བདེ་ཆེན་གཡང་འཛོམས། སྒྲུང་གཏམ།

   བཙུན་མ་དེས་སྐྱོགས་སུ་ཚུད་པའི་རང་ཉིད་ཀྱི་ཞལ་རས་ལ་ལན་གཅིག་བལྟས་རྗེས་རང་གི་འདོད་སྲེད་ངོམ་པའི་མིག་མདངས་ཀྱི་ཚོར་བ་ཐོར་ཞིག་ཏུ་འགྲོ་ཆེད་དམ་ཡང་ན་དམ་ཚིག་ལས་རྟག་ཏུ་འཕར་ལྡིང་ལ་བྲེལ་བའི་བྲང་ཁོག་གི་སྙིང་ཁྲག་དེ་ཞི་འཇགས་སུ་འབབ་པའི་དགོས་དབང་ལ་དམིགས་ཏེ་རི་ཚོགས་ཀྱི་ལྷིང་འཇགས་དཀྲོག་པའི་གླུ་སྐད་ཅིག་རང་བྱུང་མའི་བྲང་གཞུང་དུ་འཐིམ་པར་བྱས།
   རྒྱུག་ཆུ་ལྟ་བུའི་གླུ་སྐད་དེ་ས་འཛིན་གྱི་རྩེ་མོར་སྙེག་པ་ལས་ཕྱོགས་སོ་སོའི་ཉི་འོད་བཞིན་སྟོང་སྣང་གི་རང་དབང་ཟ་བཞིན་གངས་རིའི་དབུ་རྩེ་དང་།  སྤང་རིའི་རྒྱ་ཁྱོན།  ནགས་རིའི་འབྱུང་ཁུངས་བཅས་སུ་སྙོམ་པོར་འཕྲོ་བཞིན་མྱ་ངམ་ཐང་གི་འཇིགས་སྐྲག་གིས་བཟི་བའི་སྤྲང་པོ་དེའི་རྣ་ལམ་དུ་ལྷགས།
   ཁོའི་མིང་ལ་སྤྲང་བོ་ཆང་འཐུང་ཟེར་ཞིང་།རང་ཉིད་ཀྱི་རྟོག་པས་རང་བྱུང་ཁམས་ཆེན་མོའི་ལྷུན་ཆགས་ཀྱི་ངོ་བོ་ཆ་ཚང་བར་ཚེ་སྲོག་གསར་པ་སྤྲོད་འདོད་པའི་སེམས་བྱུང་ཅན་ཞིག་ཡིན།  ཁོ་རང་ལ་གཞན་ལས་ཁྱད་དུ་འཕགས་པའི་ཐབས་རྩལ་ཞིག་ཡོད་པ་ནི“ཨུ་ཚུགས་ཀྱི་སྤྱོད་པ་འཆལ་པོ”དེ་རེད།
   སྤྱིར་ན།  སྒྲུང་གཏམ་གྱི་མི་སྣ་འདེམས་དུས་རྟག་ཏུ་མི་སྣའི་གཤིས་ཀ་དང་།  བཞིན་མདངས།སྐད་ངག་བཅས་ཀྱིས་མཚོན་པའི་ལྷན་སྐྱེས་ཀྱི་རིག་པ་དེ་དག་ནི་རང་ཉིད་སྨྱུག་ཁར་ལྷུང་བའི་སྔ་ལྟས་ཤིག་ཏུ་གྲུབ་ཡོད་ཀྱང་ཁོ་ལ་མཚོན་ན“སྤྱོད་པ་འཆལ་པོ”ཞེས་པའི་རྒྱུ་ཆ་ཙམ་ལས་གཞན་གང་ཡང་བླང་བྱར་མ་གྱུར་བས་ང་རང་ཤིན་ཏུ་དཀའ་ངལ་གྱི་གནས་སུ་ལྷུང་མོད།བདག་གིས་སྒྲུང་གཏམ་གྱི་དགོས་ངེས་རྒྱུ་ཆར་གཞིགས་ཏེ་རང་གི་བློས་ཐུབ་པའི་མི་ཞིག་གཡོ་འཚོང་བྱེད་མི་ཐུབ།    འདི་ལ་ཀློག་པ་པོ་ཁྱེད་ཉིད་རློམ་ཆོག
   ཡིན་ནའང་སྒྲུང་གཏམ་གསར་བ་ཞིག་བྲིས་ཚར་རྗེས་ང་ལ་མི་བཟོད་པའི་སྡུག་བསྔལ་རེ་སྐྱེས་ཡོང་ཞིང་།   དེ་ཡི་ཞོར་ལ་ཚད་ལས་འདས་པའི་འགྱོད་གདུང་ཞིག་ཀྱང་སྐྱེས་ཡོང་།
   རྒྱུ་མཚན་ནི་སྒྲུང་གཏམ་རེ་རེའི་ཁྲོད་དུ་ལུས་ངག་གི་སྦྱོར་བ་རེ་རེ་བཞིན་ཕྱི་རོལ་ཡུལ་གྱི་དངོས་དོན་དང་མི་འཚམ་པའི་མི་སྣ་སྐོར་ཞིག་ནམ་ཡང་ང་ཁོ་ནའི་ལོངས་སྤྱོད་དུ་འཕོས་ཡོད་དེ།  གསལ་བོར་གཤད་ན་སྒྲུང་གཏམ་ནང་གི་མི་སྣ་དེ་ཚོས་མྱོང་བཞིན་པའི་སྡུག་བསྔལ་དེ་ངས་ཅི་ནས་ཀྱང་མྱོང་ཐུབ་ཀྱིན་མེད་པ་དེ་རེད་འདུག
   ད་ལྟ་བསམ་ན་ཡོད་ཚད་འཕྱིས་སོང་བ་འདྲ་སྟེ།   སྒྲུང་གཏམ་ཁྲོད་ཀྱི་མི་སྣ་ཚང་མར་རྒས་མེད་ཚེ་རིང་གི་རང་བཞིན་འཕྲོས་ཡོད་པས།   དང་པོ་བྱིས་པ་རུ་དཔེ་གཟུགས་བསྐྲུན་པའི་མི་སྣ་དེ་ནམ་ཡང་བྱིས་པ་ཡིན་པ་དང་།   གཞོན་ནུ་མར་བཞེངས་བསྐྲུན་བྱས་པའི་མི་སྣ་དེ་སྔ་མ་བཞིན་འདོད་སྲེད་ཤེ་སྦྱོར་གྱི་ནང་དོན་ལྡན་པའི་འཚོ་བ་ལ་གོམས་ཤིང་འདྲིས་འདུག  
   ངོ་མ།   འུ་ཐུག་པའི་གནས་བབ་འདི་འདྲའི་འོག་ཏུ་ངས་ཐང་སྟོང་གི་དུར་རྙིང་ཞིག་ཏུ་རྙེད་སྲིད་པའི་དབྱིན་ཇིའི་བུད་མེད་ཅིག་དྲན་ཡོང་།    ཁོ་མོའི་མིང་ལ་ཝི་ཅི་ཉི་ཡ་ཝེའུ་ཨེར་ཧྥུ1 ཟེར་ཞིང་ཆེས་ཉམ་ཆུང་གི་འབུ་སྐྱོག་ཚོ་སྒྲུང་གཏམ་དུ་བཅུག་ནས་རང་ཉིད་ལ་རང་དབང་སྐྲུན་མྱོང་མཁན་ཞིག་ཡིན།   ཡང་གློ་བུར་དུ་ངས་རང་ཉིད་བུད་མེད་དེ་དང་བསྡུར་ཐབས་མེད་པའི་དོན་སྙིང་ཞིག་རྟོགས་སོང་།
ཁོ་མོའི་གཏན་ཚིགས་དང་འགལ་ཞིང་གསལ་བོ་མ་ཡིན་ལ།   རྗེས་དཔག་གི་ཤེས་པ་ཡང་མ་ཡིན་པའི་རྟོག་པ་ཞིག་འབུ་སྐྱོག་ཅིག་གི་རང་གཟུགས་སུ་སུན་སྣང་མེད་པར་བཙན་གྱིས་སྦྱར་བས་ད་གཟོད་འབུ་སྐྱོག་དེས་ཀྱང་འུ་ཐུག་ཐབས་ཟད་ཀྱིས་དབྱིན་ཇིའི་སྐད་རྟོགས་ཡོད་པ་བསྙོན་དུ་མེད།
     ངས་གསང་བ་ལྟ་བུའི་ཤེས་རབ་འདི་རྙེད་རྗེས་སྒྲུང་རྩོམ་ནང་གི་མི་སྣ་ཚོ་ཡང་རང་གི་ལྷན་སྐྱེས་ཀྱི་ལྟ་བ་དང་སྤྱོད་པ་རྣམ་དག་ཅིག་ལ་བཀོད་འདོམས་དང་རྒྱ་བསྐྱེད་བྱེད་དུ་བཅུག་པ་ལས་ཁོ་ཚོར་སྐད་ཆ་སློབ་དགོས་པའི་རེ་བ་གང་ཡང་ཞུས་མ་མྱོང་།   ཨོ།   སྒྲུང་གཏམ་འདི་འདི་ལྟར་འགོ་བརྩམས་བྱུང་བ་འདྲ།

