གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྷར་ཟེ་ཡ་མར་ཁུའེ་ཟིའི་སྒྲུང་། དང་པོ།

2015-11-16 14:40:53 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

                        

               མི་ཡུལ་གྱི་ཆེས་ཡིད་དུ་འོངས་པའི་བེམ་པོ་ཞིག

                                                                ཀ་ཧྥི་ལེ་ཨེར་གྷར་ཟེ་ཡ་མར་ཁུའེ་ཟི།༼ཁོ་ལོམ་པི་ཡ༽
                                                                རེ་རྐང་གླིང་གིས་བསྒྱུར།

      མཚོ་ངོས་སུ་ནག་ཉུག་ཉུག་གི་དངོས་པོ་ཞིག་ཆུ་ཁར་གཡེང་སྟེ་རིམ་བཞིན་ཚུར་ལ་འཁུར་ཡོང་། དངོས་པོ་དེ་ཐོག་མར་མཐོང་མཁན་གྱི་བྱིས་པ་དག་གིས་འུར་རྒྱག་བཞིན་དེ་ཉིད་དགྲ་བོའི་དམག་གྲུ་ཞིག་རེད་ཟེར་ནའང་། དུས་ཡུན་ཅུང་ཙམ་སོང་རྗེས་ཁོ་ཚོས་ཆུ་ཁར་གཡེང་བའི་དངོས་པོ་དེའི་སྟེང་དུ་དར་ཆ་བཀལ་མེད་ལ་གཡོར་ཤིང་ཡང་བསྒྲེངས་མེད་པ་རྟོགས་རྗེས་ཡང་བསྐྱར་དེ་ཉིད་ཆུ་སྲིན་ཞིག་རེད་སྙམ། དངོས་པོ་དེ་ཐད་ཀར་མཚོ་འགྲམ་དུ་འཁུར་ཡོང་བ་ན་ཁོ་ཚོས་དེའི་སྟེང་གི་ནག་ཉུག་ཉུག་གི་མཚོ་སྐྱེས་སྔོ་རིགས་དང་། བྱུར་རྐྱེན་ཐེབས་པའི་གྲུ་གཟེངས་ཀྱི་རོ་མ་དག་ཕར་ལ་འདེད་དུས་གཞི་ནས་དངོས་པོ་དེ་ཆུ་ལ་བྱིངས་ནས་ཤི་ཟིན་པའི་མི་རོ་ཞིག་ཡིན་པ་གསལ་བོར་རྟོགས།

       བྱིས་པ་རྣམས་ཉིན་ཕྱེད་ཙམ་ལ་བེམ་པོ་དེ་དང་ལྷན་དུ་རྩེད་དགར་རོལ་ཅིང་། ཁོ་ཚོས་བེམ་རོ་དེ་བྱེ་མའི་འོག་ཏུ་སྦ་བ་དང་ཡང་བསྐྱར་ཕྱིར་འདོན་པ་སོགས་རྩེད་མོར་གཡེང་བཞིན་པ་རྗེས་སོར་རྒན་པ་དག་གིས་མཐོང་བས་གྲོང་ཚོའི་ནང་དུ་བརྡ་བཏང་། གྲོང་ཚོའི་ནང་གི་སྐྱེས་པ་དག་གིས་ཕུང་བོ་དེ་ཉེ་སའི་ཁང་བ་ཞིག་གི་ནང་དུ་འཇོག་བསམ་བཞིན་ཡར་འགྱོགས་དུས་ཕུང་བོ་དེ་མི་རོ་གཞན་དག་ལས་ཕོན་ཆེ་ལ་འདེགས་དཀའ་བ་ཞིག་ཡིན་པ་ནི་ལྗིད་ཚད་རྟ་རྒོད་ཅིག་དང་མཚུངས་པར་འདུག་སྙམ། སྐྱེས་པ་དག་གིས་ལབ་གླེང་སྣ་ཚོགས་བྱས་ཏེ་ཕུང་བོ་དེ་ཕལ་ཆེར་ཆུ་ལ་སྦངས་རྒྱུ་མང་དྲགས་ནས་རུས་པའི་ལྷུམས་སུ་ཆུ་སོང་བའི་རྐྱེན་རེད་ཟེར། ཁོ་ཚོས་ཕུང་བོ་ས་ངོས་སུ་འཇོག་སྐབས། ཁོ་ནི་སྐྱེས་པ་གཞན་ལས་གཟུགས་སྟོབས་ཆེ་བ་ཞིག་ཡིན་པ་རྟོགས་པས་ཁང་བ་ཆུང་ངུ་འདིའི་ནང་དུ་ཧ་ལམ་ཁོ་ཤོང་དཀའ་བར་གྱུར། ཡིན་ན་ཡང་སྐྱེས་པ་དག་གི་སེམས་སུ་མི་འདི་ཆུར་བྱིངས་ནས་ཤི་བའི་རྗེས་སུའང་ཁོའི་ལུས་སྟེང་དུ་ལྷན་སྐྱེས་སུ་གྲུབ་པའི་དབང་པོའི་ནུས་པ་དེ་ད་དུང་ཡང་མ་ཉམས་པར་ཡོད་པས་མུ་ནས་ཆེ་རུ་སྐྱེས་པར་སྙམ། ཁོའི་ལུས་ཀྱི་མགོ་མཇུག་བར་གསུམ་ནས་ཚྭ་ཆུའི་དྲི་མ་ཞིག་འཐུལ་ཡོང་ཞིང་། ཤ་སྐྱིའི་ཕྱི་ལོགས་སུ་འདམ་རྫབ་མཐུག་པོ་ཞིག་ཀྱང་ཆགས་འདུག

