གད་སྙིགས་ལ་མདུད་པའི་གནས་བསྐོར།

               ---“བོད་ཀྱི་དད་པ་གླེང་བ”ལས་བྲག་དཀར་སྤྲེལ་རྫོང་མཇལ་བའི་སྐོར།                  

            (རྩོམ་གྱི་མཇུག་ན་ཡུལ་དངོས་ཀྱི་གད་སྙིགས་འདྲ་པར་ཡོད། )

                                                                   ༡

རྟ་ལོ་ལ་གངས་བསྐོར།ལུག་ལོ་ལ་མཚོ་བསྐོར། སྤྲེལ་ལོ་ལ་སྤྲེལ་བསྐོར། གང་ལྟར་ཆོས་ཡིན་ལ་ཚོང་ཡང་ཡིན་པ། དད་པ་ཡིན་ལ་འགྲན་རྩོད་ཀྱང་ཡིན་པ།རང་འགུལ་ཡིན་ལ་གཞན་དབང་ཡང་ཡིན་པ། གནའ་སྲོལ་ཡིན་ལ་ད་ལུགས་ཀྱང་ཡིན་པའི། འ་ཅག་བོད་མིའི་རྫ་མཁན་གྱི་འཕང་ལོ་འདྲ་བའི་བསྐོར་བའི་རིག་གནས་ཀྱི་མཐོང་རྒྱུ་མེད་པའི་རྦིད་རྒྱག་གམ་འཐེན་འགུག་གི་ཁྲོད།ཅོལ་ཆུང་ང་འདྲ་ཡང་ད་ལོའི་སྤྱི་ཟླ་བཅུ་པའི་ཚེས་བཅུ་བདུན་ཉིན། ལོ་བཅུ་གསུམ་རེར་ལན་ཚིགས་འཁོར་བའི་གནམ་ལོ་སྤྲེལ་གྱི་ཟོ་ཆུན་ལ་བཞོན་ཏེ།མདོ་སྨད་རྫོང་བཞིའི་ཡ་གྱལ་གནས་མཆོག་བྲག་དཀར་སྤྲེལ་རྫོང་དུ་ཐལ་སོང་འདུག

                                                                  ༢

“གུར་འདི་ཚང་མ་ཁྱོད་ཀྱི་ཡིན་ནམ།”

“འོ་་་ཡིན་ཡ་་་ཡིན་་་ཚང་མ་ངའི་ཡིན་་་ཁྱོད་འདུག་རྒྱུ?”

“ཁྱོན་བསྡོམས་གུར་ག་ཙམ་ཡོད།”

“ཀན་གི་་་ལྔ་བཅུ་ང་བདུན་ཡོད་ཡཱ་་་ཁྱོད་ཚོར་མི་ག་ཙམ་ཡོད་་་”

“གུར་རེ་རེའི་ནང་ནས་མི་ག་ཙམ་བསྡད་ཆོག”

“བཞི་ལྔ་ལྔ་དྲུག་རེ་འདུག་ས་ཡོད། བཙངས་དང་ན་བཅུ་ཁ་ཞིག་ཀྱང་ཆུད་གི།འུ་གཉིས་འགྲོ་ལ་བལྟ་་་”

“ཞག་མ་རེ་རེར་སྡོད་མཁན་ཡོད་དམ།”

“མདང་ཕྱི་དབྱར་ཀར་དགོང་མ་རེ་རེར་སྡོད་གུར་མི་ཐེམ་པའི་ཚོད་རེད།ད་དགུན་ཐོན་པས་ཇེ་ཉུང་དུ་སོང་འདུག འོན་ཀྱང་མལ་ཐུལ་མཐུག་པོ་ཡོད་པས་ཁྱོད་འདུག་ན་དགོང་མོར་གྲང་མི་སྲིད།”

“ཞག་རེར་སྡོད་གླ་ག་ཚོད་བླངས་ནི་ཡིན།”

“འདིས་་་ཀན་་་བརྒྱ་དང་ལྔ་བཅུ་་་གཏམ་རྒྱུ་ཡོད་་་ཚང་མ་བོད་གསུམ་བོད་རེད་་་”

“འོ་ན་ཉིན་རེར་སྟོང་བརྒྱད་དགུའི་ཡོང་སྒོ་ཡོད་གཱ”

“ཨ་་་འོ་ལོས་་་དེ་འདྲ་ཞིག་ལོས་ཡོད་་་སྟོང་བརྒྱད་དགུ་ཙམ།”

“སྤྲེལ་བསྐོར་མགོ་བརྩམས་ནས་ད་རེག་བར་དུ་བསྡོམས་པས་ལག་འབབ་ག་འདྲ་ཡོད་གི། ས་རིན་སོགས་མ་རྩ་ཕུད་དང་ན།”

“རྩྭ་ས་འདི་རང་གི་ཡིན་པས་མ་རྩ་ཆེན་པོ་དགོས་ནི་མ་རེད། ཡོང་སྒོ་བཤད་ན་་་ཀན་་་འདིས་་་ད་ཧ་ལམ་ཁྲི་བཅོ་ལྔ་ཉི་ཤུ་ཞིག་རེད་པཱ།”

                                                          ༣

གོང་གསལ་ནི། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ཁོངས་བྲག་དཀར་སྤྲེལ་རྫོང་མཐའ་འཁོར་རུ་ཁག་ལྔ་པའི(ཡུལ་ཚོ་གང་ཡིན་འདྲི་རྒྱུ་བརྗེད)སྡེ་མི་ཚེ་རྡོར(མིང་གཡར་མ)ངེད་གཉིས་ཀྱི་ཁ་བརྡ་ཡིན། ཁོས་ཟླ་བ་འགའ་ཡི་ཡོང་སྒོ་གླེང་དུས“ཁྲི་བཅོ་ལྔ་ཉི་ཤུ་ཞིག་རེད་པཱ།”   ཞེས་ཅི་མི་སྙམ་པའི“པཱ”ཞིག་ཅལ་སེར་ངའི་ངོ་ལ་གླན་ཡོང་ཞིང་། དེས་མི་ཚད“བཅོ་ལྔ་ཉི་ཤུ་ཞིག”ཅེས་དམངས་སྒོར་ཁྲི་ཚོ་ལྔ་ནི་རྐྱོང་སྐུམ་བྱེད་སྤྱད་ངལ་གསོ་ཙམ་དུ་ལབ་ཡོང་དུས། ངས་རང་དབང་མེད་པར་རྒད་པོ་བལྟས་མདོག་མེད་པ་དེའི་གདོང་བར་གཟབ་ཀྱིས་གཅིག་བལྟ་དགོས་བྱུང་། ད་ཤག་ཁོའི་དཔྲལ་བའི་སྒང་གི་སྣུམ་ཇེ་མང་ལ་སོང་ཞིང་སོ་དཀར་སྟེང་གི་འཛུམ་བུ་ཡང་སྙིང་ཇེ་རྗེར་སོང་བའི་སྣང་བ་ཞིག་སྟེར།

སྒེར་ཁེ་ཁོ་ནས་གྲུབ་པའི་སྤྱི་ཚོགས་ཀྱི་གྲུ་བོ་ཆེར་སྡོད་པའི་མི་ཞིག་ཡིན་ཚེ།སྒོར་མོས་ནམ་རྒྱུན་འདི་ལྟར་མི་ཞིག་གི་སྣང་བརྙན་ཟེར་བ་སྐད་ཅིག་ཆར་ས་ཁ་ནས་བལ་ཏེ་གནམ་ངོས་སུ་འཐེན་འགྲོ་བ་ཞིག་རེད། ཐབས་ཁྱོན་ནས་ཡོད་མ་རེད།