                                                དང་པོ།

    ཡི་ཆད་དང་སྡིག་ཉེས་ཀྱིས་ཡོངས་སུ་ཕམ་པའི་སྤྲང་པོ་དེ་གོམ་ཞེང་ཆེན་པོས་མདུན་དུ་གོམ་པ་འགའ་སོང་ནས་གློ་བུར་དུ་ཁ་ཕྱིར་བསྐོར་ཏེ་སྐད་ཤུགས་ཆེན་པོས“དབེན་པའི་རི་ཁུལ་ལ་དུངས་པའི་སེམས་ཅན་དག་གི་རྒྱུད་ན་ཚད་ལས་བརྒལ་བའི་ཉོན་མོངས་དང་འདོད་རྔམ་གྱི་བསམ་པ་བཟུང་ཡོད་པས་ཁོ་ཚོ་བསྐལ་པ་འཇིག་པའི་དུས་ལའང་དམྱལ་བའི་ལམ་འཕྲང་མ་གཏོགས་བྱང་ཆུབ་ཀྱི་ས་ལམ་ཞིག་ལ་བསྙེག་འདོད་ཀྱི་རེ་བ་དེ་སྟོང་སེམས་རེད”ཅེས་ཀུ་ཅོ་བཏོན་ཞིང་།    སླར་ཡང་མདུན་ཕྱོགས་སུ་མི་མགོ་དང་བྲང་རུས་ཀྱིས་ཁེངས་པའི་དུར་ཁྲོད་དེའི་ཀློང་དུ་བསྐྱོད།
      གློ་བུར་དུ་རླུང་འཚུབ་ཆེན་མོ་ཞིག་ལངས་པ་དང་ལྷན་དུ་ནམ་མཁའ་ནས་ཀེང་རུས་དཀར་པོ་གཉིས་སར་བབས་པ་དང་ཁོ་ལ་སྣང་དོགས་ཙམ་ཡང་མི་བྱེད་པར་ཐད་ཀར་བེམ་པོ་རེ་རེའི་མདུན་དུ་སོང་སྟེ་བཅུ་དྲུག་གི་ལང་ཚོ་རྫོགས་པའི་བུ་མོ་གཉིས་ཀྱི་བེམ་རོ་ལ་དམ་དུ་འཁྱུད་ཅིང་ལུས་འབྲེལ་བཙུགས།
     ཁོ་རང་གི་མིག་ཟུང་ལ་ཡིད་མ་ཆེས་པར་ཀེང་རུས་དེ་གཉིས་ཀྱི་ལོགས་སུ་བཅར་བར་དེ་ལས་གཅིག་ཤོས་ཀྱིས“གྲོགས་པོ།    དལ་འབྱོར་གྱི་ལུས་པོ་ཐོབ་བཞིན་དུ་ངེད་གཉིས་ལ་བར་ཆད་བཟོ་དགོས་པའི་ངེས་པ་ཅི་ལ་ཡོད།   འདི་ནི་བདག་ཅག་གི་ལོངས་སྤྱོད་ཙམ་ལས་ཁྱོད་ལ་མཚོན་ན་ལྟས་ངན་པའི་བྱུང་ཚུལ་ཡ་མཚན་ཅན་ཞིག་ཡིན་སྲིད།   འོན་ཀྱང་ལོ་ན་བཅུ་དྲུག་ཡས་མས་ཀྱི་བུ་མོ་ཆུང་ཆུང་ཞིག་འདི་ལྟར་འཇིག་རྟེན་ཆོས་ཀྱིས་མ་གོས་པར་ངེད་གཉིས་ལ་ལོངས་སྤྱོད་དུ་དབང་བ་འདི་སྐྱེ་བ་སྔོན་མའི་ཚོགས་བསགས་ཀྱི་འབྲས་བུ་ཡིན་ཤས་ཆེ།   དེ་བས་ཁྱོད་ལ་ཇི་ལྟ་བུའི་གྲུབ་པ་ཐོབ་ཡོད་ཀྱང་ངེད་གཉིས་ལ་གནོད་མི་ཐུབ།”ཟེར།
སྤྲང་པོ་ཁོ་དངངས་སྐྲག་གིས་འདར་སིག་ཅིག་བརྒྱབ་ནའང་མི་སྐྲག་པའི་ཉམས་བཅོས་མ་ཞིག་གིས“ཝ་ཡེ།   ཁྱོད་ལ་རེག་བྱའི་མ་ལག་ཏུ་ཐེ་བའི་ཤ་ལྤགས་དང་མཆུ་སྒྲོས་མེད་ན་དགའ་མགུར་སྤྱད་པའི་བདེ་བ་དེ་མངོན་སུམ་དུ་མྱང་ཐུབ་བམ།”ཞེས་དྲིས།
     སྐབས་དེར་ཀེང་རུས་གཞན་དེ་ཡང་འཚིག་པ་ཟ་བཞིན་ཁོ་ལ་འབུར་ཚུགས་སུ་བསྒྲད་དེ“འོ་ན་ཁྱོད་ཀྱི་སྙིང་ཁར་འཐིམ་པའི་བུ་མོ་དེ་ཡང་ཕྱུགས་ཆུང་ཞིག་ཡིན་པས་ཁྱོད་ལ་བདེ་སྣང་གི་མྱོང་བ་གང་ཞིག་བརྗོད་དུ་ཡོད།   ངོ་མ་མི་ཆ་ཡོད་ལ་གཏམ་ཆ་མེད་མ་བཤད།”ཅེས་ཁོང་ཁྲོ་ལངས།
    སྤྲང་པོ་ཁོ་གཞན་སེམས་རྟོགས་པའི་ཤེས་པ་འདི་ལ་ཡ་མཚར་ནའང་ཁོས་ཇི་མི་སྙམ་པར་སླར་ཡང“ལྟས་ཕྲུག   འབྱུང་ཚུལ་དེ་བརྩེ་དུང་གིས་བདེན་དཔང་བྱེད་པ་མ་གཏོགས་ཐད་ཀར་ལུས་འབྲེལ་འཛུགས་པར་འབྲེལ་བ་མེད།   གལ་སྲིད་དེ་ལྟར་རང་ཡིན་ན་འགྲོ་བ་མིའི་རིགས་ཀྱི་བླ་ན་མཐོ་བའི་ཁྱིམ་གཞིས་ཆེན་པོ་རེ་རེ་ཡང་སྨད་འཚོང་མའི་མལ་ཁྲི་ལྟར་གྲང་ཤུར་ཤུར་དུ་གནས་པ་མ་ཡིན་ནམ།”ཞེས་བརྗོད།
ཀེང་རུས་དེ་གཉིས་ཀྱིས“ཧ་ཧ”ཞེས་གད་མོ་ཆེན་པོ་དགོད་བཞིན“མི་སྨད་འཚོང་མ་མ་ཡིན་ན་ཆོས་བསྒྲུབ་པར་རབ་ཏུ་བྱུང་དགོས་པའི་ངེས་པ་ག་ལ་ཡོད།   ད་དུང་ཕྲག་དོག་དང་འགྲན་སེམས་ཀྱིས་བསླངས་པའི་དོགས་པ་དེ་ཡང་རང་ཁོ་ནའི་ཆེད་སྐྱེས་དགོས་པའི་རྒྱུ་མཚན་བརྗོད་རྒྱུ་མི་འདུག”ཅེས་བརྗོད་བཞིན་ཡོངས་སུ་མི་སྣང་བར་གྱུར་སོང་།
