མེད་པར་མོ་ཊ་ཡག་པོར་གཏོང་བ་དང་། མོ་ཊར་བསྡད་རྗེས་དེ་སྔའི་ཟ་ཁང་ནང་གི་ཚོར་བ་མི་བདེ་བ་དེ་རྨང་ནས་ཡལ་བར་ཅུང་ཙམ་ཧ་ལས་ཡོད་ནའང་། ཁོས་རྒྱུ་མཚན་གང་རུང་གི་རྐྱེན་པས་རྣམ་འགྱུར་དེ་ཕྱིར་མངོན་དུ་མི་འཇུག ཚུལ་དེར་བལྟས་ན་ཁོ་རང་དབང་མཚོའི་བྱ་བྱེད་དེ་དག་ལ་དུས་སྔ་མོ་ནས་གོམས་ཡོད་པ་དང་འདྲ།

  དབང་མཚོས་མོ་ཊའི་སྔོན་གྱི་མཛུབ་གནོན་ཞིག་སྒུལ་ཙམ་བྱས་རྗེས་གཞས་མ་ཟླ་སྒྲོན་གྱི་གཞས་སྐད་མཆེད་པ་དང་། དེ་དང་ཆབས་ཅིག་མོ་ཊའི་མདུན་ཧྲིལ་བོ་དྲོད་རླུང་གིས་བཟུང་བས་དབང་མཚོའི་གདོང་ལ་དེ་སྔ་ཟ་ཁང་ནས་མི་མཐོང་བའི་འཛུམ་ཆུང་ངུ་ཞིག་བྱུང་། མོས་གདོང་དཀྲིས་དཀྲོལ་ནས་འདུག་སྟེགས་ཀྱི་རྒྱབ་ཏུ་བཞག དེ་ནི་འཛུམ་ཆུང་དེ་ཆེད་དུ་ཁོ་ལ་སྟོན་པ་དང་ཡང་འདྲ།

  “ཆུ་ལ་ཡིག་ཆུང་བསྐུར་བས།། གཏམ་ལ་གསལ་ཆ་མ་བྱུང་།། ཡིན་ཡང་ཆུ་དང་ཉ་མོ།། ཐུགས་ལ་འཇོག་རོགས་གནང་དང་།། … …”

  གཞས་མ་ཟླ་སྒྲོན་གྱི་ཅུང་དམའ་ཞིང་རྩུབ་ཤས་ཆེ་བ་དང་ཅུང་ཙམ་སྐྱོ་སྣང་ཉམས་དང་ལྡན་པའི་དུས་རབས་སྔོན་མའི་སྐད་གདངས་དེ་དེང་གི་འགྱུར་ཁུགས་གསལ་ཅིང་སྒྲ་རྒྱུ་བཟང་བའི་གླུ་དབྱངས་དག་དང་བསྡུར་ན་དེ་ཙམ་གསལ་བོ་དང་ལྡིར་ལྡིར་དུ་གྲགས་པ་ཞིག་མིན་ནའང་། དེ་ནི་ཡུན་རིང་བོར་སྣོད་དུ་ཉར་བའི་བརྩེ་འཕྲིན་ཞིག་ཕྱིར་ཀློག་པ་དང་འདྲ་བར་མིའི་དྲན་པའི་གཞུ་མོ་འདས་པའི་འདས་དུས་ཀྱི་འོབས་རིང་ནང་དུ་འགུག་བྱེད་ཅིག་ཡིན་པས། ཁོས་དབང་མཚོའི་གདོང་གི་དམར་མདངས་ལས་མོའི་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བཞིན་པ་ཤེས་པ་དང་། མོའི་གཡས་ཕྱོགས་སུ་སྡོད་པའི་མི་ཕོ་ཁོ་རང་ཉིད་ཀྱང་ཕྱིར་དྲན་གྱི་གཟེབ་ཏུ་ཚུད་པ་ཤེས་སོང་།

