གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྱུ་མ་ཐུང་ངུ།

2015-12-07 14:50:47 མི་ལ་ཙི་ཙི། ཀློག་གྲངས། མཆན ཡོད།

          
གཉིད་ལས་སད་མ་ཐག
མདང་སྐད་འཕྲིན་སྟེང་རྩོམ་ཐུང་ཞིག་སྤེལ་བ་དྲན
མིག་སྐྱག་ཕུར་ཞོར་ཁ་པར་སྒོ་ཕྱེས
བསྟོད་ར་བྱེད་མཁན་ག་ཚོད་ཡོད་དམ
ཚུལ་དེ་ནི་གནའ་སྔ་མོ་ཞིག་ལ
ཕ་རྒན་སྐྱ་རེངས་དང་ལྷན་དུ་མལ་ལས་ལྡང་སྟེ
མདང་ལུང་མདར་རྙི་ཞིག་བཙུགས་པའི་ནང
ཁ་བསོད་ཅིག་ཚུད་ཡོད་མེད་ལ་བལྟ་རུ་འགྲོ་བ་དང་འདྲ
མི་འདྲ་ས་ནི ངས་རིག་རྒྱུ་མེད་པའི་མིའི་ངོ་གདོང་དང
མེ་ཏོག མཐེ་བོང་སོགས་ཀྱི་ཚུགས་ཀའི་རི་མོ་ལ་སྒུག
ཕ་རྒན་གྱིས མེ་ལྕེ་འདྲ་བའི་ཝ་ཞྭ་ཞིག་གམ
གཡི་དཀར་གྱི་པགས་རྩག་དྲོ་སོབ་སོབ་ཅིག་ལ་སྒུག

བསྟོད་ར་ཉེར་གཅིག
རྒྱ་སེ་རྐང་དྲུག
ཁོ་ཧྥེ་ཕོར་བ་དོ
འདི་ཅི་རེད
སྐྱག་པ་གསུམ་དང་འགད་རྫས་གཉིས
ཨ་ཁ་ཁ འདི་སུ་ཞིག་ཡིན་ནམ
ང་རང་བློང་བློང་པོར་གྱུར
སེམས་མི་སྐྱིད་པར་གྱུར
ཐ་ན་མགོ་ནང་ནག་ཐོམ་མེར་གྱུར
རྙི་རུ་བསེ་དྲི་འཐུལ་བའི་རྟེའུ་ལོ་ཞིག་ལྷུང་ཡོད་རུང
ཕ་རྒན་འདི་ལྟར་ཟིང་ངེར་འགྲོ་མི་སྲིད མ་མཐའ་ཡང
ཁོའི་ཁྱི་རྒན་གྱིས་རི་ཟས་རྒྱགས་ཚད་ཐེངས་ཤིག་རོལ་ཆོག

མིད་པ་ཅུང་ཞིག་རྣོང་ཞོར
ངས་མུ་མཐུད་དུ་སྐད་འཕྲིན་གློང
ཏག་ཏག་དེ་རིང་དགའ་ལྡན་ལྔ་མཆོད་རེད
ཚང་མས་མཆོད་བསྟོད་ཅི་རིགས་རྒྱ་ཆེར་སྤེལ་གྱིན་འདུག
འདི་འདྲའི་ཉི་ཡག་སྐར་བཟང་ཞིག་ལ
ང་ལ་སྐྱག་པ་དང་འགད་རྫས་སྟེར་མཁན་དེ་སུ་ཡིན་ནམ
ང་རང་ཡང་བསྐྱར་བློང་བློང་པོར་གྱུར
སེམས་མི་སྐྱིད་པར་གྱུར
ཐ་ན་མགོ་ནང་ནག་ཐོམ་མེར་གྱུར