    ཁོ་འཕྲུལ་སྣང་ལས་ཕྱིར་སད་དུས་ནམ་མཁའ་ཧྲིལ་པོ་སྤྲིན་ནག་གིས་ཁེངས་ཤིང་།   དུས་མ་ཡིན་པའི་ཆར་པ་ཆེན་པོ་ཞིག་འབབ་བཟོ་འདུག་པས་ཁོ་རང་གསེར་འོད་ལམ་ལམ་འཕྲོ་བའི་མཁར་སྒོ་ཆེན་པོ་དེའི་ནང་དུ་བསྐྱོད།   གཏུམ་དྲག་གི་རང་གཤིས་མངའ་བའི་སྒོ་སྲུང་ཞིག་ཁོའི་མདུན་དུ་ལྷགས་ཏེ“བདེ་བ་ཅན་གྱི་གླིང་ཀ་རུ་འགྲོ་ན་ངེས་པར་སྤ་སེ་ཉོ་དགོས།   དེ་མིན་སོང་མི་ཆོག”ཅེས་གཤོང་ས་ཆེན་པོ་ཞིག་དང་གཉིས་སུ་མ་མཆིས་པའི་ལག་པ་དེ་སེར་ཁ་ཤིག་ཤིག་གིས་ཁོའི་མདུན་དུ་བསྲིངས།
    ཁོས“ངོ་མ་ཁྱེད་ཚོར་གནས་ལུགས་མི་འདུག   མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལའང་སྤ་སེ་ཉོ་དགོས་སམ།”ཞེས་འགྲོ་བར་བརྩམས།
    སྒོ་སྲུང་བ་དེས“ཁྱོད་ཀྱིས་སྒྲུབ་སྦྱོང་གང་ཡང་མ་བྱས་པར་གཞན་མགོ་གཡོག་སྟེ་བུད་མེད་ཅིག་གི་ཆེད་དུ་བདེ་བ་ཅན་དུ་འགྲོ་བ་འདི་གནས་ལུགས་དང་མཐུན་ནམ།   དེ་བས་ཁྱོད་ཀྱིས་ངེས་པར་དུ་མི་གཉིས་ཀྱི་སྤ་སེ་མ་ཉོས་ན་གཏོང་གི་མིན།”ཞེས་ཁྲོ་བའི་ཉམས་ཀྱིས་བཤད།
    ཁོས་སླར་ཡང“ཨ་རོགས།   བྱས་ན་བདེ་ཆེན་གཡང་འཛོམས་ཀྱི་སྤ་སེ་ཉོ་དགོས་པ་རེད་དམ།”
    “དེ་ང་ལ་འབྲེལ་བ་མེད།   གང་ལྟར་གཞས་པ་ཚངས་དབྱངས་རྒྱ་མཚོ་ཞེས་པའི་འཆལ་པོ་ཞིག་གི་དོན་དུ་ཆུང་འདྲིས་བྱམས་པ་ཟེར་བའི་བུ་མོ་ཞིག་དུས་རབས་བཅོ་བརྒྱད་པའི་དུས་འགོ་ཙམ་ལ་གནས་འདིར་ཐེངས་གཅིག་བསླེབས་བྱུང་།   སྐབས་དེར་སྤ་སེ་འཚོང་བའི་སྲོལ་འདི་དར་མེད་པས་ཁོ་མོ་རང་འགར་བཏང་བ་ཡིན།   ཡིན་ནའང་ད་ལྟ་ནི་ཚོང་ལས་དཔལ་འབྱོར་གྱི་དུས་རབས་ཡིན་པས་མི་ཞིག་གི་གྱོང་གུད་དེ་མི་གཞན་ཞིག་གིས་གསབ་དགོས་པ་འདིའང་ཆོས་ཉིད་དུ་གྲུབ་འདུག”
   “འོ་ན་ངས་འཚོལ་དགོས་པའི་བུ་མོ་དེ········”
   “གླེན་ཕྲུག   ཁྱོད་ཀྱིས་ཅི་ཡང་ཤེས་ཀྱིན་མི་འདུག   དེ་ལས《ནོར་བུ》ཞེས་པའི་སྙན་ངག་ཚན་པ་འདི་འཆལ་པོ་དེ་ལ་སྤྲོད་ཐུབ་པ་ཡིན་ན་ངས་ཁྱོད་རང་བཏང་ཆོག”
   “ཁྱོད་ཀྱིས་གྱེར་འདོན་གྱིས་དང་།   ངས་བློ་ངོར་བྲིས་ཆོག”
   ཁྲག་ཐིགས་དང་གད་སྙིགས   གཡའ་ཆུ་དང་མེ་སོན་འདྲེས་པའི
   བརླན་གཤེར་བུམ་པ་གང་པོ་འདི་ལ    དཀྲུག་དཀྲུག་མ་གཏོང་རོགས
   གཡོ་སྐྱོམ་མ་བྱེད་རོགས    ཐམས་ཅད་ག་ལེར་གཏིང་དུ་ཐིམ་དུས
   དྭངས་གཙང་དང་ཞི་ལྷོད་ཀྱི་རང་མདངས་དེ་མངོན་ཐུབ་པའི་ཆེད་དུ
   བུད་མེད་ཚོས
   འཇིག་རྟེན་འདི་ཐོག་མ་ནས་རྟོག་བཟོ་བྱས་ཚར་འདུག་སྙམ་གྱིན
   བརྩེ་དུང་གིས
   འགྲོ་ལམ་དང་དམིགས་ས་སྔར་ནས་ཇུས་འགོད་བྱས་ཚར་སྙམ་གྱིན
   ང་ཚོས   བསླུ་བྲིད་ལྡན་ལ་དོན་སྙིང་ལྡན་པའི
   བརྗོད་བྱ་གསར་པ་གང་ཞིག་གླེང་འདོད
   གང་ཞིག་གླེང་རིན་ལྡན   ནོར་བུ   2
    “སྙན་ཚིག་འདི་མགུར་དབྱངས་ལས་ཁག་པོ་ཡོད་རྐྱེན་ངའི་བློ་ངོར་མི་ཤོང་།    དེས་ན་སྐུ་ཉིད་དགོངས་འགལ་མེད་པར་ཞུ།    གལ་སྲིད་བུ་མོ་བདེ་ཆེན་གཡང་འཛོམས་གླིང་ཀ་འདི་རུ་མེད་ན་ང་ཕྱིར་འགྲོ་གི་ཡིན།  བདེ་མོ་བྱོས།”  
    “བདེ་མོ་བྱོས།”