  ཡིན་ནའང་ཕྱིར་དྲན་གྱི་གཟེབ་ཏུ་ཚུད་འཇུག་པ་ནི་སྐྱེ་བོ་སུ་ལ་མཚོན་ནའང་ཅུང་ཙམ་དོགས་མི་བདེ་བ་ཞིག་ཡིན་ཏེ། དེའང་ཕྱིར་དྲན་གྱི་ཀློང་གི་དུས་ཚོད་ནི་སྔར་གྱི་ཁ་མལ་ན་ཡོད་མོད་ཕྱིར་དྲན་བྱེད་པ་པོ་ནི་དུས་ཚོད་དེ་ལས་བུད་ནས་སྔར་གྱི་དེ་དང་ཤིན་ཏུ་མི་འདྲ་བ་ཞིག་ཏུ་གྱུར་ཡོད། དེ་བས་ཟླ་སྒྲོན་གྱི་གཞས་སྐད་དང་ལྷན་ཅིག་དབང་མཚོའི་གདོང་གི་འཛུམ་དེའང་ཡལ་ནས་ཧ་ཅང་གཟབ་ནན་གྱི་ཉམས་ཤིག་མངོན། ཁོས་དེ་མཐོང་ནས་སྐད་ཆ་ཞིག་བཤད་འདོད་སྐྱེས་ནའང་མགྲིན་པ་ནི་ཅི་ཞིག་གིས་བསྒགས་པ་དང་འདྲ་བས་ཚིག་རྣམས་སླར་ཡང་ཁོག་པར་མིད།

  དབང་མཚོ་ནི་གློ་བུར་ནང་དུ་སླེབ་པའི་གཟབ་ནན་གྱི་ངང་ཚུལ་དེ་ལ་བྱོལ་འདོད་པ་འདྲ་སྟེ་རོལ་མོ་གཟིམས་ནས་ལུད་པ་ལུ་ཙམ་བྱས་པ་དང་། “དེང་སང་གཞས་འདིའི་རིགས་ལ་ཉན་ན་ཅུང་མི་འཚམ་པ་ཞིག་ཡིན་ཡང་སྲིད”ཟེར།

  ཡིན་ནའང་ཁོང་གཉིས་ཀས་ཤེས་པ་ནི། ལོ་ངོ་དུ་མའི་སྔོན་གྱི་འདས་དོན་གྱི་མེ་ཏོག་ཅིག་ཟིལ་བ་ཁྲོམ་མེར་ཁོང་གཉིས་ཀའི་ཕྱིར་དྲན་གྱི་ལྡུམ་ར་དེར་སྐྱེས་ཡོད་ལ་མེ་ཏོག་དེ་ཉིད་འདས་དོན་མཐའ་དག་ལས་ཁ་དོག་ཤིན་ཏུ་གསལ་བ་དང་ཁོང་གཉིས་ཀས་དྲན་པ་ཙམ་གྱིས་མཐོང་ཐུབ་པ་ཞིག་ཡིན། གལ་སྲིད་ཁོང་གཉིས་ལས་སུ་ཞིག་གིས་ཐོག་མར་མེ་ཏོག་དེའི་སྐོར་གླེང་ན་དེང་འདིར་སོ་སོའི་སེམས་ནང་ན་ཕན་ཚུན་ལ་གོ་གནས་ཅི་འདྲ་ཡོད་པའང་ངང་ངམ་ཤུགས་ཀྱིས་རྟོགས་སྲིད། དེ་བས་སུས་ཀྱང་མེ་ཏོག་དེའི་སྐོར་མི་གླེང་བར་འབྲེལ་མེད་དོན་གཞན་དང་ཡང་ན་མ་འོངས་པའམ་ད་ལྟ་བའི་དོན་ཕྲན་ཚེགས་རེ་བཤད་ནས་ཁ་དཀྲི་ཐབས་བྱེད་པ་ནི། འགྱིག་པ་བཟང་པོ་གཉིས་ཀྱིས་འགྱིག་རྡེའུ་ཆུང་ཆུང་རྣམས་འདེད་བཞིན་སོ་སོའི་བསམ་ཚུལ་གྱི་ཟུར་ཙམ་རྟོགས་ཨེ་ཐུབ་ལྟ་བ་དང་གཉིས་སུ་མ་མཆིས།

