གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྷར་ཟེ་ཡ་མར་ཁུའེ་ཟིའི་སྒྲུང་། གཉིས་པ།

2015-11-16 14:47:18 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

                

                       བགྲེས་སོང་གཤོག་པ་ཅན།

                                      ཀ་ཧྥི་ལེ་ཨེར་གྷར་ཟེ་ཡ་མར་ཁུའེ་ཟི།༼ཁོ་ལོམ་པི་ཡ༽
                                      རེ་རྐང་གླིང་གིས་བསྒྱུར།

    ཆར་བ་ཆེན་པོ་དེ་བསྟུད་མར་ཉིན་གསུམ་ལ་བབས་པས། པེ་ལ་ཡོ་བཟའ་ཟླ་གཉིས་ཀྱིས་རང་ཁྱིམ་དུ་སྡིག་སྲིན་མང་པོ་ཞིག་གསོད་དགོས་བྱུང་སོང༌།
    སྐྱེས་མ་ཐག་གི་བྱིས་པར་མཚན་གང་བོར་ཚ་བརྒྱབ་པ་དེ། ཚང་མས་སྡིག་སྲིན་གྱི་རོ་ཉག་ལས་འཕོས་པའི་རིམས་ནད་ལ་ངོས་འཛིན་བྱས་པས། པེ་ལ་ཡོ་མི་འགྲོ་ཐབས་མེད་སྒོས་ཆར་བ་ཤག་ཤག་འཇོ་བའི་ལྷས་ར་གཤེགས་ཏེ་སྡིག་སྲིན་གྱི་རོ་དག་རྒྱ་མཚོར་གཅུག་ཏུ་སོང༌།
    གཟའ་མིག་དམར་ཉིན་ནས་བཟུང་སྟེ། ནམ་ཟླ་སྐྱོ་སང་སང་དུ་གྱུར་བ་ནས་ནམ་མཁའ་དང་རྒྱ་མཚོ་ཆེན་པོ་གཉིས་གཞི་གཅིག་ཏུ་འདྲེས་ཏེ་སྐྱ་ཐེར་ཐེར་དུ་གྲུབ་པས་ན། མཚོ་ངོགས་ཀྱི་བྱེ་ཟེགས་དེ་ཟླ་གསུམ་པའི་མཚན་མོར་སྐར་མ་མིག་དམར་བཞིན་འོད་དུ་འཚེར་བཞིན་ཡོད་མོད། དུས་དེ་རིང་རྩ་བ་ནས་འགྱུར་ཏེ་ཉ་ཕྱིས་ཀྱི་ཆག་རོས་ཁེངས་པའི་ན་ཁུག་རྫོབ་པོ་ཞིག་ཏུ་གྱུར་ཡོད་ཅིང༌། ཉིན་གུང་གི་འོད་རྒྱུ་དེ་ཡང་དེ་འདྲའི་མོག་པོ་ཞིག་ཏུ་ཆགས་པས་ན། པེ་ལ་ཡོས་སྡིག་སྲིན་གྱི་རོ་དག་རྒྱ་མཚོར་གཡུག་ནས་ཕྱིར་འོངས་པའི་དུས་སུ། རིག་པ་རྩེ་གཅིག་དུ་སྒྲིམ་ནས་བལྟས་པར་ད་གཟོད་དངོས་པོ་ཞིག་ཁྱིམ་རའི་གཤམ་འོག་ན་འགུལ་གྱིན་སྐད་ཆུང་ངུའི་སྨྲེ་ངག་འདོན་གྱིན་པ་མཐོང་བྱུང༌། པེ་ལ་ཡོ་གཟས་ཏེ་མདུན་སར་བཅར་དུས་མ་གཞི་དེ་ཉིད་ལོ་ན་བགྲེས་པའི་རྒན་པོ་ཞིག་ཡིན་པ་ཤེས་སོང༌།
