གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

"དུད་ཚང་འཛེར་ལངས་མའི"མེས་པོ།

2015-11-03 22:45:36 མི་ལ་ཙི་ཙི། ཀློག་གྲངས། མཆན ཡོད།


 (原文链接:
bbs.tianya.cn/post-no01-498749-1.shtml       作者:马云龙 2012年2月9日 星期四 南方周末副刊)

            
                                                    མི་ལ་ཙི་ཙིས་བསྒྱུར།

  ལོ་ངོ་སུམ་ཅུ་ལྷག་གི་ཡར་སྔོན་ལ། ངས་བཀག་བསྐྱིལ་ཁང་གི་ལྕགས་སྒེའུའི་གཤམ་ནས་མི་ཞིག་ངོ་ཤེས།  ཁོདུད་ཚང་མཛེར་ལངས་མའི (钉子户)མེས་པོར་བོས་ཆོག

  1975ལོའི་ཟླ་དང་པོར། ང་རང“གསར་བརྗེའི་ངོ་ལོག་ལ་སྣེ་ཁྲིད་མཁན”གྱི་ཉེས་མིང་འོག་འཛིན་བཟུང་ཐེབས། ཐོག་མར་ཧུ་ནན་ཞིང་ཆེན་བཀག་བསྐྱིལ་ཁང་དུ་བཅུག དེའི་རྗེས་ཞིས་ཁྲང་རྫོང་བཀག་བསྐྱིལ་ཁང་དུ་བཙོན་སྤར་བྱས་ཏེ། སྤྱི་ལོ1979ལོར་ད་གཟོད་གློད་གྲོལ་བཏང་སྟེ་དཀར་སར་བཏོན།

  ཞིས་ཁྲང་རྫོང་བཀག་བསྐྱིལ་ཁང་དུ་བཅུག་པའི་ཉིན་དང་པོར། ངས་གཞན་དང་མི་མཚུངས་པའི་བཙོན་པ་ཞིག་མཐོང་།

  “རླུང་གཏོང” (放风) ( “རླུང་གཏོང”ཟེ་བ་ནི་བཀག་བསྐྱིལ་ཁང་གི་ཐ་སྙད་ཅིག་ཡིན། ཉིན་རེར་བཙོན་ཁང་སོ་སོའི་བཙོན་པ་རྣམས་ཐེངས་གཅིག་ལ་སྤྱོད་ཁང་དུ་སོང་ཆོག་པ་དེར་ཟེར།)སྐབས། ལོགས་ཀྱི་བཙོན་ཁང་ནས་བགྲེས་པོ་གཟུགས་ཆུང་ཞིག་མངོན་ཡོང་། སྤྱི་བོ་དམར་ཐེར་རེ། ངོ་མདོག་ཐལ་སྐྱ་ཕྱུར་རེ། ཁ་སྤུ་སྔོ་ཟིང་ངེ། ཕར་བལྟས་ཚོད་དུ་ཡུན་རིང་བོ་ཞིག་ལ་ཉི་འོད་མཐོང་མེད་པ་ཤེས་ཐུབ། སྐེད་པ་སྒུར་རེར་ལུས་ཀྱི་ལྭ་བ་རལ་ཏེ་ལྟ་སྲོལ་མི་འདུག རྐང་སྣམ་སྟེང་དྲལ་བུག་ཆེན་པོ་ཞིག་ཤོར་ཏེ། དེ་ལས་ཨོང་ཤ་ཕྱེད་ཀ་དང་སྐྱི་པགས་ཙམ་གྱིས་བཏུམས་ཡོད་པའི་བརླ་ཤ་ཕྱིར་མངོན།  མཛུབ་མོ་དང་ཕྱི་རྟིང་སྔ་གཞུག་གཉིས་ནས་ཕྱི་ཚོར་འཇིར་ཡོད་པའི་ལྷམ་ཧྲལ་ཅིག་རྐང་མགོར་འདྲུད།  དེ་ལས་ཀྱང་ཡ་མཚར་བ་ནི།  ཁོའི་དམར་རྗེན་དུ་མངོན་པའི་དཔུང་པ་ཉི་ག་རྒྱུ་སྟོང་གཉིས་ཇི་བཞིན་སྔོན་དུ་བསྣར་འདུག་ལ། ཁོ་རང་འགུལ་ཙམ་བྱས་ཚེ་རང་དབང་མེད་པར་ཕར་གཡུག་ཚུར་གཡུག་བྱེད་ཡོང་།  ཕར་བལྟས་ན་རང་ཚུགས་དང་དཀྱོག་སྒུལ་གྱི་ནུས་པ་ཁྱོན་ནས་མི་འདུག

  བཙོན་ཁང་གཅིག་པའི་བཙོན་པས་ང་ལ་བཤད་ན། ཁོ་ནི་བཀག་བསྐྱིལ་ཁང་གི“ཐོབ་ཐང”ཆེས་བགྲེས་པའི་ཁྲིམས་བསྒུག་བཙོན་མི་ཡིན་ཟེར།

  1966ལོར་བཀག་འཇུག་བྱས་རྗེས། ང་བཙོན་དུ་ཡོང་བའི་བར་ལོ་དགུ་འགོར་སོང་རུང་ཁྲིམས་ཐག་ད་དུང་བཅད་མི་འདུག ཁོའི་དཔུང་བ་གཉི་ག་ཐག་པས་བཀྱིག་སྟེ་དབང་རྩ་ཆད་པས། གཞི་ནས་དེ་ལྟར་ཞ་འཁུམས་སུ་གྱུར་ཏེ་ལོ་མང་པོ་འདས་པ་རེད།

  ངས“ཉེས་མིང་ཅི་ཡིན”ཞེས་དྲིས།

  དེའི་ལན་གྱིས་ང་རང་ཧད་དུ་བཅུག  “ཁོས་མོའོ་ཀྲུའུ་ཞི་ལ་འགྲམ་ལྕག་གསུམ་གཞུས”།

  ཡིད་ལ་འཆར་མི་ཐུབ་པའི་ཉེས་མིང་འདི་ལ་སུ་ཞིག་ཡ་མི་མཚར། དེའི་རྗེས་ནས་སྔོན་ཆད་བཙོན་ཁང་གཅིག་ཡིན་པའི་བཙོན་པ་ཞིག་ལས་རྒྱུས་ལོན་བྱས་པས། ཁོའི་གནས་ཚུལ་རོབ་ཙམ་ཤེས་གསལ་བྱུང་། (ངོ་མ་ཡ་མཚན་རེད། སྤྱི་ཚོགས་དང་འབྲེལ་ཐག་བཅད་ཅིང་བཀག་ཉར་དོ་དམ་ནན་མོ་བྱས་ཡོད་པའི་བཙོན་ཁང་ནས་ཀྱང་། མི་ལ་ལས་ཕྱི་ནང་གི་བརྡ་འཕྲིན་ཚེགས་མེད་ལོན་གྱིན་འདུག དེ་ལས་བཙོན་པ་རྒན་པ་ཚོས་བཙོན་པ་གསར་རྙིང་ཀུན་གྱི་སྤྱི་ཚོགས་ཁྲོད་ཀྱི་གནས་ཚུལ་མཐའ་དག ལག་མཐིལ་དུ་སྐྱུ་རུ་ར་བླངས་པ་བཞིན་གསལ་གྱི་ལེར་ཤེས་ཀྱི་འདུག)

  ཁོའི་མིང་ལ་ཁུག་ཞོ་ཧྲུའུ་རུ་འབོད། ཁོ་ཞིས་ཁྲང་རྫོང་ཁུག་ཏེན་ཞང(སྐབས་དེར་ཁུག་ཏེན་ཀུང་ཧྲེར་འབོད)ཁུག་ཏེན་སྡེ་བའི་ཞིང་པ་ཞིག་རེད་ལ་ཁྱིམ་ཚང་ཞིང་དབུལ་དུ་འདུག  སྔོན་ཆད་ཁོ་ཚང་ལ་ཞིང་ས་ལག་མཐིལ་ཙམ་མེད་རུང་། ས་ཞིང་བསྒྱུར་བཅོས་ཁྲོད་ས་མུའུ་གསུམ་དང་ཕྱེད་ཀ་ཐོབ་པས། ཁུག་ཞོ་ཧྲུའུ་སྐབས་དེར་གོང་ཁྲན་ཏང་ལ་བསྟོད་གླུ་ལེན་མཁན་དང་།གོང་ཁྲན་ཏང་གི་གཞོགས་ནས་ཀ་ལངས་ལངས་བྱེད་མཁན་ཞིག་ཏུ་གྱུར། སྲིད་གཞུང་གིས་གནང་ཞིང་ངོས་སུ་ཐམ་ཀ་དམར་སྒོར་རེར་གླན་ཡོད་པའི“ཞིང་སའི་བདག་དབང་ཡི་གེ”དེ་ཁོའི་རིན་ཐང་གཞལ་དུ་མེད་པའི་གཅེས་ནོར་དུ་གྱུར། དེར་མ་ཟད་སྐབས་དེའི་རྩ་ཁྲིམས་ལྟར་ན། ཁོར་ས་ཞིང་མུའུ་གསུམ་དང་ཕྱེད་ཀ་ཐོབ་པའི་མི་ཚད་ཞིང་ས་དེའི་དུས་གཏན་གྱི་བདག་དབང་ཡང་ཐོབ་ཡོད་པ་རེད། ད་དུང་ཁོའི་བུ་རབས་ཚ་རྒྱུད་ལ་ཡང་ཞིང་ས་དེའི་ཤུལ་འཛིན་ཁེ་དབང་ཡོད། དེ་ནི་མི་རབས་རྒྱུད་ལ་ཞིང་ས་ནི་སོ་སོའི་ཚེ་སྲོག་གི་བརྟེན་གཞིར་འཛིན་པའི་ཞིང་པ་ཞིག་ལ་མཚོན་ན། ཇི་འདྲའི་ངོ་མཚར་ལ་དོན་སྙིང་ལྡན་པ་ཞིག་རེད་ཨང་།