དེ་བས། སྔོན་ཚེ་རྟོལ་ཕྲུག་གི་གློ་བ་བཟས་ཏེ་ཁ་རྔམ་ཞུགས་པའི་བདའ་རྒན་ཞིག་གིས།“མ་སེམས་ཅན་ཐམས་ཅད་རྟོལ་དུ་སྐྱེས།རྟོལ་ཐམས་ཅད་གློ་བར་གྱུར། གློ་ཐམས་ཅད་ང་ལ་འཐོབ།” ཟེར་བ་ལྟར། ང་ཡང་རྒད་པོ་ཚེ་རྡོར་ཡིན་རྒྱུ་ན། “མ་སེམས་ཅན་ཐམས་ཅད་བོད་དུ་སྐྱེས། ལོ་ཐམས་ཅད་སྤྲེལ་དུ་གྱུར།མགྲོན་ཐམས་ཅད་ང་ལ་འཐོབ” ཅེས་པའི་སྨོན་ལམ་གདབ་སྲིད་པ་ཁོ་ཐག་རེད།

                                                            ༤

ལུང་པ་ཕུ་ཐུང་འདིའི་ཡུལ་མི་ཉི་ཚེ་བ་ཞིག་གིས་སྟེས་དབང་གི་ཧྲགས་བར་ནས་དངུལ་རྡོག་འགའ་རག་སོང་བའི་དོན་འདི་ཤོད་དུས། ང་རང་གིས་ཉན་ན་ཡང་རང་གི་ཁ་ནང་ནས་མིག་སེར་ལྟ་བུ་ཞིག་འཛེར་འཛེར་གྲག་གིན་འདུག འོན་ཀྱང་ངེད་གཉིས་ཀྱི་ཁ་བརྡ་ད་དུང་མཇུག་རྫོགས་མེད་པས། ངང་རིང་གི་ཀློག་གྲོགས་ཁྱོད་ཀྱིས་ཀྱང་ད་དུང་ང་ལ་ཐུ་ལུ་མི་འཕེན་རོགས།

“སྐོམ་ཆུའི་འགྱིག་དམ་སོགས་གད་སྙིགས་འདི་འདྲའི་མང་པོ་ཞིགའདི་དག་ལ་ཉ་ར་བྱེད་མཁན་ཞིག་མེད་དམ།”

“ཨ་་་འོ་ལོས་་་ཁྱིམ་འཕྱག་མང་གི་མོད་་་བཀོད་པ་ཞིག་མི་འདུག་གི་་་”

“ཁྱོད་ཚོ་རང་གིས་གཙང་སྦྲ་མི་བྱེད་དམ།”

“ཨ་་་ང་ཚོ་རང་གིས་ཨེ་ཡིན་་་ད་ཚང་མས་ཁ་ཡ་བྱེད་ཀྱི་མི་འདུག་གཱ་་་བཤད་ནི་ཞིག་ཀྱང་མེད་གི་ཡཱ་་་ལོབས་སོང་འདུག་་་ཁྱོད་འདུག་རྒྱུ་ན་མིན་་་”

“བོད་ཡུལ་ས་ཆ་སོ་སོའི་མཇལ་པ་གནས་མཇལ་དུ་ཡོང་བ་དོན་ཡག་པོ་ཞིག་ཡིན་ཡང་སྲིད། མ་མཐར་ཡང་ཁྱོད་ཚོ་ས་གནས་ཀྱི་མང་ཚོགས་ལ་ཡོང་སྒོ་ཞིག་ཡོད་གི། འོན་ཀྱང་འདི་འདྲའི་གད་སྙིགས་མང་པོ་ཞིག་བསྐྱུར་ཏེ་སོང་ན། ངོ་མ་གནས་ཡག་པོ་འདིའི་ཁོར་ཡུག་ལ་ཤ་མ་ཚ་བ་རེད།”

“ཨ་་་ཁོར་ཡུག་་་འོ་ལོས་་་ཁོར་ཡུག་་་ངོ་མ་བརྫད་འདུག་་་ཤ་མ་ཚ་བ་རེད་་་ཡ་ཡ་་་ད་དེ་བྱོས་་་ང་ལ་འགྲུལ་བ་ཐོན་ཐལ་་་”

རླངས་འཁོར་འགའ་རྡུལ་ཕྱུར་ཕྱུར་ཐོན་བྱུང་། ཚེ་རྡོར་ལམ་འགྲམ་དུ་རྒྱུག་ཕྱིན་ཏེ་འགྲིམ་འགྲུལ་ཉེན་རྟོག་པ་ཞིག་དང་འདྲ་བར། བྱང་ཆ་དོད་པོའི་ངང་ཕྲེང་བ་བཟུང་ཡོད་པའི་ལག་པ་གཡོན་པ་ཅུང་མཐོན་པོར་སྔོན་ལ་ཤད་ཀྱིས་བརྐྱངས་ཤིང་།ཕུ་རུང་གྲུ་ཁུགས་ལ་དཀྲིས་ཡོད་པའི་ལག་པ་གཡས་པ་ཅུང་དམའ་མོས་མདུན་དུ་བརྐྱངས་ནས། འབྲོག་མོས་ལུག་ལྷས་ནས་རིལ་མ་རུག་རུག་བྱེད་པ་ལྟར། དྲང་མོར་ཐར་གཅད་ཡོད་པའི་སྤར་མོས་རང་གི་མགྲོན་ཁང་གི་ཕྱོགས་སུ་་བྱབ་བྱབ་བྱེད་ཀྱིན་གདོང་ཡོངས་ལ་འཛུམ་མདངས་ཤིན་ཏུ་བཀད་འདུག

ཨང་གྲངས་ལ་བལྟས་ན་རླངས་འཁོར་དེ་ཚོ་རྨ་ལྷོ་ཡི་ཡིན་པ་ཤེས་སླ་བ་བཞིན། ཀླད་དུ་ཁ་བཏགས་བཏེགས་ཡོད་པར་བལྟས་པས་ཀྱང་རླངས་འཁོར་དེ་ཚོ་ནི་འ་ཅག་བོད་ཀྱི་སྤྲེལ་བསྐོར་པ་ཡིན་པ་ཡང་ཚེགས་མེད་ཤེས་ཐུབ། ནང་ན་རྒན་རྒོན་དང་བྱིས་པ་ཡང་འགའ་ཞིག་མཆིས། ཚེ་རྡོར་གྱིས་མགོ་ལྡེམ་ལྡེམ་ལག་པ་གཡུག་གཡུག་མཇལ་པ་གསར་པ་དེ་ཚོ་དང་གུར་གླ་གཏམ་གྱིན་འདུག་པར་བལྟས་ན། ཁོར་ང་ལ་ཁ་བརྡ་བྱེད་འདོད་དང་བྱེད་ཁོམ་གཉིས་ཀ་ཡོད་ཚོད་མ་རེད།

                                                         ༥

མར་ཁུའི་མཚོ་མོ་རགས་ལས་ཤོར་བ་ལྟར། རྒྱང་རིང་གི་ཤར་མཐའི་ཧོད་ཁའི་རི་རྒྱུད་ཀྱི་ཁོང་གསེང་ནས་ཉི་འོད་སེར་ཐང་ཐང་ཞིག་བརྡོལ་ཡོང་། ཞོགས་པའི་སྨུག་རྡུལ་ཁྲོད་ཀྱི་ཞིན་ཧེ་རྫོང་ཡང་ཁྲ་ཧྲམ་མེར་ཇེ་གསལ་དུ་མངོན། ཚེ་རྡོར་ངེད་གཉིས་ཀྱི་མཇུག་མ་རྫོགས་ལ། མཇུག་རྫོགས་ཐབས་ཀྱང་མེད་པའི་ཁ་བརྡ་དེ་ཁོག་སྟོང་དུ་རོ་མི་ཞིམ་པའི་ནངས་ཇ་བཞིན་བཅུག་ནས་ང་རང་སྤྲེལ་རྫོང་རི་བོའི་བསྐོར་ལམ་དུ་འགོས་ཏེ་ཕྱིན།