    རྒན་པོ་དེ་འཇུམ་བག་གི་ཁྲོད་དུ་ཁ་སྦུབ་ཏུ་བཀུམ་ཙོག་བྱས་ཏེ་འཕག་ཚག་རྒྱག་གིན་འདུག་མོད། གཤོག་པ་ཆེན་པོ་གཉིས་ཀྱིས་ཁོས་འགུལ་སྐྱོད་ལ་གེག་བྱས་ནས་ཡར་ལངས་ཐུབ་ཀྱིན་མི་འདུག
    པེ་ལ་ཡོ་འཇིགས་རུང་གི་རྨི་ལམ་ལྟ་བུའི་རྣམ་པ་དེས་ཡོངས་སུ་མགོ་འཐོམ་དུ་བཅུག་པས། མྱུར་མོར་ནང་དུ་རྒྱུགས་ནས་ཆུང་མ་ཨེ་ལེ་སིན་རྡ་འབོད་དུ་སོང༌། ཁོ་མོས་དུས་སྐབས་འདིར་ཚ་བརྒྱབ་པའི་བྱིས་པའི་ཐོད་པར་ལག་ཕྱིས་རློན་པ་ཞིག་འཇོག་གིན་འདུག ཁོས་ཆུང་མའི་ལག་པར་འཇུས་ཏེ་ཁྱིམ་རའི་གཤམ་འོག་ཏུ་ཐོན།    བཟའ་བ་གཉིས་ཀྱིས་ཁ་སྦུབ་ཏུ་ས་ལ་འགྱེལ་ཡོད་པའི་རྒན་པོ་དེར་བལྟ་གིན་ཞེད་སྣང་གིས་སྐད་ཆའང་ཤོད་མི་ཐུབ་པར་གྱུར། རྒན་པོས་གྱོན་གོས་ཀྱི་བཟོ་ལྟ་དེ་སྤྲང་པོ་ཞིག་དང་འདྲ་ཞིང༌། དབུ་སྐྲ་ཕྱི་ཚར་བའི་ཀླད་སྒང་དུ་ཐལ་མདོག་གི་སྐྲ་ཐ་ར་ཐོ་རེ་ཞིག་བཞག་འདུག་ལ། ཁ་ནང་ན་སོ་ཁྱ་ར་ཁྱོ་རེ་འགའ་ལས་མི་འདུག་པར། ཟུང་བཅུད་ཤོར་བའི་ཉམས་ཞན་གྱི་ཚུགས་ཀ་སྟེ་ལུས་ཧྲིལ་བོ་རློན་པ་རློན་རྐྱང་དུ་བཟོས་ཡོད་པ་དེས་ཁོའི་ཟིལ་ཤུགས་རྩ་བ་ནས་ཉམས་སུ་བཅུག་འདུག་ལ། བྱ་རྒོད་ཅིག་དང་འདྲ་བའི་གཤོག་པ་ཆེན་པོ་དེ་ཧ་ཅང་གིས་སྐྱུག་བྲོ་ཞིང་སྒྲོ་སྤུ་ཕྱེད་ཀའང་ལྷུང་ཚར་ནས་གྲགས་འགུལ་ཅི་ཡང་མེད་པར་འདམ་ཆུའི་ནང་དུ་སྦངས་ནས་འདུག  བཟའ་བ་གཉིས་ཀྱིས་དེ་འདྲའི་བློ་རྩེ་གཅིག་སྒྲིམ་གྱིས་བལྟས་པས་ན་མྱུར་མོར་ཞེད་སྣང་ལས་སད་དེ་ལྷོད་ལ་འབབ་ཐུབ་པ་ནས། ཐ་ན་རྒས་ཁོག་འདི་ཉིད་དེ་ལྟ་བུའི་ཆ་མེད་ཅིག་མིན་པའི་སྣང་བ་སྐྱེས་པས། རྒན་པོ་ལ་སྐད་ཆ་འདྲི་མགོ་བརྩམས།   