  ཁོང་གཉིས་ཀས་ཕན་ཚུན་ལ་དམིགས་པ་གཏད་བཞིན་ཅི་བྱེད་ཆ་མ་འཚལ་བར་ཡོད་པའི་སྒང་ལ། སྣུམ་ལམ་ཡག་པོ་དེ་གཤང་གཤོང་མང་བ་དང་ངོས་མི་སྙོམས་པ་ཞིག་ཏུ་གྱུར་ལ། སྐབས་འགར་གོམ་པ་བཅུ་ཕྲག་འགའི་མཚམས་སུ་ས་ལམ་ཁོ་ནར་སྣང་། མོ་ཊ་ཅུང་ཙམ་ལྡེམ་སྟེ་འདུག་སྟེགས་ནས་ཡག་པོར་སྡོད་མི་ཐུབ་པའི་སྐབས་དང་ལྷན་ཅིག་ཁོས་ལག་པ་གཡོན་པས་དབང་མཚོའི་དཔུང་བར་འཕྲད་ཙམ་བྱས། དབང་མཚོས་ཁོ་ལ་བཀྱེད་ཀྱིན་མོ་ཊའི་དཀྱོགས་འཁོར་ལ་སྔར་ལས་དམ་པོར་འཇུས།

  “འུ་གཉིས་དོན་དམ་གང་དུ་འགྲོ་བ་ཡིན”ཁོས་མོ་ལ་སླར་ཡང་དེ་ལྟར་དྲིས།

  “ངས་ཀྱང་མི་ཤེས”ཐེངས་འདིར་མོའི་གདོང་ནི་ཁ་སེར་ཅིང་གཏིང་ནག་པའི་སྤྲིན་པ་ཞིག་དང་འདྲ་བས་ཁོ་ལ་འཚུབ་ཆ་ལངས་ཏེ་འདུག་སྟངས་ལས་ཡར་ལང་ལ་ཁད་ཅིག་བྱས།

  རིམ་གྱིས་ལམ་ཇེ་ཡག་ཏུ་སོང་བ་དང་། ཡལ་ཀ་གཉིས་སུ་གྱེས་པ་ལས་མོས་གཡས་ཕྱོགས་སུ་ཡོད་པ་དེ་བདམས། ཁོས་ད་གཟོད་ཐག་རིང་ལ་འགྲོ་བ་མིན་པ་ཤེས།

  དེ་ལྟར་ལྷིང་འཇགས་དང་གཟབ་ནན། སྨྲ་བ་མེད་པའི་ངང་ནས་ཁོང་གཉིས་ཀྱིས་ཆུ་ཚོད་ཕྱེད་ཀའི་རིང་གི་དུས་ཚོད་མོ་ཊ་ནས་བསྐྱལ་རྗེས་ད་གཟོད་ཁྱིམ་མཚེས་ཀྱི་རྫོང་མཁར་དུ་སླེབས་པ་དང་། མོས་ཧ་ཅང་བྱང་ཆ་ལྡན་པའི་ངང་དུ་ལམ་ཕྲན་ཞིག་དེད་དེ་གཞིས་ཁུལ་ཆེན་པོ་ཞིག་ཏུ་འཛུལ།

  གཞིས་ཁུལ་དེར་ཁང་བརྩེགས་དྲུག་ཙམ་ཡོད་ལ། མོས་ཁོ་རང་གྲལ་རྗེས་མའི་བརྩེགས་རིམ་གསུམ་པའི་ཁང་པ་ཞིག་ཏུ་ཁྲིད།

  ཁང་པ་དེའི་སྒོ་ཕྱེ་མ་ཐག་ཁོས“འདི་ནི་ཁྱོད་ཀྱིས་བཤད་པའི་རྫོང་མཐར་འཆམ་འཆམ་དུ་འགྲོ་བ་ཞེས་པ་དེ་ཡིན་ནམ”ཞེས་སྨྲས།