ནམ་ཟླ་དགུན་ལ་བསླེབས་རུང་། ཚེ་རྡོར་གྱི་མགྲོན་གུར་ལྟ་བུའི་མགྲོན་ཁང་དང་ཇ་ཁང་གནས་འདིར་ད་དུང་བཅུ་གྲངས་ཤིག་འདུག ཚེ་རྡོར་གྱིས་བཤད་པ་ལྟར་ན། དབྱར་ཀར་མཇལ་པ་མང་དུས་རས་གུར་ཚང་མའི་ཁ་འགེང་འགྲོ་ཟེར། དེ་ལྟ་ན་ཕལ་ཆེར་ཞག་མ་རེར་ཚིགས་མལ་འདིར་མ་མཐར་ཡང་མགྲོན་པོ་དྲུག་བརྒྱ་བདུན་བརྒྱ་ཡོད་ཚོད་རེད། ཡུལ་མི་ཚོར་དེའི་ཚོད་ཀྱི་ཡོང་སྒོ་ཡང་ཡོད་པས་མ་གཞི་ནས་དགའ་འོས་པའི་དོན་ཞིག་རེད།

སྤྱིར་ན་གནས་མཇལ་ནི་གཏན་འཇགས་ཀྱི་ཡུལ་སྐོར་ཇི་བཞིན་ལོ་རེར་བཟང་པོ་འཁོར་རྒྱུག་བྱེད་ཐུབ་པའི་དཔལ་འབྱོར་ལས་སྒོ་ཞིག་མིན་རུང་། སྐབས་སྐབས་སུ་ས་གནས་མང་ཚོགས་ལ་ཡོང་འབབ་ཤིན་ཏུ་མི་ཉུང་བ་འཁྱེར་ཡོང་བ་ནི་དོན་ངན་ཞིག་ག་ལ་ཡིན། ཞིན་ཧེ་རྫོང་གིས་ཀྱང“ཆོས་ལུགས་རིག་གནས་རྫོང”སྐད་པའི་མིང་ཐོག་ནས་སྤྲེལ་བསྐོར་གྱི་གོ་སྐོབས་ལ་འཇུས་ཏེ། “སྤྲེལ་རྫོང་ལྗོངས་རྒྱུ་ཁུལ”ཞེས་པའི་ཡུལ་སྐོར་གྱི་ལས་སྒོ་ཆེར་སྤེལ་གྱིན་པ། རྫོང་ཐོག་གི་ཚོང་འཕྲིན། བརྡ་ཁྱབ། སྒྲོག་ཡིག་སོགས་དང་། ད་དུང་རི་མཐོ་གཡང་གཟར་ལ་མ་བལྟས་པར་སྤྱི་ལེ་དྲུག་བདུན་ལྷག་གི་སྤྲེལ་རྫོང་བསྐོར་ལམ་ཧྲིལ་པོར་ཤིང་སྐས་ཡག་པོ་བཟོས་པ་འདིས་ཀྱང་ཚེགས་མེད་ཤེས་ཐུབ།

འོན་ཀྱང་། སྤང་དང་རྫ་ཆུ་སྐྱ་འཐབ་ཅིང་བྲག་དང་ལྗོན་ཚལ་ལྷུ་འཕྲོད་པ། བྱ་དང་རི་དྭགས་བག་ཡངས་ཤིང་རླུང་དང་མཁའ་དབུགས་གཙང་སིང་བའི་མཛེས་ལྗོངས་འདི། ཏག་ཏག་དད་པ་ཅན་གྱི་དང་བ་གཅོག་པར་བྱེད་ཅིང་དགའ་མོས་ཅན་གྱི་ཡི་ག་འཆུ་བར་བྱེད་པའི་གད་སྙིགས་ཀྱི་ར་བ་ཆེན་པོ་ཞིག་ཏུ་གྱུར་ཚར་ཡོད་པ། དཔལ་འབྱོར་གྱི་འཁོས་ཀ་གཉེར་མཁན་སྲིད་འཛིན་ངོ་མ་ཞིག་གི་ཆེས་ཐོག་མའི་དམིགས་ཡུལ་ཡིན་མི་སྲིད་ལ། ཆོས་ལུགས་ཀྱི་དོན་པོ་འཚོལ་མཁན་དད་ལྡན་རྣམ་དག་ཅིག་གི་ཆེས་ཐ་མའི་བསམ་བྱ་ཡང་ཡིན་མི་དཔེ།

འདི་ནི་ངས་བསམ་ན། སྐྱེ་ཁམས་སྲུང་སྐྱོབ་སྐད་པ་ཁ་གཡེང་གི་ལྦུ་བའི་ཁྲོད་ནས་འབོར་གྱིན་པའི་འབྲེལ་ཡོད་དཔོན་རིགས་དང་།དངོས་གཙང་རྣམ་དག་གི་མཆོད་པ་ཟེར་བ་ཁ་ཏོན་གྱི་དབ་དིབ་བར་ནས་བརྗེད་ཀྱིན་པའི་མཇལ་པ་ཚོའི།རྣམ་འགྱུར་ཡག་པོའི་རྐུབ་རྫུན་རལ་རྟགས་དང་ཁ་གཏམ་སྙན་མོའི་གཞ་གུ་ཆད་ཚུལ་རེད།

                                                         ༦

ལ་ཐུར་མེད་པར་ཤིང་སྐས་ཆེན་པོ་བཟོས་ཡོད་པས་དངོས་འབྲེལ་འགྲོ་བདེ་བོ་རྐྱང་རེད།“འཁོར་འདས་རི་ཤན”ཟེར་བའི་དཀའ་ཐུབ་ལྟར་བསམ་བཞིན་ཤིང་སྐས་བསྐྱུར་ཏེ་རྡོ་འཛིངས་ཁྲོད་ནས་ནུར་ཏེ་འགྲོ་བ་མིན་ན།བརྐྱངས་ཕྱག་འཚལ་ཏེ་འགྲོ་མཁན་ཚོར་ནི་དེ་བས་ཀྱང་གྲོགས་ཕན་ཧ་ལས་པ་བཟོས་འདུག་སྙམ། མ་ཟད་སྤྱི་ལེ་དྲུག་བདུན་ཙམ་གྱི་བསྐོར་ལམ་དུ་ཚོང་ཁང་ཇ་ཁང་སོགས་སྦས་གུར་ཡང་ཉི་ཤུ་རྩ་གྲངས་ཤིག་འདུག་པས། དེ་ཚོའི་ཡོང་འབབ་མ་བཤད་དང་། མཇལ་པ་ཚོས་ཀྱང་ལམ་བྲོ་ཅི་ཡང་འཁུར་དགོས་མེད་པར་འགྲོ་འགྲོ་སྡོད་སྡོད་བར་ནས་བཟའ་ཞོར་འཐུང་ཞོར་སྤྲོ་གསེང་སྐྱིད་པོ་བཏང་ཆོག་པ་ཞིག་ཀྱང་རེད། འོན་ཀྱང་ཕྱི་དངོས་པོའི་མཐུན་རྐྱེན་ཡལ་འདབ་འཛོམས་རུང་སེམས་རྩ་བ་གཞན་དོན་སྡོང་བོ་མ་དྲང་ན། སྤྲོ་འཆམ་ལྟ་བུའི་གནས་བསྐོར་གྱི་ཞོར་ལ་ཕུ་ནུའི་ལུང་པར་སྦག་བཙོག་འདི་འདྲ་བཟོས་པར་ཡང་གཅིག་ལྟོས་དང་། ངོ་མ་བྱ་བཙོག་ནི་ཞིག་རེད།