རྒན་པོས་གོ་དཀའ་བའི་སྐད་རིགས་ཤིག་བཤད་ནའང་མཚོ་འགྲུལ་པའི་སྐད་དྭངས་མོ་དེ་འདྲ་ཞིག་གིས་ཁོ་གཉིས་ཀྱི་སྐད་ཆར་ལན་བཏབ་བྱུང༌། གནས་ཚུལ་འདི་འདྲ་ཞིག་གི་འོག་ཏུ་ཁོ་གཉིས་ཀྱིས་ཀྱང་རྒན་པོའི་གཤོག་པ་དེ་མིག་ལ་ཅི་འདྲའི་མི་མཛའ་བ་ཞིག་ཡིན་པ་སོགས་ལ་མཉམ་འཇོག་མི་བྱེད་པར། གདེང་ཚོད་ཡོད་པའི་སྒོ་ནས་ལྷའི་ཕོ་ཉ་དེ་རླུང་འཚུབ་ཀྱིས་འཁོར་སྒྲོམ་སྟེང་ལ་བཏེད་དེ་གནོད་འཚེ་ཐེབས་པའི་ཁེར་རྐྱང་གི་རྨས་མ་ཞིག་ཡིན་པར་ཁྲུན་ཐག་བཅད། དེ་ལྟར་ནའང༌། ཁོང་གཉིས་ཀྱིས་མི་ཡུལ་གྱི་གནས་ཚུལ་མཐའ་དག་མཁྱེན་པར་སྨྲ་བའི་ཁྱིམ་མཚེ་བུ་མོ་དེ་འཁྲིད་ཡོང་ནས་བལྟ་རུ་བཅུག་པར། མོས་མིག་འཛུགས་ཐེངས་གཅིག་གིས་ཁོང་གཉིས་ཀྱི་བསམ་ཚུལ་ལ་ནོར་བཅོས་བྱས་ཤིང༌། སྡོམ་ཚིག་ཅིག་གི་ཚུལ་དུ་༼འདི་ནི་ལྷའི་ཕོ་ཉ་ཞིག་སྟེ། ཁོ་ཐག་ལ་བྱིས་པའི་དོན་དུ་འོངས་པར་ངེས། ཡིན་ནའང་སྙིང་རྗེ་ཤོར་བའི་ལྷའི་ཕོ་ཉ་འདི་རྒས་ཤིང་འཁོབ་པས་ན། དྲག་ཆར་གྱིས་ས་ལ་འཕངས་པ་ཞིག་རེད་འདུག༽ཅེས་བཤད།
    ཉིན་གཉིས་པར་ཐམས་ཅད་ཀྱིས་པེ་ལ་ཡོ་ཚང་གིས་ལྷའི་ཕོ་ཉ་གསོན་པོ་ཞིག་བཟུང་ཡོད་པ་ཤེས་པ་དང༌། ཁྱིམ་མཚེ་བུ་མོ་དེ་དང་བསམ་ཚུལ་མི་གཅིག་པ་ཞིག་ནི། ཁོ་ཚོས་དེང་རབས་ཀྱི་ལྷའི་ཕོ་ཉ་ཚང་མ་ནི་ལྷ་ཡུལ་གྱི་འཁྲུག་ཟིང་ཞིག་གི་ཁྲོད་དུ་སྲོག་ཐར་བྱུང་བའི་ཤོར་མ་དག་ཡིན་པས་ན། དབྱུག་པས་བརྒྱབ་ཏེ་གསོད་དགོས་དོན་མེད་པར་སྙམ་མོད། ཉིན་དེར་པེ་ལ་ཡོས་ལག་ཏུ་དབྱུག་པ་བཟུང་ནས་ཕྱི་དྲོར་ཧྲིལ་བོ་ཞིག་ལ་ཐབ་ཚང་དུ་ཁོ་ལ་བལྟ་རྟོག་བྱས་ནས་བསྡད་པ་དང༌། ཐ་ན་མ་ཉལ་གོང་ལ་རྒན་པོ་དེ་འདམ་རྫབ་ཀྱི་ཁྲོད་ནས་ཕྱིར་བླངས་ཏེ་བྱ་ཕོ་འཇུག་སའི་ལྕགས་དྲ་དེའི་ནང་དུ་གཡུག