  ཁུག་ཞོ་ཧྲུའུ“ཞིང་སའི་བདག་དབང་ཡི་གེ”དེ་ལ་འདང་རྩིས་ཆེ་བ་གླེན་ཚུགས་མངོན་པའི་ཚོད་དུ་སླེབ།  ཁོས་སེམས་སུ་རྩ་ཆེ་བའི་ཡི་གེ་དེ་ཁྱིམ་ནས་བཞག་ཚེ་བརྒྱ་ལ་མེ་སྐྱོན་ཤོར་ན་འཚིག་འོང་། ཡང་བརྩན་ས་ཞིག་ཏུ་སྦེད་ན་སྟབས་ཉེས་ཏེ་རྐུ་ལ་ཤོར་ན་ཅི་བྱ། བསམ་བློ་བཏང་བཏང་བའི་མཐར། “ཞིང་སའི་བདག་དབང་ཡི་གེ”དེ་ལག་ཏུ་ལོན་པའི་ཉིན་མོ་ནས་བཟུང་། ཁོས་ཆེས་རློམ་དུ་རུང་བའི་རང་གི་བྲང་ཁོའི་དྲོད་ལ་སྦྱར་ཏེ་ཉར་ཚགས་རྩེ་གཅིག་བྱས། ཞིང་ནང་དུ་ལས་ཀར་འགྲོ་དུས་དེ་དང་ཁ་མི་འབྲལ་ལ། ཐ་ན་མཚན་མོ་གཉིད་ཉལ་བའི་སྐབས་ཀྱང་དེ་ལ་ཚོད་ཚོད་དུ་ལག་པས་ནོམ་ཉུག་ལན་འགའ་བྱེད། དོན་འདི་སྡེ་མི་ཡོངས་ཀྱིས་ཤེས་པའི་དགོད་གཏམ་ཞིག་ཏུ་གྱུར།

  འོན་ཀྱང་ཅང་མ་འགོར་བར། ཁུག་ཞོ་ཧྲུའུ་དང་ཞིང་ས་ཡི“བཟའ་གསར་འཚོ་བ”དེ། སྔོན་ཆད་བྱུང་མ་མྱོང་བའི་ཆབ་སྲིད་དྲག་རླུང་ཞིག་ལྡང་འོང་བ་དང་ཆབས་ཅིག་མཇུག་རྫོགས་སོང་།

  1953ལོར།  ཞིང་ལས་མཉམ་ལས་ཅན་གྱི་ལས་འགུལ་མགོ་བརྩམས། གོང་རིམ་ནས་ཞིང་པ་མི་སྒེར་རྩ་འཛུགས་བྱས་ཏེ“རོགས་སྐྱོང་ཚན་ཆུང”འཛུགས་རྒྱུ་དང་། ཞིང་པ་ཁྱིམ་ཚང་འགའ་ཡིས་རང་གི་ཞིང་ས་ཐུན་མོང་ལ་སྤྲད་དེ་ལྷན་ཅིག་རྨོན་འདེབས་བྱེད་རྒྱུར་འབོད་སྐུལ་བཏང་། བཤད་མ་དགོས་ཏེ། སྐབས་དེར་དེ་ནི“རང་འདོད”ཡིན་ཟེར་བས་ཁུག་ཞོ་ཧྲུའུ་ཡིས་རྣམ་འགྱུར་བསྟན་དོན། “རང་འདོད་ཡིན་ན། རོགས་སྐྱོང་ཚན་ཆུང་དུ་ཞུགས་རྒྱུ་དེ་ངས་མི་འདོད”།

  དེར་མཐུད་ནས“རོགས་སྐྱོང་ཚན་ཆུང”དེ“ཐོག་མའི་ཧྲེ”དང་། “ཐོག་མའི་ཧྲེ”ཡང“མཐོ་རིམ་ཧྲེ”རུ་བསྒྱུར།  1955ལོར།  མོའོ་ཙེ་ཏུང་གིས་སྐད་འབོད་སྒྲོག་པའི“ཞིང་ལས་སྤྱི་ཚོགས་རིང་ལུགས་ཀྱི་མཐོ་རླབས”འཕྱུར་བྱུང་།  ལར“རང་འདོད་ལྟར་ཞུགས་པའི”ཐག་གཅོད་དེ་མེད་པར་བཟོས་མེད་ན་ཡང་། ཆབ་སྲིད་ལས་འགུལ་གྱི་བཙིར་གནོན་དྲག་པོའི་འོག་སུ་ཞིག་གིས“ལོ་རྒྱུས་འཕེལ་ཕྱོགས”ལ་ངོ་ཡ་བྱེད་ཕོད། སྤྱི་ན་ཞིང་པ་དོང་ཕྱུར་རང་འདོད་ཡིན་མིན་བཤད་ཚུལ་ཙམ་དུ་སོང་གཤིས། མང་ཤོས་ཀྱིས“རང་འདོད”ལྟར་ཚེ་སྲོག་ཇི་བཞིན་གཅེས་སུ་འོས་པའི་ཞིང་ས་ཧྲིལ་པོ། “ཞིང་སའི་བདག་དབང་ཡི་གེ”དང་ལྷན་དུ་ཕྱིར་མི་སྤྲོད་ཐུ་མེད་བྱུང་། “མཆོང་སྐྱོད་ཆེན་མོའི”1958ལོར། མོའོ་ཙེ་ཏུང་གིས་ཡང“མི་དམངས་ཀུང་ཧྲེ་བཟང”ཟེར་བའི་འབོད་སྐད་བསྒྲགས་ཤིང་། རྒྱལ་ཡོངས་ཞིང་སྡེ་ཡོད་ཚད་ཞག་མ་གཅིག་ལ“ཀུང་ཧྲེ་ཅན”དུ་མངོན་འགྱུར་བྱས་ཏེ། ཞིང་སྡེའི་ཞིང་སའི་བདག་དབང་ཞིང་པ་ལ་ཡོད་པའི་ལམ་ལུགས་དེ། ཞིང་ས“སྤྱི་ཚོགས་རིང་ལུགས་སྤྱི་ལ་དབང་བའི་ལམ་ལུགས”ཀྱིས་འཐུས་ཚབ་བྱས། མ་ཟད་ཧ་ལས་པའི་འགྱུར་ལྡོག་ཆེན་པོ་འདི། “ས་བགོ་ཞིང་བགོ་བྲེལ་འཚུབ་ཆེ”ཟེར་བའི“ས་ཞིང་བསྒྱུར་བཀོད”མགོ་ཚུགས་ཏེ་ལོ་འགའ་ལས་འགོར་ཡོད་པ་མ་རེད། ཡང་ན་འདི་ལྟར་བཤད་ཆོག  ཞིང་པའི་ལག་ཏུ་ཐོབ་པའི་ཞིང་ས་དེ་དྲོས་ལོང་ཙམ་ཡང་མ་བྱིན་པར་རྣམ་པ་གཞན་ཞིག་ཏུ་བསྒྱུར་ཏེ་ཕྱིར་བསྡུས་སོང་བ་དེ་རེད།

  རེབ་དེའི་སོག་མ་ཟོར་བ་ངར་མས་བརྔ་བ་ལྟ་བུའི“སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད”ཀྱི་དྲག་རླུང་ཁྲོད། ཞིང་ས་ལ་བླ་ལྷག་ཏུ་དགའ་ཞེན་ཆེ་བའི་ཞིང་པ་ཁུག་ཞོ་ཧྲུའུ་ཡིས་ཏན་ཏན་མཐའ་གཅིག་ཏུ་ངོ་ཡ་རྐྱང་རྐྱང་བྱས་འདུག ཁོའི་མུའུ་གསུམ་དང་ཕྱེད་ཀ་ལས་མེད་པའི་ཞིང་ས་ཆུང་ངུ་དེ“རོགས་སྐྱོར་ཚན་ཆུང”དང་། “ཐོག་མའི་ཧྲེ”། “མཐོ་རིམ་ཧྲེ”། ཐ་ན“མི་དམངས་ཀུང་ཧྲེ”ལ་ཡང་ཡར་རྩིས་སྤྲོད་བྱ་རྒྱུ་དང་ལེན་བྱས་མི་འདུག  དེ་ལྟར་ཁོའི་ཞིང་ས་མུའུ་གསུམ་ཕྱེད་ཀ་དེ། ཤར་ཕྱོགས“རྒྱ་མཚོ་དམར་པོའི”ཀློང་གི་ངོ་མཚར་ལྗང་མདོག་གི་གཞི་གྲུབ་ཅིག་ཏུ་ཆགས། མ་ཟད“ཐུན་མོང”ལས་ཕྱིར་བུད་དེ་རང་རྐྱར་སྡོད་པའི་ཁོའི“ཁེར་གཉེར་ཁྱིམ་ཚང” (单干户)གི་ཐོབ་ཐང་དེ་ཡང་། ངང་ངམ་ཤུགས་ཀྱིས་ཀྲུང་གོའི་ཞིང་སྡེའི་མཐོང་དཀོན་པོའི་དཔེ་གཞི་ཞིག་ཏུ་སོང་། ཡང་གཅིག་བཤད་ན་འདི་ཡང་ཁོའི་མགོ་ཡི“ཞིང་དབུལ”ཐོབ་ཐང་གི“ཞྭ་མོ་དམར་པོ”དེའི་དྲིན་རེད།  དེ་ཡང་ཁོ“རང་འདོད”ལྟར་བློ་ཐག་རྦད་ཆོད་སྒོས་ཐུན་མོང་དུ་མ་ཞུགས་ཚེ། སུ་ཞིག་ལ་ཁོར་རྡུང་དུ་འཇུག་བསམ་རུང་ཁ་གཡོར་ས་འགྲིག་མོ་ཞིག་ཀྱང་འཚོལ་རྒྱུ་ཡོད་པ་མ་རེད།  ཅིའི་ཕྱིར་ཞེ་ན། གཞུང་ལུགས་དང་སྲིད་ཇུས་ཀྱི་ངོས་ནས་བཤད་ཚེ། “ཞིང་དབུལ”ནི་གོང་ཁྲན་ཏང་གིས་ཞིང་སྡེ་ནས་བརྟེན་དགོས་པའི་གསར་བརྗེའི་སྟོབས་ཤུགས་རེད་ལ། དེར་མ་ཟད་ད་དུང“མཉམ་ལས་ཅན”གྱི་སྔོན་འགྲོའི་ཆ་རྐྱེན་ནི། ཞིང་པའི“རང་འདོད”ཡིན་ཟེར་བ་དེ་མིན་ནམ།