  ཁང་པ་དེའི་ནང་དུ་ཁང་མིག་ལྔ་ཡོད་ནའང་ཉལ་ཁང་དང་ཁྲུས་ཁང་། གཡོས་ཁང་བཅས་ལས་ཁང་མིག་གཞན་གཉིས་ལ་མཛེས་སྤྲས་བྱས་མེད། དེ་བས་ཉལ་ཁང་གི་ཉལ་ཁྲིའི་གམ་དུ་འབོལ་ཁྲི་དམར་པོ་ཞིག་དང་ཤེལ་གྱི་མདུན་ཅོག་ཆུང་ངུ་ཞིག་བཞག་འདུག་ལ། གྱང་ངོར་བརྙན་འཕྲིན་ཆུང་ངུ་ཞིག་ཀྱང་བཀལ་འདུག བརྙན་འཕྲིན་གྱི་ཀླད་དུ་སྡོམ་གྱི་དྲ་བའང་བྲེས་ཡོད་པ་དང་ཤེལ་གྱི་མདུན་ཅོག་གི་སྟེང་ལ་ས་རྡུལ་བབས་འདུག

  མོས་ཁང་མིག་གཞན་ཞིག་ནས་ལག་ཕྱིས་ཤིག་རློན་པར་བཏང་སྟེ་མདུན་ཅོག་གཙང་མར་ཕྱིས་ཤིང། ཁོ་ཡར་ལང་དུ་བཅུག་སྟེ་འབོལ་ཁྲིའི་སྟེང་གི་ས་རྡུལ་ཡང་འབྱིད་ཙམ་བྱས། དེ་ནས་གློག་དེམ་ཞིག་ཁྱེར་ཡོང་སྟེ་ཆུ་བསྐོལ།

  དེའི་རྗེས་སུ་ཁོ་ལ་ཇ་ཤེལ་དམ་གང་བླུགས་ནས། “ད་ལྷོད་པོར་སྡོད། ཟ་ཁང་དེའི་ནང་ནས་ངོ་མ་མི་སྐྱིད་པར་འདུག ཡ། ད་ནི་བཤད་འདོད་པ་ཅི་ཡོད་ན་ཤོད”ཟེར་ནས་དགོད་ཙམ་བྱས།

  ཁོས་མོ་ལ་ལན་ཅིག་བསློག་འདོད་ནའང་འགྱུར་ལྡོག་མང་བའི་གདོང་གི་ཉམས་དེར་མྱུར་བར་ལོབས་དཀའ་བར་གྱུར་བས་མོའི་འདོད་པ་བཞིན་ལྷོད་ལ་འབབ་མ་ཐུབ་པར་ཅུང་བྲེལ་བ་ལང་བཞིན་དུ། “ཁང་པ་འདི་ཁྱོད་ཀྱི་ཡིན་ནམ”ཞེས་སྨྲས་པ་དང་ཚིག་དེ་སྒོར་ཤོར་རྗེས་ད་གཟོད་དེ་ནི་ཁོས་ཆེས་བཤད་འདོད་པ་དེ་མིན་པ་ཤེས།

  “ང་ལ་འདིར་ཁང་པ་ཞིག་ཡོད་པ་ནི་ངའི་གསང་བ་ཞིག་ཡིན། ཁྱོད་ཀྱིས་ཀྱང་གསང་བ་དེ་བསྲུང་རོགས། ཡིན་ཡང་ང་འདིར་མ་ཡོང་བར་ལོ་ཕྱེད་འགོར་ཟིན”

  མོས་དེ་ལྟར་བཤད་ཀྱིན་མྱུར་བར་ཁོའི་གམ་ལ་བཅར་ཏེ་ཁོའི་འགྲམ་པ་འོ་བྱེད་པའི་ཚུགས་ཀ་ཞིག་བྱས་པ་དང་དེ་ནས་མྱུར་བར་ཁོ་ལ་བཀྱེད་ནས་གད་མོ་བགད།

  ཁོ་ནི་སྔར་ལས་ཀྱང་དོགས་མི་བདེ་བར་གྱུར་ཅིང་། གྱོན་པའི་ཁུག་མ་རྣམས་རེ་རེ་བཞིན་སློག་གིན་ཐ་མག་བཙལ་ཀྱང་རྙེད་མ་བྱུང་བས་ད་གཟོད་མོ་ཊའི་ནང་ནས་ལུས་པ་ཤེས།