       ཁོའི་ངོ་གདོང་མ་བཀྲུས་ཀྱང་ཁོ་རང་ཡུལ་ཕྱོགས་གཞན་ཞིག་ནས་ཡིན་པ་ཤིན་ཏུ་རྟོག་སླ་སྟེ། གྲོང་ཚོ་འདི་ལ་དུད་ཁྱིམ་བཅུ་ཁ་ཞིག་ལས་མེད་པ་དང་། རྒྱ་མཚོའི་ཟུར་ངོས་ཤིག་གི་ལུང་ཁོག་འདི་ལ་ཁ་ཐོར་དུ་གཞིས་ཆགས་ནས་ཡོད་པས་ས་ཁྱོན་ཡང་ཧ་ཅང་ཆུང་སྟབས། ཐ་ན་ཁྱིམ་བདག་མ་དག་སྒོ་ཕྱིར་འབུད་དུས་སུའང་རང་གི་བྱིས་པ་རླུང་འཚུབ་ཀྱིས་རྒྱ་མཚོར་འཁུར་འགྲོ་བའི་སྐྲག་སྣང་སྐྱེས་འོང་།

       རྒྱ་མཚོ་ནི་ཞི་ཞིང་དུལ་ལ་ཁོང་ཡངས་པ་ཞིག་སྟེ། གྲོང་ཚོའི་ནང་གི་མི་ཞིག་འདས་གྲོངས་སུ་གྱུར་རྗེས་མི་རྣམས་ཀྱིས་ཕུང་བོ་གཡང་གཟར་གྱི་ཁ་ནས་རྒྱ་མཚོར་འཕེན་གྱིན་ཡོད་པས། ཁོ་ཚོས་མཚོ་ནང་ནས་མི་འདི་ཉིད་ཀྱི་ཕུང་བོ་ཪྙེད་དུས་སུའང་ཕན་ཚུན་གྱི་གདོང་ལ་བལྟ་ཙམ་བྱས་རྗེས། གྲུ་ཆུང་བདུན་པོའི་སྟེང་གི་གྲོང་ཚོའི་སྐྱེས་པ་དག་ཚང་ཁ་ཤིག་ཤིག་གིས་འདུག་ས་ལྷག་མ་གཅིག་ཀྱང་ལུས་མེད་པས་ན་ཀུན་པོས་ཁོ་ལ་དོ་སྣང་གང་ཡང་མ་བྱས།

       ཉིན་དེའི་མཚན་མོར་སྐྱེས་པ་དག་མཚོ་ལ་མ་ཞུགས་པར་ཚང་མ་ཉེ་གམ་གྱི་གྲོང་ཚོ་དག་ལ་མི་ཞིག་བོར་ཡོད་མེད་ཀྱི་རྩད་གཅད་དུ་སོང་ཤུལ་ཏུ་བུད་མེད་རྣམས་ཀྱིས་ཕུང་བོ་དེ་སྲུང་བཞིན་བསྡད། སྐྱེས་མ་དེ་དག་གིས་འདམ་རྩྭས་ཕུང་བོའི་སྟེང་གི་འདམ་རྫབ་དག་གཙང་མར་ཕྱིས་ཤིང་། ཁོའི་ཆུ་རྩྭ་ལྟ་བུའི་དབུ་སྐྲ་དེ་གྲལ་དག་པོར་ཤད་རྗེས་ཉ་ཁྲབ་དགོག་བྱེད་ཀྱི་ལྕགས་རིགས་དག་གིས་ཁོའི་ལུས་པོའི་སྟེང་གི་མི་གཙང་བ་རྣམས་གཙང་མར་བྲད། བུད་མེད་ཚོས་ལས་ཀ་དེ་དག་བྱེད་པའི་ཚེ་ན། ཁོའི་ལུས་ཡོངས་སུ་གོས་ཡོད་པའི་དངོས་པོ་དེ་དག་རྒྱ་མཚོའི་གཏིང་རིམ་ནས་ཡིན་པ་ཧ་གོ་ཞིང་། གྱོན་གོས་དག་ཀྱང་ཡོངས་སུ་རལ་ཚར་འདུག་པས་ཁོ་རང་སྔོན་མ་ཞིག་ལ་བྱུ་རུའི་འཇིག་རྟེན་ཞིག་ཏུ་ཡུལ་སྐོར་གནང་མྱོང་བ་ལྟར་གྱི་སྣང་བ་བྱིན། སྐྱེས་མ་ཚོས་འདས་པོ་དེ་ཉིད་འཚོ་བཞུགས་ཀྱི་དུས་སུ་ང་རྒྱལ་ཆེ་བའི་མི་ཞིག་ཡིན་པའང་རྟོགས་བྱུང་བ་ནི་ཁོའི་གདོང་ལ་རྒྱ་མཚོར་བྱིང་ནས་ཤི་བའི་ཚེ་འདས་གཞན་རྣམས་དང་འདྲ་བར་ཁེར་སྡུག་གི་རྣམ་འགྱུར་མངོན་མེད་པའོ། ། 

       མཐའ་མར་སྐྱེས་མ་ཚོས་ཕུང་བོ་དེ་གཙང་མར་བཀྲུས་ཚར་རྗེས་གཞི་ནས་ཁོ་རང་དེ་ལྟའི་ལྟ་ན་སྡུག་པ་ཞིག་ཡིན་པ་ཚོར་བས། མི་ཚང་མ་ངོ་མཚར་ཆེན་པོས་དབུགས་ཀྱི་རྒྱུ་བའང་རེ་ཞིག་འགེགས་པར་གྱུར། ཁོ་ནི་སྐྱེས་མ་ཚོས་སྔར་མཐོང་མ་མྱོང་བའི་གཟུགས་རིང་ཤོས་ཤིག་དང་། ཐང་ཤ་དོད་ཤོས་ཤིག དེ་བཞིན་ཕོ་རྒོད་ཀྱི་མཚན་ཉིད་ཡོངས་སུ་མ་ཚང་བ་མེད་པའི་མི་ཞིག་ཡིན་པར་མ་ཟད། ཐ་ན་སྐྱེས་མ་ཚོས་བསམ་བཀོད་དུའང་འཆར་མ་མྱོང་བའི་སྐྱེས་པ་ཞིག་རེད་དོ།།