  འོན་ཀྱང1964ལོའི“གཙང་བཤེར་བཞིའི”ལས་འགུལ་ཁྲོད། ཐུན་མོང་གིས་ཁོ་ལ་ཉེས་རྡུང་བྱས་ཆོག་པའི་རྒྱུ་མཚན་གཞན་ཞིག་གཞི་ནས་རྙེད་བྱུང་། དེ་ནི་ཁོའི་བྱ་སྤྱོད་འདི“གཉའ་མཁྲེགས་སྒོས་མ་རྩ་རིང་ལུགས་ཀྱི་ལམ་དུ་སྐྱོད་པ”ཡིན་པས།   ཏག་ཏག“གཙང་བཤེར་བཞིའི” (四清)མདུང་རྩེ་གཏོད་སར་གྱུར་ཡོད་པ་རེད། ཞིས་ཁྲང་རྫོང་གི་ཀུང་ཧྲེའི་ཞིང་ས་མུའུ་ཁྲི་བཅུ་ཕྲག་གིས་མཐའ་བསྐོར་བའི་དཀྱིལ་དུ། ཁོའི་ཞིང་ས་ཁོ་ན་སྒེར་དབང་ལམ་ལུགས་སུ་ལུས་ཡོད་པས། སུས་བལྟས་ཀྱང་ལྷག་ཏུ་མིག་ལ་གནོད་པ་ཞིག་ཏུ་གྱུར་འདུག  “གཙང་བཤེར་བཞིའི” ལས་བྱེད་ཚན་ཆུང་གིས་ཁོར“ཐེ་ཝན་ཆུང་ངུ”ཞེས་འདྲ་ཆགས་ཀྱི་ངན་མཚང་ཞིག་ཀྱང་བཏགས།  དེར་མཐུད་དེ་ཁོ་ལ་ཚོགས་ཆེན་ལས་དགག་པ་བརྒྱབ། ཚོགས་ཆུང་ནས་འཐབ་རྩོད་བྱས། ཡིག་ཆེན་ཚགས་པར་དུ་བྲིས་ཏེ་གྱང་ལྡེབས་བཀང་། གློག་དོང་ཆེན་པོས་ཕྱོགས་བཞིར་རྒྱང་སྒྲོག་བྱས། མདོར་ན་ཁོར་རྡུང་རྡེག་བྱེད་པའི་ལས་འགུལ་དེ་ནི་མི་རྣམས་ཀྱི་ལོངས་སྤྱོད་ཅིག་ཏུ་གྱུར་ལ།  ཁོ་ཁུག་ཞོ་ཧྲུའུ་ཡང་ཐག་ཉེ་རིང་ཀུན་ལ་རླུང་ལྟར་གྲགས་པའི“མ་རྩ་རིང་ལུགས་ཀྱི་ལམ་དུ་སྐྱོད་མཁན”གྱི་དཔེ་གཞི་གསོན་པོར་ཆགས། འོན་ཀྱང་སུ་ཞིག་གི་ཡིད་ལ་འཆར་ཐུབ། དེ་ལྟའི་དྲག་རྡུང་འོག་ནས་ཀྱང་། ཞིང་པ་བགྲོས་པོ་གཉའ་རེངས་གྱོང་ཏོ་དེའི་སེམས་བསམ་པ། སྲ་མཁྲེགས་ལྕགས་རྡོ་ཡི་ཕ་བོང་ཇི་བཞིན་སྒུལ་མ་ཚུགས། ཁོའི་ཤ་དྲོད་ལ་སྦྱར་ཡོད་པའི“ཞིང་སའི་བདག་དབང་ཡི་གེ”དེ།  མཐར་གཏུགས་ཚེ་ཁོ་གསོད་རྒྱུ་མིན་ན་ལག་ནས་ལོན་ཐབས་མི་འདུག

  ཀུ་ཐུག་ཐབས་ཆག་ཏུ་སོང་བའི་ལས་བྱེད་ཚན་ཆུང་གིས་མཐའ་མཇུག་ཤོ་རྫིག་ཤོས་དེ་གཡུགས་ཡོང་། “རེད། ཞིང་ས་མུའུ་གསུམ་ཕྱེད་ཀ་དེ་ཁྱོད་ཀྱི་ཡིན་པར་ང་ཚོས་ཁས་ལེན་བྱས་ཀྱང་ཆོག  འོན་ཀྱང་། ཁྱོད་ཁྱིམ་ནས་ཞིང་ནང་དུ་འགྲོ་ཚེ་ངེས་པར་བརྒྱུད་དགོས་པའི་ལམ་དེ་མི་དམངས་ཀུང་ཧྲེའི་ཡིན་པ་བསྙོན་དུ་མེད། ངས་ཁྱོད་ལ་བཀའ་སྒྲོག  ད་ནས་བཟུང་ཁྱོད་མི་དམངས་ཀུང་ཧྲེའི་ལམ་ནས་སྐྱོད་མཚམས་འཇོག་དགོས།”  ལས་བྱེད་ཚན་ཆུང་གི་བཀའ་བརྡ་གཅིག་གིས། ཀུང་ཧྲེའི་དམངས་དམག་གིས་ལག་ཏུ་དབྱུག་པ་ཐོགས་ཏེ་ཉིན་བཞིན་ཁུག་ཞོ་ཧྲུའུ་ཡི་སྒོ་རྩ་སྲུང་བསྡད། གལ་ཏེ་རྐང་པ་ཡ་གཅིག“ཀུང་ཧྲེའི་གཞུང་ལམ”ངོས་སུ་སྤོ་རྒྱུ་ཡོད་ཚེ་ཁོའི་སྒྱིད་པར་དབྱུག་པས་རུབ་རྡུང་བྱེད།

  ལག་ཐབས་འདིས་ཁུག་ཞོ་ཧྲུའུ་དམ་ལ་བཏེགས་བཞག གཤོག་པ་ཐོགས་ཏེ་འཕུར་སོང་ནས་རྨོན་འདེབས་བྱ་རྒྱུ་མིན་ན།  རང་གི་གཅེས་སུ་རུང་བའི་ཞིང་ས་དེ་བལྟས་བལྟས་རིག་རིག་ལ་རྒོད་དུ་བསྐྱུར་དགོས་བྱུང་།  འོན་ཀྱང་ཉིན་བཞིན་ཁྱིམ་དུ་གབ་སྟེ་བསྡད་ཚེ་ཁ་རུ་ཅི་ཞིག་བཟའ། ད་ནི་གཉོམ་ཁུར་ཏེ“ཞིང་སའི་བདག་དབང་ཡི་གེ”ཡར་སྤྲོད་རྒྱུ་ལས་འོས་མ་མཆིས།

  འོན་ཀྱང་ཏག་ཏག་དེ་ལས་ལྡོག་སྟེ། སྨག་གནག་ཅིང་རླུང་ཆེ་བའི་མཚན་མོ་ཞིག་ལ། ཁུག་ཞོ་ཧྲུའུ་སྡེ་བ་ནས་ཕྱིར་བྲོས་འདུག  རུམ་དུ་ཁོས་ཡིད་བཞིན་ནོར་བུ་ལྟར་གཅེས་སྤྲས་བྱེད་པའི“ཞིང་སའི་བདག་དབང་ཡི་གེ”བཅུག་ཡོད་པ་ལྟ་ཅི་སྨོས།  ཁོས་སྔར་བཞིན་མགོ་སྒུར་བྱས་མི་འདུག

  སུས་ཀྱང་ཤེས་རྟོག་བྱ་ཐུབ་པ་ཞིག་ནི། རྒྱལ་ཡོངས་ཀྱི་མཁར་གྲོང་དང་ཞིང་སྡེ་ཡོད་ཚད། དེ་ལྟར་ཆེས་མཐོའི་རྩ་འཛུགས་ཅན་དང་དྲ་རྒྱ་ཅན་དུ་བཟོས་ཏེ། གཞིས་སྡོད་བྱེད་ཚེ་དུད་ཐོ།  སྒོ་ཕྱིར་འགྲོ་ན་ལམ་ཡིག  མགྲོན་པོ་སླེབ་ཚེ་ཐོ་འགོད།  འབྲུ་རིགས་ཉོ་ན་འབྲུ་དེབ། ཟ་མ་བཟའ་ན་བཟའ་བྱང་དགོས་པའི་ལོ་ཟླའི་ནང་། གློ་ཁུག་ཞབས་ན་དངུལ་དཀར་ལི་གང་མེད་པའི་ཞིང་པ་ཞིག་གིས།  དེ་ལྟར་གྲོགས་མེད་ཁེར་རྐྱང་ངང་ཡུལ་བྱོལ་བྱས་ཏེ་ཕྱི་རོལ་ནས་འཚོ་ཐབས་འཚོལ་བ་ནི། ཇི་འདྲའི་མིའི་སེམས་ལ་འཆར་མི་ཐུབ་པའི་དཀའ་ཚེགས་ཀྱི་དོན་ཞིག་རེད་ཨང་།