  དབང་མཚོས་ཁ་ཕྱིར་འཁོར་ཏེ་གོས་སྒམ་གྱི་ནང་ནས་ཐ་མག་སྒམ་ཆུང་ཞིག་ཁྱེར་ཡོང་བ་དང་། ཤེལ་གྱི་མདུན་ཅོག་གི་འོག་ན་ཐལ་རྫ་ཆུང་ངུ་ཞིག་དང་མེ་ཆ་ཞིག་ཡོད་པ་ཡར་བཞག་རྗེས“དེ་རིང་ཁྱོད་འཆོར་ས་ཞིག་ཨེ་ཡོད་ལྟོས”ཟེར།

  གློ་བུར་བའི་འགྱུར་བ་དེས་ཆུ་རྐྱལ་མི་ཤེས་པའི་མི་ཞིག་ཆུ་ཡིས་མནར་བ་དང་འདྲ་བས། ཁོས་དབང་མེད་དུ་ཕྱིར་བཀྱེད་ཅིག་བྱས་ཏེ“ཁྱོས་ང་འཇུས་ཟིན་པ་ཡིན་ནམ”ཞེས་སྨྲས།

  ཚིག་དེ་ཁོས་ཀུ་རེའི་ཚུལ་དུ་སྨྲ་འདོད་ནའང་འཛུམ་ཞིག་བསྟན་པ་དེའང་བཅོས་མ་ལྟ་བུ་ཞིག་ཏུ་གྱུར་བས་དེ་དབང་མཚོའི་རྣ་བར་ལྷུང་དུས་གཟབ་ནན་གྱི་སྐད་ཆ་ཞིག་ཏུ་གྱུར།

  དེ་བས་དབང་མཚོས་ཀྱང་ཀུ་རེ་དང་རྩེད་མཚར་གྱི་ཉམས་དེ་བསྡུས་ནས་ཁྱིམ་ཆུང་མ་ཞིག་གིས་ཁྱོ་ཀར་ལེ་བདའ་གཏོང་བ་ཇི་བཞིན། “ཡིན། ངས་ཁྱོད་ལ་དྲང་མོར་བཤད། ལོ་ངོ་མང་པོའི་སྔོན་དུ་ཁྱོད་ཚོས་ང་འཇུས་པ་རེད། ཁྱོད་ཚོས་ཁོག་ལ་ཚེར་མ་བཟུང་། ཁ་ལ་སྦྲང་རྩི་བྱུགས། གྲོས་བྱས། ཇུས་བཀོད། ཐབས་གཅིག་གིས་མ་ཐུབ་ཚེ་གཞན་ཞིག་བཀོལ་ནས་ང་རང་རི་མགོའི་སྤྱང་མོ་ཁེར་འགྲོ་ཞིག་དང་འདྲ་བར་ཡར་བདའ་མར་བདའ་བྱས། དེ་ནས་ངས་ལམ་ནོར། མགོ་འཐོམས། སྔར་ཡོང་སའི་གནས་དེའང་བརྗེད། མཐར་མགོ་ཉོག་སྟེ་ཅི་བྱེད་ཆ་མ་འཚལ་བར་གྱུར་བས། མཐར་ལུས་པོ་གཅིག་བུ་བསྲུང་ཨེ་ཐུབ་བལྟས”

  ཁང་པ་དེའི་ནང་དུ་སླེབས་རྗེས་མོ་རང་སྔོན་དང་མི་འདྲ་བར་ལྷོད་ལ་རྫོགས་མེད་ཅིག་བབས་པར་མ་ཟད་ཁ་བདེ་ལྕེ་བདེ་ཞིག་ཏུའང་གྱུར་ཅིང་མོའི་སྨྲ་ལྕེའི་ལྡེམ་མྱུར་དང་ལྷན་ཅིག་སྒོར་ཕྱུང་བའི་ཚིག་གི་མདའ་མོ་དེ་དག་ལ་ཁོ་ནི་བྱོལ་འདོད་ཀྱང་བྱོལ་ཐབས་མ་བྱུང་།