       གྲོང་ཚོ་འདིའི་ནང་དུ་ཁོ་འཇོག་སའི་མལ་ཁྲི་ཆེན་པོ་དེ་འདྲ་ཞིག་ཪྙེད་དཀའ་ཞིང་། སྒྲོག་ཙེ་བརྟན་པོ་དེ་འདྲ་བ་ཞིག་བཀོལ་ཏེ་ཁོ་ལ་མེལ་ཚེའང་བྱེད་མི་ཐུབ། སྐྱེས་མ་ཚོས་གྲོང་ཚོའི་ནང་གི་གཟུགས་སྟོབས་ཆེས་ཆེ་བའི་སྐྱེས་པ་ཚོས་དུས་སྟོན་སྐབས་སུ་གྱོན་པའི་དོར་མ་དག་འཁྱེར་ཡོང་ན་ཡང་ཁོ་ལ་བསྐོན་མི་ཐུབ་ལ། ཆེས་ཆེ་བའི་འོག་འཇུག་དང་ལྷམ་སོགས་ཀྱང་ཁོ་ལ་ཆུང་དྲགས། སྐྱེས་མ་ཚོས་གྱོན་གོས་ཆུང་ཆུང་འདི་དང་ཁོའི་མཛེས་པ་དེ་ཕན་ཚུན་དོ་མི་མཉམ་པར་ཡིད་སྐྱོ་ཞིང་། རྗེས་སོར་སྐྱེས་མ་ཚོས་གཡོར་མོའི་རས་ཆེན་པོ་ཞིག་དང་བག་མའི་སྐུད་སྦོམ་བཏང་བའི་སྟོད་ལྭ་ཞིག་གིས་ཁོ་ལ་གྱོན་གོས་བཟོ་རྒྱུ་ཐག་བཅད་དེ་ཁོ་འདས་རྗེས་ཀྱི་ལ་རྒྱ་དེ་སྔར་བཞིན་གནས་ཐུབ་པར་བྱས།

       སྐྱེས་མ་ཚོས་མཐའ་ནས་བསྐོར་བཞིན་ཁབ་སྐུད་རེ་རེ་ཡིས་འཚེམ་བུ་རྒྱག་པ་དང་། ཡང་ནས་ཡང་དུ་ཕུང་བོ་དེར་བལྟ་གིན་འདུག སྐྱེས་མ་ཚོའི་སེམས་སུ་མཚན་མོ་དེ་གའི་རླུང་བུའང་དུས་རྒྱུན་དང་མི་འདྲ་བར་ཅ་ལི་པེའི་མཚོ་ངོགས་ལ་དེ་ལྟ་བུའི་རླུང་ཆེན་ཞིག་ལྡང་མ་མྱོང་ལ། རྒྱུན་གཏན་མིན་པའི་འགྱུར་བ་འདི་དག་དང་འདས་པོ་གཉིས་དབར་འབྲེལ་བ་ཡོད་པར་སྙམ།

      སྐྱེས་མ་ཚོས་ད་དུང་འཕྲུལ་བསམ་གྱི་རྣམ་པས་གལ་སྲིད་ལྟ་ན་སྡུག་པའི་སྐྱེས་པ་འདི་གྲོང་ཚོ་འདིའི་ནང་དུ་གནས་པ་ཡིན་ན་ཁོའི་ཁང་བ་ལ་སྒོ་ཆེན་པོ་ཞིག་ཡོད་ངེས་ལ། ཆེས་མཐོ་བའི་ཐོག་ཁང་དང་སྲ་ཞིང་མཁྲེགས་པའི་པང་གཅལ། ཐ་ན་ཁོ་ཉལ་སའི་མལ་ཁྲི་དེའི་ལྡེམ་རྩིབ་ཀྱི་པང་གཅལ་དེ་ཡང་ལྕགས་ཀྱི་གཅུས་གཟེར་གཙོ་བོ་བྱས་པའི་སྒྲིག་གཞི་ཅན་ཞིག་ཡིན་དགོས་པ་དང་། ཁོའི་མཛའ་མོ་ནི་ཆེས་བདེ་སྐྱིད་དང་ལྡན་པ་ཞིག་ཡིན་ངེས་སྙམ།

      ད་དུང་ཁོ་ནི་དབང་འབྱོར་གྱིས་ཕྱུག་པ་ཞིག་སྟེ། མཚོ་ནང་གི་ཉ་དག་མཁོ་བའི་དུས་སུ་ཁོས་སྐད་བཏོན་པ་ཙམ་གྱིས་ཆོག་ལ། ཁོ་ནི་དེ་འདྲའི་ངལ་རྩོལ་ལ་དགའ་ཞེན་ཆེ་བ་ཞིག་སྟེ། འགུལ་ཙམ་གྱིས་ལུང་སྟོང་གི་རྡོ་གསེབ་ལས་ཆུ་མིག་འདོན་ཐུབ་ལ། རི་བོ་གཡང་གཟར་གྱི་སྟེང་ལ་མེ་ཏོག་གི་ས་བོན་འདེབས་ཐུབ་པར་སྙམ།

       ཁོ་མོ་ཚོས་ལྐོག་ཏུ་ཁོ་དང་རང་ཉིད་ཀྱི་སྐྱེས་པ་གཉིས་བསྡུར་ཞིང་། རང་ཉིད་ཀྱི་སྐྱེས་པས་མི་ཚེ་གང་བོར་སྒྲུབ་པའི་བྱ་བ་དེ་ཁོས་མཚན་གཅིག་རིང་ལ་སྒྲུབ་པའི་བྱ་བ་ལས་མང་བ་མེད་སྙམ་པས། སྐྱེས་མ་ཚོའི་སེམས་ལ་ཚང་མས་རང་ཉིད་ཀྱི་སྐྱེས་པར་དམོད་མོ་རྒྱག་ཅིང་། ཁོ་ཚོ་ནི་འཇིག་རྟེན་སྟེང་གི་ཆེས་བཙོག་པ་དང་ཆེས་ནུས་པ་མེད་པའི་མི་ཞིག་ལ་ངོས་འཛིན་བྱེད། བུད་མེད་རྣམས་རེ་རེ་བཞིན་འཕྲུལ་སྣང་གི་ཕོ་བྲང་དག་ན་རྩེན་པའི་སྐབས། སྐྱེས་མ་ཚོའི་ནང་གི་ཆེས་རྒན་པ་ཞིག་གིས་དབུགས་རིང་ཞིག་འབྱིན་བཞིན་བརྗོད་རྒྱུར།