བཀྲ་ཤིས་ལ་རུ་འབོད་པའི་ཉིན་ངོས་ལུང་པའི་རྐེད་ཙམ་ན། གཏིང་གི་ཟབ་ཚད་ལ་གོམ་པ་བཅུ་ལྷག་དང་ཞེང་ཚད་དུ་གོམ་པ་ལྔ་དྲུག་ཡོད་པའི་གྲོག་ཤུར་ཆེན་པོ་ཞིགཏག་ཏག་སྐོམ་ཆུའི་འགྱིག་དམ་སྣ་མ་སྣ་ཚོགས་ཀྱིས་མེར་མེར་ལྕུག་ལྕུག་ཏུ་བཀང་འདུག སྒྲུབ་གནས་ཆེ་གེ་མོ་ཞིག་ཡིན་ཟེར་བའི་ཡས་ཀྱི་བྲག་ཕུག་དེ་ནས་གྲྭ་ཆས་གྱོན་མཁན་ཞིག་གིས་མཆན་དང་ལག་ཏུ་འགྱིག་སྣོད་འཁྱུད་ཙམ་འཁྱེར་ཡོང་སྟེ་ཤིང་ཟམ་སྟེང་འགྲེང་བསྡད་ནས་འགབ་ཏུ“ཕག”“ཕག”“ཕོག”“ཕོག”གི་སྒྲ་དང་བཅས་རང་དགར་སྟོར་སོང་།

“ཨ་ལ་ལ་ལ། གད་སྙིགས་མང་གཱ  འདི་ལ་ཉ་ར་བྱེད་མཁན་ཞིག་མེད་དམ།” ངའི་ཁ་ནས་རང་དབང་མེད་པར་དེ་ལྟར་ཤོར།

རང་གི་ལུས་སྟེང་ལ་སྤྲུག་སྤྲུག་བྱེད་ཞོར། “ཅུང་མང་གི། དབྱར་ཀར་འདྲུད་མཁན་ཞིག་འདུག  ད་སྐབས་ཡོང་ནི་མེད་གི།” ཟེར་བར་ངས་ད་དུང་ལན་ཞིག་རྒྱག་བསམ་དུས། ཁོ་རང་ཁ་ཕྱིར་འཁོར་ནས་སྒྲུབ་ཕུག་གི་ཕྱོགས་སུ་འཛེགས་སོང་། སྔོན་ཆད་སྒྲུབ་ཕུག་ནི་ལྷ་འདྲེས་མ་གཏོགས་མི་ཤེས་པའི་འགོལ་བོའི་གནས་སུ་ཡོད་པས་དེ་ལས་གད་སྙིགས་ཤིག་ཡོང་ཐབས་མེད། དེང་སྐབས་སྒྲུབ་ཕུག་སྐད་པ་ཡང་བོང་རྒན་སྐྱ་བོ་ཞིག་དང་འདྲ་བར་གྲོང་འདབས་སུ་མར་བབས་པས་མི་ཚད་འདི་ལྟར་ནག་བུག་བུག་གི་ཁ་ནང་ནས་གད་སྙིགས་ཙ་ར་ན་ར་སྐྱུག་ཡོང་གིན་འདུག

                                                            ༧

མདོར་ན་བསྐོར་ལམ་གྱི་ཤིང་རྐས་ཆེན་པོ་བརྒྱུད་དེ།ཤར་ངོས་བཀྲ་ཤིས་ལ་དང་ནུབ་ངོས་མཐོ་རིས་ལ་ཡི་ཁིས་ཁ་ནས་ལ་རྟིང་བར་གྱི་གྲོག་མོའི་མགོ་ནས་མཇུག་བར། སྐོམ་ཆུ་ཆ་མ་ཆོ་རིགས་ཆེ་མ་ཆུང་གསུམ་གྱི་འགྱིག་དམ་གང་དགར་སྟོར་ཏེ། དོམ་དམ་ཚོན་མདངས་སྣ་དགུ་ཤིན་ཏུ་བཀྲག་པའི་འགྱིག་རྫས་ཀྱི་ཆུ་ཕྲན་གྱ་མ་གྱུ་ཞིག་ཏུ་དཀག་འདུག ཡང་མཐོ་རིས་ལ་ཡི་རླུང་རྟ་དང་རླུང་རྟའི་ཤོག་སྒམ་གྱིས། འགུལ་འགུལ་ཤིག་ཤིག་ངང་། ཡོམ་ཡོམ་ལྟེམ་ལྟེམ་ངང་།  ལ་ངོས་ལུང་ཐུར་མེད་པར་ལྗིད་ཀྱིས་མནན་ཡོད་པ་དེ་དང་བསྡུར་ན། རེ་ཞིག་དེང་རབས་ཅན་གྱི་འགྱིག་དམ་གད་སྙིགས་ཀྱང་ངོ་གནོང་སྟེ་སྡོད་དགོས་ཡོད་ཚོད་རེད།

སྤྱིར་རླུང་རྟའི་ཤོག་བུ་དང་དེའི་སྒང་གི་རི་མོའི་སྣག་ཚའི་རྒྱུ་སྤུས་ནི་ཆེས་སྡུག་ཤོས་ཀྱི་རིགས་ཡིན་པ་ཅི་ལ་བསྙོན། ནང་དུ་དུག་རྫས་མེད་ན་རབ་རེད། ཡང་ལོ་རྒྱུན་མར་རླུང་རྟ་སྤུར་སའི་ས་ལ་རྩྭ་དང་ལྡུམ་བུ་སྐྱེ་མི་ཐུབ་པར་བལྟས་ན། དེ་ལ་དུག་མེད་ཅེས་སུ་ཞིག་འགྲང་ཙམ་ཟོས་ཏེ་ཚོད་བལྟ་བྱེད་ནུས།

ང་ཚོ་མཐོ་རིས་ལ་ནས་ཡར་འཛེགས་འགྲོ་དུས། སྲིབ་ངོས་སྤེན་མ་རྒྱ་རག་གསེབ་ན་དགོ་བ་ཁྱུ་ཞིག་བག་ཕབ་པོར་འབྱམས་འདུག ཡི་དྭགས་ཀྱིས་སྨིག་རྒྱུ་རབ་རིབ་ཆུ་ཀླུང་སྔོན་མོར་འཁྲུལ་བ་ལྟར། ཤིན་ཏུ་ཁ་སྐོམ་པའི་ཉིན་མོར། རི་སྐྱེས་དེ་ཚོས་ཁིས་འདིའི་རླུང་རྟའི་གད་སྙིགས་དཀར་བོང་བོང་འདི་ཁ་བའམ་འཁྱམས་རོམ་བཞུ་མེད་ཅིག་ཏུ་འཁྲུལ་ཡོང་གིན་ཡོད་དམ། ཡང་ན་རྒྱུག་ཕྱིན་ཏེ་ཁམ་བུ་འགའ་བཟས་པས་དུག་ཕོག་སྟེ་ཉིན་ཤས་ནས་དངོས་འབྲེལ་མཐོ་རིས་སུ་བུད་འགྲོའམ། གད་སྙིགས་ཟོས་ཏེ་ཟོག་ལུག་ཤི་བའི་གནས་ཚུལ་ག་སར་ཐོས་རྒྱུ་ཡོད་པས་འདི་ཡང་མི་སྲིད་པ་ཞིག་མ་རེད།