ནམ་གུང་ལ་ཆར་བ་འབབ་མཚམས་ཆད་ནའང་པེ་ལ་ཡོ་དང་ཆུང་མ་ཨེ་ལེ་སིན་རྡ་གཉིས་ཀྱིས་ད་དུང་ཡང་སྡིག་སྲིན་དག་གསོད་ཀྱིན་ཡོད། ཅང་མ་འགོར་བར་བྱིས་པའི་ཚ་བའང་ཅུང་ཞུ་ནས་གཉིད་ལས་སད་དེ་ཟ་མ་ཟ་འདོད་སྐྱེས་བས་ན། བཟའ་ཟླ་གཉིས་ཀྱིས་ཀྱང་གཏོང་ཕོད་ཀྱི་ཕྱག་ཟུང་རིང་བོར་བརྐྱངས་ནས་བྱ་ཕོ་འགོག་སའི་ལྕགས་དྲའི་ནང་གི་ལྷའི་ཕོ་ཉ་དེ་ལ་ཉིན་གསུམ་ལ་འདང་ཙམ་གྱི་བཏུང་ཆུ་དང་བཟའ་ཆས་སོགས་བྱིན་ཏེ། ཆུ་སླར་ཡང་བྲིན་པའི་བར་དུ་སྒུག་ནས་དེ་དུས་ཁོ་ཕྱིར་གཡུག་རྒྱུ་བྱས། ནམ་གསལ་མ་ཐག་བཟའ་ཟླ་གཉིས་ར་སྐོར་དུ་ཕྱིར་བཏོན་པ་ན། ཁྱིམ་མཚེའི་ཚང་མ་བྱ་ཕོ་འཇུག་སའི་ལྕགས་དྲའི་མཐའ་ནས་རུབ་བཞིན་ལྷག་བསམ་ཅི་ཡང་མེད་པའི་སྒོ་ནས་ལྷའི་ཕོ་ཉ་དེར་སྡུག་སློང་གིན་ལྕགས་དྲའི་བར་སྲིབ་དག་ལས་ཟས་ལྡོག་ཕྲན་བུ་རེ་ཁོའི་ཕྱོགས་སུ་འཕེན་གྱིན་ཡོད་པ་ནི། རྒན་པོ་དེ་ལྷའི་ཕོ་ཉ་ཞིག་མ་ཡིན་པར་དྲ་རྩེད་མཁན་གྱི་གླ་གཡོག་རྒྱུག་པའི་སྲོག་ཆགས་ཤིག་དང་འདྲ། ཀོང་ཟར་ཅ་ཆོས་དཔོན་ཡང་གནས་ཚུལ་ཡ་མཚན་འདིས་དཀྲོགས་ཏེ་ཆུ་ཚོད་བདུན་པའི་སྔོན་ལ་ལས་ཡུལ་དངོས་སུ་ཐོན་འདུག སྐབས་འདིར་ཡང་བསྐྱར་ཡ་མཚན་ཤེས་འདོད་བསམ་པ་ཅན་གྱི་མི་མང་པོ་ཞིག་ཐོན་བྱུང་བ། ཁོ་ཚོ་སྐྱ་རེངས་འཆར་ཁར་འོངས་པའི་མི་དེ་དག་དང་འདྲ་བར་ཁ་ཡང་སྤྱོད་ཡང་ཅན་དག་ནི་མ་ཡིན་པར་ཁོ་ཚོས་དབང་འོག་ཏུ་ཚུད་པའི་བགྲེས་སོང་འདིའི་མདུན་ལམ་གྱི་ཕྱོགས་ལ་སྣ་ཚོགས་པའི་སྔོན་དཔག་བྱེད་ཀྱིན་ཡོད་དེ། ཀླད་པའི་འཁོར་རྒྱ་ཅུང་དོག་པ་དག་གིས་འདི་ཉིད་མ་འོངས་པའི་དུས་སུ་འཛམ་གླིང་གི་མགོ་གཙོར་འཇོག་པར་ཐང