རེ་རྐང་གླིང་གི་བརྩམས་སྒྲུང་གསར་བ། ཆུ་དེའི་མགོ་ཁུངས་བཙལ་ན།

           ༡
  ང་ལ་མཚོན་ན་འཇིག་རྟེན་འདིར་ཆེས་དགའ་བའི་དུས་ནི་མཚན་མོ་དང་མི་ནི་ཨ་མ་ཡིན། ཉི་མ་རི་རྒྱབ་ཏུ་ནུབ་པ་དང་མཉམ་དུ་འཇིག་རྟེན་གྱི་བྱ་དངོས་ཀུན་རབ་རིབ་མག་མོག་ཅིག་ཏུ་གྱུར་འགྲོ་ནའང་། ང་ཡི་སེམས་པར་དེ་ལས་ལྡོག་སྟེ་ཉིན་གང་བོར་རེ་སྒུག་བྱས་པའི་ཉི་གཞོན་གསར་དུ་འཆར་གྱིན་ཡོད་པ་ནི། ཉིན་འགར་མ་བྲིས་པའི་ལས་བྱ་ཚང་མར་རྒྱུན་འཁོར་རྩིས་གྲངས་ཤིག་གི་ཚུལ་གྱིས་ཡང་བསྐྱར་མཉམ་རྟགས་ཀྱི་རྗེས་ལ་ཁ་སང་གི་བྱུང་འབྲས་དེ་བྲིས་ཆོག་པ་ཞིག་ལ། ཨ་མ་ལགས་སྒོ་ཁར་ཐོན་པ་ཙམ་གྱིས་བཤད་ནས་ཚར་རྒྱུ་མེད་པའི་དགེ་རྒན་དེས་ཀྱང་ཞལ་འཛུམ་དང་བཅས་ང་རང་ལ་ལས་བྱ་འབྲི་མཚམས་བསྐྱུར་ཏེ་ཡུལ་ལ་ལོག་ཆོག་པའི་དགོངས་འཁྲོལ་གནང་སྲིད་པ་དེ་ཡིན།
  ངས་མི་མང་པོ་ཞིག་ལ་ཨ་མ་ལགས་ཀྱིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་དགེ་རྒན་གྱི་གམ་ནས་ང་འཁྲིད་ཆོག་པའི་དབང་ཆའི་སྐོར་ལ་ཁ་གསལ་གྱི་དྲི་བ་བཏོན་པར། མི་ཚང་མས་བཤད་སྟངས་མི་འདྲ་ནའང་བརྗོད་བྱ་ཕལ་ཆེར་གཅིག་འདྲའི་ལན་ཅིག་བཏབ་ཡོང་བ་ནི། ངའི་ཨ་མ་ལགས་ཡག་མ་ཞིག་ཡིན་པས་དགེ་རྒན་གྱི་སེམས་ངའི་ཨ་མའི་སྟེང་ཤོར་ཡོད་པས་རེད་ཟེར། ཡིན་ནའང་ངས་གནས་ཚུལ་དེ་ཨ་མ་ལགས་ལ་དྲིས་པར་མོ་དགོད་ཁ་འཆོར་གྱིན། སླར་ཡང་དྲི་ཚིག་སྔོན་མ་ལས་ཀྱང་ལན་གདོན་དཀའ་བའི་དྲི་བ་ཞིག་བཏོན་ཡོང་བ་ནི། ང་ལ “ཁྱོད་རང་གིས་བལྟས་ན། ཨ་མ་ང་ཡག་གམ”ཞེས་དྲིས་ཡོང་།
  ང་ལ་མཚོན་ན་རྒྱུན་དུ་པ་ལགས་ཀྱི་སར་ལོ་རེ་རེའི་དྲུག་པའི་ཀླུ་རོལ་གྱི་གར་མ་དག་གི་གར་མགོ་འཁྲིད་མཁན་བདམ་དུ་ཡོང་བའི་ཨ་ཁུ་སྡེ་དཔོན་སོགས་ཀྱིས་ངེད་ཚང་ནས་ཆང་འཐུང་དུས་སུ་དགོད་སྒྲ་དང་བཅས་བུ་མོ་ཆེ་གེ་མོའི་མིག་དང་སྣ་ཡག་པོ་ཞིག་ཡོད་ཚུལ་དང་། ཡང་ག་གེ་མོ་ཚང་གི་བུ་མོའི་ནུ་མ་དང་ཨོང་དོ་ཆེ་བ་སོགས་ཀྱི་སྐད་ཆ་མང་པོ་བཤད་པ་ཐོས་མྱོང་ནའང་། དེ་དག་ཡག་མ་ཞེས་པ་དང་འབྲེལ་བ་ཅི་ཞིག་ཡོད་པའི་སྐོར་ལ་ང་རང་གིས་བསམ་བློ་གཏོང་དཀའ་སྟེ། ངས་ཚེ་རིང་གི་མིག་ཁར་མིག་སྐྱག་ཆགས་དུས་དང་། ཡང་ན་ཚེ་སྒྲོན་གྱི་སྣ་ཁུང་ནས་སྣབས་སེར་བོ་དེ་བཞུར་ཡོང་བ། ང་རང་ཨ་མའི་ནུ་མ་ནུས་ཏེ་འཚར་ལོངས་བྱུང་བ་དང་། པ་ལགས་གཡག་གཏང་རྒྱུར་དགའ་བ་དེ་དག་ཚང་མ་ཁ་དང་སྣ། ནུ་མ་དང་ཨོང་དོ་སོགས་ལ་འབྲེལ་ཆེ་བ་ལས་རྒྱུ་མཚན་གཞན་ཞིག་བཤད་རྒྱུ་མེད་པར་འགྱུར་བས། མ་ལགས་ལ“ངའི་མི་ཤེས”ཞེས་བཤད་རྒྱུ་ལས་འོས་མེད། སྐབས་འདིར་མ་ལགས་ཀྱིས་མ་དགའ་བའི་ཉམས་དང་བཅས་ངའི་མགོ་ལ་དལ་བུར་རྡུང་གིན། 
 “ཁྱེད་ཕ་བུ་གཉིས་ཀྱིས་ང་ཡག་མ་ཞིག་ཡིན་པ་ཤེས་མེད་ནའང་། སྡེ་བའི་ནང་གི་མི་ཚང་མས་ཤེས་ཡོད་པར་མ་ཟད། ཐ་ན་ཁྱེད་ཅག་གི་དགེ་རྒན་བཙན་པོ་དེས་ཀྱང་ཤེས་ཡོད་པ་རེད། ”ཅེས་བཤད་ཡོང་། 
 བཤད་སྟངས་འདིས་ང་ལ་ཡང་བསྐྱར་ཚེ་རིང་གི་མིག་སྐྱག་དང་ཚེ་སྒྲོན་གྱི་སྣབས་སོགས་དྲན་དུ་འཇུག་པས། དགོད་ཁ་ལྷུག་ལྷུག་མི་ཤོར་ག་མེད་ཀྱི་གནས་སུ་ལྷུང་སྲིད་མོད། ང་དེ་ལྟར་བགད་པ་ཡིན་ན་མ་ལགས་ཀྱིས་མཚན་མོར་གནའ་གཏམ་བཤད་དུས་བསམ་བཞིན་མ་སང་ཡ་རུ་ཁ་ཁྲའི་གྲོགས་པོ་སྡར་མ་དག་ལས་ནགས་སྐྱེས་དར་པོ་ཞེས་པ་དེའི་རྣམ་ཤེས་ང་རང་ཡིན་ཚུལ་དང་། སྔོན་ཆད་ང་རང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནང་གི་སྣང་ངུ་གཡུ་སྟག་ལྟ་བུ་ཞིག་ཡིན་པར་ཁས་བླངས་ཡོད་པ་དེ་ཡང་མགོ་མཇུག་ལྡོག་སྟེ་ཡང་བསྐྱར་ཨ་ཁུ་ཁྲོ་ཐུང་ལྟ་བུ་ཞིག་ཡིན་པར་ཁ་བསྒྱུར་སྲིད་པས་ན། མཇུག་འབྲས་དེ་ལྟ་བུ་ཞིག་མི་འབྱུང་བའི་ཐབས་སུ་ངས་དགོད་ཁ་བསྲན་བཞིན་མ་ལགས་ལ་ཡང་བསྐྱར། 
 “ཨ་མ་ལགས། ཁྱེད་ཀྱིས་བལྟས་ན་ངེད་ཅག་གི་དགེ་རྒན་སངས་རྒྱས་ཡག་གམ”ཞེས་ལྡོག་འདྲི་བྱས་པ་ཡིན། 
 དྲི་ཚིག་དེས་མ་ལགས་ཀྱིས་ང་རང་འགྲོ་མེད་འདུག་མེད་དུ་གཏད་པའི་གནས་བབ་ལ་འགྱུར་ལྡོག་བྱུང་བ་ནི། མོ་ཅུང་ཁ་སྐྱེངས་པའི་ཟོལ་གྱིས་ཁ་རོག་གེར།
“ཨ་མ་གཉེན་སྒྲིག་ཟིན་པས། གཞན་ཡག་མིན་གྱི་སྐོར་ལ་སྐད་ཆ་བཤད་མི་རུང”ཟེར།
  སྐབས་འདིར་ངའི་རིག་པ་ལྡབ་འགྱུར་གྱིས་ཇེ་གསལ་དུ་སོང་བ་ནི། མཉམ་བྱའི་རྩིས་ཕྲེང་ཞིག་འགྲོལ་བ་ཇི་བཞིན། མ་ལགས་གཉེན་སྒྲིག་ཟིན་པ་དེས་དགེ་རྒན་སངས་རྒྱས་སོགས་ཡག་མིན་གྱི་སྐད་ཆ་བཤད་མི་ཆོག་པར་གྱུར་བ་དེས། ད་གཟོད་ངས་ང་ཚོའི་གྲོང་ཚོ་འདིའི་བུ་མོ་ཚང་མ་གཉེན་སྒྲིག་ཟིན་པ་ཐག་གིས་བཅད་པ་ནི་སུས་ཀྱང་ངའི་མདུན་སར། ངའི་པ་ལགས་ཡག་གི་ཞེས་མི་བཤད་པ་དེ་རེད།