༼ཁོ་ནི་ཨེ་སི་ཐི་ཨོན་དང་ཤིན་ཏུ་འདྲ་ཨང་།༽

      འཁྲུལ་མེད་དེ། དངོས་ནས་འདྲ་པོ་འདུག མི་མང་ཤོས་ཤིག་གིས་སླར་ཡང་ཁོ་ལ་བལྟ་ཙམ་བྱས་ཏེ་མིང་འདི་ལས་འོས་ཤིང་འཚམ་པའི་མིང་གཞན་གང་ཡང་མི་འདུག་པར་སྙམ། ཡིན་ནའང་ཆེས་ཨུ་ཚུགས་ཅན་གྱི་ལོ་གཞོན་བུ་མོ་འགས་ཁོའི་མིང་ལ་ལའོ་ཐཱ་ལོ་ཞེས་འདོག་འདོད་མོད། འོན་ཀྱང་ཁོ་མོ་ཚོའི་རེ་བ་དེ་མངོན་འགྱུར་ཐུབ་མེད།

      མཐའ་མར་རས་གཞིའི་འདང་མེད་ལ་གྱོ ན་གོས་ཀྱི་དྲས་གཏུབ་ཀྱང་ཡག་པོ་བྱུང་མེད་པས་ལྭ་བ་དེ་ཁོའི་ལུས་སྟེང་དུ་གྱོ ན་ན་ཧ་ཅང་དོག་པར་སྣང་། ཁོའི་གཟུགས་པོའི་ནང་མི་མངོན་པའི་སྟོབས་ཤུགས་ཤིག་སྐུང་ཡོད་པ་ལྟར་སྟོད་གོས་ཀྱི་སྒྲོག་གུ་དག་གཏོར་ཏེ་བཀྲོལ།

     ནམ་སྨད་སྐབས་ལ་རྒྱ་མཚོ་ཆེན་པོ་ནི་གཉིད་ཀྱི་བདེ་བར་ཡུར་ཞིང་། རླུང་བུའི་ཤུ་སྒྲ་རྣ་བར་གསལ་པོར་ཐོས་ཐུབ་པ་ནས། ཁོ་ར་ཁོར་ཡུག་ཁུ་སིམ་པོར་གནས། ཆུར་བྱིང་ཕུང་བོ་འདིའི་མིང་འདོགས་དོན་སྐོར་གྱི་རྩོད་གླེང་དེ་ཡང་ཆེས་མཐའ་མར་ཨེ་སི་ཐིན་ཨོན་ཞེས་བཏགས་པ་ནས་མཇུག་བསྡུས།

     ཁོ་ལ་གྱོན་གོས་བསྐོན་མཁན་དང་། སྐྲ་ཤད་མཁན། སེན་མོ་འབྲེག་མཁན་དང་ཁ་སྤུ་གཞར་མཁན་བཅས་ཀྱི་བུད་མེད་དག་གིས་ཁོ་ས་ངོས་སུ་བཞག་སྐབས་ཚང་མ་སེམས་སྡུག་གིས་བཟོད་མི་ཐུབ་པར་གྱུར། སྐྱེས་མ་ཚོའི་སེམས་སུ་ཁོ་ཤི་རྗེས་སུ་འདི་ལྟ་བུའི་ཪྙོག་དྲ་ཡོད་དུས། ཁོ་གསོན་པོའི་དུས་སུ་བོང་ཆེ་བའི་ལུས་པོ་འདི་ཧ་ཅང་བཀྲ་མི་ཤིས་པ་ཞིག་ཡིན་ངེས་སྙམ།

     སྐྱེས་མ་ཚོས་ཁོ་གསོན་པའི་དུས་སུ་རྒྱུན་པར་སྒོ་ནང་ལ་འཛུལ་སྐབས་ལུས་པོ་ཟུར་དུ་ལོགས་པ་དང་། མགོ་ག་དུས་ཡིན་ཡང་ཤིང་སྒོར་ཐུག་པ། མི་གཞན་གྱི་ཁྱིམ་དུ་སོང་ན་ནམ་ཡིན་ཡང་ཁོས་མཚོ་གླང་ལྟ་བུའི་རྒྱ་སེའི་མདོག་གི་ལག་པ་མཉེན་པོ་དེ་ཕུར་ཕུར་བྱེད་བཞིན་ད་ནི་ཅི་ཞིག་བྱས་ན་བཟང་བར་སྙམ་པའི་དུས་སུ། ཁྱིམ་བདག་མས་དུས་ཀུན་དུ་བློ་མི་བདེ་བའི་ངང་རྐུབ་སྟེགས་བརྟན་པོ་ཞིག་བཙལ་ཏེ་ཨེ་སིན་ཐི་ཨོན་ལ་བཞུགས་རོགས་ཟེར་ནའང་། ཁོ་གྱང་ངོས་སུ་བསྙེས་བཞིན་འཛུམ་དམུལ་ལེར་༼སྐྱོན་མི་འདུག ལྕམ་སྐུ་ཞབས། ང་འདི་ལྟར་བསྡད་ན་ཧ་ཅང་བདེ༽ཟེར་ངེས། ཁོ་ཁྱིམ་ཚང་གཞན་ཞིག་ལ་འཚམས་འདྲིར་བཅར་དུས་ག་དུས་ཡིན་ཡང་སྐད་ཆ་འདི་བསྐྱར་ཟློས་བྱེད་ཀྱིན་ཡོད་པ་ནི། ༼སྐྱོན་མི་འདུག ལྕམ་སྐུ་ཞབས། ང་འདི་ལྟར་བསྡད་ན་ཧ་ཅང་བདེ༽ཟེར་རོ། ། ཁོ་རྟག་པར་གཞན་གྱི་རྐུབ་སྟེགས་གཅོག་པར་སྐྲག་ནས་ཁྱིམ་དུ་འགྲོ་མི་ནུས་མོད། ཁྱིམ་དེ་གས་ནམ་ཡིན་ཡང་སེམས་རྩ་འཁོལ་པོས་༼ཨེ་སི་ཐི་ཨོན། ཁྱོད་བཞུགས་རོགས་གནོང་། ཁའོ་ཧྥེ་འཁོལ་རྗེས་སོང་ན་མི་ཆོག་གམ༽ཟེར། ཡིན་ན་ཡང་ཆེས་མཐའ་མར་གླེན་པ་འདི་གང་ལྟར་ཐོན་སོང་། དངོས་ནས་སྙིང་དུ་སྡུག་པ་ལའང་། གླེན་པ་སྡུག་པོ་འདི་དེ་ལྟར་ཐོན་སོང་། ནམ་གསལ་ལ་ཉེ་དུས་སུ། སྐྱེས་མ་ཚོས་ཕུང་བོ་དེར་ཁ་ཕྱོགས་ཤིང་ད་དུང་ཡང་དོན་འདི་དག་བསམ་གྱིན་ཡོད། རྗེས་མར་ཉི་འོད་ཀྱིས་ཁོ་ལ་སུན་པོ་མི་བཟོ་བའི་ཆེད་དུ་སྐྱེས་མ་ཚོས་ལག་རས་གཅིག་གིས་ཁོའི་ངོ་གདོང་བཀབ་པར། ཁོ་ནི་དེ་ལྟར་ནམ་ཡང་བདེ་བར་གཤེགས་ཟིན་ལ། སྐྱེས་པ་གཞན་རྣམས་དང་འདྲ་བར་རང་བྱུང་གི་ཆོས་ཉིད་ལས་ཐར་དཀའ་བར་གྱུར་བས་ན་ཚང་མར་རང་དབང་མེད་པར་མིག་ཆུ་བཞུར།