                            གཉིས་པ།

     དགུང་གི་ཉི་མ་དེ་མཚམས་སྤྲིན་གྱི་ཕག་ན་གློ་མདོག་གི་ཤམ་ཐབས་མནབས་པའི་བཙུན་མ་ཞིག་དང་འདྲ་བར་སྐྱེངས་ཟོལ་གྱིས་ནུབ་རིར་ཡིབ་པའི་དུས་མཚུངས་སུ་སྤྲང་པོ་ཆང་འཐུང་ཡང་སྐྱོ་གདུང་གིས་གཟིར་བཞིན་མདུན་དུ་སྐྱོད་ཀྱིན་མཆིས།   ཁོའི་རྣ་ལམ་དུ་ད་དུང་ཡང་བུ་མོ་བདེ་ཆེན་གཡང་འཛོམས་དང་ལབ་གླེང་བྱེད་པའི་སྒྲ་སྐད་དེ་གསལ་པོར་གྲགས་ཡོང་།
     “དེ་ནས་བཟུང་བདག་ལ་ཞི་དུལ་དང་སྤྲོ་ཉམས་ཀྱིས་ཕྱུག་པའི་དགའ་བ་དེ་མེད་ཅིང་།   བདག་གིས་སྤོ་བཞིན་པའི་གོམ་ཁ་རེ་རེ་ཡང་དམྱལ་བའི་མདུན་སྒོར་སྙེག་པའི་དུས་ཚོད་ཀྱི་མཚོན་དོན་འབའ་ཞིག་ཡིན།   ད་དུང་ཆུ་ཚོད་འཁོར་ལོའི་དུས་ཚོད་ཀྱི་ཐག་སྒྲ་རེ་རེའང་དམྱལ་བའི་ལས་མཁན་དག་གི་འཇིགས་སུ་རུང་བའི་རྟ་མཆོག་གི་རྨིག་སྒྲ་དང་ཤིན་ཏུ་འདྲ་བས་བདག་ད་ལྟ་ཉིད་དུ་རི་ཁྲོད་ལ་འགྲོ་དགོས།    སྐྱེ་བ་གསུམ་གྱི་སྡུག་བསྔལ་གྱི་ངོ་བོ་མཇུག་རྫོགས་དུས་ཤིག་ལ་བདག་ད་གཟོད་ཁྱོད་ཀྱི་མིག་མདུན་དུ་ལྷགས་ངེས་ཤིང་།    བདག་གི་ལྷན་སྐྱེས་ཀྱི་སྐད་ངག་ལས་བཏོན་པའི་གླུ་སྐད་དེ་ཁྱོད་ཀྱི་བྲང་སྟེང་ལ་བསྐྱིལ་ངེས་ཡིན།    བདེ་བར་གྱིས་ཤིག་སྙིང་གི་ཕྱེད་ཀ”
      “ཁྱེད་ཉིད་མི་འགྲོ་བར་ཞུ།   ངའི་སྙིང་གི་ཐིག་ལེ།    གལ་སྲིད་འཇིག་རྟེན་གྱི་ཚ་ཟེར་ཉི་མ་དེ་མ་འཇིག་ན་ངས་བསྐལ་པ་འཇིག་དུས་ཀྱི་བར་ལ་ཁྱེད་ཉིད་འཚོལ་བཞིན་ས་གསུམ་གྱི་ཡུལ་ཕྱོགས་གང་དུའང་ངའི་རྨི་ལམ་གྱི་རྐང་རྗེས་འཇོག་གི་ཡིན།    དེ་བས་ཁྱེད་ཀྱི་སྒྲིབ་སྦྱོང་དེ་ཤ་གཟུགས་ཐོབ་པའི་གང་ཟག་ཅིག་གི་རང་བཞིན་ལས་འགྲུབ་མི་ཐུབ་པ་གཏན་འཁེལ་རེད།”
       “འདི་ནི་ལྷ་ཆེན་པོའི་ཐུགས་དགོངས་ཡིན་གྱི་ང་ལའང་བྱ་ཐབས་མི་འདུག  གང་ལྟར་བདེ་མོ་བྱས།”
       སྤྲང་པོ་ཆང་འཐུང་གིས་ཁོང་འཛུམ་ཞིག་བྱས་ཏེ“ཁོ་མོས་དོན་ངོ་མར་སུ་ཞིག་ལ་བདེ་མོ་འཇོག་གི་ཡོད་དམ།   འཁོར་བ་ཆེན་པོའམ་ཡང་ན་ཕྲན་ཆུང་བདག་གཉིས་ལས་སུ་ཡིན་ནམ།   གང་ལྟར་ཁོ་མོའི་བརྩེ་དུང་གི་གཤིན་ས་རུ་བདག་གི་ལས་འབྲེལ་གྱི་ས་བོན་འཐོར་བ་ཆོས་ཉིད་རེད”ཅེས་ཁེར་དགོད་ཅིག་བྱས་ཤིང་།   སླར་ཡང་མགོ་ཐོག་གི་ཟླ་བ་ལ་ཟུར་མིག་ཅིག་བལྟས་རྗེས་སྐད་ཆེན་པོས།
དབུ་ཞ་དབུ་ལ་བཞེས་སོང་།།
དབུ་ལྕང་རྒྱབ་ལ་གཡུགས་སོང་།།
ག་ལེར་ཕེབས་ཤིག་བྱས་པས།།  