ཕྱིས་སུ་བསམ་ཚུལ་དེ་ཡང་ཅུང་འགྲིག་མི་འདུག་པར་ངེས་ཤེས་འདྲོངས་པ་ཞིག་ལ། ཚེ་སྒྲོན་སྣབས་ལུག་མས་འཛེམ་དོགས་ཅི་ཡང་མེད་པར་ངའི་མདུན་སར།
  “ཁྱེད་རང་གི་ཕ་མ་གཉིས་ལས་ངའི་ཕ་མ་གཉིས་ཡག”ཟེར་ལ།
  ཐ་ན་དགེ་རྒན་སངས་རྒྱས་ཀྱིས་ཀྱང་མོའི་ཨ་མ་ཡག་གི་ཞེས་བཤད་པས། ཁོང་ཚང་གི་ཨ་མས་སྐབས་འགར་དགེ་རྒན་སངས་རྒྱས་ལ་འོ་མ་དམ་བུ་གང་རེ་མོ་ལ་བསྐྱལ་དུ་འཇུག་གིན་ཡོད་ཟེར།
  གང་ལྟར་ང་ལ་མཚོན་ན་ཉིན་གང་བོར་སྐད་ཡིག་དང་རྩིས་རིག རྒྱ་ཡིག་གང་ཞིག་ཡིན་རུང་ལས་བྱ་གཅིག་ཀྱང་མ་བྲིས་ནའང་ཨ་མ་ལགས་དུས་ལྟར་སློབ་གྲྭའི་སྒོ་ཁར་ཐོན་ཡོང་བ་དང་མཚན་མོ་སྔར་རྒྱུན་བཞིན་ཐོན་ཏེ་ཨ་མ་ལགས་ཀྱིས་གནའ་གཏམ་བཤད་སྲིད་པའི་རྒྱུན་འཁོར་རྩིས་ཕྲེང་དེ་ཁོ་ན་དགྲོལ་ཤེས་པའི་བློ་དེ་ཙམ་གྱིས་ཡིད་མི་ཚིམས་པ་ག་ལ་སྲིད།

                 ༢
  ངའི་པ་ལགས་ནི་སྨྲ་བ་ཉུང་བའི་མི་ཞིག་ཡིན་མོད། དྲུག་པའི་ལྷ་ཟླ་དཀར་བོ་ཚེས་པ་ན་ཁོ་རང་གི་ངག་སྒོ་རང་བཞིན་གྱིས་ཕྱེས་ཡོང་ཞིང་། དྲུག་པའི་ཀླུ་རོལ་གྱི་སྐབས་སུ་ཁོས་མི་སྐད་དང་ལྷ་སྐད་གཉིས་ཀ་རྒྱག་ཤེས་པ་དེས་གྲོང་ཚོ་འདིའི་མི་རྣམས་ལ་མཚོན་ན་ཁོ་ནི་ཡིད་བཞིན་གྱི་ནོར་བུ་ཞིག་སྟེ། བྱིས་པ་རེ་སྐྱེ་མ་ཐག་མིང་འདོགས་དགོས་པ་དང་། བགྲེས་སོང་ཞིག་ཤི་མ་ཐག་དུར་ས་འདེམས་པའི་ལས་ཀ་ཚང་མ་ཁོ་རང་ཁོ་ནས་བསྒྲུབས་དགོས་པ་དེ་རེད།
  པ་ལགས་ལ་མཚོན་ནའང་མི་ཕལ་བ་ཞིག་ནང་བཞིན་འཚིག་པ་ཟ་དགོས་པའི་དོན་དག་ཀྱང་ཡོད་པར་སྣང་སྟེ། ཨ་མ་ལགས་ཀྱིས་བཤད་ན་ང་མ་སྐྱེས་པའི་སྔོན་ལ་ང་ནང་བཞིན་གྱི་བྱིས་པ་གསུམ་མ་ལགས་ཀྱི་མངལ་དུ་ཟླ་ངོ་བཞི་ལྔ་ཙམ་ལས་འདུག་མ་འདོད་པར་ཕྱིར་ཐོན་པས། གཤིན་རྗེ་རྒྱ་མ་མ་ལོངས་པར་རྣམ་ཤེས་མུ་མཐུད་རྒྱུད་སྤྲོད་བྱས་ཏེ་ངའི་སྟེང་དུ་འཕོས་པར། ད་གཟོད་ངའི་ཨ་མྱེས་ལགས་ང་ཡང་སྔ་ས་ནས་ཕྱིར་ཐོན་པར་སེམས་ཁུར་གྱིས་ཚེ་སྒྲོན་སྣབས་ལུག་ཚང་གི་ཨ་མྱེས་གུ་རུ་སར་སོང་སྟེ་མོ་རྩིས་བྱས་པའི་ལུང་བསྟན་དུ། ང་མ་སྐྱེས་སྔོན་ནས་མིང་ལ་ཁྱི་གུ་ཐར་ཞེས་བཏགས་ཤིང་། སྐྱེས་མ་ཐག་མ་ལགས་ཀྱིས་ང་རང་ངེད་ཚང་གི་སྒོ་ཁའི་ཁྱི་ཁང་ནང་ལ་ཁྲིད་དེ་ཁྱི་མོས་རྩེབ་པ་བཞིན་གྱི་ཆོ་ག་བསྒྲུབས་པ་དེས་གཤིན་རྗེ་ཆོས་ཀྱི་རྒྱལ་བོས་ང་རང་ཁྱི་གུ་ཞིག་རེད་སྙམ་བཞིན་རྒྱ་མར་འཇལ་བས་ན་གསོན་ཐུབ་སོང་ཟེར་མོད། པ་ལགས་ཀྱིས་སྐད་ཆ་དེ་ཐོས་འཕྲལ་ཁོང་ཁྲོ་ཆེན་པོ་ལངས་བཞིན་ངའི་མིང་ལ་ཁྱི་གུ་ཐར་ཞེས་བཏགས་པ་ནི་གནས་སྐབས་ཙམ་སྟེ་ངའི་མིང་དངོས་ལ་དགྲ་འདུལ་དབང་ཕྱུག་ཟེར་ཞིང་། དེ་ཡང་ཁོང་གི་རྨི་ལམ་ནང་ལ་འདས་མ་ཐག་གི་ངའི་ཨ་མྱེས་རྟ་དཀར་རྨོག་དཀར་གྱི་ལྷ་དཀར་བོ་ཞིག་ཏུ་སྤྲུལ་ནས་ལུང་བསྟན་པར་བཤད་མོད། ཁོའི་ངོ་གདོང་ནག་རོག་གེར་ཅི་ཡང་མི་སྨྲ་བར་སྡོད་དུས་གནས་ཚུལ་དེའི་རིགས་གང་ཡང་ལབ་མི་ཆོག་པས་ན། ངས་ཡང་བསྐྱར་རྒྱུན་འཁོར་རྩིས་ཕྲེང་ཞིག་དང་དབྱེར་མེད་པའི་རྩིས་གཞི་འདི་བཀྲལ་ཏེ་ཕ་ལགས་ལ་ཁོང་ཁྲོ་སློང་འདོད་མེད་པས་ཁ་རོག་གེར་མི་འདུག་ག་མེད་བྱུང་།
  འོན་ཏང་དོན་དག་ཅིག་གིས་ང་རང་ལ་འཚུབ་ཆ་བཟོས་ཡོད་པ་ནི། གལ་སྲིད་ངའི་མིང་ལ་ཁྱི་གུ་ཐར་ཟེར་དོན་དེ་གཤིན་རྗེ་རྒྱ་མ་མ་ལོངས་པར་བཏགས་པ་ཞིག་ཡིན་ན་ད་ནི་ང་ལོ་དགུ་ལ་སོན་ཡོད་པས། གཤིན་རྗེ་ཆོས་རྒྱལ་གྱིས་གསང་བ་དེ་ཤེས་སོང་ཡང་མི་སྐྱོན་མོད། དགེ་རྒན་སངས་རྒྱས་ཀྱིས་བཤད་ན་སློབ་མ་དག་གི་མིང་རང་འགར་བརྗེ་མི་ཆོག་པ་དང་། ཐ་ན་ཁྱིམ་ཐོའི་སྟེང་ལ་བཞག་པའི་ཉི་མ་དེ་ནས་བཟུང་ང་ཡང་ཀྲུང་གོའི་མི་གྲངས་དུང་ཕྱུར་བཅུ་ལྷག་ཁྲོད་ཀྱི་གྲངས་ཀ་ཞིག་ཏུ་གྱུར་ཡོད་པས་ན། ངས་མིང་བརྗེ་བ་དེས་རྒྱལ་ཁབ་ཅིག་གི་མི་གྲངས་ལ་འགྱུར་བ་འབྱུང་སྲིད་པ་དང་། ཐ་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལའང་ཚབས་ཆེ་བའི་ཉེན་ཁ་ཡོད་པ་ནི། ངའི་མིང་དེ་ལ་རྐྱེན་བྱས་ཏེ་ལས་ཁུངས་མང་པོ་ཞིག་གི་ཤོག་བུ་བརྩེག་མའི་རེའུ་མིག་དག་བརྗེ་བསྒྱུར་བྱ་དགོས་ཤིང་། ཤོག་བུ་བརྩེག་མ་དེ་དག་ཡུལ་ཚོ་སྲིད་གཞུང་ནས་རྫོང་མཁར་དང་། དེ་ནས་ས་ཁུལ། ཞིང་ཆེན། རྒྱལ་ས་བཅས་ནས་བསྒྱུར་དགོས་ན། མ་མཐའ་ཡང་རི་བོ་ཆུང་ཆུང་ཞིག་གི་ཚད་འདྲ་ཡོད་སྲིད་པས། ཤོག་བུ་དེ་དག་བསྲེག་སའི་ས་ཆ་ཞིག་མེད་པ་དང་། གལ་སྲིད་བསྲེགས་པའི་དབང་དུ་བཏང་ན་དེ་ནི་ནགས་ཚལ་ཆེན་པོ་ཞིག་མེ་ལ་ཤོར་བ་ནང་བཞིན་ཉེན་ཁ་ཆེན་པོ་འབྱུང་སྲིད་ཅེས་བཤད་པ་དེ་ཡིན།
