གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་བརྩམས་སྒྲུང་གི་རྩོམ་པ་པོའི་རྒྱུན་ཆད་ལ་ཉེ།

2011-12-19 10:24:00 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

  ཨ་རིའི་རྩོམ་རིག་དཔྱད་བརྗོད་པ་གྲགས་ཅན་ལེ་སེ་ཀ་ལི་(LeeSiegel)སོགས་ཀྱིས་མཚོན་པའི་དེང་གི་རྩོམ་རིག་དཔྱད་བརྗོད་པ་སྐོར་ཞིག་གིས་སོ་སོའི་རྒྱལ་ཁབ་དག་གི་བརྩམས་སྒྲུང་འདས་གྲོངས་སུ་གྱུར་བའི་སྐོར་ལ་ལྕེ་འབར་གྱི་བརྟུལ་ཞུགས་ལྷུར་བླངས་ཏེ་སྐད་འབོད་ཚ་ནན་བྱས་པ་དེས་འཆར་ཅན་གྱི་རྩོམ་སྟེགས་ཤིག་ཟང་ཟིང་ལང་ལོང་དུ་བཟོས་མྱོང་ཡོད་ནའང་།  རིག་ཚན་གཞན་དག་གི་ལས་ཀྱིས་སྐབས་འགར་གློག་བརྙན་ཞིག་ལ་རྐྱེན་བྱ་བའམ་ཡང་ན་འཁྲབ་སྟོན་པ་གྲགས་ཅན་ཞིག་གི་རང་རྣམ་མཚོན་པའི་དཔེ་དེབ་དག་གིས་བརྩམས་སྒྲུང་ཀློག་པའི་ཡི་ག་དེ་འཕྲལ་མར་ཕྱིར་བསླང་འོངས་པ་ནི་དངོས་ཡོད་ཚད་མ་ཞིག་རེད་ལ།  དེ་ལས་ཀྱང་བརྩམས་སྒྲུང་གི་རྫོགས་ལྡན་དུས་རབས་ཏེ་དུས་རབས་བཅུ་དགུ་བའི་ནང་ལའང་བརྩམས་སྒྲུང་གི་བསྟན་པ་ནུབ་ཟིན་པའི་ཁ་གཡང་ཡང་སྐོར་བསྐྱར་སྐོར་དུ་བོས་ཡོད་པ་ནི་ཧྥ་རན་སེའི་བརྩམས་སྒྲུང་མཁས་ཅན་འཇོ་སི་ཏ་བེ་ཧྥི་ལེ་བྷེ་ཐི(Gustave Flaubert)ཡི་རིང་ནས་གོ་རྒྱུ་ཡོད་མོད།    འོན་ཀྱང་བརྩམས་སྒྲུང་གི་རྩོམ་དེབ་འགྲོ་རྒྱུག་ཐད་ལ་སྡུག་སྐད་བཏོན་པའི་ཤོད་རྒྱུན་གྱི་ཁྲོད་དུ་དགོད་བྲོའི་བྱ་བའང་རབ་དང་རིམ་པ་ཞིག་བྱུང་ཡོད་པ་ནི།  ཅ་ཞི་ཡ་མར་ཁའོ་སིས་ (Gabriel García Márquez)རང་གི་དུས་རབས་རིམ་འབྱེད་ཀྱི་བརྩམས་སྒྲུང་སྐད་གྲགས་ཅན་༼ལོ་བརྒྱའི་ཁེར་ཧྲེང༽ཞེས་པ་ཐོག་མར་དཔེ་བསྐྲུན་ཁང་དུ་སྤྲད་པར།  པར་གྲངས་8000ཀྱི་ཨང་ཀི་དག་མཐོང་བར་ཧ་ལས་ཧོན་ཐོར་གྱི་ཉམས་ཀྱིས་ཁོང་ཁྲོ་ཆེན་པོས་༼པར་གྲངས་ཚད་ལས་བརྒལ་སོང་།  