        དང་ཐོག་སྐྱེས་མ་ཚོའི་ཁྲོད་ཀྱི་ལོ་ན་ཆུང་ཤོས་ཡིན་པའི་བུད་མེད་ཅིག་གིས་ངུ་འགོ་ཚུགས་པ་ན། གཞན་རྣམས་ཀྱིས་བཟོད་བསྲན་ཆེན་པོའི་ངང་སྡུག་བསྔལ་གྱི་དབུགས་རིང་འབྱིན་པ་ཙམ་ལས་མ་བྱས་མོད། རྗེས་སུ་ཚང་མར་ངུ་འདོད་སྐྱེས། རྒྱུ་མཚན་ནི་ཆུར་བྱིང་ནས་ཤི་ཟིན་པའི་མི་འདིས་སྐྱེས་མ་ཚོར་སྔར་ལས་ལྷག་པར་འཇིག་རྟེན་སྟེང་དུ་སུ་དང་གང་གིས་རོགས་རམ་བྱེད་མཁན་མེད་ཅིང་། སྙིང་རྗེ་སྐྱེས་དགོས་པའི་མི་སྟེ་ཨེ་སི་ཐི་ཨོན་ཕྱིར་དྲན་པར་བཅུག་ཅིང་། ཁོ་ནི་དེ་ལྟ་བུའི་ཞི་དུལ་དང་། གཞན་ཕན་ལ་དགའ་བའི་མི་ཞིག་ཡིན་པས་སོ། །

        མཇུག་ཏུ་སྐྱེས་པ་དག་ཕྱིར་ལོག་ནས་ཆུར་བྱིང་བ་དེ་ཉེ་འབྲེལ་གྱི་གྲོང་ཚོའི་མི་མིན་པར་བསྙད་དུས་སུ་སྐྱེས་མ་ཚོར་ངུ་འབོད་ཀྱི་ཞོར་ལ་བརྗོད་མི་ཤེས་པའི་སྟོང་སྣང་ཞིག་འཆར་དུ་བཅུག