  དེ་ལྟ་མོད་ཀྱི། ཀྲུང་གོའི་ཞིང་པའི་འཚོ་ཐབས་ཀྱི་འཇོན་ནུས་ནི་ཧ་ལས་པ་ཞིག་ཏུ་ཡོད། ཁུག་ཞོ་ཧྲུའུ་བྲོས་ཏེ་སྡེ་བ་དང་ཆེས་ཐག་ཉེ་སའི་མཁར་གྲོང་ཆུང་ངུ་ཞིས་ཁྲང་རྫོང་དུ་ཐོན། གྲོང་འདབས་ཀྱི་ས་སྟོང་ནས་སྤྱིལ་བུ་ཞིག་མགོ་རུ་གཡོར་ཏེ་སྡོད་ཐབས་བྱས་རྗེས། ཉིན་རེ་བཞིན་ཤིང་རྟ་འཁོར་ལོ་ཆག་རོ་ཞིག་དྲུད་དེ་རྫོང་མཁར་དུ་སྤྱིའི་སྤྱོད་ཁང་ལ་གཙང་སྦྲ་བྱེད་དུ་འགྲོ། སྐབས་དེར་ཀྲུང་ཡོན་ས་ཆའི་རྫོང་མཁར་རིམ་པའི་གྲོང་བརྡལ་ཆུང་ངུ་ལ་ཆུ་བཤལ་སྤྱོད་ཁང་ཤིན་ཏུ་ཉུང་། མང་ཆེ་ཤོས་ཆེས་གདོད་མ་དང་ཐབས་ཆག  འཕྲོད་བརྟེན་གྱི་མཐུན་རྐྱེན་སོགས་ཧ་ཅང་ཞན་པའི་ཕྱི་ས་འདོར་ཁུང་ཙམ་རེད། དེ་བས་མི་གཙང་ཚང་མ་མིའི་ལུས་ཤུགས་ལ་བརྟེན་ཏེ་བྱི་དོར་བྱ་དགོས། གྲོང་བརྡལ་ཆུང་ངུའི་ཁོར་ཡུག་འཕྲོད་བརྟེན་སྡེ་ཁག་ཡང་ན་ཚུགས་མེད་པ་འདྲ་ལ། ཡང་ན་རྫུན་གྱི་ཕྱི་ཚུལ་ཙམ་ལས་ཅི་ཡང་མེད་པའི་ཚོད་རེད། ཏག་ཏག་འདིས་ཁུག་ཞོ་ཧྲུའུ་ལྟ་བུར་འཚོ་གནས་བར་སྟོང་མི་ཆུང་བ་ཞིག་འོས་སྤྲོད་བྱས།  ཁོས་མཁར་གྲོང་ནས་སྤྱོད་ཁང་ལ་གད་ར་བྱས་རྗེས། ཕྱིར་བཏོན་པའི་བཤང་གཅི་གྲོང་ཕྱིར་དྲུད་ཅིང་ས་སྟོང་ཞིག་བཙལ་ནས་ཐང་མར་བརྡལ་ཏེ་ཉི་མར་སྐེམ། དེ་ཏན་ཏན་རང་བྱུང་ལུད་རྫས་སུ་འགྱུར་ལ། ཡང་ལུད་རྫས་ནི་སྐབས་དེའི་ཞིང་ལས་ལ་ཆེས་དཀོན་པའི་ཐོན་དངོས་ཡིན། མི་དམངས་ཀུང་ཧྲེའི་ཐོན་སྐྱེད་རུ་ཁག་གིས་ཏ་ཀྲེ་ལ་སློབ་སྦྱོང་དང་། ལོ་ལེགས་ཐོན་འབབ་ཀྱི་ཚད་གཞི་མཐོན་པོ་གསར་བཟོ་བྱེད་པར་ལུད་རྫས་མཁོ་ཐོག་ཡིན། འོན་ཀྱང་རྫས་འགྱུར་ལུད་རྫས་འཆར་གཞི་ལྟར་བགོ་བཤའ་རྒྱག་དགོས་ལ། ཅུང་མང་ཙམ་ཉོ་དགོས་ཚེ་འབྲེལ་ལམ་བཙུགས་ནས་ལྟག་སྒོ་བརྒྱུད་དགོས་པས་ཧ་ཅང་དཀའ་རྙོག་ཆེ།  དེ་བས་རང་བྱུང་ལུད་རྫས་སྤུས་ལེགས་ལ་རང་བཞིན་སྒོས་ཁྱོན་ཆེ་བའི་ཚོང་ར་ཆགས་ཡོད་པས།  ཁུག་ཞོ་ཧྲུའུ་ཡི“ཐོན་རྫས”ཐ་ན་འཕྲོག་རྩོད་རྒྱག་དགོས་པའི་རིན་པོ་ཆེ་རུ་གྱུར། དེར་ཚོང་ལམ་མེད་པར་འདང་རྒྱག་དགོས་སམ།

  ལོ་རྒྱུས་ཀྱིས་འདི་ནས་ཀུ་རེ་ཞིག་བརྩེས་འདུག  ལོ་གཅིག་འགོར་རྗེས། ཀུང་ཧྲེའི་སྒྲིག་གཞིའི་ཕྱི་ཚོར་ཡོད་པའི་ཁུག་ཞོ་ཧྲུའུ་ཡིས། སྐྱག་པ་སྐམ་པོ་འཚོང་སྟེ་སྐགས་ལ་བརྒྱབ་པའི་ཐོན་འབབ།  ཏན་ཏན་ཀུང་ཧྲེའི་ནང་ངལ་རྩོལ་བྱེད་པའི“ཧྲེ་ཡོན”ཚོའི་ཐོན་འབབ་ལས་ཆེས་ཆེར་བརྒལ་འདུག  སྐབས་དེར་ངས་ཞིས་ཁྲང་དང་ཁད་མི་རིང་སའི་ཞིང་སྡེའི་ཐོན་སྐྱེད་རུ་ཁག་ཅིག་ཏུ་ངལ་རྩོལ་བྱེད་ཀྱིན་ཡོད།  ཆེས་འཇོན་པའི་ངལ་རྩོལ་པས་ཀྱང་ཉིན་གཅིག་ལ་སྐར་གྲངས་བཅུ་མ་གཏོགས་མི་ལོན། འོན་ཏེ་སྐར་གྲངས་གཅིག་ལ་སྒོར་སྐར་ཆ་གཅིག་ལས་མི་འཐོབ། ཡང་ན་འདི་ལྟར་བཤད་ཆོག  ཉིན་གང་བོར་དཀའ་ལས་སྡུག་ལས་ཇི་འདྲ་བརྒྱབ་རུང་སྒོར་ཟུར་གཅིག་མ་གཏོགས་ལག་ཏུ་ཐོབ་རྒྱུ་ཡོད་པ་མ་རེད། འོན་ཀྱང་ཁུག་ཞོ་ཧྲུའུ་ཡི“ཐོན་རྫས”ནི་ཤིང་རྟ་འཁོར་ལོ་གང་སྒོར་གཅིག་ལྷག་ཏུ་བྲིན་ལ། དེ་ནི་ཧྲེ་ཡོན་ཁྲོད་ཀྱི་ལུས་སྟོབས་ཆེས་མཚག་པའི་ངལ་རྩོལ་པའི་ལྡབ་བཅུ་ལྷག་གི་ཚོད་དུ་ཡོད།

  ལོ་མཇུག་ཏུ་ལོ་གསར་བསླེབ་ལ་ཉེ་བྱུང་།  སྐྱེས་ཕོ་རབ་རི་ལ་གོམ་གསུམ་བོར་རུང་ཕྱིར་སྟོང་ལོག་མི་རྒྱག་པའི་དཔེ་ལྟར། ཕྱི་ལོགས་ནས་ལོ་གཅིག་གི་རིང་དཀའ་ལས་བརྒྱབ་པའི་ཁུག་ཞོ་ཧྲུའུ།  ད་ནི་ཁ་ངོ་ཁོག་དཔུང་ཡོད་པའི་སྒོ་ནས་གཞིས་ལྡོག་བྱེད་རན་སོང་། ཁོས་བསམ་བཞིན་ཕག་ཤ་ཕྱེད་གཤགས་ཤིག་ཤིང་རྟ་འཁོར་ལོའི་སྒང་དུ་བཀལ་ཏེ། དགའ་འཛུམ་ཤིག་ཤིག་སྡེ་བར་ངོམ་སོ་རྒྱག་གིན་ཡོང་། དེས་ཀྱང་ཡིད་མ་ཚིམ་པར་ཁོས་བསམ་གཟས་ནས་ཤིང་རྟ་འཁོར་ལོ་དྲུད་དེ་སྡེ་བར་སྐོར་བ་གཅིག་བརྒྱབ། བཟོ་ལྟ་དེར་བལྟས་ན་ཁོས། “ཁྱོད་ཚོས་ང་ལ་རང་གི་ས་ཞིང་རྨོན་འདེབས་བྱེད་དུ་མ་བཅུག་རུང་།  ང་ལ་ཁྱོད་ཚོ་ལས་འཚོ་བ་སྣུམ་པོ་རོལ་བའི་ཐབས་ཤེས་ཡོད”ཅེས“མི་དམངས་ཀུང་ཧྲེ”ལ་རྫིག་མདོག་སྟོན་པ་དང་འདྲ།  སྐབས་དེར་མཚོན་ན། ལོ་སར་ལ་ཉེ་དུས་ཐོན་སྐྱེད་རུ་ཁག་གིས་ཕག་གཅིག་གཉིས་ཤིག་བཤས་ཏེ། ཁྱིམ་རེར་ཤ་རྒྱ་མ་གང་དོ་རེ་བགོ་རྒྱུ་བྱུང་ཚེ་དགའ་འོས་པའི་ཚོད་དུ་ཡོད་པས། ཁུག་ཞོ་ཧྲུའུ་ཡི་ཕག་ཤ་ཕྱེད་གཤགས་དེ་དངོས་འབྲེལ་མིག་སེར་ཟ་བྱེད་ཅིག་རེད་ལ།  མ་ཟད་ཧྲེ་ཡོན་ཡོངས་ཀྱི་ཡིད་མི་བདེ་ཤིང་ལོ་རླུང་སྤྲུགས་ཀྱི་རྒྱུ་རུ་སོང་།