ཁ་སྲད་ཅིང་ལག་པ་འདར་བར་བལྟས་ན
ངའི་ཁྲག་ཤེད་མཐོ་རུ་ལྡང་གིན་འདུག
སྲོག་རླུང་ཡང་འཕར་གྱིན་འདུག
བརྒྱ་ལ་སྟབས་མ་ལེགས་པར་གྱུར་ཚེ
རྐྱེན་འགད་རྫས་ཡིན་དུ་ཆུགས
སྐྱག་པ་མིན་པར་ཤོག
གནམ་རྒན་མ འདི་ངའི་སེམས་འདུན་ཐ་མ་ཡིན་ནམ
བསྡད་ཀྱིན་ངས་རང་གི་འདས་མཆོད་ཀྱང་མཐོང་བྱུང
ང་རང་ཤིན་ཏུ་བློང་བློང་པོར་གྱུར
སེམས་མི་སྐྱིད་པར་གྱུར
ཐ་ན་མགོ་ནང་ནག་ཐོམ་མེར་གྱུར

རེད ངའི་བུ་ཆུང་ཀ་མ་གཟིག་མགོ་རེད
ཨུ་རུ་སུའི་བུ་མོ་དེ་མིན་ཚེ
ངེད་ཕ་བུ་ཁ་ཁར་འགྲོ་དོན་མེད ད་དུང
ཀྲུང་གོའི་བཙུན་མོ་ནག་པོ་ལྔ་བརྒྱའི་གྲས་ཀྱི
ཙན་པེ་ཡཱ་ཟེར་བའི་རྒྱལ་ཁབ་དེ་ནས
ཁོས་འོད་ལམ་ལམ་གྱི་གསེར་ཚོང་རྒྱག་ཞོར
སྐད་འཕྲིན་བརྒྱུད་དེ ང་ལ
འོད་ལམ་ལམ་གྱི་འདས་མཆོད་འདི་འདྲ་སྤེལ་མི་སྲིད

པོ་ཏ་ལའི་བར་སྣང་གི་འཇའ་སྤྲིན་ཁྲོད
རལ་ལུ་དང་ཁ་སྤུ་ནོགས་ཟིན་པའི
སྐྱི་ཐེར་དམར་རྗེན་གྱི་ངའི་མགོ་བརྙན་ཞིག་བཞག
བུ་ངར་ལས་སྐྱེས་ཤ་རྡོག་ཡིན་དུས་དེ་འདྲ་ཞིག་ཡིན་སྲིད
གཤམ་དུ་དེ་རིང་གི་མི་རྣམས་ཀྱིས་སྐད་འཕྲིན་བརྒྱུད
ཚགས་མེད་ངང་དགའ་ལྡན་ལྔ་མཆོད་མཇལ་བ་བཞིན
ཁཱར་ཐུན་གྱི་མཆོད་མེ་དུང་ཕྱུར་གཡོ་ཡིན་འདུག
མ་ཎིའི་གདུང་དབྱངས་འགག་མེད་འུར་གྱིན་འདུག
ཐལ་མོའི་ཕྱག་རྒྱའི་རི་མོ་དེ་བས་ཀྱང་གྲངས་ལས་འདས

བལྟས་བལྟས་རིག་རིག་ལ
ངའི་རྣམ་ཤེས་སྦྲང་མ་འདྲ་བོ
མགོ་རྔ་ཟླུམ་ཞིང་དཀྱིལ་ཉག་པའི
དྲ་འབུ་ཆེས་མི་སྡུག་པ་ཞིག་ཏུ་འཕོས་སོང
དེ་ནས་ཡང་བང་རིམ་ཧར་གཤགས་ཟེར་བའི
འཕུར་སྡེར་གྱི་དབྱིབས་ལ་མུ་ཁྱུད་སོ་འཁོར་ཅན
དྲ་རྒྱའི་རྩིས་དུག་གཏུ་ཐུག་ཅིག་ཏུ་ཡེར་སོང
སྐད་ཅིག་ཆར ལན་ཆགས་དེས་བཤམས་པའི
མིག་འཕྲུལ་རྩིས་ཀྱི་འདས་མཆོད་དེ
ངས་གཅིན་པ་ལྗང་གུས་ཤུགས་ཀྱིས་གསུབ
གཞུང་རྟ་དང་ཡན་ལག་གིས་བཞུར་གྱིན་པའི
གཅིན་པའི་ལྦི་བ་དཀར་ཆིལ་ཆིལ་དེར་ཅེར་རེར
ངས་འདའ་ཀ་མར་བྱིས་པ་བཞིན་སྙོར་བའི
ཕ་རྒན་དྲན་བྱུང ད་རེས་བུ་མོ་ཞིག་ཏུ་སྐྱེ་བ་བླངས་པའི
ཕ་རྒན་དྲན་བྱུང དེའུ་མུར་བློང་བློང་པོ་དེ་ཡལ་སོང
སེམས་མི་སྐྱིད་པ་དེ་ཡང་ཡལ་སོང
མགོ་ནང་གི་ནག་ཐོམ་མེ་དེ་ཡང་ཡལ་སོང
ཇེ་དྭངས་ཇེ་དྭངས་ངས་ཁ་སང་གི་རང་ཉིད་མཐོང་བྱུང