        སྐྱེས་མ་ཚོས་ངུ་བཞིན་དུ་༼བླ་མེད་ཀྱི་དཀོན་མཆོག་རིན་པོ་ཆེ། ཁོ་ནི་ང་ཚོའི་ཡིན༽ཟེར།

        སྐྱེས་པ་ཚོའི་སེམས་སུ་དགའ་བོ་ཡོད་མདོག་གི་སྐད་ཆ་འདི་དག་ཚང་མ་ནི་བུད་མེད་ཚོའི་ཁ་ཡང་སྤྱོད་ཡང་ཙམ་ཡིན་པར་སྙམ་ཞིང་། ཁོ་ཚོ་མཚན་མོ་དེ་གའི་འདྲི་འཚོལ་གྱིས་འ་ཆད་འུ་ཐུག་ཏུ་བཏང་ནས་ཡོད་པས་མྱུར་མོར་དགོས་མེད་ཀྱི་ཁུར་པོ་འདི་ཉིད་ཐག་གཅོད་བྱེད་བསམ་གྱིས། ཁོ་ཚོས་གཡོར་རས་ཪྙིང་ཧྲུལ་འགའ་བཙལ་ཡོང་ནས་འགྱོ གས་བྱམས་ཤིག་བཟོས་ཏེ་ལྗིད་ཏིག་ཏིག་གི་ལུས་པོ་དེ་ཉིད་གཡང་གཟར་གྱི་རྩེ་མོར་འཁུར་བར་མཐུན་རྐྱེན་བསྐྲུན། ཁོ་ཚོས་ཁོའི་རྐང་མགོར་ཚོང་གྲུའི་སྟེང་གི་ལྕགས་བཟུང་ཞིག་བཏགས་ན་ཁོ་བདེ་བླག་ངང་མཚོ་གཏིང་དུ་ཐིམ་ཐུབ་ལ། འདི་འདྲ་བྱས་ན་ད་གཟོད་རླུང་རླབས་ཆེན་མོ་ཇི་ལྟར་གཡོས་ཀྱང་ཁོ་ཆུ་ཁར་གཡེང་སྟེ་མཚོ་ངོགས་སུ་འཁྱེར་མི་ཐུབ་པར་སྙམ་མོད། ཡིན་ན་ཡང་ཁོ་ཚོར་ཇི་ཙམ་བྲེལ་བ་ལངས་ན་སྐྱེས་མ་ཚོས་དེ་ཙམ་གྱིས་དུས་ཚོད་འགྱངས་པར་བྱེད། སྐྱེས་མ་ཚོ་ནི་གྲམ་ངོགས་སུ་ཉ་ལྕིབས་འཐུ་བའི་བྱ་རྒན་མ་ཞིག་ལ་འཇིགས་སྐུལ་ཕོག་བཟོ་ཡིས་འགའ་རེས་ཕུང་བོར་སྲུང་འཁོར་འདོགས་པར་བྲེལ་ཞིང་། ཡང་འགའ་རེས་ཕུང་པོར་ཁ་ཕྱོགས་སྟོན་བྱེད་ཀྱི་ཐ་གུ་འདོགས་ཀྱིན་མཆིས། སྐྱེས་མ་ཚོ་ཁ་མང་ལྕེ་མང་གིས་གནས་ཤིང་། འདི་ཡིས་༼ཁྱོད་ཀྱིས་མར་ལ་ཕབ་དང་། འདི་ཡར་ཞོག་དང་༽ཟེར་ལ། ཕ་གིས་ཡང་༼ཁྱོས་བལྟོས་དང་ང་བེམ་པོའི་སྟེང་ལ་འཚིར་གྱིན་འདུག༽ཟེར། ཟང་ཟིང་གི་རྣམ་པ་འདིས་སྐྱེས་པ་ཚོར་ཅི་ཡིན་ཆ་མི་འཚལ་བའི་སྣང་བ་ཞིག་བྱིན་པ་ནི། ཁོ་ཚོས་དང་ཐོག་ཕྱི་མྱི་ཞིག་ལ་རྒྱན་ཆ་མང་པོ་འདི་འདྲ་སྤྲས་དགོས་དོན་མེད་པར་འཁང་ར་བྱས་པ་ནི། གང་ལྟར་ཁོའི་སྟེང་དུ་དངོས་པོ་མང་པོ་ཇི་ལྟར་བཞག་ནའང་དེ་ནི་ཉ་ལ་སྟེར་བ་རང་ཡིན་སྙམ་པས་སོ། །

       སྐྱེས་མ་ཚོས་དེ་འདྲའི་སྣང་དོགས་མི་བྱེད་པར་སྔར་བཞིན་མུ་ནས་མུར་བེམ་པོ་དེའི་སྟེང་ལ་རིན་ཐང་མེད་པའི་དུར་རྫས་འཇོག་པ་དང་། ཡར་བཞག་རྗེས་ཕྱིར་ལེན་ལ། ཕྱིར་བླངས་རྗེས་ཡང་བསྐྱར་ཡར་འཇོག་གིན་མཆིས། སྐྱེས་པ་དག་གིས་གནས་འདི་ག་ནས་དུས་ནམ་ཞིག་ལ་ཆུས་འཁུར་ཡོང་བའི་མི་རོ་ཞིག་ལ་ལྟ་སྟངས་འདི་འདྲ་བཟུང་མྱོང་ངམ། ངོས་མི་ཟིན་པའི་མི་རོ་ཞིག་སྟེ། སྤུངས་རོའི་ཤ་ངན་ཞིག་ཅེས་ངན་སྨྲས་བྱས་པར། བུད་མེད་ཅིག་བརྩེ་དུང་མེད་པའི་སྐད་ཆ་འདིས་ཤིན་ཏུ་ཁྲོ་རུ་བཅུག་སྟེ་རྒྱུགས་སོང་ནས་འདས་པོའི་གདོང་ངོས་སུ་བཀབ་པའི་ལག་རས་དེ་ཡར་བླངས་པ་ན། དེར་ཡོད་ཀྱི་སྐྱེས་པ་དག་ཀྱང་ཡ་མཚར་སོང་།