ཁྱོད་ཀྱིས་སྒོ་ཕྱུགས་ཟོག་ལུག་ལ་མི་སྐྱོན། གྲོག་མོ་དང་རྡོ་འཛིང་གི་གསེབ་དག་ན་མ་གཏོགས་རྩྭ་ཡོད་ས་ན་གད་སྙིགས་མི་འདུག་ཟེར་ན་དེ་ཡང་རྫུན་དུ་འགྲོ། བཀྲ་ཤིས་ལ་ཡི་ཉིན་ངོས་བྲག་རིའི་ཤོད་ནི། སྤྲེལ་བསྐོར་ལམ་གྱི་ཆེས་ཉམས་དགའ་བའི་སྤངས་ལྗོངས་ཤིག་རེད། སུ་ཚང་གི་དགུན་མཚེར་ཡིན་ཚོད། འོན་ཀྱང་ལྕགས་དྲྭ་ནི་མཇལ་བསྐོར་པ་ཚོས་རྐང་བཅག་བྱས་ཏེ་མགོ་ཆད་མཇུག་རྡུམ་ནས་སྟོད་འགྱེལ་སྨད་ལངས་སུ་བསྒྱེལ་ཡོད་ལ། དེ་ལས་ཀྱང་འགྱིག་དམ་གྱི་གད་སྙིགས་ནི་སྤང་ཁུད་དག་ཏུ་རང་དགར་འཕོ་ཞིང་གཅོལ་ཏེ། ཅུང་འུད་ནས་བཤད་ན་སར་ཙོག་ནས་ངལ་གསོ་ས་ཙམ་ཡང་རྙེད་དཀའ་ཚོད་རེད། དེ་དག་ཟོག་ལུག་གི་ཁ་ནང་མ་དགོས་མི་ཡི་ཟ་མའི་ནང་དུ་ཡང་མི་འགྲོ་བའི་གདེང་སུ་ལ་ཡོད། ང་རང་དེར་ཐོན་དུས། སྐྱ་སེར་འགའ་ཡིས་འགྱིག་དམ་གྱི་སྤུང་གསོག་ཆེན་པོ་ཞིག་གི་འཁྲིས་སུ་ལམ་བྲོ་སྤང་དུ་བཀྲམ་སྟེ་དྲོས་ཇ་འཐུང་གིན་འདུག ངའི་སེམས་ལ་ཁོ་ཚོའི་གྲོད་པ་ཤིན་ཏུ་ལྟོགས་ཡོད་པ་མིན་ན་གད་སྙིགས་ར་བ་ནས་ཟ་མ་ཟ་རྒྱུ་མ་རེད་སྙམ། དེ་ནི་ངོ་མ་གསང་སྤྱོད་ཁང་ནས་ཁ་ལག་ཟ་བ་དང་ཁྱད་པར་ཅུང་ཙམ་ལས་མི་འདུག

                                                         ༨

དེང་རབས་འགྱིག་གི་གད་སྙིགས་ནས་སྲོལ་རྒྱུན་རླུང་རྟའི་གད་སྙིགས་ཕུད། ངས་ད་དུང་གད་སྙིགས་གཞན་ཞིག་མཚམས་འདིའི་བར་གབ་སྟེ་མ་གླེང་། ད་ཆ་ཀློག་གྲོགས་ཁྱོད་ཀྱི་ལག་ན་དཀར་ཡོལ་དང་དེའི་ནང་ལ་ད་དུང་ཐུག་པ་བླུགས་ཡོད་ན། དགོངས་དག  ཅོག་སྒམ་གྱི་སྒང་དེར་ཅུང་ཞིག་འཇོག་རོགས་ཞུ། གཤམ་གྱི་ཡི་གེས་ཁྱོད་ལ་སྐྱུར་མེར་སློང་སྲིད།

སྔོན་ཚེ་དབུས་སུ་ཕེབས་པའི་ལམ་བར་ནས་སྤྲེལ་རྫོང་བརྒྱུད་སྐབས། རྗེ་རིན་པོ་ཆེས“འཇམ་དཔལ་མཚན་བརྗོད”གསུངས་ཀྱིན་ཕེབས་སྐད་ལ། ཏག་ཏག “བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །” ཞེས་པའི་མཚམས་དེར་སྐྱོར་ཐོན་དུས་རི་ངོས་སུ་བསླེབས་པས་ས་མིང་ལ་བཀྲ་ཤིས་ལ་རུ་ཐོགས་སྐད།བདེན་མིན་མི་ཤེས་རུང་། བཀྲ་ཤིས་ཐོགས་པའི་ཡུལ་ཞིག་ཡིན་ཚེ་བདེན་དགེ་མཛེས་གསུམ་གྱིས་བརྒྱན་པ་ཞིག་ཇི་འདྲའི་ཡིན་རེ་འོས།

ཕྱག་དང་ཞེ་སས་མི་ལྡང་རུང་། དེ་རིང་ཡུལ་བསྐོར་ཤིང་སྐས་ཆེན་པོར་བྱ་གག་བཞིན་གྱལ་གྱོལ་གྱིས་འཛེག་གིན་ཐོན་པ་འདི་ཙམ་ཀྱིས་ཀྱང་། ངས་སེམས་ནང་ནས་མ་མཐར་ཡང་སྐྱེས་ཆེན་ཞིག་གི་གསེར་གྱི་ཞབས་རྗེས་ལ་སྤྲེལ་ལད་ཙམ་ཡིན་རུང་བྱེད་ཐུབ་སོང་སྙམ་ཡོད། འོན་ཀྱང་སྐྱེས་ཆེན་གྱི་གསེར་རྗེས་དེད་དེ་ཅུང་ཞིག་མར་བབས་མཚམས། ངའི་སེམས་ནང་གི་བྱ་གག་ཡག་པོ་དེ་སྐད་ཅིག་ཉིད་ལ་རྦབ་ཏུ་འགྲིལ་སོང་།རྭ་མཆུ་ཆད་ཅིང་རྔ་སྒྲོ་འཐོར་སོང་།

སྐྱེས་པའི་ཞྭ་མོ་སྣུམ་སྟུག་མ་ཅི་རིགས། ཁ་དོག་སྣ་ཚོགས་ཀྱི་སྐྱེས་མའི་མགོ་དཀྲིས། གོང་ཕུར་ཚི་ཡིས་དཀག་པའི་སྟོད་གོས་ཆེ་ཆུང་གཉི་ག  དོར་མ་རྙིང་ཧྲུལ་རིང་ཐུང་ཆ་ཁ། ཕྱུ་པ་ཐེད་པོ། སྐེ་རགས་ཆད་པོ། བལ་འཐག་གི་འགག་ལོ། ཀོ་བའི་རྐང་སྣམ་ཁ་འདིག ཐ་ན་རྐང་འབོབ་དྲེག་པ་ཅན་དང་དོར་ཐུང་རྙང་མ་ཅན། ཨ་ཁ་ཁ། འདི་དག་ནི་ནད་གོས་ཡིན་ནམ་དམེ་ལྭ་ཡིན།  རོ་ཤུན་ཡིན་ནམ་གཤིན་པགས་ཡིན། སུ་ཡིས་ང་ལ་ལན་ཞིག་སྟེར་ཐུབ།

ཤིང་སྐས་ཀྱི་གྲུ་ཟུར་ཞིག་ན་ཁ་འགེང་བས་མི་ཚད་འགྱིག་དམ་གྱི་གད་སྙིགས་ཕྱིར་ལུད་ཀྱིན་པའི་སྙིགས་ཟོ་དེའི་འཁྲིས་ནས། ཅུང་ཙམ་མིན་ན་ཚེ་རྡོར་ངེད་གཉིས་ཀྱི་བཤད་མ་ཚར་བའི་ཁ་བརྡ་དེ་དག་དང་ལྷན་དུ། ངས་མདང་གི་ནུབ་འཚལ་དེ་ཡང་གཏིང་ནས་ཕྱིར་བསྐྱུག་ཡོང་།

ཏག་ཏག་སྐབས་དེར་སྐྱ་སེར་འགའི་ཁ་བརྡ་རླུང་གིས་འཁྱེར་ནས་ངའི་རྣ་ནང་དུ་ཐོན།

“འོ་རེད་རེད་་་འདི་ད་ཛམ་བྷ་ལ་རང་བྱོན་ཡོད་ས་རེད་་་ལྟོས་དང་་་ཀན་་་”