ག་ལེར་བཞུགས་ཤིག་ཟེར་གིས།།
ཐུགས་སེམས་སྐྱོ་བྱུང་བྱས་པས།།
མགྱོགས་པོ་འཕྲད་ཡོང་གསུངས་བྱུང་།།3 

     ཞེས་གླུ་དབྱངས་དེ་བླངས་པར་འཕྲུལ་སྣང་གི་ཀློང་ནས་ལུས་ཡོངས་རྨ་ཤུལ་གྱིས་གང་བའི་བུ་མོ་ཞིག་ར་བཟི་བའི་ཉམས་དང་བཅས་ཆང་ཕོར་སྐྱོར་བཞིན་ཁོའི་མདུན་དུ་ལྷགས་བྱུང་།

     “ཀ་ཡེ།  ཁེར་རྐྱང་གི་གླུ་བ་ལགས།   ཁྱོད་ཀྱི་གླུ་སྐད་འདིས་ས་གཞི་དང་བཅས་པའི་གོ་ལ་ཆེན་པོ་འདི་ལ་ཚེ་སྲོག་གསར་པ་ཞིག་གི་འགན་དབང་སྤྲོད་ཐུབ་བམ།   སྤྲོད་མི་ཐུབ་ན་ཉིད་ཀྱིས་གུས་མོ་བདག་ལ་དེ་ལྟ་བུའི་གཉའ་གནོན་བྱེད་དོན་ཅི་ཡིན།”ཟེར།
    “བུ་མོ་ལགས།   འདི་ནི་མི་སེམས་འཁྲུག་པའི་ལོ་རྒྱུས་ཀྱི་ཉམ་ང་ཞིག་སྟེ།   སྐྱོ་གདུང་གི་ཁྲག་དྲོན་ལ་མེད་དུ་མི་རུང་བའི་གླུ་སྐད་ཅིག་ཡིན་པ་ལས་འོད་ཟེར་གྱི་ནམ་མཁའ་དེའི་བྲང་འོག་ཏུ་སྐྱེས་པའི་ཉི་མ་དེ་མ་ཡིན།   ཡིན་ནའང་བླ་ན་མེད་པའི་འོད་ཟེར་གྱི་ཕྱི་རོལ་ན་རང་ལུས་སྦར་དང་ཆོག་པའི་རེ་འདུན་གྱི་མེ་ལྕེ་ཞིག་ཡོད་པ་ཡིན་ན།   བདག་ལ་རྨི་ལམ་སྐྱོབ་པའི་ཤེས་བྱ་ཕུན་སུམ་ཚོགས་པོ་ཡོད།   འདི་ལ་ཁྱོད་ཉིད་རློམ་ཆོག”
    “ཁྱོད་ཀྱི་སྐད་ཆ་དེའི་སྙིང་པོ་ཅི་ཡིན།    ང་སྨད་འཚོང་མ་རེད་བསམ་གྱི་ཡོད་དམ།    དོན་ངོ་མ་ང་ཡང་རྣམ་དཀར་དགེ་བའི་ལས་ལ་བརྩོན་པའི་བཙུན་མ་ཞིག་ཡིན་ལ།  ཁྱོད་ཀྱིས་བསྐྲུན་པའི་ནག་ཉེས་རྣམས་དག་པའི་ཆེད་དུ་འདི་འདྲའི་གནས་བབ་ཏུ་ལྷུང་བ་རེད།”
    “ཅི་ལྟ་བུའི་གནས་བབ།”
    “བདག་གི་སྐྱེས་རབས་གསུམ་པ་དེ་སྐྱེས་པ་རྩོམ་པ་པོ་ཞིག་གིས《སྒྲོལ་མ་ཉེར་གཅིག》4ཅེས་པའི་དཔེ་དེབ་ཀྱི་བརྗོད་བྱར་བླངས་ཤིང་།    དེ་ལས་ཀྱང་ཆེས་མ་ལེགས་པ་ཞིག་ནི་ངས་བུ་དབང་པོ་སྐྱོན་ཅན་ཞིག་ལ་བཙན་གཡེམ་བྱས་སོང་ཞེས་ཁོས་མ་ཉེས་ཁ་གཡོག་གི་ཉེས་པ་དེ་བཀལ་བས་འགྲོ་བ་ཀུན་གྱི་གཙུག་ཏུ་བརྗིད་པའི་རང་ཅག་གི་རྒྱལ་བའི་གསུང་ལས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་འདུལ་ཁྲིམས་དེ་ནུས་མེད་བུ་མོ་བདག་ལྟ་བུ་ཞིག་གིས་ཡོངས་སུ་བརླགས་ཚར་བས་ན་ང་འདི་ལྟར་སྡོད་བཟོད་དམ།    གང་ལྟར་ངས་འཇིག་རྟེན་འདིར་མ་མྱངས་པའི་སྡུག་བསྔལ་ཞིག་མེད་སྙམ།”
    “བྱས་ན་བདེ་ཆེན་གཡང་འཛོམས་ཁྱོད་ཡིན་ནམ།”
    “ཅི་ནས་ཀྱང་འདི་ནི་ངེད་གཉིས་ལ་དབང་བའི་སྐྱེས་རབས་གཉིས་པ་དེ་རང་ཡིན།”ཟེར་བཞིན་མི་སྣང་བར་གྱུར་སོང་།  