  དགེ་རྒན་གྱིས་བཤད་པའི་སྐད་ཆ་མང་པོ་ཞིག་ངས་ཧ་མི་གོ་ནའང་། ང་ཚོའི་སྐད་ཡིག་སློབ་དེབ་ཀྱི་ཁྲོད་དུ་“ང་ཚོ་ཀྲུང་གོ་རྒྱལ་ཁབ་ལ་དགའ། རྒྱལ་ས་པེ་ཅིན་ལ་དགའ”ཞེས་བྲིས་ཡོད་པས་ན། ཀྲུང་གོ་རྒྱལ་ཁབ་དང་རྒྱལ་ས་པེ་ཅིན་སོགས་ལ་ཉེན་ཁ་ཡོད་པ་ཞིག་ཡིན་དུས། ངའི་མིང་བརྗེ་རྒྱུ་དེ་ཐད་ཀར་སྐད་ཡིག་གི་སྐར་འབྲས་ལ་འབྲེལ་བ་ཤིན་ཏུ་ཆེ་བས། ངས་ཀྱང་སྐར་འབྲས་ཡག་པོ་ཞིག་ལེན་ཆེད་དུ་མིང་བརྗེ་དགོས་པའི་གནད་དོན་དེ་རང་ཉིད་ཀྱི་དོན་དག་གལ་ཆེན་ཞིག་ལ་བརྩི་གིན། ནམ་ཡང་བགྲོ་གླེང་དེའི་རིགས་ལ་རྒྱང་གིས་བཅད་པ་ཡིན་མོད། ཚེ་སྒྲོན་སྣབས་ལུག་མའི་མིང་ལ་ཡང་ཁྱི་མོ་ཐར་ཞེས་སུ་བསྒྱུར་བ་དེས་ངའི་སྔོན་གྱི་སེམས་ཚེགས་དེ་དག་དོན་མེད་ཡིན་པ་དང་། དགེ་རྒན་སངས་རྒྱས་ཀྱིས་བཤད་པའི་རྒྱལ་ཁབ་ཀྱི་ཉེན་ཁ་ཟེར་བ་དེ་རྫུན་ཡིན་མིན་གྱི་སྐོར་ལ་ཐེ་ཚོམ་དང་བཅས་ཡང་བསྐྱར་གནས་ཚུལ་དེ་དག་ཕ་མ་གཉིས་ལ་འདྲི་དགོས་བྱུང་སོང་།
ངས་ཕ་མ་གཉིས་ལ་དགེ་རྒན་སངས་རྒྱས་ཀྱིས་བརྗོད་པ་རྣམས་ཇི་མ་ཇི་བཞིན་བཤད་པར། ཨ་མ་ལགས་རྨོངས་ཚོད་ཀྱིས་མགོ་འཕྲུག་བཞིན་བསྡད་ནའང་། ཡ་མཚར་བ་ཞིག་ལ་ཐེངས་དེར་ཕ་ལགས་ཀྱི་གནག་ཅིང་ཉམས་འགྱུར་མེད་པའི་གདོང་ལ་ཁོང་འཛུམ་ཡ་མཚར་བ་ཞིག་ལངས་ཏེ་ཚུར་ངེད་མ་བུ་གཉིས་ཀྱི་ཕྱོགས་སུ་འཁོར་ནས།
 “དགེ་རྒན་སྐྱ་སྟོང་དེ་དག་གིས་ཀྲུང་གོ་སོགས་ཆེན་པོ་དག་བཤད་དེ་གཞན་གྱི་མགོ་སྐོར་བ་ལས་ཅི་ཤེས། ཁྱི་མོ་ཐར་གྱི་མིང་དངོས་ལ་ཚེ་སྒྲོན་སྐྱིད་ཟེར་ཞིང་། མོའི་མིང་ཁ་སྔོན་ཤི་བའི་ཁོང་ཚང་གི་འདས་པོ་ཨ་ཡེ་ཚེ་སྒྲོན་སྐྱིད་ཀྱི་མིང་དང་གཅིག་འདྲ་ཡིན་པས། མེས་པོ་གོང་མ་དག་གི་ཕྱག་སྲོལ་ལྟར་མོའི་མིང་གཞན་ཞིག་ཏུ་བརྗེ་དགོས་བྱུང་བར། ངས་མིང་གཞན་ན་མེད་པ་དེ་འདྲ་ཞིག་བཏགས་པ་ཡིན། ཡིན་ནའང་ཁྱེད་ཀྱི་མིང་བརྗེ་བ་ནི་དེ་དག་དང་རྩ་བ་ནས་མི་འདྲ་བར། བན་ཏེ་ཆུང་ཆུང་དག་དགོན་པ་ནས་གྲྭ་བ་བྱེད་དུས་ཆོས་མིང་འདོགས་པ་དང་གཅིག་འདྲ་སྟེ། ཁྱོད་སྡེ་བ་འདིའི་ལྷ་བའི་བུ་རྒྱུད་ཡིན་པས། མ་འོངས་པར་ང་ན་རྒས་ཀྱིས་མལ་སར་ལྷུང་དུས་ཤིག་ལ་ཁྱོད་རང་ང་ཚོའི་ཡུལ་སྡེ་འདིའི་ལྷ་བ་བཅའ་དགོས་ཤིང་། དེ་དུས་ལྷ་སྡེ་ཡུལ་མི་དག་གི་དོན་བྱ་ཆེ་ཆུང་ཀུན་ལ་མགོན་སྐྱབས་གདོང་གྲོགས་གནང་དགོས་ཡོད་པས། ཕྱིན་ཆར་མི་ངན་པའི་ཁ་ལ་རྒྱུགས་མི་རུང་། ”ཞེས་གཟབ་ནན་ངང་བཤད་བྱུང་། 