  སྐབས་འདིར་ཁོས་དབང་མཚོར་ཀུ་རེ་ཞིག་བརྩེས་ཏེ་མོའི་ཁ་བདེ་ལྕེ་བདེའི་རྣམ་པ་དེ་བཤིགས་ནས་དང་པོ་ཁོ་རང་ཉིད་ལྷོད་ལ་འབབ་པ་དང་དེའི་འཕྲོར་དབང་མཚོ་ལྷོད་ལ་འབབ་ཏུ་འཇུག་འདོད་ཀྱང་། ཁ་འཁུམས་ལག་འཁུམས་ཀྱི་ངང་ནས་ཅི་བྱེད་ཆ་མི་འཚལ་བར་གྱུར། དེ་བས་དེ་འདྲའི་བྱང་ཆ་མེད་པའི་ངང་དུ་ལུས་པོ་དབང་མཚོའི་ཕྱོགས་སུ་བཅར་ཏེ་མོའི་འགྲམ་པར་འོ་ཞིག་བྱེད་རྩིས་བྱས།

  ལྕང་ལོ་ནག་པོས་ཕྱེད་ཀ་བསྒྲིབས་འདུག་པའི་མོའི་མིག་གཡོན་པ་ལས་མིག་ཆུ་ཐིགས་པ་འགའ་འཐོར་ཅིང་ཁོའི་འགྲམ་པ་ཏག་ཏག་མིག་ཆུ་དེ་དག་ལ་བརླན་དགོས་བྱུང་། མིག་ཆུ་དེ་འཁྱག་པའམ་མོའི་འགྲམ་པ་འཁྱག་པ་གང་ཡིན་ཆ་མ་འཚལ་མོད་ཁོའི་གདོང་ལའང་འཁྱག་ཤུར་ཤུར་གྱི་ཚོར་བ་ཞིག་བྱུང་།

  སྐབས་དེར་ཁོས་ཀུ་རེ་བརྩེས་ཏེ་ཁོང་གཉིས་ལ་ལྷོད་ཅིང་ཡང་བར་བྱེད་ཐུབ་པ་ལྟ་ཅི། ཐ་ན་ཚིག་འགའ་སྒོར་ཕྱུང་བ་དེའང་ད་མ་དིག་ཅིག་རེད།

  “ངས། ངས༌༌༌༌༌༌༌ལོ་ངོ་བཅུའི་སྔོན་གྱི༌༌༌༌༌༌༌མ་རེད། ལོ་ངོ་བཅུ་གཅིག་སྔོན་གྱི༌༌༌༌༌༌༌དོན་དེ་དྲན་ཚེ། དོན་དེ་བརྗེད་མི་ཐུབ། དོན་དེ་སེམས་ལ་ཤར་ཚེ་ད་དུང་ཡང་ངོ་གནོང་ཡོང་། ཁྱོད་ཀྱིས༌༌༌༌”

  མོས་ལག་གཡས་པས་ཁོའི་ཁ་བསུམ་སྟེ་མུ་མཐུད་དུ་བཤད་མ་བཅུག་པ་དང་། ལག་གཡོན་པ་ཁོའི་འཇིང་བར་འཁྱུད། ཁོས་ཀྱང་སྐོམ་གདུང་གིས་མནར་བ་ཞིག་གིས་ཆུ་མིག་དྭངས་མོ་ཞིག་རྙེད་པ་ལྟར་མོའི་མཁུར་ཚོས་དང་། འཇིང་བ། མཆུ་སྒྲོས་བཅས་ལ་ངེས་མེད་དུ་འོ་བྱས། ཕར་བལྟས་ཚེ་མོ་རང་ཁོའི་བསྐྱར་ཟློས་ཀྱི་ལས་དེ་དག་གིས་ཚིམ་གྱིན་མེད་པ་དང་འདྲ་བར་ཅུང་ཕྱིར་བཀྱེད་པའི་སྒང་ལ། ཁོས་མོའི་དང་རུས་མདུན་གྱི་ཚི་ལེན་དཀར་པོའི་སྒྲོག་གུ་བརྟོལ་ཅིང་ལག་གཡོན་པ་ཚི་ལེན་གྱི་ནང་དུ་བསྲིངས་ཏེ་ནུ་ཁེབས་ལ་འཕྲད་པར་བྱས། སྐབས་དེར་མོ་རང་བྱང་ཆ་ལྡན་པའི་ངང་མགྱོགས་པོར་ཕྱིར་བཀྱེད་།