                               གསུམ་པ།

       ལོ་རྒྱུས་ཀྱི་ཆགས་འཇིག་འཁུར་བའི་ཡར་ལུང་གཙང་པོ་དེ་སྔར་བཞིན་རྒྱ་མཚོ་ཆེན་པོར་བཞུར་གྱིན་ཡོད་ནའང་སྤྲང་པོ་ཆང་འཐུང་གི་བརྩེ་བའི་རྟ་མཆོག་དེ་སྐྱེས་རབས་གསུམ་གྱི་འཁོར་སྟངས་ལྟར་གོ་རིམ་མེད་པར་ཕྱོགས་ངེས་མེད་དུ་རྒྱུག་བཞིན་འདུག
       གློག་དུང་ལས《MY  HEART  WILL  GO  ON》5 ཞེས་པའི་གླུ་དབྱངས་དེ་སྐྱོ་ལྷང་ལྷང་གིས་གྲགས་ཡོང་བ་ན་རྦ་རླབས་ཀྱི་རྔམ་ཟིལ་ལ་བལྟ་བའི་མི་སྣ་རེ་རེའི་སེམས་སུ་གློག་བརྙན་སྐྱོ་པོ་དེའི་མཇུག་འབྲས་འཆར་ཡོང་ཞིང་།  དེ་ལས་ཀྱང་ཅུང་སེམས་རྒྱ་ཆེ་བ་དག་གི་ཡིད་ལ་ཁོ་ཚོ་འདུས་སྡོད་བྱས་པའི་གྲུ་བོ་དེའི་མདུན་ཕྱོགས་སུ་དར་གྱིས་གྲུབ་པའི་རི་བོ་ཞིག་གཏན་དུ་ཆགས་མི་སྲིད་པའི་སྐྱབས་འཇུག་ཡང་ཞུ་གིན་ཡོད།