  འདི་ནི1966ལོའི་དཔྱིད་མགོ་མ་རེད། སྡེ་བའི་ནང་གི་ལས་བྱེད་ཚན་ཆུང་ཕྱིར་འཐེན་བྱས་ཟིན།  སྲིད་འཛིན་མཁན་དུ་རུ་ཁག་གི་ཏང་ཀྲི་པུའུ་བསྐོས་ཡོད།  “གྲལ་རིམ་འཐབ་རྩོད་གཏན་ནས་བརྗེད་མི་རུང”གིས་བསམ་བློར་གོ་ཆ་སྲ་བརྟན་བགོས་ཡོད་པའི་ཀྲི་པུའུ་ཧྲུའུ་ཅིས།  རང་གི་འགན་འཁུར་འོག་གི་སྡེ་བ་ནས་གློ་བུར་དུ“གྲལ་རིམ་འཐབ་རྩོད་ཀྱི་ཁ་ཕྱོགས་གསར་བ”མཐོང་བྱུང་བས། ད་ནི་ཤེས་མེད་ཚོར་མེད་ངང་སྡོད་སྲོལ་ཅིག་གང་ན་ཡོད། ཁོས་སྔོན་ཆད་ཀྱི་ལས་བྱེད་ཚན་ཆུང་གི་ངག་འགྲོས་ལ་ལད་མོ་བྱེད་ཀྱིན་ཁུག་ཞོ་ཧྲུའུ་ལ་བཀའ་སྒྲོག་དོན། “ཕག་ཤ་ཕྱེད་གཤགས་དེ་ཁྱོད་ཀྱི་ཡིན་པར་ང་ཚོས་ཁས་ལེན་བྱས་ཀྱང་ཆོག  འོན་ཀྱང་སྡེ་བའི་ནང་གི་ཁྲོན་པ་ནི་མི་དམངས་ཀུང་ཧྲེའི་ཡིན་པ་བསྙོན་དུ་མེད། ཁྱོད་ཀྱིས་ཕག་ཤས་ཟ་མ་ལས་ན་ཆུ་དགོས་ངེས་རེད། འོན་ཀྱང་ཁྱོད་ཀྱིས་མི་དམངས་ཀུང་ཧྲེའི་ཁྲོན་པ་ལས་བཏུང་ཆུ་ལེན་མི་ཆོག”

  ཐབས་བཀོད་རྙིང་པ་སྟེ། དམངས་དམག་མངགས་ཏེ་ལག་ཏུ་དབྱུག་པ་ཐོགས་ནས་ཁྲོན་པ་སྲུང་དུ་བཅུག  ཁུག་ཞོ་ཧྲུའུ་ཆུ་ལེན་དུ་ཡོང་ཐེངས་རེར་དབྱུག་པས་རུབ་རྡུང་ཚོད་མེད་རེ་བྱེད།

  ཁུག་ཞོ་ཧྲུའུ་ཁ་གདངས་སུ་བཅུག་སོང་། རེབ་འདིར་ཁོ་ཅུང་ཙམ་མིན་ན་སྤོ་ལངས་ཏེ་སྨྱོས་པར་གྱུར……

  ཁུག་ཞོ་ཧྲུའུ་ཡིས་སྐབས་དེར་རྟོགས་ཐབས་མེད་པ་ནི། མགོ་བརྩམས་མ་ཐག་པའི1966 ནི་ཏན་ཏན་ལྟས་ངན་གྱི་མཚན་མ་ཞིག་ཏུ་འདུག   ཚགས་པར་སྟེང《ཧེ་རེས་གནས་དབྱུངས》(海瑞罢官)ཞེས་པར་དགག་པ་བརྒྱབ་ལ། དེར་མཐུད“སྡེ་བ་གསུམ”“ཏེན་ཁང་བཞི”སོགས་ཀྱི་དགག་རྒྱག་ནར་མར་ཐོན། མཐར་ཀྲུང་གོའི་ནམ་མཁའ་ཧྲིལ་པོ་སྤྲིན་ནག་ལིང་ལོང་གིས་གཡོགས་ཏེ། སྔོན་ཆད་བྱུང་མ་མྱོང་བའི་ཆབ་སྲིད་ལས་འགུལ་དྲག་པོ------“འབྱོར་མེད་གྲལ་རིམ་རིག་གནས་གསར་བརྗེའི་ཆེན་མོ”། བསམ་ལོང་བསགས་ལོང་མེད་པར་མི་དམངས་དོང་ཕྱུར་གྱི་མགོ་ཐོག་ཏུ་རི་ཉིལ་བ་བཞིན་བརྡིབས་ཡོང་།

 ད་ནི་སྡེ་བའི་ནང་ཚོགས་ཆེན་འཚོགས་ན་རྣམ་པ་ཡང་འགྱུར་འདུག  ཚོགས་རའི་དབུས་སུ་མའོ་ཀྲུའུ་ཞིའི་པར་ཆེན་པོ་ཞིག་གཤོམ། དེའི་མདུན་དུ་མི་རེ་རེས་ལག་ཏུ“གསུང་བཏུས་དམར་པོ”རེ་བཟུང་སྟེ་ཐོག་མར“སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག”  (万寿无疆)

ཅེས་ཁ་གཡང་སྒྲོག་དགོས། དེའི་འཕྲོར“ཆེས་མཐོའི་སློབ་སྟོན”སྐྱོར་ཀློག་བྱ་དགོས།…… འོན་ཀྱང་ཁུག་ཞོ་ཧྲུའུ་ཉིན་ཞིག་ཁུ་ཚུམ་མེར་སྟེགས་བུའི་སྒང་གི་མི་མང་ནང་དུ་འཚང་སྟེ་མའོ་ཀྲུའུ་ཞིའི་འདྲ་པར་གྱི་གཤམ་དུ་སོང་། མགོ་འཛིན་པས་དགག་རྒྱག་ཆེན་མོའི་ཚོགས་ཆེན་མགོ་བརྩམས་པ་བསྒྲགས་མ་ཐག  ཞིང་པ་བགྲེས་པོ་དེ་གློ་བུར་ཡར་དགྱེས་ཏེ་གནམ་ལ་ལྡིང་བཞིན། ཏག་ཏག་མོའོ་ཀྲུའུ་ཞིའི་ཤོག་པར་གྱི་གདོང་ལ་བསྟུར་མར་ཐལ་ལྕག་ཐེངས་གསུམ་གཡུགས་སོང་། ཐེངས་རེར་ད་དུང་སྙིང་ཚིམ་པའི་སྐད་ཕྱུང་གིན།

“ད་ཁྱོད་ཀྱིས་ང་ཞིང་ནང་དུ་ལས་ཀར་འགྲོ་རུ་མ་འཇུག……”

“ད་ཁྱོད་ཀྱིས་ང་ལ་ཁྲོན་པའི་ནང་ནས་ཆུ་ལེན་དུ་མ་འཇུག……”

“ད་ཁྱོད་ཀྱིས་ངའི་ཞིང་ས་ཕྱིར་བསྡུས་ལ་སོང……”

  ཁུག་ཏེན་གྱི་སྡེ་མིས་བཤད་ན། སྐབས་དེའི་ཚོགས་ར་ཧྲིལ་པོ་ཧོན་ཐོར་ཏེ་ཡུད་ཙམ་རིང་འཇམ་ཅག་གེར་ལུས་སོང་ཟེར། གློ་བུར་སུ་ཞིག་གིས“གསར་བརྗེའི་ངོ་ལོག་པ”ཞེས་སྐད་བརྒྱབ་མ་ཐག་མི་རྣམས་ད་གཟོད་གཉིད་ལས་སད་པ་ལྟར།  ཚང་མས་མགྲིན་གཅིག་ཏུ“གསར་བརྗེའི་ངོ་ལོག་པ་སོད་ཅིག”“གསར་བརྗེའི་ངོ་ལོག་པ་སོད་ཅིག”ཅེས་སྐད་འབོད་ཤུགས་ཀྱིས་བརྒྱབ། དེར་མཐུད་རྒོད་མང་ཐེད་ལ་ལྷུང་བ་བཞིན་མི་ཚོགས་ཀྱིས་ཁུག་ཞོ་ཧྲུའུ་ཕྱི་ནང་མེད་པར་རུབ་སྟེ་ཤ་ཉོག་རུས་ཉོག་ཏུ་བརྡུང་། མཇུག་མཐར་ཐག་པས་དྲུག་སྒོང་འདྲ་ཞིག་བཀྱིག་ནས་རྫོང་བཀག་བསྐྱིལ་ཁང་ལ་སྤྲད། “རིག་གསར”སྐབས་འདི་ལ“གསར་བརྗེའི་མང་ཚོགས་ཀྱིས་མི་ངན་སྤྱི་བདེ་ལས་ཁུངས་ལ་འཛིན་སྤྲོད་བྱས”  (被革命群众扭送公安机关)。ཟེར།