“འདྲ་སེ་བ་ཞིག་རེད་་་ངོ་མཚར་ཆེ་བ་ལ་་་”

“རེད་་་ཛམ་བྷ་ལ་སེར་པོ་་་”

“འདི་ནས་གསོལ་བ་བཏབ་ན་རྒྱུ་གཡང་འཁོར་ནི་རེད།”

དེའི་འཕྲོར་ཁོ་ཚོས་ཧུ་རུ་རུ་ཛམ་བྷ་ལའི་གཟུངས་སྔགས་སམ་ཅི་ཞིག་ཟློ་ཡིན། འགྲམ་དུ་ལྭ་ཤུན་སྤུང་གསོག་བརྒྱབ་ཡོད་པའི་བྲག་རྩ་དེ་ནས་སྡོང་རྒན་འགྱེལ་བ་བཞིན་ཕྱག་འཚལ་བྱུང་། མགོ་ནས་མཇུག་བར་ངས་བལྟས་བསྡད་པ་ཡིན། ཁོ་ཚོས་ལོགས་ཀྱི་ལྭ་ཤུན་དེ་དག་ལ་སྣང་འཇོག་སྤུ་ཙམ་བྱས་མ་སོང་། བལྟས་ཚོད་དུ་སྙིགས་རོ་དེ་དག་ནི་མ་གཞི་ནས་རང་བྱུང་ཁམས་ཀྱི་གྲུབ་ཆ་ཞིག་ཡིན་ཞིང་དེ་ག་ཉིད་དུ་ཡོད་འོས་པ་དང་འདྲ། 

དེ་མིན་ངས་ལམ་སྐབས་ནས་བསམ་བཞིན་བྱིས་པ་འཁུར་བའི་སྐྱེས་པ་གཟུགས་རིང་ཞིག་དང་ངལ་གསོ་བའི་གྲྭ་པ་ཡར་གསེག་ཅིག ད་དུང་རྒྱ་ལྭ་གྲ་དག་གྱོན་ཡོད་པའི་བུད་མེད་དར་མ་ཞིག་ལ་གད་སྙིགས་ཀྱི་སྐོར་གླེང་སློང་བྱས་རུང་།ཧ་ལས་པ་ནི། གཅིག་མཚུངས་སྒོས་ཁ་བརྡ་དེར་སྤྲོ་སྣང་ཡེ་མེད་པའི་ཉམས་སྟོན་ཡོང་།

རང་ལ་མིག་འཁྲུལ་བྱུང་སོང་ངམ། གྲོག་མོའི་སྟོད་སྨད་ཀུན་གྱི་སྤུང་གསོག་དེ་དག་ནི་མ་གཞི་འགྱིག་དམ་གྱི་གད་སྙིགས་མ་ཡིན་པར་མ་ཎི་རྡོ་རྐོས་དང་། བྲག་རྩའི་དེ་ཡང་ལྭ་ཤུན་སྐྱུག་རྫོབ་མ་ཡིན་པར་དར་ལྕོག་ཁྲ་བོའི་ཚོམ་བུ། ཉག་གའི་དཀར་བོང་བོང་དེ་ཡང་རླུང་རྟའི་རྔམས་ཁ་མ་ཡིན་པར་ཁངས་རྫུབས་ཆེན་པོ་ཡིན་ནམ་བདག་ཡིད་འཕྱང་མོ་ཉུག

                                                   ༩

ནོར་ལྷ་ཛམ་བྷ་ལ་དང་ལྭ་ཤུན་དེ་དག་གི་བར་ན་འབྲེལ་བ་ཅི་ཞིག་ཡོད་པ་ངས་མི་ཤེས། གང་ལྟར་གད་སྙིགས་ལ་དགའ་བ་ཞིག་ཡིན་ཚེ་དེ་ལྷ་ཞིག་ཡིན་ཨེ་སྲིད་ན། ཡང་ན་ཡི་དྭགས་ཟེར་བ་ཞིག་མིན་ལས་ཆེ། དེ་ཚོ་བཤང་གཅི་དང་ངར་སྣབས་བཟའ་རྒྱུར་ཡང་དགའ་རབས། དེ་བས་ཁྱོད་ཀྱི་མི་གཙང་ལྭ་ཤུན་རྙིང་རལ་སྔུན་དུ་སྤུངས་པའི་དྲིན་གཟོ་ཕྱིར་དེས་ཚེ་ཕྱི་མར་ཁྱོད་ལ་ཝ་ཐུལ་སྤྱང་ཐུལ་གཡོག་ཡོང་ཡང་སྲིད།

ཡང་ན། “དེ་མ་རེད། ལོག་ལྟ་མཁན་ཁྱོད་ཀྱི་ཁ་ཐལ་བས་ཆོད། ངེད་ཚོའི་ནོར་ལྷ་ཡི་དྭགས་ཡིན་པ་དགྲ་ལ་སྒྱུར། འཛམ་བྷ་ལ་རང་བྱོན་མིག་གིས་མཐོང་རྒྱུ་ཡོད་པ་ཀན་རེད།ཁྱོད་ཀྱི་མིག་ཞར་སོང་བ་མིན་ནམ”ཟེར་ན། ངས་ཁྱོད་ལ།

“ཁྱོད་ཀྱིས་མཆོད་པ་རྣམ་དག་དངོས་གཙང་ཟེར་བ་ཤེས་བཞིན་དུ། འདི་ལྟར་མི་གཙང་ལྭ་ཤུན་གནས་སྒོར་གང་འདོད་སྤུངས་པ་ནི་བསམ་བཞིན་ས་ཡི་བཅུད་རྫོབ་བསམ་ཡིན་ནམ། ཁྱོད་ཀྱིས་ཤོད་པའི་ནོར་ལྷ་ཛམ་སེར་ལ་མནོལ་བཙོག་དམེ་གྲིབ་གཏོང་འདོད་ཡིན། ”ཞེས་ལྡོག་འདྲི་བྱེད་ན་འདོད། 

མདོར་ན་སྐྱབས་སུ་མཆི་རྒྱུའི་མཇལ་པ་ཁྱོད་ནི་སེམས་དྲང་མོ་ཅན་གྱི་མི་ཞིག་ཨེ་རེད། ངས་བལྟས་ན་མིན་པ་འདྲ། དེ་བས་མགོ་བདེ་ཁྱོད་ཀྱིས“མ་སེམས་ཅད་ཐམས་ཅད་ཀྱི་དོན་དུ”ཞེས་ཅི་ཙུག་མུར་པའི་ཁུལ་བྱེད་པ་དེ་ནི་གཏམ་བྲེ་མོ་ཡིན་རུང་ཅུང་ཞིག་ཐུ་སྙམ།

འུ་ཚོས་དཔེ་ཞིག་ལེན། དེང་སྐབས་བོད་ཀྱི་རོང་འབྲོག་སུ་ཡིན་རུང་སྒོ་ན་རྒྱལ་ཁབ་ཀྱིས་བགོས་པའི་ཞིང་ས་དང་ཕྱུགས་ས་གང་འཚམས་རེ་མེད་མི་སྲིད།  འོ་ན་ཁྱོད་ཀྱི་ཞིང་ཁའམ་རྩྭ་སའི་ཐོག་གི་ཆེས་མཛེས་ས་དང་ཆེས་སྐྱིད་ས་དེ་རུ། གཞན་གྱིས་དད་པ་ཡིན་ཞེས་འགྱིག་དམ་གང་དགར་གཡུགས།རླུང་རྟ་བར་མེད་གཏོར། ལྭ་ཤུན་ཅི་འདོད་སྤུངས། བསང་གསུར་ཚོད་མེད་འཕུད་པ་ཡིན་ན། བྱམས་སྙིང་རྗེའི་བདག་པོ་ཁྱོད་ཀྱིས་ད་དུང་།“བླ་མ་མཁྱེན་ནོ་བླ་མ་མཁྱེན།”ཞེས་མིག་གཉིས་ཀ་བཙུམས་ཏེ་སྡོད་ཚུགས་སམ། ངས་བལྟས་ན་ཁྱོད་ཀྱིས་བཟོད་དཀའ་རྒྱུ་རེད། རྩྭ་སྤར་མོ་གང་ཟོག་གིས་ཟོས་ན་ཡང་ནང་དམེ་བྱེད་རྒྱུར་བག་མི་ཚ་བའི་འུ་ཚོར་དེ་འདྲའི་གཏོང་ཕོད་དང་དཀྱེལ་ཡངས་ཡོད་སྲིད་དམ། 