      “འཇིག་རྟེན་ལ་མེད་དུ་མི་རུང་བ་ནི་ཕོ་མོའི་བརྩེ་དུང་ཡིན་ན་ཁོ་མོ་ཅིའི་ཕྱིར་རབ་ཏུ་བྱུང་བ་ཡིན་ནམ།    ངོ་མ་ཁོ་མོས‘འཆི་བ’ཞེས་པའི་མིང་བརྡ་འདི་ལས་ཅི་ཡང་ཤེས་ཀྱིན་མི་འདུག”སྤྲང་པོས་དབུགས་རིང་ཞིག་འཐེན་བཞིན་ཁེར་བཤད་ཅིག་བྱས་པས་མགོ་སྐྲ་སེར་པོར་གྱུར་པའི་འབྲོག་པ་ཞིག་ཁོའི་ཉེ་འགྲམ་དུ་ཡོང་སྟེ་གནས་ལུགས་ཡོད་མདོག་གིས་དབྱིན་སྐད་ཀྱི་ལམ་ནས།
“It  is  a  natural  law  that  every  person  will  die”
(མི་ཚང་མ་འཆི་དགོས་པ་ནི་རང་བྱུང་གི་ཆོས་ཉིད་ཅིག་ཡིན)ཞེས་བརྗོད།
སྤྲང་པོས་དེའི་ལན་དུ།
“ཡིན་ནའང་ང་རང་འཆི་བ་ལ་གཡོལ་བའི་ཆེད་དུ་བརྩེ་དུང་གི་བསླུ་བྲིད་ལ་རྒྱབ་རྟེན་བཅོལ་རྩིས་ཡོད་པས་ཁོ་མོ་རབ་ཏུ་བྱུང་བའི་སྤྱོད་སྟངས་དེས་ང་ལ་སྐྱུག་བྲོ་བའི་ཉམས་སྣང་ཞིག་བྱིན་བྱུང་།”ཞེས་བརྗོད།
འབྲོག་པ་དེས་སླར་ཡང་།
“NO,her  manner  makes  har  more  attractive”
(མ་རེད།    ཁོ་མོའི་སྤྱོད་སྟངས་དེས་ཁོ་མོ་དེ་བས་ཡིད་འཕྲོག་པར་བཏང་འདུག)ཞེས་བརྗོད།
“ཨ་ལེ།  དེ་ལྟ་བུ་ཞིག་གང་ན་ཡོད།  གང་ལྟར་ངས་ཁོ་མོའི་བྱ་སྤྱོད་ལ་རྒྱལ་ཁ་མི་སྟེར་ཐག་ཆོད་ཡིན།”
“What  adranrage  does  doing  that  give  you?”
(ཁྱོད་ཀྱིས་དེ་ལྟར་བྱས་ན་ཁྱོད་ལ་ཐོབ་བྱ་ཆེན་པོ་ཅི་ཞིག་ཡོད།)
“དེ་ངས་ཀྱང་ཤེས་མ་བྱུང་།   འདི་ཚང་མ་བརྩེ་དུང་གིས་ལན་པ་འདྲ།”
སྐབས་དེར་སྤྱན་ཤེལ་གྱོན་པའི་ཕྱི་གླིང་པའི་བུ་མོ་ཞིག་གིས་འབྲོག་པ་དེ་ལ།
“Iadmire  his  courage”
(ངས་ཁོའི་སྙིང་སྟོབས་ལ་ཡིད་སྨོན་བྱེད)ཅེས་ཟུར་ཟའི་ཚུལ་གྱིས་སྤྲང་པོ་ལ་བསྟོད་བསྔགས་ཤིག་བྱས།
འབྲོག་པ་དེས་མ་དགའ་བའི་ཉམས་དང་བཅས།
“I  don’t  want  todie  anyway”
(གང་ལྟར་ང་རང་འཆི་མི་འདོད)ཅེས་བུ་མོ་དེ་ལ་མིག་སྡང་གིས་བལྟས།
སྤྲང་པོས།“ཁོ་མོ་སུ་རེད”ཅེས་པར།
འབྲོག་པས།“she’s  my  bosom  friend”  (ཁོ་མོ་ངའི་སྙིང་གྲོགས་ཡིན།)ཞེས་བརྗོད་བཞིན་བུ་མོ་དེ་ལ་ཡུན་ཐུང་གི་མཆུ་སྦྱོར་ཞིག་བྱས།
       གློ་བུར་དུ་གྲུ་བོའི་མདུན་ཕྱོགས་སུ་སུས་ཀྱང་མ་མཐོང་བའི་རྦ་རླབས་ཆེན་པོ་ཞིག་ཆུ་ལོག་རྒྱས་པ་ལྟར་ཤུགས་དྲག་པོས་གྱེན་ནས་གྱེན་དུ་འཕྱུར་ཏེ་གྲུ་བོ་ཆེན་པོ་དང་བཅས་པའི་སེམས་ཅན་དག་སྐར་ཆ་བཅུ་གྲངས་ཤིག་མ་འདས་པར་ཡོངས་སུ་བསྣུབས་ཤིང་།  སྙན་པའི་གླུ་སྒྲ་དང་འབྲོག་པ་དེའི་བརྗོད་ཟིན་པའི་སྐད་ཆའི་རྒྱུན་དག་ཀྱང་རིམ་བཞིན་མི་སྣང་བར་གྱུར་སོང་།
        སྤྲང་པོ་ཆང་འཐུང་དྲན་པ་ཐོར་ཡོད་ནའང་ཁོའི་རྣ་ལམ་དུ་ད་དུང་ཡང་བཙུན་མ་ཞིག་གིས“སྲོག་སྐྱོབ་རོགས།”ཞེས་པའི་ཉམ་ཐག་གི་སྐད་སྒྲ་དེ་མཚམས་མེད་པར་གྲག་གིན་འདུག
ཚ་ལ་དམར་བའི་ཉི་འོད་ཀྱི་བདེ་དྲོད་དེ་མཚམས་མེད་པར་བཞུར་བས་ན་འབུ་སྲིན་འགུལ་བའི་རང་གཟུགས་ལས་དལ་གྱིས་སྤྲང་པོ་ཆང་འཐུང་གི་དྲན་པ་སོས་ཤིང་།    རང་ལུས་ལ་ཅེར་བའི་བུ་མོ་གཅེར་བུ་དེའི་ལུས་ཀྱི་གསང་བའི་གནས་དག་ཆ་ཚང་མཐོང་བྱུང་བས་བརྗོད་པར་དཀའ་བའི་ཚོར་བ་རྣོན་པོ་ཞིག་གིས་སྤྲང་པོའི་ཟུངས་ཁྲག་གི་ཟིལ་ཤུགས་ལ་མེ་རི་གས་པ་ལྟ་བུའི་ངར་ཤུགས་ཤིག་ཐོན་པ་དང་མཉམ་དུ་ཁོས་བུ་མོ་དེ་རང་གི་བྲང་འོག་ཏུ་མནན།
“ངའི་སེམས་སྟེང་གི་བདེ་ཆེན་གཡང་འཛོམས་ལགས།   འདི་ནི་གློག་བརྙན་ནང་གི་དགའ་བ་ཙམ་མ་ཡིན་པར་མངོན་སུམ་གྱི་གཏམ་གླེང་ཞིག་དང་།    ཚད་ལས་བརྒལ་བའི་ནག་ཉེས་ཤིག་ཡིན་ན་ད་ཇི་ལྟར་བྱས་ན་བཟང་།”
“ཅི་ནས་ཀྱང་ཁྱོད་ཀྱིས་ངའི་རང་སྲོག་དེ་བསྐྱབས་པ་ཡིན་པས་ཁྱོད་ལ་ཉེས་པ་ཅི་ཡང་མེད།    འདིའི་དོན་དུ་བྱུང་བའི་ལན་ཆགས་ཀྱི་འབྲས་བུའི་རྩ་བའང་གུས་མོ་བདག་གི་ལས་ཀྱི་རླུང་བུར་ངོས་བཟུང་དང་ཆོག    བདག་གི་དྲིན་ཆེན་དམ་པ།”
“ཡིན་ན་ཡང་ཁྱོད་རབ་བྱུང་བསྒྲུབས་པའི་བཙུན་མ་ཞིག་ཡིན་པའི་རྐྱེན་གྱིས་ངས་རང་ཉིད་ཀྱི་རུས་པའི་ཁ་དོག་ནག་པོར་བསྒྱུར་ཏེ་རང་ཉིད་བོད་མི་ཞིག་ཡིན་པ་སུ་ལ་གསང་།”
“གང་ལྟར་ངས་དཀོན་མཆོག་གི་མདུན་སར་ཡང‘ང་ཁྱོད་ལ་དགའ་བ་དོན་དངོས་ཡིན།’ཞེས་བརྗོད་རྒྱུ········”
མཚམས་འདིར་སྤྲང་པོ་ཆང་འཐུང་ཕྱིར་དྲན་པ་སད་ཅིང་།    ཁ་ན་ཏ་རྒྱལ་ཁབ་ཀྱི་བུད་མེད་དེས་བླངས་པའི་སྒྲ་ཐག་གི་གླུ་སྐད་ལ་འགྲམ་པ་ཞིག་གླན་རྗེས“སྙིང་ཉེ་བའི་བདེ་ཆེན་གཡང་འཛོམས།    སྐྱེ་བ་གསུམ་གྱི་ངང་སྒུག་གི་དོན་བྱ་དེ་དུས་ནམ་ཞིག་ལ་དངོས་སུ་མིག་མདུན་དུ་རག་ཐུབ་བམ།
—  དཀོན་མཆོག་གིས་གཟིགས་ཤིག”ཅེས་ཁྲག་ཐིགས་ལྟ་བུའི་མིག་ཆུ་རྡོག་པོ་འགའ་འགྲམ་ངོས་ནས་བཞུར་ཏེ་ས་རུ་ཟགས་པར་བྱས།