       ཀྱེ་མ་ཀྱི་ཧུད། ཨེ་སི་ཐི་ཨོན་རེད། སྐྱེས་པ་དག་གིས་སྐད་ཆ་ཚིག་གཅིག་ཀྱང་མི་སྨྲ་བར་ཁོ་རེད་སྙམ། གལ་སྲིད་ཁོ་ལ་འདི་ཉིད་ནི་ཝར་ཐི་*ལ་ལེ་རེད་ཅེས་བརྗོད་ན། ཁོ་ཚོས་ཕལ་ཆེར་ཁོའི་ཨ་རི་བའི་སྐད་ཀྱི་སྒྲ་གདངས་དང་། དཔུང་སྟེང་གི་རྡོ་རྗེ་ནེ་ཙོ། གཅན་གཟན་ལ་འཕེན་བྱེད་ཀྱི་རྔོན་མདའ་དག་སེམས་སུ་དྲན་ངེས་ཡིན་མོད། འོན་ཀྱང་འདི་ནི་ཨེ་སི་ཐི་ཨོན་རེད། འཛམ་གླིང་སྟེང་དུ་གཅིག་ཁོ་ན་ལས་མེད་ཅིང་། ད་ལྟ་ཁོ་རང་ཉ་ཆེན་དཀར་པོ་ཞིག་དང་འདྲ་བར་གནས་པ་དང་། ལྷམ་གྱོ ན་མེད་ལ་ལུས་ལ་མི་འཚམ་པའི་དོར་མ་ཞིག་གྱོ ན་ཞིང་། སྲ་ཞིང་མཁྲེགས་པའི་སེན་མོ་དག་ཀྱང་རྣོ་གྲི་ཁོ་ནས་མ་གཏོགས་གཅོད་མི་ཐུབ་པར་འདུག ཁོའི་གདོང་ངོས་ཀྱི་ལག་རས་བླངས་ཚེ། གདོང་གི་རྣམ་འགྱུར་ནི་ཁ་སྐྱེངས་པའི་ཟོལ་གྱིས་མི་རྣམས་ལ་ང་ནི་གཟུགས་གཞི་འདི་ལྟར་ཆེ་ཞིང་། འདི་ལྟའི་ལྕི་བ། ད་དུང་འདི་ལྟར་མཛེས་སྡུག་ལྡན་པ་ཞིག་ཡིན་པ་འདི་དག་ང་རང་གི་ནོར་འཁྲུལ་མ་ཡིན་ཏེ། གལ་སྲིད་ངའི་རྐྱེན་འདི་དག་གིས་ཪྙོག་དྲ་འདི་འདྲ་བཟོ་བར་རྟོགས་ཡོད་པས། ངས་ཆེས་གསང་བའི་གནས་ཤིག་བཙལ་ཏེ་ཆུ་ལ་བྱིང་ངེས་ཤིང་། ཐ་ན་ངས་རང་ཉིད་ཀྱི་སྐེ་ལ་ལྕགས་བཟུང་ཞིག་ཀྱང་བཏགས་ནས་གཟའ་ལྷག་པ་འདིར་མི་རྣམས་ལ་སུན་པོ་འདི་འདྲ་བཟོ་ངེས་མིན་ཞེས་ཟེར་བ་ལྟར་སྣང་། ཁོའི་རྣམ་པ་ནི་དེ་ལྟའི་ལྷག་བསམ་རྣམ་དག་ཅིག་ཡིན་པས་ཐེ་ཚོམ་ཆེས་ཆེ་བའི་སྐྱེས་པ་དག་ཀྱང་མཚོ་སྟེང་དུ་ག་དུས་ཡིན་ནའང་ཚད་མེད་ཀྱིས་སེམས་སྡུག་མྱོང་དགོས་ཤིང་། ཁོ་ཚོས་བུད་མེད་དག་གིས་ཁོ་ཚོ་སྒུག་སྒུག་ནས་སུན་སྣང་སྐྱེས་པ་དང་། རྨི་ལམ་དུ་ཁོ་ཚོ་ཆུ་ལ་ལྷུང་ནས་ཤི་བ། ཡང་ན་དེ་ལས་ཀྱང་འཇིགས་སུ་རུང་བའི་བྱ་བ་ཞིག་འབྱུང་བར་སེམས་ཁྲལ་བྱེད་མོད། ---ཚང་མ་ཨེ་སི་ཐི་ཨོན་གྱི་ལྷག་བསམ་རྣམ་དག་གི་རྣམ་འགྱུར་ལས་ཧ་ལས་པར་གྱུར།

         འདི་ལྟར་མི་རྣམས་ཀྱིས་ཁོ་ལ་ཁོ་ཚོའི་བསམ་ཚོད་ཀྱིས་ཆུས་འཁུར་ཡོང་བའི་བེམ་པོ་ཞིག་ལ་གཟབ་རྒྱས་ཀྱི་འདས་མཆོད་ཅིག་བསྒྲུབས་པ་ནི། བུད་མེད་སྐོར་ཅིག་གིས་ཉེ་འབྲེལ་གྱི་གྲོང་ཚོ་དག་ལ་སོང་ནས་མེ་ཏོག་འཚོལ་ཞིང་། གནས་ཚུལ་འདི་བུད་མེད་གཞན་འགའ་ལ་བརྗོད་པས་བུ་མོ་དེ་དག་ཡིད་མ་ཆེས་པར་མཉམ་རུབ་སྒོས་བལྟ་རུ་འོངས། སྐྱེས་མ་ཚོས་འདས་པོ་དེམཐོང་རྗེས་སླར་ཕྱིར་ལྡོག་སྟེ་སྔར་ལས་མང་བའི་མེ་ཏོག་འཁྱེར་ཡོང་། མི་དང་མེ་ཏོག་ཇེ་མང་དུ་སོང་བ་དེས་འཚང་ཁ་བཤིག་བཤིག་གིས་ཕར་ཚུར་འགྲོ་དཀའ་བའི་གནས་སུ་འཚང་སྟེ་བྱུང་།

         མཐའ་མར་སྙིང་ཉེ་བའི་མི་དེ་ཆུ་ལ་འཕེན་པའི་དུས་ནི་མི་རྣམས་ཡིད་སེམས་རབ་ཏུ་མགུ་བའི་དུས་ཏེ། མི་རྣམས་ཀྱིས་ཆེས་བཟང་བའི་ཕ་མ་གཉིས་བདམས་ཏེ་ཁོའི་ཡབ་ཡུམ་བྱས་སུ་བཅུག་པ་མ་ཟད། ད་དུང་ཁོ་ལ་སྤུན་ཟླ་དང་ཁུ་དབོན་སོགས་བདམས། ཁོའི་གནས་ཚུལ་དེ་བརྒྱུད་པ་ལས་གྲོང་ཚོའི་ནང་གི་མི་ཚང་མ་ཕན་ཚུན་ཉེ་འབྲེལ་དུ་གྱུར་སོང་།

        མཚོ་འགྲུལ་བ་སྐོར་ཞིག་གིས་རྒྱང་རིང་ནས་ངུ་སྒྲ་ཐོས་པས་གཡོར་གྲུའི་ཁ་ཕྱོགས་ནོར་བ་དང་། ཁོ་ཚོས་སུ་ཞིག་ཡང་བསྐྱར་གཡོར་ཤིང་སྟེང་བཀྱིགས་ཟིན་པ་མ་རྟོགས་པར། གནའ་རབས་ཀྱི་བུ་མོ་ཉ་མ་མིའི་སྐོར་གྱི་གཏམ་རྒྱུད་དག་རང་དབང་མེད་པར་དྲན་ཡོང་།