ཁྱེད་ཅག་གིས་དེ་ལྟ་བུའི་གྲངས་ཚད་ཅིག་བཙོང་མི་ཚར་བ་ཁོ་ཐག་ཡིན།༽ཞེས་བརྗོད་མྱོང་ནའང་ལོ་གཉིས་མ་འགོར་བར་ལ་ཏེན་ཨ་མེ་རི་ཁ་གླིང་ཁོ་ནའི་ཡུལ་དུའང་དེབ་གྲངས་ས་ཡ་འགའ་ཞིག་བྲིན་པའི་དཔེ་བཞག་ནས་ཡོད་པ་སོགས་དཔྱོད་ཤེས་ཀྱི་བློ་མིག་གིས་མ་ཟིན་པ་ཙམ་གྱི་བརྩམས་སྒྲུང་གི་ལས་དབང་དེ་མགོ་ཐོག་ན་རྟ་བཞིན་རྒྱུགས་ཀྱིན་པའི་ཤོད་རྒྱུན་དག་ཡོད་མོད།  འོན་ཀྱང་ཀློག་པ་པོའི་ཡི་ག་ལྟར་བརྩམས་སྒྲུང་གི་ཚེ་ཚད་ཐག་གཅོད་པ་མ་ཡིན་པར་རྩོམ་པ་པོ་དག་གི་སོར་རྩེ་ནས་སྒྲུང་འབབ་རྒྱུ་མེད་པའི་ང་ཚོའི་བོད་པའི་བརྩམས་སྒྲུང་གི་གནས་བབ་སྐྱོ་བོ་འདི་ནི་འཛམ་གླིང་གི་རྒྱལ་ཁབ་བམ་འཐུས་སྒོ་ཚང་བའི་ཡི་གེ་ཅན་གྱི་མི་རིགས་གང་ལའང་བྱུང་མེད་པའི་སྣང་ཚུལ་ཡ་མཚན་ཞིག་ཡིན་ངེས་སོ། །
   སྤྱིར་ན་རང་རེའི་བོད་ཀྱི་དེང་རབས་བརྩམས་སྒྲུང་གི་ལུགས་དེ་ལོ་རབས་བརྒྱད་ཅུའི་སྐབས་སུ་རྩོམ་སྲོལ་གསར་བ་ཞིག་གི་ངོ་བོའི་ཐོག་ནས་དར་འགོ་ཚུགས་ཏེ་ད་ལྟ་ལ་ཐུག་གི་བར་དུ་རྒྱུན་བསྲིངས་ནས་ཡོད་ནའང་།  བརྩམས་སྒྲུང་རང་ངོས་ཀྱི་གཞུང་ལུགས་ཤེས་བྱ་དང་ཞུན་ཐག་ཆོད་པའི་གསར་རྩོམ་གྱི་བརྒྱུད་རིམ་དག་གི་ཆ་རྐྱེན་མ་འཛོམས་པ་དང་། རྩོམ་པ་པོ་སྒེར་ངོས་ནས་ཀྱང་རྩོམ་འབྲིའི་ལས་སུ་འཇུག་པའི་བརྩོན་འགྲུས་ཀྱི་རྒྱུན་དེ་མུ་མཐུད་རྒྱུན་བསྲིངས་བྱེད་མ་ཐུབ་པ་དེས་རང་རེའི་བོད་ཀྱི་བརྩམས་སྒྲུང་གི་རྩོམ་པ་པོའི་རྒྱུན་ཆད་པར་སྔོན་འགྲོའི་ཆ་རྐྱེན་བསྐྲུན་ཡོད་པ་ནི།
    དཔེར་ན། སྒྲུང་རིང་གི་འགྲོས་ཚད་དེ་1985ལོར་གླང་མདུན་དཔལ་འབྱོར་གྱི་བོད་པའི་རྩོམ་རིག་ལོ་རྒྱུས་སྟེང་གི་དེང་རབས་སྒྲུང་རིང་ཐོག་མ་༼གཙུག་གཡུ༽ཐོན་པ་ནས་སྒྲུང་རིང་གཉིས་པ་1999ལོར་སྟག་འབུམ་རྒྱལ་གྱི་༼ལྷིང་འཇགས་ཀྱི་རྩྭ་ཐང༽ཐོན་པའི་བར་དུ་མི་ལོ་བཅུ་བཞི་ཙམ་འགོར་བ་འདིས་ཀྱང་རང་རེའི་བོད་ཀྱི་བརྩམས་སྒྲུང་གི་འཕེལ་ཚད་དེའི་གནད་དོན་ཕྱོགས་ཙམ་གསལ་བཤད་ཐུབ་ནས་ཡོད་ལ།   ༼གཙུག་གཡུ༽ཕུད་པའི་བརྩམས་སྒྲུང་གཞན་རྣམས་ལ་ནི་བྱུང་རིམ་རྐྱང་ཤས་ཆེ་ཞིང་།  ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་གསལ་བ་སོགས་ཀྱི་གནད་དོན་མི་ཉུང་བ་ཞིག་གནས་པས། བོད་པའི་བརྩམས་སྒྲུང་ཀློག་མཁན་དག་གི་རེ་བ་སྟོང་ཟད་དུ་གྱུར་ཏེ་བརྩམས་སྒྲུང་ཀློག་པའི་འདུན་པ་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ཆུང་དུ་གྱུར་བ་རེད།
   སྣང་ཚུལ་གཞན་ཞིག་གི་ངོས་ནས་བཤད་ན།  བོད་པའི་རྩོམ་པ་པོ་དག་ནི་༼གསུང་རབ༽ལས་ཕལ་བའི་བརྩམས་ཆོས་མི་རྩོམ་མཁན་གྱི་རྩོམ་པ་པོ་གྲུང་བོའི་རིགས་ཡིན་པ་དེས་ཀྱང་བོད་པའི་བརྩམས་སྒྲུང་གི་འཕེལ་རྒྱས་ལ་ཤན་ཤུགས་ཆེན་པོ་བཞག་ཡོད་པར་འདོད་དེ། བོད་མི་རིགས་འདི་གནའ་ནས་ད་བར་དུ་གེ་སར་ལྷ་སྒྲུང་ལ་ཉན་སྤྲོ་བའི་མི་རིགས་ཤིག་ཡིན་ཙ་ན་དཔའ་བོའི་སྒྲུང་རབས་ཀྱིས་མཚན་པའི་བརྩམས་སྒྲུང་གི་རིགས་ལ་དགའ་བོ་བྱེད་པ་ཁ་ཚ་དགོས་གཏུག་ཏུ་སྣང་མོད་ཀྱང་།  རང་རེ་བ་ཚོར་ནག་པོ་སྐལ་བཟང་ལགས་ཀྱིས་བརྩམས་པའི་སྒྲུང་རིང་༼ཀླུ་འབུམ་མི་རྒོད༽ལྟ་བུ་རེ་གཉིས་ཤིག་ལས་བྱུང་མེད་པ་དེས་ཀྱང་ཉན་མཁན་ལས་འབྲི་མཁན་མེད་པས་ན།  ཀློག་པ་པོ་ཕལ་བ་དག་ལ་བརྩམས་སྒྲུང་ཀློག་པའི་ཆུ་ཚད་ཡར་བསྐྱེད་བྱེད་པའི་སློབ་སྦྱོང་གི་གོ་སྐབས་མ་རེག་པ་དེ་ཡིས་བརྩམས་སྒྲུང་གི་ལས་ཀ་དེ་ཉིན་རེ་ནས་ཉིན་རེ་བཞིན་ཀློག་པ་པོ་དང་རྒྱང་ཐག་གིས་བཅད་ནས་ཡོད་པ་དང་།   ལྷག་ཏུ་རྒྱ་ཡིག་ལམ་གྱི་བརྩམས་སྒྲུང་མཁས་པ་བཀྲ་ཤིས་ཟླ་བ་ལགས་ཀྱི་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་བརྩམས་སྒྲུང་སྐད་གྲགས་ཅན་༼བོད་ལྗོངས།  