                                              བཞི་བ།

       ཡུན་རིང་གཉིད་དུ་ཡུར་བའི་ས་གཞི་དྲོད་ཀྱིས་སད་ཅིང་།   ཚེ་སྲོག་གི་མཛེས་སྡུག་མངོན་པའི་མེ་ཏོག་དག་གིས་འདབ་མ་བརྐྱངས་པའི་སྐབས་ཤིག་ལ་བག་ཡོད་ཚུལ་ལྡན་གྱི་བཙུན་མ་ཞིག་འཇམ་པོའི་རྨི་ལམ་ལ་རོལ་བའི་སྤྲང་པོ་ཞིག་གི་དུས་བཅད་ལྟར་ཁྲག་རྒྱུན་གྱི་ལྟེང་ཀ་ནས་བརྡོལ་བའི་གཙང་པོ་ཞིག་གི་འགྲམ་དུ་ལྷགས་ཤིང་།   རླབས་གཉེར་གྱིས་འཁྱེར་བའི་ཁྲག་མདོག་གི་ལོ་མ་རེ་རེ་ལ་བརྩེ་སེམས་ཀྱིས་བཏེགས་པའི་གླུ་སྐད་ཅིག་བསྐུར་བ་དེ་ཙམ་དུ་ཡོངས་སུ་ཕམ་པའི་མིག་ཟུང་གིས་ཆུའི་གཏིང་རིམ་དུ་ལྷུང་བའི་མི་ཞིག་གི་ཞལ་རས་ལ་ལན་གཅིག་བལྟས་རྗེས་དལ་མོར་ཆུ་གཞུང་དུ་གོམ་པ་སྤོས།  གསེར་མདོག་གི་འོད་ཞུན་བླུགས་པའི་ཉི་མ་དེ་དལ་གྱིས་གཙང་པོའི་འགོ་ཁུངས་སུ་འཐིམ་པའི་མོད་ལ་བཙུན་མ་དེའི་རྒྱབ་གཟུགས་ཀྱང་འོད་གོར་ཆུན་པོ་ཞིག་གི་ངང་ཚུལ་གྱིས་ཆུ་གཉེར་གྱི་རླབས་རིས་སུ་ཐིམ་སོང་།

                                               ལྔ་བ།

      མི་ཡུལ་དུ་གྲགས་འགུལ་ཅི་ཡང་མེད་པའི་ཞོགས་པ་ཞིག་ལ།    གཙང་པོ་དེའི་འགྲམ་རྒྱུད་དུ་གྱུར་པའི་བྱེ་མའི་ཀློང་དུ་སྒྲ་ཐག་ཅིག་ལ་འགྲམ་པ་གླན་པའི་མི་ཞིག་གི་ཀེང་རུས་ཆ་ཚང་ཞིག་ཨ་སྐྱོ་བ་ཞིག་གིས་དངོས་སུ་མཐོང་ཞིང་།     དུས་དེ་ནས་བཟུང་དམངས་ཁྲོད་དུ་ཡ་མཚར་བའི་ངག་རྒྱུན་ཁྱད་པར་བ་ཞིག་བརྗོད་དུ་ཡོད་པའང་གཙང་པོ་འདིའི་འགྲམ་རྒྱུད་དུ་གྱུར་པའི་བྱེ་མའི་ཀློང་ལ་མདོག་མི་གཅིག་པའི་མེ་ཏོག་སྣ་ཚོགས་བཞད་ཅིང་།     རླུང་གིས་འཁུར་བའི་གླུ་སྒྲ་སྐྱོ་པོ་ཞིག་དུས་རྒྱུན་དུ་མི་རྣམས་ཀྱི་རྣ་བའི་ལོངས་སྤྱོད་དུ་འགྱུར་ཐུབ་ཅེས་པ་དེ་རེད།   །

 1. ཝི་ཅི་ཉི་ཡ་ཝེའུ་ཨེར་ཧྥུ། ( Virginia  Woolf )  དབྱིན་ཇིའི་སྐད་གྲགས་ཅན་གྱི་བུད་མེད་རྩོམ་པ་པོ་དང་།  རྟོག་པ་རང་ཡན་པའི་བརྩམས་སྒྲུང་གི་མཁས་དབང་ཞིག་ཡིན།  ཁོ་མོས་སྒྲུང་རྩོམ་གྱི་སྐོར་ལ་“ནང་གནས་བདེན་པའི་རབ་བྱེད”སོགས་ལྟ་བ་གསར་བ་མང་པོ་ཞིག་བཏོན་ཡོད་པ་རེད། །

2. སྙན་ཚིག་ཚན་པ་འདི་ལྗང་བུ་ལགས་ཀྱི་སྙན་ངག《ནོར་བུ》ཞེས་པ་ལས་དྲངས།
3. 《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》ལས་དྲངས།

4.《སྒྲོལ་མ་ཉེར་གཅིག》    རྩོམ་པ་པོ།  བཀྲ་བྷ།
5.《MY  HEART  WILL  GO  ON》5(ང་ཡི་བརྩེ་སེམས་འགྱུར་མེད་རྟག་བརྟན་གནས)  ཞེས་པ་འདི་ནི་ཁ་ན་ཏ་རྒྱལ་ཁབ་ཀྱི་གླུ་མ་གྲགས་ཅན་སེ་ལེན་རྡེའུ(Celine Dion)ཡིས་བླངས་པའི་ཨ་རིའི་གློག་བརྙན་སྐད་གྲགས་ཅན་《ཐེ་ཐ་ཉི་ཁུ་རྟགས་ཅན》ཞེས་པའི་མགོ་བརྗོད་གླུ་དབྱངས་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེ་ཆེན་གཡང་འཛོམས། སྒྲུང་གཏམ།

2015-05-15 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།