 སྐབས་འདིར་ང་ནི་གྲོ་སྙེ་ཡི་རླབས་ཕྲེང་ལ་ཅེར་བའི་རྩྭ་ཐོ་ཞིག་ནང་བཞིན་ཧད་དེ་འདུག་རྒྱུ་ལས་ཅི་ཡང་མི་ནུས་ཤིང་། ངའི་མཐའ་འཁོར་དུ་སྣང་བའི་བྱ་དངོས་ཡོད་ཏོ་ཅོག་ལ་གསོན་ཤུགས་རྒྱས་ནས་ཡོད་ནའང་། ང་ནི་དེ་དག་ལ་འཕྲུལ་བའི་སྣང་བ་ཙམ་སྟེར་མཁན་གྱི་རྩྭ་གཟུགས་ཤིག་ལས་ཅི་ཡང་མིན་པ་ནང་བཞིན་ཧད་དེ་ཧ་མི་གོ་བའི་དོན་དེ་དག་ལ་རྨོངས་ནས་བསྡད།

                ༣
  ངའི་ཨ་མྱེས་འདས་པའི་ལོ་དེར་ཏག་ཏག་ང་སྐྱེས་པ་ཡིན་ལ། ཨ་མྱེས་འདས་པའི་སྡུག་བསྔལ་དང་ང་སྐྱེས་པའི་དགའ་སྤྲོ་མཚོན་པའི་དོད་དུ་ངའི་ཕ་ལགས་ཀྱིས་ཀྱང་ཨ་མྱེས་ཀྱིས་མི་ཚེ་གཅིག་ལ་གྱོན་མྱོང་བའི་ཚི་ལེན་རྙིང་ཐལ་མ་དེ་གྱོན་ཏེ་ཡུལ་སྡེ་འདིའི་ལྷ་བ་གསར་བ་བྱས་པར་གྲགས། 
 ལོ་དེར་ཨ་མྱེས་འདས་གྲོངས་སུ་གྱུར་བ་ནི་ང་ལ་མཚོན་ན་སྐྱེས་པ་སྔོན་གྱི་ལོ་རྒྱུས་གནའ་གཏམ་ཞིག་ཡིན་ནའང་། ཨ་མ་ལགས་ཀྱིས་བཤད་ན་གནས་ཚུལ་དེ་ང་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ལ། ངའི་རྣམ་ཤེས་ཀྱི་ཕྲེང་ལྡོག་བཞི་བསྟུད་མར་རྒྱུན་ཐག་གཅིག་གི་སྟེང་ལ་བརྒྱུས་ཏེ་ངའི་མ་ལགས་ཀྱི་མངལ་དུ་བལྟམས་པ་དེས་ད་གཟོད་ཨ་མྱེས་ལགས་འདས་གྲོངས་སུ་གྱུར་བར་བཤད་པ་ནི། དེ་ཡང་ངའི་ཨ་མྱེས་ཁོ་མི་དྲང་མོ་དྲང་རྐྱང་ཞིག་ཡིན་པས། ཁོས་བསྒྲུབས་ཟིན་པའི་དོན་དག་གང་ཡང་སྦ་གསང་མེད་པར་རང་གི་མནའ་བཅད་དེ་ཚེ་སྒྲོན་སྣབས་ལུག་མ་ཚང་གི་ཨ་མྱེས་གུ་རུ་ལ་བཤད་ཀྱིན་ཡོད་པར།
  ཐོག་མའི་དུས་སུ་བསྒྲུབ་ཚུལ་འདིའི་རིགས་ལ་ཨ་མྱེས་གུ་རུ་ཡང་དགའ་སྤྲོ་སྐྱེ་ཡི་ཡོད་པ་ནི་རང་གིས་མི་ཤེས་པའི་དོན་དག་འགའ་ཞིག་ལ་གསལ་ཁ་གྲོལ་བའི་དགའ་སྣང་གིས་ཡིན་མོད། འོན་ཀྱང་རིམ་བཞིན་སེམས་ཀྱི་མཚར་སྣང་སྐོར་ཞིག་རྡུལ་དུ་བརླག་པ་དེས་མིའི་འདོད་འདུན་གྱི་ཀློང་དུ་འབྱམས་པའི་འདོད་བློ་སྐོར་ཅིག་ཀྱང་ཚར་བཅད་པ་དང་། ཨ་མྱེས་གུ་རུ་ཡང་སྔགས་པ་ཞིག་ཡིན་པ་དེས་ལྷ་བ་ནང་བཞིན་གྱི་མོ་རྩིས་ལུང་བསྟན་ཅི་རིགས་བྱེད་ཀྱིན་ཡོད་པས། ཁོང་གི་བསམ་ཚུལ་ལའང་འགྱུར་ལྡོག་བྱུང་སྟེ་སྐད་ཆ་དེའི་རིགས་ལྐོག་ནས་ཆེད་དུ་ངའི་ཨ་མྱེས་ལ་དམའ་འབེབས་བྱེད་པའི་བསྒྲུབ་བྱེད་དུ་བསྒྱུར་བ་ནི།