མི་ཆ་ཡོད་ལ་གཏམ་ཆ་མེད་ལབ་པ་ཨའུ་ཙི།

དེ་བས། འུ་ཚོའི་དད་པ་ཟེར་བ་འདི་ནི། འགྲོ་བ་རིགས་དྲུག་མ་བཤད་དང་། ཕ་ཡུལ་གྱི་ཕུ་ནུ་དང་ལུང་པའི་ལས་དབང་ཡང་མི་བསམ་པའི། འདུ་ཤེས་རྫུ་བག་ཅན། སེམས་བྱུང་གདུག་རྩུབ་ཅན། དམིགས་པ་སྒེར་དོན་ཅན། མཐའ་འབྲས་ལྟས་ངན་ཅན་ཞིག་མ་རེད་གྲང་། དཔེར་ན་ཚུར་ཡོང་དུས་དད་པའི་མགོ་བོ་ཆེ་བ་ཨ་མ་འཚོལ་མཁན་ལྕོང་མོ་ཁྱུ་དང་ཁྱུ་འདྲ་ལ། ཕར་འགྲོ་དུས་དྲན་པ་སྐོར་ལོག་ཡིན་པ་གནའ་གཏམ་ཁྲོད་ཀྱི་རྒད་པོ་ཁ་སྤུ་དུང་ཟེར་བ་དེ་བཞིན། རྫ་མའི་ནང་གི་ཞོ་འཐུང་ཚར་རྗེས་ཤུལ་དུ་སྣབས་གང་བུས་ཏེ་འགྲོ་བ་ཞིག་མ་རེད་དམ།

ངས་ཡིད་ལ་གློ་བུར་དུ་མཚོ་ཤར་ཕེན་ཨན་རྫོང་ཁོངས་ཀྱི་ཆུ་དཀར་ཆུ་མགོའི་རྔམས་ཁ་མཐོ་བོ་དེ་དྲན་བྱུང་། དེ་སྔོན་དེ་ན་ཆེད་དུ་རྐང་འབོབ་རུལ་བ་གཡུགས་སའི་ལ་ངོས་ཆུང་ཆུང་རྩྭ་ལྗང་ལོ་མ་འཁྲུགས་ཡོད་ས་ཞིག་ཡོད། མ་སེམས་ཅན་ཐམས་ཅད་ཀྱིས་ལོ་ཐོག་ཟླ་རྩེག་ཏུ་སྟོར་བའི་རྐང་འབོབ་ཀྱིས་གནས་དེར་རྐང་རུལ་གྱི་དྲི་ངན་བསྐྱིལ་ཏེ་ཉེ་ལོགས་སུ་འགྲོ་སྲོལ་མེད་པ་ཞིག་རེད། དབྱར་ཉི་མ་དྲོ་ཐེངས་གནས་དེའི་བྱ་བྱེའུ་ཡིན་རུང་མིག་ཚ་ཞིང་འབའ་འབུ་ཡིན་རུང་སྣ་བེར་གྱིན་ཡོད་ཚོད། ད་དུང་འཕྲོས་ཏེ་ཕྱིར་དྲན་བྱས་ན། འུ་ཚོའི་དད་པ་ཟེར་བ་དེས། རྨ་ཆེན་གངས་རི་རྙིང་དུ་བཅུག་ཅིང་ཁྲི་ཤོར་རྒྱལ་མོ་རུལ་དུ་ཡང་བཅུག་མྱོང་། གཉན་པོ་གཡུ་རྩེ་འབག་ཏུ་བཅུག་ཅིང་ཉི་ཟླ་རི་བོ་ཟད་དུ་ཡང་བཅུག་མྱོང་། ཁྱོད་ནི་མིག་འཇུར་ཏེ་གཏམ་ཟོལ་མ་འཇུན་མཁན་འུག་པའི་རྒྱལ་པོ་ཞིག་ཡིན་ན་མ་གཏོགས། དངོས་དོན་འདི་དག་ཁོག་ན་ཁྲིགས་ཁྲིགས་མིན་ནམ།

བསམ་ཞིང་བསམ་ན་འུ་ཚོ་ནི་རང་བྱུང་ཁམས་ལ་ཆེས་འཕྲོད་ཅིང་ཆེས་འཚམས་པའི་མི་རིགས་ཤིག་ཡིན་ཟེར་བ་དེ་ཡང་། དོན་དུ་གཉིད་ཐུན་རྗེས་མའི་ཕྱེན་སྒྲ་ཙམ་དང་ནམ་ལངས་ཐ་མའི་འོག་གཅིན་ཙམ་ལས་མ་འདས་སོ། །

མདོར་ན་འདི་དག་ཡོད་ཚད་ནི། སྲོལ་རྒྱུན་ཁྲོད་ནས་མཆོད་ཡུལ་སུ་ཞིག་གིས་དེ་ལྟར་བྱོས་དང་སྲལ་ནི་རེད། འདི་ལྟར་བཟོས་དང་བཟང་ནི་རེད་ཅེས་གདམས་མྱོང་བའམ། ཡང་ན་མུ་ཅོར་སྨྲ་མཁན་སུ་ཞིག་གིས་ཐོག་མར་རྟོག་བཟོ་བྱས་ཤིང་། ཟེར་རྗེས་འབྲང་རྒྱུར་དགའ་བའི་ཅལ་པ་ཚོས་ལད་མོ་རྐྱང་བྱས་ཏེ་ཡོང་བ་ཞིག་རེད། གང་ལྟར་སྤྲེལ་རྒན་གྱི་རྔ་མ་ཐུང་ངུ་ཞིག་ད་དུང་འདོམས་ན་ལུས་ཡོད་པའི་འུ་ཚོ་ནི་དཔེ་ཞིག་བཞག་ན། ཨ་མཆོད་ཀྱིས། ད་ནས་བཟུང་གནས་འགངས་ཆེན་ག་གེ་མོ་ཞིག་ལ། སོ་སོས་ཚུགས་ཀ་ཡག་པོར་གཏོང་ཐུབ་སོང་བའི་སྐྱག་པ་ལ་གསེར་ཆུ་འབྱུག་སྟེ་ཕུལ་ཚེ་དགེ་བ་བསམ་གྱིས་མི་ཁྱབ་ཅེས་བརྗོད་པ་ཡིན་ན། ཁྲུང་ཁྲུང་གིས་ལྷོ་བྱང་བར་ལ་འཕུར་གདང་འཐེན་པ་ལྟར། འུ་ཚོས་གསེར་མདོག་ཅན་རྡོག་པོ་རེ་བཟུང་སྟེ་ཕྱོགས་བཞི་མཚམས་བརྒྱད་ནས་གནས་དེར་སུ་མགྱོགས་གང་སྔ་ཡིས་མི་ཞོགས་པའི་ངེས་པ་མེད་པ་འདྲ་ལ། འདང་བརྒྱབ་ན། དེའི་དུས་ཀྱི་འུ་ཚོའི་གདོང་གི་རྣམ་འགྱུར་དང་ལུས་ཀྱི་བཟོ་ལྟ་ནི་ཅིས་ཀྱང་ལྷད་ཀྱིས་མ་བསླད་ལ་དྲི་མས་མ་གོས་པ་ཞིག་ཡིན་སྲིད་ཨང་།