  ཁོས་མོ་རང་ལག་ནས་ཤོར་བར་ཕངས་ཏེ་མོར་བཅར་གྱིན་པའི་དུས་སུ་མོས་སྟོད་གོས་དང་ཚི་ལེན་གཉིས་མྱུར་བར་ཕུད་དེ་འབོལ་ཁྲིའི་སྟེང་དུ་བཞག་ཅིང་། སླར་ཡང་ཁོའི་མགུལ་བར་འཁྱུད།

  ཁོས་ཅུང་ཙམ་ཐེ་ཚོམ་དང་བཅས་མོའི་ནུ་ཁེབས་ཀྱི་གསེང་ནས་ལག་པ་ཕར་བསྲིངས་ཤིང་ཕུར་ཕུར་བྱས་པ་ན་མོའི་ལུས་པོ་ནི་ཆར་གདུགས་ཤིག་ཁ་གཟིམས་པ་བཞིན་ཤིན་ཏུ་ལྷོད་པར་གྱུར་ཅིང་ཁོ་ལ་དམ་དུ་འཐམས། དེ་ནས་མོས་མིག་ཟུམ་ཟུམ་གྱིས་སིད་སྒྲ་སྒྲོག་བཞིན་ཁོ་རང་འབོལ་ཁྲིའི་ཕྱོགས་སུ་འཐེན་ཅིང་སར་བསྡད། འདོད་པའི་རྩེད་མོར་ཤིན་ཏུ་བྱང་བའི་སྐྱེས་བུ་སུ་ཞིག་ཡིན་ཡང་སྐབས་དེར་ཅི་ཞིག་བྱ་དགོས་པ་ནི་ཕ་རོལ་བོའི་རྣམ་འགྱུར་ལས་ཤེས་པ་མ་གཏོགས་སྐད་ཆར་བརྟེན་ཏེ་གསལ་འདེབས་མི་དགོས་མོད། ཏག་ཏག་གནད་འགག་གི་སྐབས་དེ་ལ་ཁོ་རང་ཅུང་ཙམ་ཧད་དེ་བསྡད་པ་དང་། མུ་མཐུད་དུ་འཕྲོ་སྐྱོང་བའི་སྤོབས་པ་མེད་པར་གྱུར།

  དུས་ཚོད་ཐུང་ངུའི་ནང་ལ། མོས་མིག་ཕྱེ་སྟེ་ཁོ་ལ་ཚུར་བཅར་བའི་བརྡ་བསྟན། ཏག་ཏག་དུས་དེ་ལ་ཁོས་ལག་པ་གཡས་པས་དོར་མའི་ཁ་བཀབ་པ་དང་། མགོ་བོ་ནང་དུ་བཀུག

  དབང་མཚོས་དལ་མོར་ཡར་ལང་སྟེ་ཁོ་ལ“ཅི་བྱུང་སོང”ཞེས་དྲིས་པ་ན། ཁོའི་མིག་མཐར་མཆི་མ་འཁྱིལ་འདུག་ལ་སྐད་ངག་འདར་བཞིན་དུ།

  “ང་ནི་སྔར་བཞིན་ལོ་བཅུ་གཅིག་སྔོན་གྱི་མཚན་མོ་དེ་དང་འདྲ་བར་རོ་ཙ་ཉམས་པ་ཞིག་ཡིན། དགོངས་དག་ཞུ།”ཟེར།

  “དེས་ན་ཁྱོད་ཀྱི་བྱིས་པ་དེ་དག”

  “ཚང་མ་ངའི་མིན”

  

                                                 2016 3 4 ཁྲིན་ཏུའུ།

 

རྩོམ་སྒྲིག་པ། དབང་མོ།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)    

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།