ཨ་མདོའི་སྤང་ཐང་ནས་འབྲོང་མོ་འབྲི་མོར་བཏུལ
འབྲི་མོ་འཇོས་ཏེ་མར་བསྲུབས
མར་བསྣོས་ཏེ་གྲོད་པུར་བརྫངས
གྲོད་པུ་འཁུར་ཏེ་དབུས་ལ་ཕྱིན
དབུས་ཇོ་བོའི་མདུན་དུ་མར་མེ་འོད་ལྷམ་མེར་སྦར
དེ་ངའི་ཕ་རྒན་དྲིན་ཆེན་དེའི་སྐལ་ཡིན
མ་ཎི་ཚར་གཅིག་ཟློ་བའི་བར
ཡུན་རིང་བཞུར་མ་ཐུབ་པའི་མཆི་མ
བསྲན་ལོང་མེད་པར་བརྡོལ་ཡོང
མཁུར་ཚོས་དྲོད་ལྷེམ་ལྷེམ
གདོང་བ་རླན་ཤིག་ཤིག
ངས་གཅིན་པ་གཏོང་མཚམས་རྦད་དེ་བཅད
ནེ་ནེ་ལ་གཅུ་མདུད་ཅིག་ཐག་གེར་བརྒྱབ

རིག་ལྡན་དྲག་པོ་རྡོ་ཡི་རྟ་ཕོ་ཅན ལག་ན
ཐེའུ་རང་གིས་འཕྲུལ་བཟོ་བྱས་པའི་རྩིས་འཁོར་ཅན
ང་རང་འདི་ནས་ཚེ་འཕོས་ཏེ
དཀར་ཕྱོགས་འཕྲུལ་རྩིས་ཀྱི་ཨང་གི་སྲུང་མཁན
རྣོ་ཐུ་ལུམ་ལ་གློག་རྡུལ་གྱི་སྤུ་གྲི་གདངས་པའི
ཞིང་སྐྱོང་མི་ལ་ཙི་ཙི་རུ་འགྱུར་བར་ཤོག
གནམ་རྒན་མ འདི་ངའི་ཁ་ཆེམས་ཡིན་ནམ

ཁ་པར་ལས་སྐད་འཕྲིན་གསར་བ་ཞིག་སིང་སེ་གྲགས
སྐྱག་པ་དང་འགད་རྫས་གསུབ་འདུག
ཤུལ་ན་ཉི་མ་གསུམ་དང་ཟླ་བ་གཉིས་ཤར་འདུག
ད་དུང་སྐད་ཆ་དུམ་ཞིག་བརྣན་འདུག
༼དགོངས་དག གཏགས་ནོར༽
གློག་སྐས་ཀྱི་དཔྱངས་ཐག་ཆད་པ་ལྟར
དེ་མ་ཉིད ང་རང་མ་ངེས་པའི་གཏིང་ཞིག་ལ
ཆོམ་སྒྲ་དང་བཅས་ལྷུང་སོང མུ་མཐུད་དུ་ལྷུང་སོང

                             2015.12.5འུག་ཚང་།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།