                                                        ༡༠

ལར་ཕ་མེས་ཚོའི་རིང་ནས་གནས་འགངས་ཆེན་རྩ་ཆེན་དུ་བཀུར་ཡོང་བའི་རི་ཆུ་ནགས་གསུམ་ནི། གདོད་ནས་ས་ལ་དགེ་བཅུ་ཚང་ཞིང་ཡུལ་ལ་གཡང་བརྒྱ་ཆགས་པའི་གནས་མཆོག་མིན་པ་འགའ་འགའ་ཡང་མེད་པས། འུ་ཚོའི་སྤྱི་མཐུན་བསོད་ནམས་ཀྱི་བགོ་སྐལ་འདིའི་ཕྱིར་དང་། སྒོས་སུ་ཡུལ་འདིའི་བདག་པོ་ནི་ནམ་ཡང་རང་ཉིད་ཡིན་པར་ཡིད་ཆེས་བྱེད་ན། ལྭ་ཤུན་དང་འགྱིག་སྣོད་སོགས་ཁོར་ཡུག་ཁྲོད་རང་དགར་མི་འདོར་རྒྱུ་ནི་རྩ་བའི་རྩ་བ་རེད་ལ། སྤྱིར་རང་བྱུང་ཁམས་ཀྱི་ས་ཆུ་ཟེགས་རུད་ཚབས་ཆེ་བའི་དུས་སྐབས་འདི་ལ་མཚོན་ན།མདོ་དབུས་མཐོ་སྒང་ལྟ་བུའི་ཆེས་མཐའི་དྭངས་གཙང་གི་ཡུལ་གྲུ་འདི་ནས། ཆོས་ལུགས་བྱ་འགུལ་གྱི་ངོས་ནས་ཡིན་ན་ཡང་།དར་ལྕོག་ཁྲུ་གང་གིས་ཉུང་ཙམ་སྒྲོན་རྒྱུ་དང་རླུང་རྟ་སྤར་གང་གིས་ཉུང་ཙམ་སྤུར་རྒྱུ། གཏེར་ཁུག་སྒྱེའུ་གང་གིས་ཉུང་ཙམ་འཇོག་རྒྱུ་དང་ཤུག་བསང་ཁེམ་གང་གིས་ཉུང་ཙམ་འཕུད་རྒྱུ་ཡང་། འུ་ཚོ་དད་ལྡན་ཚོའི་ཕྲག་ལ་བབས་པའི་འོས་འགན་ཞིག་རེད་བསམ། ཕ་ཡུལ་གྲ་གཙང་གྲུ་འགྲིག་གིས་བསྲུང་ཐུབ་ཚེ། བུ་རབས་ཚ་རྒྱུད་ཀྱི་འཚོ་ཚིས་ལ་ཡང་འདི་ལས་སྨན་པའི་ཤུལ་ནོར་འཇོག་རྒྱུ་ག་ལ་ཡོད།

ལར་དངུལ་ལོ་ཁོ་ན་བསམ་པའི་འཕྲུལ་འཁོར་དམར་ནག་གིས། གསེང་མཐོར་སྒྲོག་པའི་ཁ་གཡེང་ཁྲོད་སྐད་ཅིག་ཆར་ས་སྒང་སྔོན་མོའི་རི་ཆེན་བརྐོས་ཤིང་གཙང་ཆེན་སྐེམ་གྱིན་འགྲོ་དུས། རྡོ་བའི་སྔུན་ནས་སྒོ་ང་འུ་ཐུག་པ་ལྟར་འུ་ཚོ་ཅི་བྱ་གཏོལ་བྲལ་ཏུ་སྡོད་དགོས་རུང་། རང་གི་ནུས་ཚོད་ཀྱི་བར་ནས་ཕ་ཡུལ་ལུང་པར་ཅི་ནུས་སྒོས་གཅེས་སྤྲས་གང་ལེགས་བྱེད་པ་ཡིན་ན། མ་གཞི་ནས་ས་སྒང་འདི་ལ་གོ་ཆོད་པའི་ལས་ཀ་ཡག་པོ་ཞིག་བསྒྲུབས་པ་རེད་བསམ་ལ། ད་དུང་དེ་ཀོ་དུས་རྣམ་ཀུན་ཏུ་ཕྱོད་ཆེ་བའི་རྣམ་དཀར་དགེ་བའི་རྒྱུ་རུ་ཡང་ཅིས་མི་འགྲོ་སྙམ།

འདི་ལྟར་འུ་ཚོ་རང་ལ་ཀུ་རེ་ཡང་སྨྲ།

ས་ལ་ཐུར་མེད་པར་བརྐྱངས་ཕྱག་འཚལ་ནི་ཀན་གྱི་ཨ་མཚར།།

ཐང་ཡག་བཙོག་མེད་པར་གད་སྙིགས་གཡུགས་པ་ཀན་གྱི་ཨ་མཚར།།

མ་སེམས་ཅན་ཟེར་གྱིན་མིག་ཟུང་བཙུམས་ནི་ཀན་གྱི་ཨ་མཚར།།

རང་གཅིག་པུ་འགྲོ་བདེ་འདུག་སྐྱིད་བྱེད་པ་ཀན་གྱི་ཨ་མཚར།།

རྩི་དམར་སེར་ཡན་ཆོད་མགོ་ཐོག་འཇོག་པ་ཀན་གྱི་ཨ་མཚར།།

ལྷ་རླུང་རྟ་སྡེ་བཞི་རྐང་པས་བརྫི་བ་ཀན་གྱི་ཨ་མཚར།།

ཆོས་མ་ཎི་ངག་ནས་ཆད་མེད་ཟློ་བ་ཀན་གྱི་ཨ་མཚར།།

དར་ཁྲ་བོ་གཟུངས་བརྒྱ་གདན་ལ་འདིང་བ་ཀན་གྱི་ཨ་མཚར།།

བོད་ཕྲེང་བཟུང་ཅན་གྱི་དད་པ་དག་སྣང་ཟེར་འདི་ཨ་མཚར།།

སྦ་ཉི་མས་དྲོས་བཞིན་ཅི་དགར་བཀུག་ཆོག་འདི་ཡང་ཨ་མཚར།།

མཇུག་མཐར། ཞིན་ཧེ་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་བྲག་དཀར་སྤྲེལ་རྫོང་གི་གད་སྙིགས་གཙང་དག་གི་བྱ་བར་དོ་འཁུར་བྱེད་པ་དང་། བསྐོར་ལམ་གྱི་མགྲོན་ཁང་དང་ཇ་ཁང་། སྒོས་སུ་གཞོགས་ཡར་མར་ནས་ཡོང་བའི་སྤྲེལ་བསྐོར་པ་ཚོས་གད་སྙིགས་ཅི་འདོད་དུ་མི་གཡུགས་པའི་རེ་བ་སྙིང་ནས་ཞུ།

སྐད་འདི་སུས་གོ་ན་ཕན་ཚུན་ལ་བཤད་རོགས།  ད་བདེ་མོ།   

                                                                   འུག་ཚང་གོང་མ། 2016.10.21

 ༢༧.jpg

༢༤.jpg

༢༣.jpg

༢༢.jpg

༢༡.jpg

༢༠.jpg

༡༩.jpg

༡༨.jpg

༡༧.jpg

༡༦.jpg

༡༥.jpg

༡༤.jpg

༡༣.jpg

༡༢.jpg

༡༡.jpg

༡༡.jpg

༡༠.jpg

༡༠.jpg

༦.jpg

༡.jpg

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

གད་སྙིགས་ལ་མདུད་པའི་གནས་བསྐོར།

2016-10-24 མི་ལ་ཙི་ཙ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།