  དཔེར་ན་ངའི་ཨ་མྱེས་ལགས་གཤེད་འདུལ་བ་དང་ཁྱི་སྨྱོན་གྱིས་རྨུག་པའི་མིའི་ཁྲག་ཁུ་འཇིབ་སྟེ་དྲག་སྐྱེད་འབྱུང་དུ་འཇུག་ཐུབ་མཁན་ཞིག་ཡིན་མོད། ཁོའི་རིན་ཐང་ལ་མི་རྣམས་ཀྱིས་གདེང་འཇོག་བྱས་པ་ནི་ཕྱུགས་རྫི་ཞིག་རི་ཁ་ནས་གཉིད་དེ་རྨི་ལམ་དུ་ཁ་རུ་སྦྲུལ་ཕྲ་ཞིག་འཛུལ་ནས་ནད་ཀྱིས་བཟུང་བ། སྨན་ཁང་གྲགས་ཅན་དང་སྨན་པ་མཁས་ཆེན་གང་མང་མང་ཞིག་གིས་གོ་མ་ཆོད་པར་འཆི་བར་སྒུག་ནས་ཡོད་པ་ཞིག་གི་ནད་ངའི་ཨ་མྱེས་ཀྱིས་དྲག་ཏུ་བཅུག་པ་དེ་ཡིན་ལ། གནས་ཚུལ་དེས་ཨ་མྱེས་ཁོང་གི་སྐད་གྲགས་སྡེ་བ་གཞན་ལ་མཆེད་དེ་ཁོང་གི་སར་ནད་ལ་བརྟག་ཏུ་ཡོང་མཁན་དང་། ཁོང་ཆེད་དུ་གདན་དྲངས་ཏེ་ས་འདུལ་དུ་འཇུག་མཁན་ཡང་མི་ཉུང་བ་ཞིག་བྱུང་མྱོང་མོད། འོན་ཀྱང་ངའི་ཨ་མྱེས་ཀྱིས་དེ་དོན་སྦ་གསང་མེད་པར་ཨ་མྱེས་གུ་རུ་ལ་བཤད་པ་ནི། ཁོ་ལ་ཕྱུགས་རྫིའི་ནད་དྲག་སྐྱེད་འབྱུང་དུ་འཇུག་པའི་མན་ངག་གང་ཡང་མེད་དེ། དེ་ཡང་གཙོ་བོ་མེས་པོ་གོང་མ་རྣམས་ཀྱི་བསླབ་བྱ་དང་དུ་བླངས་ཏེ་རང་ཉིད་ལྷ་འབབ་དུས་སུ་སྦྲུལ་ཤུན་ཞིག་རུམ་ལ་བསྡུས་ནས་ཕྱུགས་རྫི་སྐྱུགས་བཞིན་པའི་གླེག་དང་བསྟུན་ས་ལ་འཕངས་པ་དེས་ད་གཟོད་ཕྱུགས་རྫིའི་སེམས་ངོ་དག་པས་ན་ཁོ་རང་དྲག་སྐྱེད་བྱུང་བ་མ་གཏོགས་ཁོས་ནི་གཞན་ཅི་ཡང་བསྒྲུབ་མི་ནུས་ཞེས་དྲང་བོར་བཤད་པ་རྗེས་སུ་ཨ་མྱེས་གུ་རུས་ཀུན་ལ་གསལ་བསྒྲགས་བྱས་པ་ལྟ་བུ་སྟེ།
  དང་ཐོག་མི་མང་པོ་ཞིག་གིས་ངའི་ཨ་མྱེས་ཀྱི་གསུང་ཚིག་དེ་བདེན་པར་རློམ་བཞིན་རང་རང་གི་བྱིས་པ་དག་ལ་ཐབས་དེ་བཀོལ་ནས་ནད་སྣ་ཚོགས་དྲག་ཏུ་བཅུག་པ་མང་མོད། རྗེས་སུ་རྒྱུན་འབྱམས་སུ་སོང་བ་དེས་སླར་ཡང་ངའི་ཨ་མྱེས་ཀྱི་བྱ་བྱེད་དག་ལ་མཉམ་འཇོག་བྱེད་མགོ་བརྩམས་ཤིང་། ཐ་ན་ཚད་ལས་བརྒལ་བའི་དམའ་འབེབས་བྱས་པ་ནི། ཉིན་ཞིག་ལ་ངའི་ཨ་མྱེས་ཁྱིམ་ཚང་ཞིག་གི་ས་འདུལ་དུ་འགྲོ་དུས་སུ་སྡེ་མི་མང་པོ་ཁོའི་རྗེས་སྙེགས་ཏེ་རྒྱུགས་རྒྱུགས་པའི་མཐའ་མར་ཁོ་རང་གད་སྐྱིབས་ཤིག་ཏུ་འཚང་ནས་སྐད་འདར་བཞིན་“ལྷ་སྡེ་ཡུལ་མི་རྣམས་པ། ལྷ་བས་སྐྱག་པ་ཞིག་གཏང་དགོས་པས། ཁྱེད་ཅག་ཅུང་ཙམ་ཕྱིར་བཀྱེད་དེ་ལོགས་སུ་འདུག་རོགས་གནང་། ”ཞེས་བཤད་པ་དེ་རྗེས་སོར་ཡུལ་ཚོ་འདི་ནས་མི་ཞིག་སྤྱོད་ཁང་དུ་འགྲོ་བར་མི་གཞན་ཞིག་གིས་གང་དུ་འགྲོ་བ་ཡིན་ཞེས་དྲིས་ཚེ། ཁོས་བསམ་བློ་ཙམ་ཡང་མི་གཏོང་བར་“ལྷ་བ་ས་འཛུལ་དུ་འགྲོ་ཡི་ཡོད”ཞེས་ལེན་འདེབས་ངེས་པ་དེ་དག་གིས་ངའི་ཨ་མྱེས་ཀྱི་ལྷ་བའི་མི་ཚེ་དེ་ལྷ་སྒྲུང་ཞིག་ཏུ་མ་གྲུབ་པར་མི་རྣམས་བཞད་གད་ཤོར་བའི་དགོད་སྒྲུང་ཞིག་ཏུ་གྱུར་ཡོད་པ་དེ་དང་།