རྒྱུན་བུའི་མདུད་པ་ལ་བརྒྱུས་པའི་རྣམ་ཤེས༽ཞེས་པ་1985ལོར་རྒྱལ་ཡོངས་ལ་གྲགས་སྐད་ཀྱིས་ཆོད་པ་དེས།  རང་རེ་བ་ཚོར་བསྒྱུར་རྩོམ་བརྩམས་སྒྲུང་གི་ཚ་རླབས་ཤིག་འཕྱུར་དེ།  ཡེ་ཤེས་བསྟན་འཛིན་དང་།  དོན་གྲུབ་དབང་འབུམ་སོགས་རྒྱ་ཡིག་གི་ལམ་ཁ་ནས་གསར་རྩོམ་མཛད་མཁན་གྱི་རྩོམ་པ་པོ་དག་གི་བརྩམས་སྒྲུང་དག་ས་ཁྱབ་རྡོ་ཁྱབ་ཏུ་སོང་ནས་ཡོད་ལ།  དུས་སྐབས་དེའི་རིང་གི་དུས་དེབ་གཙོ་གྲས་༼སྦྲང་ཆར༽སོགས་ཀྱི་སྟེང་དུའང་སྔ་མའི་རྩོམ་པ་པོ་འདི་དག་གི་རྩོམ་ཡིག་ལས་གཞན་༼བདག་གི་ཁུ་བོ་ཡིས་ལི༽ལྟ་བུའི་ཕྱི་རྒྱལ་གྱི་སྒྲུང་ཐུང་གི་རིགས་དང་།  ༼ཁུང་དབྱི་ཅི༽སོགས་རྒྱ་རིགས་རྩོམ་པ་པོའི་བརྩམས་སྒྲུང་གིས་ལེ་ཚན་ཕལ་ཆེར་ཟིན་པ་ནས།  རང་ཅག་ས་སྐྱེས་རྡོ་སྐྱེས་ཀྱི་རྩོམ་པ་པོ་དག་ལ་ནི་སྲོལ་རྒྱུན་སྙན་ངག་རེ་དང་།  གསར་དུ་དར་མ་ཐག་གི་རང་མོས་སྙན་ངག་ཙམ་ལ་ཨ་འཐས་བྱེད་པའི་གོ་སྐབས་ཙམ་མ་གཏོགས་བརྩམས་སྒྲུང་ནི་གཞན་རིགས་ཀྱི་ཡི་གེ་ལས་ཕབ་བསྒྱུར་བྱས་ན་མ་གཏོགས་རང་སྐད་ཀྱིས་བྲིས་པ་དག་ལ་ཀློག་རིན་མེད་པའི་ཁེངས་སྐྱུངས་ཀྱི་སེམས་ཁ་བཟུང་བ་ཡིས་གཟོད་རང་ཅག་བོད་སྐད་ཡིག་ལམ་ནས་སྒྲུང་གསར་རྩོམ་བྱེད་མཁན་གྱི་རྩོམ་པ་པོའི་མི་རབས་ཤིག་གི་རྒྱུན་ཆད་པར་སྙམ།
ཡང་ད་ལྟ་བའི་བོད་ཀྱི་བརྩམས་སྒྲུང་གི་འཕེལ་ཤུགས་ཀྱི་ངོས་ནས་བཤད་ན་བོད་ལའང་ཚེ་རིང་དོན་གྲུབ་དང་བཀྲ་ཤིས་དཔལ་ལྡན། ཚེ་རིང་གནམ་མགོན་དང་པདྨ་ཚེ་བརྟན།  ལྷ་བྱམས་རྒྱལ་དང་སྐྱབས་ཆེན་བདེ་གྲོལ་སོགས་ཀྱིས་མཚོན་པའི་མི་རབས་གསར་བའི་བརྩམས་སྒྲུང་རྩོམ་པ་པོའི་སྡེ་ཞིག་ཚུགས་ནས་ཡོད་ནའང་སྒྱུ་རྩལ་རྐྱང་ཤས་ཅན་གྱི་རྩོམ་ཐབས་གསར་བ་དང་།  སྣེ་མང་རྙོག་འཛིང་ཆེ་བའི་དོན་གྱི་བྱུང་རིམ།  