  འགྲམ་ལྕག་ཤོག་བུའི་ངོས་སུ་གཞུས་པར་ཉེས་མིང་ཅི་ཞིག་འདོགས་དགོས་སམ། གསར་རྙིང་གི་རྩ་ཁྲིམས་གང་གི་ངོས་ན་ཡང་འདི་ལ་གསལ་ཁ་ཅི་ཡང་མི་འདུག འོན་ཏེ“རིག་གསར”སྐབས་གཏན་འབེབས་བྱས་པའི“སྤྱི་བདེའི་དོན་ཚན་དྲུག” (公安六条)གི་ནང་། “རླབས་ཆེན་གཙོ་འཛིན་ལ་ལག་འགུལ་བ” (攻击伟大领袖)ཟེར་བའི་དོན་ཚན་ཞིག་ཡོད་ལ། དེ་ནི་སྐབས་དེའི་གནམ་གྱིས་མི་ཁེབས་པའི་ནག་ཉེས་ཡ་མེད་ཡིན་པས། ཕྲག་ཁས་ཀྱི་མགོ་བོ་ནག་རིལ་ལེར་ས་རུ་བྲུལ་སོང་རུང་ཅུང་ཙམ་ཡང་མི་ཐལ་བའི་ཚོད་དུ་ཡོད། ཁུག་ཞོ་ཧྲུའུ་ཏག་ཏག་ཉེས་མིང་དེའི་ངོས་ནས་ཁྲི་མུན་བཙོན་དུ་བརྫངས་པ་རེད།

  ཁུག་ཞོ་ཧྲུའུ་བཙོན་ཁང་དུ་བཅུག་རྗེས་ལོ་མང་རིང་ཁྲིམས་ཐག་མ་བཅད་པར། བཀག་བསྐྱིལ་ཁང་ནས“ཁྲིམས་བསྒུག”ཁོ་ནའི་ངང་ལུས།  དེ་ནི་ཅིའི་ཕྱིར་ཡིན་ནམ། བཙོན་གྲོལ་ཐོབ་རྗེས་ངས་བཀག་བསྐྱིལ་ཁང་གི་ལས་མིའི་ས་ནས་གོ་ཐོས་བྱུང་བ་ལྟར་ན། ཁོ་ལ་ཡིག་ཚགས་མེད་པའི་རྐྱེན་ཡིན་ཟེར། སྐབས་དེར་མང་ཚོགས་ཀྱིས་འཇུ་བཟུང་བྱས་ཐོན་པས་བཀག་བསྐྱིལ་ཁང་གིས་བཙོན་ཉར་བྱས་རུང་།  “རིག་གསར”ཁྲོད་ཐོག་མར“སྤྱི་བཤེར་ཁྲིམས་གསུམ་རྡུང་གཅོག” (砸烂公检法)བྱས་ཤིང་།  དེར་མཐུད“དམག་དོན་དོ་དམ་ཚོགས་པ”བཙུགས། དེའི་འཕྲོ་ནས་ཡང་སྤྱི་ཚོགས་ཀྱི་གཙོ་འགན་འཁུར་མཁན“གསར་བརྗེའི་ཨུ་ཡོན་ལྷན་ཁང”དུ་བསྒྱུར། གོ་རིམ་དེའི་ཁྲོད་བཀག་བསྐྱིལ་ཁང་གི་མགོ་པ་ལྭ་ཡི་གོང་ཕུར་བརྗེ་བརྗེ་བྱས་པས། ཁུག་ཞོ་ཧྲུའུ་ལ་འཛིན་བཟུང་ཆོག་མཆན་ཡིག་ཆ་མ་བྱུང་བའི་བྱ་བའི་འཐུས་ཤོར། མཐར་གཏུགས་ན་རིམ་པ་སོ་སོའི་འགན་འཁུར་པ་སུ་ལ་ཡང་ཁག་འགེལ་བྱ་ཐབས་མེད་པ་ཞིག་ཏུ་གྱུར། དེའི་མུར་འཛིན་མཁན་ཡོད་རུང་རྩར་གཅོད་མཁན་མ་བྱུང་ལ་གཏོང་ཕོད་མཁན་དེ་བས་ཀྱང་མ་བྱུང་།  རིམ་བཞིན་ཁུག་ཞོ་ཧྲུའུ་བཙོན་ཁང་གི་གཏིང་དུ་བྱིང་སྟེ་བཙོན་པ་བདག་མེད་ཅིག་ཏུ་ལུས་པས། མཐར་བཙོན་ནང་གི“ཐོབ་ཐང་ཆེས་བགྲེས་པའི”ཁྲིམས་བསྒུག་བཙོན་པར་གྱུར།

 1976ལོའི་དབྱར་ཀར། ང་རང་དུས་ཡུན་གང་འཚམས་ཤིག་གི་རིང་གཞི་ནས་ཞིང་པ་བགྲེས་པོ་དེ་དང་ལྷན་དུ་བཙོང་ཁང་གཅིག་གི་ནང་ནས་སྡོད་རྒྱུ་བྱུང་། མ་གཞི་བཀག་བསྐྱིལ་ཁང་ན་སྒྲིག་ལམ་ཞིག་འདུག(འདི་ནི་ངས་ཡུན་རིང་ལྟ་ཞིབ་བྱས་ཏེ་ཤེས་པ་ཡིན།)ཆབ་སྲིད་བཙོན་པ་ཚོ་ཁེར་རྐྱང་ངམ།  ཡང་ན་ཉེས་དོན་བཙོན་པ་གཞན་ཅི་རིགས་དང་ལྷན་དུ་བཀག་ཉར་བྱེད། དེ་མིན་ཆབ་སྲིད་བཙོན་པ་གཉིས་ལྷན་དུ་འཇུག་པའི་དཔེ་མི་འདུག  ཧ་ལམ་དེ་ཚོས་ཕན་ཚུན་བར་བསམ་བློ་བརྗེ་རེས་སམ། ཡང་ན་ལྐོག་འབྲེལ་བྱེད་ཡོང་བར་དོགས་ཟོན་བྱེད་པ་ཡིན་སྲིད། འོན་ཀྱང་དབྱར་ཀ་འདིར་ཡང་ཕྱི་ཚོ་ནས་ལས་འགུལ་ཅི་ཞིག་སྤེལ་གྱིན་ཡོད་པ་སུས་ཤེས།  ནང་དུ་ཡོང་བའི་མི་གློ་བུར་ཇེ་མང་དུ་སོང་སྟེ་བཙོན་ཁང་འཚང་ཁ་ཤིག་ཤིག་ཏུ་གྱུར། རྨིད་ངོས་སྙོམ་གྲུ་བཞི་མ་བཅུ་ཁ་ཞིག་ལས་མེད་པའི་བཙོན་ཁང་དུ་སྔོན་ཆད་བཙོན་པ་ལྔ་དྲུག་ཙམ་སྡོད་ལ། ད་ནི་མི་གྲངས་བཅུ་གཉིས་བཅུ་གསུམ་ཙམ་དུ་འཕར་བས། མཚན་མོར་གཉིད་ཉལ་སྐབས་ཁ་ལོ་འཁོར་རྒྱུ་ཡང་ཁག་པའི་ཚོད་རེད། དེ་བས་ཆབ་སྲིད་བཙོན་པ་གཉིས་བཙོན་ཁང་གཅིག་ཏུ་འཇོག་མི་ཆོག་པའི་འགྲིག་སྲོལ་དེ་ཡང་མུ་མཐུད་ལག་བསྟར་བྱ་ཐབས་བྲལ། ཐེངས་ཤིག“ཨང་བཤེར”གྱི་རྗེས་སུ“ཨང་སྒྲིག” (འདི་ནི་ཉེས་ཅན་ཚང་མར་གསལ་ཆ་ཡོད་པའི་བརྡ་ཆད་ཅིག་རེད། “ཨང་བཤེར”ཕལ་ཆེར་ཟླ་རེར་ཐེངས་རེ་ཡོད།  ཉེས་ཅན་ཚང་མ་མེ་མདའ་སྦག་སྦག་དང་རྩེ་གྲིའི་འོག་ར་སྐོར་ནང་དུ་དེད་དེ། སར་ཙོར་པུར་སྡོད་དུ་བཅུག་རྗེས་བཀར་བསྐྱིལ་ལས་བྱེད་བཙོན་ཁང་དུ་སོང་སྟེ་སྔོག་བཤེར་ཏན་ཏིག་རྒྱག རྣམ་པ་དེ་ཤིན་ཏུ་སྐྱི་གཡའ་བ་ཞིག་ཏུ་ཡོད།  ཡང“ཨང་སྒྲིག”ནི་བཀོད་སྒྲིག་གསར་བ་ལྟར་བཙོན་ཁང་སོ་སོར་འཇོག་པའི་ཉེས་ཅན་གྱི་རུས་མིང་སྒྲོག་པ་དེར་ཟེར།)བྱས་ལ། ཏན་ཏན་ང་དང་ཁུག་ཞོ་ཧྲུའུ་གཉིས་ལྷན་དུ་བཞག་བྱུང་།

  ཐག་ཉེ་ནས་ཞིབ་བརྟག་བྱེད་དུས།  ངས་བགྲེས་པོ་དེའི་སེམས་ཁམས་ཧ་ལམ་སྨྱོ་འཁྲུལ་དུ་གྱུར་ཟིན་ཡོད་པ་མཐོང་། གཞན་པས་སྐད་ཆ་དྲིས་ཀྱང་མིག་ཧུར་རེར་སྡོད་པ་ལས་ལན་སྟེར་བ་ཤིན་ཏུ་ཉུང་།

  ངས་དཔུང་བ་ཅི་ལྟར་ཞ་རེངས་སུ་གྱུར་ཞེས་དྲིས། མགོ་སྒུར་རེར་ཁོས་ངག་མི་སྨྲ།

  ངས་ཁྱོད་ལོ་ག་ཙམ་བརྒྱབ་བྱུང་ཞེས་དྲིས། ཁོ་སྔར་བཞིན་མིག་མདངས་སྐྱ་མོག་གེར་སྡོད།

  ཁོའི་དོ་སྣང་བྱེད་པ་ཉག་ཅིག་ནི་ཟ་བརྡ་རེད། འོན་ཀྱང་ཁོས་ཟ་མ་ཟ་བའི་བཟོ་ལྟ་མིག་གིས་བལྟ་བར་མི་བཟོད། ལག་པ་གཉི་ག་དཔུང་རྩ་ནས་མཛུབ་མགོའི་བར་ཞ་ཡོད་པས་ཁོས་དཀར་ཡོལ་དང་ཐུར་མ་འཛིན་ཐབས་མེད། དཀར་ཡོལ་རྐང་པས་འདེད་ཙམ་འདེད་ཙམ་སླ་ངའི་གམ་དུ་འཛེད་ཚེ་ཇ་མས་དེའི་ནང་དུ་སྐྱོག་ཐོམ་གཟར་ལ། དེ་ནས་ཡང་ཅོང་རྡོག་དང་ལྷན་དུ་རྐང་པས་བསྣུར་གྱིན་གྱང་ཕུག་ཅིག་ཏུ་སོང་སྟེ།  པུས་མོ་སར་བཙུགས་ཏེ་མར་ས་ངོས་སུ་བསྒུར་ནས་ཁྱི་ཕག་གིས་ལྟོ་འཐུང་བ་བཞིན་བཟའ་བར་བྱེད། ཟས་ཐུན་གསུམ་པོ་དེ་ལྟར་ཁོག་ཏུ་འདེད་ཐབས་བྱེད། མ་ཟད། ལག་པ་མེད་པས་གཅིན་སྐྱག་ཀྱང་དུད་འགྲོ་བཞིན་ཙར་ཙར་ནར་ནར་དུ་འདོར། ཨ་གནམ་རྒན་མ། འདི་འདྲའི་ལོ་མང་པོ་ཞིག་ཁོས་ཇི་ལྟར་བསྐྱལ་ཡོང་བ་ཡིན་ནམ……

  ལན་རེར་ཁོར་ཡང་སྐད་ཆ་ཤོད་པའི་དུས་ཡོད། མང་ཆེ་བ་ཆིག་ལབ་རེད། མ་ཟད་ས་ཞིང་རྨོན་འདེབས་ཀྱི་སྐོར་དང་འབྲེལ་བ་ཡོད། ཕྱི་ཚོ་ནས་ཉི་མ་ཤར་བྱུང་ཚེ་ཁོས། གཡུལ་ཁའི་གྲོ་འཕྱར་རན་སོང……། ཕྱི་ཚོར་ཆར་བ་བབས་བྱུང་ཚེ་ཁོས། ཇི་འདྲའི་ཆར་བ་ཡག་པོ་ཨང་། མ་རྨོས་ལོ་ཏོག་གི་སྙེ་ཚིགས་འཕུད་རན་སོང……། ཏན་ཏན་རེབ་གཅིག་ལ། ཁོའི་སྐད་ཆས་ང་རང་ཧང་སང་དུ་བཅུག  མིག་ནང་གློ་བུར་འོད་སྣང་འཁྱུག་གིན་ཚིག་སྔ་ཕྱིའི་འབྲེལ་བ་གང་ཡང་མེད་པར། “ང་རང་གོང་མ་བྱས་བྱུང་། གནམ་འོག་གི་མི་རེ་རེས་འབྲུ་རྡོག་རེའི་ཁྲལ་འབུལ་བྱས་ན། ང་ལ་ཟས་བ་མ་གང་སྐོལ་རྒྱུ་ཡོད……”

  སྐབས་དེར་ལོ་ངོ་བདུན་ལ་བཙོན་དུ་བཅུག་ཅིང་། མིང་དུ་ཧན་ཧྲོན་ཅིན་ཟེར་བའི“མགོ་བདེ་གླགས་འཚོལ་ཉེས་ཅན”ཞིག་གིས་བཤད་ན། ཁུག་ཞོ་ཧྲུའུ་ཡི་དཔུང་བ་ནི་བཀག་བསྐྱིལ་ཁང་གི“བཀྱིག་ཁྲིམས”ཀྱིས་བརླགས་པ་ཡིན་ཟེར།  ཁུག་ཞོ་ཧྲུའུ་དང་ཐོག་བཀག་བསྐྱིལ་ཁང་དུ་འཇུག་དུས་དྲང་མོར་གཏན་ནས་མི་སྡོད། ཉིན་བཞིན་ཀུ་ཅོ་འུར་ཟིང་སྣ་ཚོགས་འདོན་གྱིན་ངོ་ལོག་གི་སྐད་ཆ་བྱུང་རྒྱལ་དུ་སྨྲ། ཉིན་ཞིག་བཀག་བསྐྱིལ་ལས་མིས་ཁོ་ར་སྐོར་ནང་དུ་འཁྲིད་སོང་སྟེ“དྲུ་གུ་དགུ་སྒྲིལ”བརྒྱབ། ད་དུང་ཧན་ཧྲོན་ཅིན་གྱིས་ནང་རྒྱུས་ཡོད་ཚུགས་ཀྱིས། ཁྱོད་ཀྱིས“བཀྱིག་ཁྲིམས”ཟེར་བ་འདིར་སྣང་ཆུང་གཏན་ནས་མ་བྱེད། དེ་ལ་ཤེས་བྱ་མང་པོ་ཡོད། བཀྱིག་ཐག་གི་ཕྲ་སྦོམ་ནས་རིང་ཐུང་། བཀྱིག་བྱའི་ཡན་ལག་ཉིང་ལག་གི་ཁྱད་པར་ནས་བཀྱིག་ཞགས་ཀྱི་གྲིམ་ལྷོད། ད་དུང་བཀྱིན་ཡུན་དུས་ཚོད་རིང་ཐུང་སོགས་ལ་དང་དོད་བྱ་རྒྱུ་ཤིན་ཏུ་མང་ཟེར། ཁོས་བཤད་པ་ལྟར་ན་དེ་དག་ཀུན་ལས་ཆེས་ངམ་གནག་པ་ནི“དྲུ་གུ་དགུ་སྒྲིལ” ཟེར་བ་དེ་ཡིན་འདུག  དེ་ནི་མཛུབ་ཆུང་གི་སྦོམ་ཕྲ་ཡོད་པའི་བཀྱིག་ཐག་ཤ་གསེང་དུ་ཟུག་པའི་བར་འཐེན་སྡོམ་བྱེད་ལ། མཐར་རྒྱབ་ལོགས་ནས་རྩལ་ཕྱུང་སྟེ་གཅུ་བསྐུམ་བརྒྱབ་ཚེ། མི་སུ་ཞིག་ཡིན་རུང་ཆུ་ཚོད་སྐར་མ15ཙམ་ལ་ཡང་བསྲན་མི་ཚུགས་ལ། གལ་ཏེ་སྐར་མ15འགྱངས་ཚེ་དཔུང་བ་གཉི་ག་སྔོ་ནག་ཏུ་གྱུར་ནས། ཅང་མི་འགོར་བར་དབང་རྩ་གཏིང་ནས་ཆད་འགྲོ་ཟེར། སྐབས་དེར་བཀྱིག་ཐག་བཀྲོལ་ཡང་ཤི་ཟིན་པའི་དབང་རྩ་ནམ་ཡང་སོས་ཐབས་ཡོད་པ་མ་རེད་ཟེར། ཁུག་ཞོ་ཧྲུའུ་ཡི་དཔུང་བ་ཏག་ཏག་དེ་ལྟར་བཀྱིག་སྟེ་ཞ་རེངས་སུ་གྱུར་པ་རེད།

  ཁོས་ད་དུང་ང་ལ་བཤད་ན།  ཁུག་ཞོ་ཧྲུའུ་ཁོ་ལས་ལོ8ཀྱིས་ཆེ་ལ་བཙོན་དུ་ཡོང་དུས་ཕལ་ཆེར་ལོ62ཙམ་དུ་འདུག  ད་ལྟ་ལོ10འགོར་སོང་བས་ཁོ་རང་ལོ72ཡིན་ན་འགྲིག་ཟེར།  ཁོས་ད་དུང་། ལོ་འདི་ཚོར་ཁུག་ཞོ་ཧྲུའུ་ལ་ལྭ་བ་སྐྱེལ་མཁན་ནམ་ཡང་ན་ཉིན་རྒྱུན་མཁོ་ཆས་སྐྱེལ་མཁན་སོགས་སྐོར་བ་རྒྱག་མཁན་གཅིག་ཀྱང་མ་བྱུང་ཟེར།