ལྷག་པར་དུ་ངའི་ཨ་མྱེས་ཀྱི་སྐད་གྲགས་ཉམས་པ་དང་མཉམ་དུ་ཨ་མྱེས་གུ་རུའི་བྱིན་མཐུ་ཇེ་ཆེར་གྱུར་དེ་ཐ་ན་ངའི་ཨ་མྱེས་འཆི་ཁ་མར་ཡང་རང་གི་ལྷ་བའི་མཐུ་དང་ནུས་པར་ཡིད་ཆེས་མེད་པར་ཁོ་རང་གི་ཚ་བོ་ང་མངལ་ནས་བརྟན་པོར་ཚུགས་རྒྱུའི་སྐྱབས་མཇུག་ཞུ་ཡུལ་ཨ་མྱེས་གུ་རུར་གྱུར་བ་དང་། བུ་ཞིག་ཡིན་ན་མིང་ལ་དགྲ་འདུད་དབང་ཕྱུག་བཏགས་ཆོག་མིན་གྱི་རེ་བ་ཙམ་ཞུས་པ་དེ་ཡང་རྟེན་འབྲེལ་ལོག་པའི་ཚུལ་གྱིས་ཨ་མྱེས་གུ་རུས་བསམ་བཞིན་དུ་ངའི་མིང་ལ་ཁྱི་གུ་ཐར་ཞེས་བཏགས་པར་བཤད་བྱུང་།

                    ༤
  དུས་ཀྱི་བགྲོད་པ་དེ་རི་གཟར་ནས་ཐུར་དུ་བསྒྲིལ་བའི་རྦབ་རྡོ་ཞིག་ཇི་བཞིན་འུར་འུར་ཟང་ཟིང་གིས་མིག་ཁར་བབས་པའི་དེ་རིང་ནི་ངའི་ཕ་ལགས་སྐུ་གཤེགས་པའི་ཉིན་མོ་ཡིན་ནའང་། ངའི་མིང་ལ་སྔར་བཞིན་ཁྱུ་གུ་ཐར་ཟེར་ཞིང་། སྣང་བ་འགྲོ་ཉེས་ཤིག་དང་སེམས་ཀྱི་གས་ཆག་ཅིག་གི་རྐྱེན་པས། ང་རང་ལྷ་སྐད་གསུང་ཤེས་པའི་ལྷ་བ་ཞིག་ཏུ་མ་གྱུར་བར་རྣམ་ཀུན་ཁྱི་མོ་ཐར་གྱི་སྔས་གོང་ལ་བརྩེ་སེམས་ཀྱི་ཆར་བ་དབབ་ཤེས་པའི་བུ་ཕོ་བརྩེ་དུང་ཅན་ཞིག་ཏུ་འཚར་ཅིང་ལོངས་བཞིན་པ་འདི་བདེ་བ་ཅན་དུ་ཕེབས་ཟིན་པའི་ངའི་ཨ་ཕ་དང་ཨ་མྱེས། ཁྱི་མོ་ཐར་ཚང་གི་ཨ་མྱེས་གུ་རུ་དག་གིས་མཐོང་ན་ཁོ་ཚོའི་སེམས་ལ་དྲན་སྣང་ཅི་ཞིག་འབྱུང་ངམ། ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ་བརྐོས་པ་ནང་བཞིན་གྱི་མིང་ཡིག་འདི་དག་གིས་ང་ཚོ་ལ་གསང་བའི་གནས་སུ་བག་ལ་ཉལ་བའི་འདོད་བློ་གང་ཞིག་མཚོན་བརྗོད་བྱེད་ཀྱིན་ཡོད་དམ། གང་ལྟར་ང་ལ་མཚོན་ན་འཇིག་རྟེན་འདིར་ཆེས་དགའ་བའི་དུས་ནི་མཚན་མོ་དང་མི་ནི་ཨ་མ་ཡིན་ནོ། །

           (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེ་རྐང་གླིང་གི་བརྩམས་སྒྲུང་གསར་བ། ཆུ་དེའི་མགོ་ཁུངས་བཙལ་ན།

2014-10-28 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།
              
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།