ཀློག་པ་པོ་དང་ཁ་ཐག་གིས་བཅད་པའི་མཚོན་བྱ་དང་མཚོན་བྱེད་ཅི་རིགས་པ་ཞིག་གིས་བརྩམས་སྒྲུང་གི་རྩ་བའི་སྒྲིག་འཛུགས་སྐོར་ལ་གེགས་བྱས་ཡོད་པས་ན།  གཞི་རིམ་དུ་གཞིས་ཆགས་པའི་བོད་ཀྱི་ཀློག་པ་པོ་དག་གིས་ནི་བརྩམས་སྒྲུང་འདི་རིགས་ལ་རྒྱལ་ཕྱི་དང་ཡང་ན་རྒྱལ་ནང་གི་བྱ་དགའ་ཞིག་འཐོབ་མ་ཐོབ་ཀྱི་གནས་ཚུལ་ལྟར་བརྩམས་སྒྲུང་གི་མཐོ་ཚད་འཇལ་རྒྱུ་མ་གཏོགས་རང་གི་མིག་དབང་གིས་ནི་ཧ་གོ་ཐུབ་ཀྱིན་མེད་པ་འདིས་དེང་གི་བོད་པའི་བརྩམས་སྒྲུང་རྩོམ་པ་པོ་དང་ཀློག་པ་པོ་གཉིས་ཀྱི་བར་ལ་ཧེ་བག་ཆེན་པོ་ཞིག་ཤོར་ཚར་ནས་ཡོད་པ་རེད།
   གོང་གསལ་སྣང་ཚུལ་འདི་ལྟ་བུ་ཞིག་གི་རྐྱེན་པས་རང་རེའི་བོད་པའི་བརྩམས་སྒྲུང་གི་ཀློག་པ་པོ་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ།   ཀློག་པ་པོའི་ཁ་གྲངས་ཇེ་ཉུང་དུ་སོང་བ་དང་བསྟུན་ལྟོས་བཅས་ཀྱིས་བརྩམས་སྒྲུང་རྩོམ་པ་པོ་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་གྱིན་ཡོད་པ་ནི།  བོད་ལ་དུས་དེབ་རེ་གཉིས་ཤིག་ལས་མེད་ནའང་བརྩམས་སྒྲུང་གི་ལེ་ཚན་དུ་རྩོམ་ཡིག་བཀོད་སྒྲིག་བྱ་ཐབས་མེད་པའི་གནས་ཚུལ་འབྱུང་གིན་ཡོད་ལ།   བོད་ཀྱི་གསར་སྐྱེས་ན་གཞོན་རྩོམ་པ་པོ་དག་གིས་ནི་སྙན་ངག་ད་དུམ་རེ་བྲིས་ཏེ་སྒྲུང་རྩོམ་འབྲི་བ་དེ་ལྷན་སྐྱེས་ཤིག་དང་དགའ་སྣང་ཞིག་ཏུ་མི་བལྟ་བར། འགན་བབས་ལས་ཀ་ཞིག་ལ་བཙན་གྱིས་འཇོག་གིན་ཆེད་ལས་ཁོ་ན་ཁ་ལ་འཁྱེར་དེ་སྒྲུང་འབྲི་བ་འདི་དག་གིས་རང་རེའི་བརྩམས་སྒྲུང་གི་ལས་དབང་ལ་མཇུག་ཤད་བཀོད་དང་ཆོག་པའི་གནས་ལུགས་བསླངས་ནས་ཡོད་ལ།  སྣང་ཚུལ་འདིའི་བོད་པའི་བརྩམས་སྒྲུང་གི་རྩོམ་པ་པོའི་རྒྱུན་ཆད་ལ་ཉེ་བའི་ཅོང་བརྡའང་བརྒྱབ་ནས་ཡོད་པ་རེད།  །
 

རྩོམ་ཁུངས། རེ་རྐང་གླིང་གི་ཟིན་བྲིས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།