       མཚོ་ངོགས་ཀྱི་གཡང་གཟར་ཁར་བསྐྱོད་པའི་ལམ་བར་དུ་མི་རྣམས་ཀྱིས་ཕུང་བོ་འདེགས་པར་ཧབ་ཐོབ་རྒྱག་པ་དང་། གཟབ་མཆོར་གྱིས་སྤྲས་ཤིང་མཛེས་སྡུག་དང་ལྡན་པའི་ཕུང་བོ་འདིར་ཕྱོགས་པ་ན་གྲོང་ཚོའི་ཕོ་མོ་དག་གིས་ཐེངས་དང་པོར་གྲོང་ཚོའི་ནང་གི་ལམ་བུ་དེ་འབར་འབུར་མི་སྙོམས་པ་ཞིག་ཏུ་ཡོད་པར་རྟོགས་ཤིང་། ཁོ་ཚོའི་ར་སྐོར་དག་ཀྱང་ས་རྒོད་དུ་ཆགས་ནས་ཡོད་པ་མ་ཟད། དེ་ལྟའི་གུ་དོག་པ་ཞིག་ཏུ་ཐེངས་དང་པོར་མཐོང་།

       ཁོ་ཚོས་ཁོའི་ལུས་སྟེང་ལ་ལྕགས་བཟུང་བཏགས་མེད་པར་གལ་སྲིད་ཁོ་རང་ཕྱིར་ལོག་འདོད་ཚེ་ཕྱིར་ལོག་ཆོག་པར་བཟོས། ཕུང་བོ་དེ་ཆུ་ལ་མ་བསྐྱུར་བའི་གོང་རོལ་གྱི་དུས་ཐུང་འདིར་མི་ཚང་མས་དབུགས་ཀྱི་རྒྱུ་བ་དུས་གཅིག་ཏུ་བསྡམས། ཁོ་ཚོས་ཕན་ཚུན་གྱི་གདོང་ལ་བལྟ་མི་དགོས་པར་རང་ཉིད་ཕུན་སུམ་ཚོགས་པ་ཞིག་མ་ཡིན་པ་རྟོགས་སྲིད་ལ། ནམ་ཡིན་ཡང་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་མི་སྲིད་པ་དེ་ཡིན་མོད། འོན་ཀྱང་ཁོ་ཚོས་གསལ་བོར་རྟོགས་ཡོད་པ་ཞིག་ལ་དུས་སྐབས་དེའི་རྗེས་ནས་བཟུང་ཡོད་ཚད་སྔོན་དང་མི་འདྲ་བར། ཁོ་ཚོས་ཁང་པར་ཆེས་ཆེ་བའི་སྒོ་དང་། ཐོག་ཁང་ཆེས་མཐོ་བ། པང་གཅལ་སྲ་ཞིང་མཁྲེགས་པ་བཅས་བཟོ་བ་ནི་ཨེ་སི་ཐི་ཨོན་གང་དུ་སོང་ཡང་སྒོ་ཤིང་ལ་མི་ཐུག་པ་དང་། ཕྱིས་དུས་སུ་མི་རྣམས་ཀྱིས་ལྐོག་ཏུ་མི་གླེན་པ་འདི་ཤི་ཚར་སོང་། དངོས་ནས་བློ་ཕམ་པ་ལ། གླེན་པ་སྡུག་པོ་འདི་ཤི་ཚར་སོང་ཞེས་ཟེར་མི་ནུས་པ་བཅས་ཀྱི་ཆེད་དུ་ཡིན།

      ཁོ་ཚོས་ཁང་མདུན་གྱི་གྱང་ངོས་ལ་གསལ་ཞིང་དྭངས་པའི་ཚོན་གྱིས་བྱུགས་ཏེ་ཨེ་སི་ཐི་ཨོན་ལ་དུས་ཀུན་རྗེས་དྲན་བྱེད་པར་དྲན་སྐུལ་བྱས། ཁོ་ཚོས་ད་དུང་བྲག་རིམ་གྱི་ཁ་གཤགས་པ་དང་། ལུང་སྟོང་གི་རྡོ་གསེབ་ལས་ཆུ་མིག་བཏོན་པ། རི་བོ་གཡང་གཟར་གྱི་སྟེང་ལ་མེ་ཏོག་གི་ས་བོན་བཏབ་སྟེ། མ་འོངས་པར་ལོ་རེའི་དཔྱིད་ཀའི་དུས་སུ་གྲུ་བོ་ཆེ་སྟེང་གི་གནས་སྐོར་བ་དག་མཚོ་ངོགས་ཀྱི་མེ་ཏོག་ར་བའི་དྲི་ཞིམ་གྱིས་འགུགས་འབོད་བྱེད་དུ་བཅུག ཐ་ན་དེད་དཔོན་གྱིས་ཀྱང་གྲུ་བོའི་ཐང་གཅལ་དུ་བབས་ནས་དུས་སྟོན་གྱིས་གཟབ་མཆོར་སྤྲས་ཏེ་བྲང་ལ་རྒྱང་ཤེལ་དཔྱངས་པ་དང་། གསེར་སྐར་གྱི་དཔུང་རྟགས་དང་གཡུལ་འགྱེད་ཀྱི་ཁྲོད་དུ་འཐོབ་པའི་གཟེངས་སྐྱེས་བཅས་བཏགས་ནས་ཅ་ལི་པེའི་མཚོ་ཆེན་གྱི་གནམ་སའི་འབྲེལ་མཚམས་སུ་གནས་པའི་རྒྱ་སེ་མེ་ཏོག་གིས་ཡོངས་སུ་ཁེངས་པའི་མཚོ་འགྲམ་འདི་ཕྱོགས་སྟོན་གྱིན་སྐད་རིགས་བཅུ་བཞིའི་ཐོག་ནས་༼ཁྱོད་ཚོས་ཕར་ཕྱོགས་སུ་གཟིགས་དང་། དེང་སང་གི་རླུང་བུ་དེ་ལྟའི་ལྷིང་ཞིང་འཇགས་ལ། ཉི་གཞོན་ལ་དེ་ལྟའི་དཀར་ཆ་དོད་པ་ལའང་། ཐ་ན་ཉི་དགའ་མེ་ཏོག་གིས་ཀྱང་ཕྱོགས་གང་ལ་འཁོར་བར་ཐེ་ཚོམ་བྱེད་ཀྱིན་འདུག རེད་ཡ། ཕར་ཕྱོགས་ནི་ཨེ་སི་ཐི་ཨོན་གྱི་གྲོང་ཚོ་རེད༽ཅེས་བརྗོད་ངེས་པའོ། །
 

 

                                            (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།