  ང་དང་ཁུག་ཞོ་ཧྲུའུ་བཙོན་ཁང་གཅིག་ཏུ་སྡོད་པའི་དུས་ཡུན་མི་རིང་། ཏན་ཏན་ཟླ་ངོ་གཅིག་ཙམ་རེད།

  ལོ་དེའི་དབྱར་ཀར་ཚ་གདུག་ལྷག་ཏུ་ཆེ་བ་འདྲ། དེའི་ཁར་བཙོན་ཁང་གཅིག་ནས་མི་བཅུ་ཁ་ཞིག་ཉལ་དགོས་རུང་སྒེའུ་ཁུང་ཆུང་ངུ་གཅིག་ལས་མེད་པས། མི་དང་མི་གླན་ཏེ་ཤ་དང་ཤ་སྦྱར་ཚེ། ཚ་བས་དངུལ་ནག་ཁྲོམ་ཁྲོམ་བཞུར་ལ་རུལ་དྲི་སྣ་ཚོགས་བར་མཚམས་མེད་པར་འཐུལ་འོང་སྟེ་དབུགས་ཀྱང་གཅོད་ལ་ཁད་བྱེད།  སེམས་བྱིང་ཞིང་རྨུགས་ཏེ་ཡོད་པའི་མཚན་མོ་ཞིག་ལ། ངས་གློ་བུར་དུ་འཁྲིས་ཀྱི་ཁུག་ཞོ་ཧྲུའུ་ནམ་རྒྱུན་དང་མི་འདྲ་བར་ཡོད་པ་ཚོར་བྱུང་། གདོང་མདོག་སྔོ་ནག་ཏུ་ཆགས་ཏེ་གསོན་ཤུགས་ཉག་ཙམ་མི་མཐོང་།  སྣ་མདོར་ལག་པས་རེག་དུས། ཨ་ཁ། དབུགས་རྒྱུ་ཆད་པས་མི་ཚད་ལུས་ཡོངས་རྡོ་ལྟར་འཁྱག་པོར་གྱུར་འདུག  མྱུར་མོར་ཡར་ལངས་ཏེ་སྒོ་ཕྱིའི་ལས་རེས་ཀྱི་སོ་དམག་ལ“མི་ཤི་འདུག  ཁུག་ཞོ་ཧྲུའུ་ཤི་འདུག”ཅེས་སྐད་བརྒྱབ་པས་སོ་དམག་གིས་བཀག་བསྐྱིལ་ལས་བྱེད་ཅིག་བོས་ཡོང་། དེས་སྒེའུ་མིག་ཆུང་ངུ་ནས་ནང་དུ་ཁྱུག་ཙམ་བལྟས་ཏེ། “སྐད་བརྒྱབ་ནས་ཅི་བྱ།  ཤི་སོང་ན་ཤི་སོང་། དེ་རུ་སྐྱུར་ཞོག་དང་ཆོག  བཀག་བསྐྱིལ་ཁང་ལ་སྒྲིག་ལམ་ཡོད།  ནུབ་མོར་བཙོན་ཁང་གི་སྒོ་འབྱེད་ཆོག་པ་མ་རེད། སང་ཉིན་ནམས་ལངས་རྗེས་ལྟ།”བཤད་ཚར་རྗེས་དལ་བྲེལ་གང་ཡང་མེད་པར་བུད་སོང་།

  གན་དུ་བེམ་རོ་ཞིག་བཟུང་སྟེ། ནམས་དེ་ཅི་ལྟར་འཁྱོལ་སོང་བ་ངས་དེ་རིང་དྲན་གྱི་མི་འདུག  ཡིན་ན་ཡང་བརྗེད་མི་ཐུབ་པ་ནི། ཁུག་ཞོ་ཧྲུའུ་ཡི་ཤ་སྐམ་རུས་ཟད་ཀྱི་ཕུང་བོ་ཆུང་རུད་དེ་བསྡད་ཀྱིན་མཁྲེགས་རེངས་སུ་གྱུར་ལ། རྒས་པའི་གཉེར་མ་དགུ་བརྩེགས་ཀྱིས་གཡོགས་པའི་གདོང་བ་དེ་ཡང་། ནམ་རྒྱུན་དང་མི་འདྲ་བར་བལྟས་ཀྱིན་བལྟས་ཀྱིན་འཇིགས་སུ་རུང་བ་ཞིག་ཏུ་གྱུར་ཡོང་། ངས་ཅི་ནུས་ཀྱིས་མིག་ཟུང་བཙུམས་ཏེ་ཁོ་མི་མཐོང་བ་བྱས།

  ང་ནི་གྲོང་ཁྱེར་ནས་ལག་ཆགས་ཤིང་སློབ་གྲྭ་ནས་ནར་སོན་པའི་ཤེས་ཡོན་ཅན་གྱི་ཁུལ་བྱེད་མཁན་ཞིག་ཡིན། “གཙང་བཤེར་བཞི”ལ་ཞུགས་པས་མི་ཚད་ཧུ་ནན་གྱི་ཞིང་སྡེ་ནས་ལོ་འགར“ཐེངས་གཉིས་པའི་སློབ་གསོ”ཡང་བརྒྱུད། འོན་ཀྱང་ངས་དངོས་ནས་གཟབ་ནན་ངང་ཞིང་སྡེ་དང་ཞིང་པ། ཞིང་ལས་ཀྱི་གནད་དོན་ཐད་ལ་བསམ་བློ་གཏོང་བའི་མགོ་ཚུགས་ས་ནི། བཙོན་ཁང་གི་ལྕགས་ཀྱི་སྒེའུ་ཁུང་གི་གཤམ་ཡིན། ཁུག་ཞོ་ཧྲུའུ་ཡི་བེམ་རོའི་གན་གྱི་གཉིད་ཡལ་བའི་མཚན་མོ་དེ་ཡིན།

  བསྐལ་བ་ཞིག་ལྟར་རྫོགས་རྒྱུ་མེད་པའི་ནམས་དེ་གཞི་ནས་ལངས་སོང་།  བཀག་བསྐྱིལ་ལས་མི་ཞིག་ཡོང་སྟེ་བཙོན་ཁང་གི་སྒེ་ཕྱེས་ཏེ། ང་དང་བཙོན་པ་འགར་ཁུག་ཞོ་ཧྲུའུ་ཡི་བེམ་པོ་ར་སྐོར་ནང་འགྱོག་ཏུ་བཅུག  དེ་རུ་ཤིང་རྟ་འཁོར་ལོ་ཆག་རོ་ཞིག་བཞག་འདུག  ཁུག་ཞོ་ཧྲུའུ་དེའི་སྟེང་དུ་གཡུགས་ཏེ། ཆོ་བཟོར་བལྟས་ན་ཞིང་པ་ཞིག་ལོས་ཡིན་སྙམ་པའི་མི་ཞིག་གིས་དྲུད་ནས་སྒོ་ཆེན་ནས་ཕྱི་ཚོར་བུད་སོང་།  ང་ལ་གློ་བུར་དུ་དྲན་འཆར་འདི་འདྲ་ཞིག་སྐྱེས། ཤིང་རྟ་འཁོར་ལོ་ཆག་རོ་དེ་ནི་སྔོན་ཆད་ཁུག་ཞོ་ཧྲུའུ་ཡིས་སྐྱག་པ་འདྲུད་སྤྱད་ཀྱི་ཤིང་རྟ་འཁོར་ལོ་དེ་ཡིན་ནམ། མི་དེ་ཁོའི་ཤ་ཉེའམ་ཡང་ན་ཁོའི་སྐྱག་པ་འདྲུད་གྲོགས་ཤིག་ཡིན་ནམ།  བགྲེས་ལོ72ལོན་པའི་ཞིང་པ་དབུལ་པོ་དེས།  ད་ནི་ལོ་འཁོར་མོ་བཅུའི་ཁྲི་མུན་གྱི་སྐྱེ་བ་མཐར་ཕུད་དེ་དངོས་སུ་རང་དབང་ཐོབ་སོང་།  ཇི་འདྲའི་ཡིད་སྨོན་འཆོར་པ་ཞིག་རེད་ཨང་། ང་ད་དུང་འདི་ནས་ལོ་ཟླ་ག་ཙམ་ལ་སྡོད་དགོས་སམ།  མ་འོངས་པར་ང་རང་ཇི་ལྟར་སྒོ་ཆེན་གན་གྱི་ཕྱི་ཚོར་འགྲོ་དགོས་སམ། ཡང་ན་ང་ཡང་ཁུག་ཞོ་ཧྲུའུ་ཇི་བཞིན……

  ལོ་གཉིས་ལྷག་གི་རྗེས་ནས།  ང་རང་ཏན་ཏན་གསོན་པོའི་ངང་ལྕགས་སྒོས་ཁ་བཅད་ཡོད་པའི་ར་སྐོར་ཆེན་པོ་དེ་ལས་ཕྱི་ཚོར་ཐོན་ཐུབ་སོང་། མ་ཟད་བློ་ཡིད་ལས་འདས་པའི་ངང“དཀར་འདོན”ཟེར་བ་དེ་ཡང་ཐོབ་སོང་།  འོན་ཀྱང་ངས། ལས་ཁུངས་སམ་མི་སུ་ཞིག་གི་ངག་ལས་ཀྱང་། ཉེས་མེད་བཙོན་ཤི་ཐེབས་པའི་ཁུག་ཞོ་ཧྲུའུ་ལ“དཀར་འདོན”བྱས་སོང་ཟེར་བ་ཞིག་གོ་མ་མྱོང་། དེ་རིང་བར་གོ་མ་མྱོང་།

                                                                   ༢༠༡༢ ༡༠  འུག་ཚང་གོང་མ། 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།