གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲ་ཧྲུག་དྲས་སྣེ་སྤར་མོ་དོ་ཙམ།

2016-01-01 10:18:51 མི་ལ་ཙི་ཙི།། ཀློག་གྲངས། མཆན ཡོད།


ལམ་བུ་དུམ་ཚིགས་རི་ནས་ལུས་སོང་། །
ཁྲེས་པོ་ཕྱེད་ཅིག་རྐུན་ལ་ཤོར་ཚར། །
སྟོངས་པའི་བྲོ་ཕད་མགོ་རྟིང་སློག་རུང་། །
ཟན་གྱི་རྡུལ་ཙམ་ལག་ངོར་ཨེ་འགོ། །

ཡས་ཀྱི་བགྲེས་པོ་གཞིས་ལ་ལོག་སོང་། །
མས་ནས་ཨོ་ལོ་འཕུར་འདོད་ལིང་ལིང་། །
ཨུ་ཚུགས་དཔུང་བ་ཤེད་ཀྱིས་བརྐྱངས་རུང་། །
ཨ་དཀར་རུས་པའི་ལག་གདང་མ་མཐོང་། །

བསྔགས་པའི་དར་ཚོན་ཁྱུད་ཙམ་སྒུག་ན། །
དམོད་པའི་ལྕག་ཚན་འདོམ་གང་ཨེ་འཕྱར། །
རེ་དོགས་རིག་པ་བག་ལ་ཉལ་འདི། །
གསུབ་དཀའ་ལས་ཀྱི་སུག་བྲིས་ཡིན་འདྲ། །

འཁྱགས་པས་བསྡམས་པའི་ཆུ་བོ་སྔོན་པོ། །
ཆར་གྱིས་རལ་བའི་ལོ་མ་སེར་པོ། །
སད་ཀྱིས་བཅོམ་པའི་མེ་ཏོག་དམར་པོ། །
ལན་ཆགས་བྲེས་པའི་བྱེའུ་སྒྲུང་རེ་རེ། །

གྲབས་དང་ཨང་གསར་འཚག་གེར་སྒུག་རུང་། །
བོས་པའི་མགྲོན་པོར་བསླེབ་རྒྱུ་མ་བྱུང་། །
གྲིབ་མ་ནག་རིལ་ཡར་ལ་ལྡིང་སྟེ། །
མགུལ་ལ་འཁྱུད་པའི་ལྟས་ངན་སྟོན་ཡོང་། །

སོ་ཡི་ཀ་རག་འབྱིད་པའི་རྒྱབ་ལ། །
གདོང་གི་ཀྲེ་ནག་རྔམ་གྱིས་ཨེ་རྡིབ། །
སྒྱུ་མ་སྲོག་གི་འཕར་རྩ་གཅོད་ལ། །
འདི་ལས་རྩུབ་པའི་སོ་རྣོན་ཅི་ཙུག །

དཔྲལ་མདོ་ཚེས་རུའི་གཡས་དང་གཡོན་ལ། །
འོ་ཡི་ཟོལ་གྱིས་བ་མོ་སྦྱོར་ཡོང་། །
ཤོག་སྟོང་ཁ་བའི་ཐང་ཆེན་ངོས་ཀྱི། །
སྣག་ཆུས་བྲིས་པའི་ནོར་ཁྱུ་སུས་དེད། །

འགྱོད་པའི་རི་དྭགས་སྟག་གི་ཁ་ཟས། །
བསླུ་བའི་གླིང་འབུད་དྲི་ཟའི་ལྡེམ་འགྱུ། །
སྣང་བ་ཟ་ཟི་སྨིག་རྒྱུའི་ཀླུང་འདིར། །
ཡུལ་ལ་འཁྲིད་པའི་ལག་པ་གར་ཡོད། །

གོས་ཀྱིས་ལྕིབས་ཏེ་སྒམ་དུ་བཅུག་ཁྱོད། །
རྫ་ལས་བྱས་པའི་དཀར་ཡོལ་འབྲུག་མ། །
རྡོ་བ་འཁུར་བའི་མི་ལ་རས་པས། །
ཉར་ཚགས་འཁྱོངས་རྒྱུ་དཀའ་ཙམ་འདུག་གིས། །

ཆང་གི་སྟག་ངར་རི་ལ་ལོག་ཆས། །
འདོད་པའི་གཞས་ཆུང་གཉིད་ལ་བྱིང་གྲབས། །
ཕྱིར་དྲན་ལུང་པའི་ཕུ་དང་མདའ་ན། །
རྐང་རྗེས་ཆག་རོ་ས་འཐོར་སྡོ་འཐོར། །

ངག་མི་སྨྲ་བར་ཀི་རིང་གཏོང་མཁན། །
ལག་པ་མི་གཡོབ་རྒྱང་ནས་འབོད་མཁས། །
སེམས་ཀྱི་དེ་ཉིད་འཚོ་རྫི་བྱེད་དག །
གཅེར་བུའི་ལམ་གྱི་སྤྲིན་དང་རི་ལྗོངས། །

དེ་རིང་སང་ཉིན་གནངས་ཉིན་གཞེས་ཉིན། །
གྱེན་ཟློག་མེད་པའི་ཆ་དང་བང་ཆེན། །
ཆགས་སྡང་འཁོར་བའི་རྡུལ་དམར་གྲོང་ནས། །
སྙིང་གི་མི་དང་སྒུག་རེས་ཅི་གནང་། །

ཉིན་ཞག་རེས་མོས་བདུན་བརྒྱ་ཉི་ཤུ། །
དྲོ་གྲང་ངོ་བརྗེ་དུས་གཟེར་ཉེར་བཞི། །
མི་ཚེའི་ཁུགས་ཀྱི་ཉིས་སྟོང་བཅོ་ལྔ། །
དྲ་ཧྲུག་དྲས་སྣེ་སྤར་མོ་དོ་ཙམ། །

             2015.12.31འུག་ཚང་།
 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།