་ཐང་མེད་སྙམ་ཞིང༌། ཀླད་པའི་འཁོར་རྒྱ་ཅུང་འཚང་འཛིངས་ཅན་གཞན་འགའ་ཞིག་གིས་ཁོང་ཉིད་སྐར་ལྔའི་རིམ་པ་ཅན་གྱི་དམག་དཔུང་ཞིག་གི་ལས་གནས་སུ་འཕར་བར་ཚོད་རྩིས་བྱས་ཏེ། དམག་འཁྲུག་ཡོད་ཅོག་ལ་རྒྱལ་ཁ་བླངས་ན་སྙམ། ད་དུང་སྟོང་བསམ་གྱིས་ཕྱུག་པ་འགའ་ཞིག་གིས་ཁོང་ཉིད་ཀྱི་རྒྱུད་ལས་སའི་གོ་ལའི་སྟེང་ལ་གཤོག་པ་ཅན་གྱི་མི་རབས་ཤིག་དང་འཇིག་རྟེན་ལ་དོ་དམ་རྒྱག་མཁས་པའི་རིག་པ་ཅན་གྱི་མི་མང་པོ་ཞིག་གསོ་སྐྱོང་བྱས་ན་རེད་སྙམ། ཆོས་དཔོན་མ་ཡིན་སྔོན་ལ་སྡུག་རུས་ཅན་གྱི་བུད་ཤིང་འཐུ་མཁན་ཞིག་ཡིན་པའི་ཀོང་ཟར་ཅ་ཆོས་དཔོན་ལྕགས་དྲའི་མདུན་དུ་ཐོན་མ་ཐག སྔོན་ལ་ཆོས་ཀྱི་ཟབ་གནད་ལན་གཅིག་བསྐྱར་ཟློས་བྱས་རྗེས། མི་རྣམ་ལ་ཁོར་སྒོ་འབྱེད་དུ་བཅུག ཁོ་བགྲེས་སོང་ཉམས་ཐག་དེའི་ཉེ་གམ་དུ་སོང་ནས་གསལ་བོར་ཐེངས་གཅིག་བལྟས་པར། ཁོ་རང་འཚུབ་ཆ་དོད་པོའི་བྱ་ཚང་དེའི་ནང་གི་བྱ་རྒན་མ་ཞིག་དང་ཤིན་ཏུ་ནས་འདྲ་སྟེ། ཁང་བའི་གྲུ་ལོག་ཅིག་ན་སྔ་དྲོར་མི་དག་གིས་གཡུགས་པའི་སིལ་ཤུན་དང་ཟས་ལྡོག་གི་ཁྲོད་དུ་ལོག་ནས་གཤོག་པ་བསྐྱངས་ཏེ་ཉི་མར་བཟློ་གིན་འདུག ཀོང་ཟར་ཅ་ཆོས་དཔོན་བྱ་ཚང་གི་ལྕགས་དྲའི་ནང་དུ་འཛུལ་ནས་ལ་ཏིང་སྐད་ཀྱིས་བགྲེས་སོང་དེ་ལ་ཁམས་བདེ་དྲིས་དུས། མི་ཡུལ་གྱི་གུས་ཚུགས་རྩ་བ་ནས་མཁྱེན་གྱིན་མེད་པའི་རྒས་ཁོག་དེས་ན་རྒས་རྫི་རྡིབ་ཀྱི་མིག་ཟུང་དེ་འགུལ་ཙམ་ཡང་མི་བྱེད་པར། ཁ་ལས་ཁོ་རང་ཉིད་ཁོ་ནས་མ་གཏོགས་མི་མཁྱེན་པའི་སྐད་ཆ་རྡ་རྡིབ་དེ་བཤད། ཆོས་དཔོན་གྱིས་ཁོས་དཀོན་མཆོག་གི་གསུང་སྒྲོས་ཧ་མ་གོ་བར་ཁོ་ལ་འཚམས་འདྲི་བྱེད་ཀྱིན་པའང་ཚོར་གྱིན་མེད་པ་ཤེས་རྗེས། ཆེས་ཐོག་མར་ཐེ་ཚོམ་བྱ་འགོ་བརྩམས་ཤིང༌། ཉེ་སར་བཅར་ཏེ་ཁོ་རང་མི་ཞིག་ཡིན་པ་ཤེས་རྗེས། ཁོའི་ལུས་ནས་ཁྱབ་ཡོང་བའི་དྲི་མ་རྫོབ་པོ་དེ་དང༌། གཤོག་པའི་རྒྱབ་ཏུ་སྦྲང་ཐལ་དང་རླུང་འཚུབ་ཀྱིས་གཏོར་བའི་སྒྲོ་སྤུ་ཆེན་པོ་དག་གིས་ཁེངས་ནས་ཡོད་པ། ཉམས་ང་སྡུག་བསྔལ་གྱིས་མནར་བའི་ཚུགས་ཀ་དེ་དག་བླ་ན་མ་མཆིས་པའི་ལྷའི་ཕོ་ཉ་དག་གི་ཁྱད་གཤིས་དང་རྩ་བ་ནས་བསྡུར་ཐབས་མ་རྙེད་པས་ན། ཁོ་བྱ་ཚང་གི་ལྕགས་དྲ་ལས་ཕྱིར་བཏོན་ཞིང༌། སྟབས་བདེའི་དབང་ལུང་གི་ཚུལ་གྱིས་ཧོན་ཐོར་བའི་མི་རྣམས་ལ་ཡིད་ཆེས་བྱས་དྲགས་ན་ཉེན་ཁ་འབྱུང་བའི་གཞི་ཡིན་པ་བསྟན་ཞིང༌། གསལ་འདེབས་ཀྱི་ཚུལ་དུ་གདོན་འདྲེས་ནམ་དུ་ཡང་དགའ་བདེ་ཅི་དགར་རོལ་བའི་གཡོ་ཐབས་དེས་གཟབ་ནན་མ་ཡིན་པའི་མི་དག་ལ་བསླུ་བྲིད་བྱ་ལོབ་ཏུ་སོང་ཡོད་དེ། རྒྱུ་མཚན་ལ་གཤོག་པའི་དེ་ཉིད་ཀྱི་ངོ་བོ་དེ་བྱ་རྒོད་དང་གནམ་གྲུའི་རྒྱུ་རྩ་དང་དབྱེ་བ་འབྱེད་དཀའ་ནའང༌། དེ་ཉིད་ལྷའི་ཕོ་ཉ་ཡིན་མིན་གྱི་ཚད་གཞིར་གཏན་ནས་བཞག་མི་རུང་བར་བསྟན། དེ་ལྟར་ན་ཡང༌། ཁོས་རང་གི་བླ་མར་འཕྲིན་ཡིག་ཅིག་བྲིས་ཏེ། བླ་མས་སླར་ཡང་བླ་ཆེན་ལ་འཕྲིན་ཞིག་བྲིས་ཐོག བླ་ཆེན་ནས་འཕྲིན་གཞན་ཞིག་བྲིས་ཏེ་རོ་མའི་ཆོས་ཀྱི་གོང་མ་རྒྱལ་བོར་ཕྱག་འབུལ་བྱ་རུ་འཇུག་རྒྱུ་ཁས་བླངས་པས། མཐའ་མཇུག་གི་ཐག་གཅོད་དེ་ཆེས་མཐོའི་ཁྲིམས་ཁང་ལ་གཏུགས།
ཆོས་པའི་ཐུགས་བརྩེ་དེ་སེམས་ཉོབ་པའི་མི་འདི་དག་གི་ཁྲོད་དུ་གོ་ས་ཅི་ཡང་མ་ཟིན་པ་ནི་ལྷའི་ཕོ་ཉ་ཞིག་འཛིན་བཟུང་ཐེབས་པའི་ཤོད་རྒྱུན་ཕྱོགས་བཞིར་འཕྲོས་པ་ནས། ཧ་ཅང་ཐུང་བའི་ཆུ་ཚོད་འགའི་རྗེས་སུ་པེ་ལ་ཡོ་ཚང་གི་ལྷས་ར་ཟང་ཟིང་ལོང་ལོང་གི་ཁྲོམ་རྭ་ལྟ་བུ་ཞིག་ཏུ་བཟོས་པས་ན། དྲག་ཆས་སྤྲོས་པའི་དམག་དཔུང་ཡོང་ནས་ད་གཟོད་ཚང་ཁ་ཤིག་ཤིག་གིས་ཁང་བ་རྫོག་ལ་ཉེ་བའི་མི་ཚོགས་ཕྱིར་སྤྲད། ཨེ་ལེ་སིན་རྡ་ཡིས་སྐེད་པ་སྒུར་སྒུར་གྱིས་ཁྲོམ་རྭ་ཆུང་ཆུང་འདིའི་ཁྱིམ་ཕྱག་དག་ལ་གད་དར་བྱ་དུས་སུ་གློ་བུར་ཐབས་ཤེས་ཤིག་རྙེད་བྱུང་བ་ནི། ར་སྐོར་གྱི་སྒོ་བཀག་ནས་ལྷའི་ཕོ་ཉར་ལྟད་མོར་འོང་མཁན་དག་ལ་སྐར་ལྔའི་སྤ་སེ་བླངས།
    ངོ་མཚར་ཆེན་པོས་སྙེགས་ཡོང་མཁན་གྱི་མི་ཁ་ཤས་ཤིག་ས་ཐག་རིང་ནས་ཡོང་ཞིང༌། ཡུལ་འཁྱར་རྩེད་མོའི་ཚོགས་པ་ཞིག་ཀྱང་ཐོན་པ་ནས། རྩེད་སྟོན་མཁན་གྱི་མི་ཞིག་གིས་བར་སྣང་འཕུར་བསྐྱོད་ཀྱི་རྩེད་མོ་སྟོན་བཞིན་མི་ཚོགས་ཀྱི་མགོ་ཐོག་ནས་ཡར་མར་འཕུར་སྐྱོད་བྱས་ནའང༌། མི་སུས་ཀྱང་ཁོ་ལ་སྣང་འཇོག་བྱ་མི་སྲིད་དེ། རྒྱུན་མཚན་རང་ཁོའི་གཤོག་པ་གཉིས་པོ་ལྷའི་ཕོ་ཉའི་གཤོག་པ་ལྟ་བུ་ཞིག་མ་ཡིན་པར་མིའི་བཟོས་ཕ་ཝང་གི་གཤོག་པ་ལྟ་བུ་ཞིག་ནི་ཡིན་པས་སོ། ། མི་ཡུལ་གྱི་ཆེས་ལས་ངན་པའི་ནད་པ་དག་འདི་སར་ཡོང་ནས་ནད་ངོ་ཞུས་པ་སྟེ། བྱིས་དུས་ནས་བཟུང་རང་གི་སྙིང་རྩའི་འཕར་ལྡིང་གི་གྲངས་ཀ་བརྩིས་མྱོང་བའི་བུད་མེད་ཅིག་གིས་སྙིང་ལྡིང་ཚད་བེད་སྤྱོད་བྱ་ཐབས་མེད་པའི་ཚད་དུ་སྙེགས་ཚུལ་ཤོད་ཡོང་ལ། ཕོར་ཐིའུ་ཀལ་གྱི་མི་ཞིག་གིས་སྐར་མའི་འཛེར་སྐད་ཀྱི་སུན་པོ་ཁོ་ནས་མཚན་མོ་དག་གི་གཉིད་འཕྲོག་པའི་སྡུག་བསྔལ་བཤད་ཅིང༌། གཉིད་ལངས་བྱེད་མཁན་ཞིག་གིས་རང་གི་ཉིན་ཐོག་བཟོས་པའི་བྱ་དངོས་ཚང་མ་མཚན་མོ་རྩ་བ་ནས་མེད་བརླག་བཟོ་བའི་ཚུལ་དག་བཤད་ཡོང་ལ། ད་དུང་ཉེན་ཚབ་དེ་དག་ལས་ཅུང་བདེ་བའི་ནད་པ་མང་པོ་ཞིག་ཀྱང་སྟོན་དུ་ཡོང༌།
    གོ་ལ་ཧྲིལ་བོར་གྲགས་འགུལ་བཟོས་པའི་ཟིང་ཆ་འདིའི་ཁྲོད་དུ། པེ་ལ་ཡོ་དང་ཨེ་ལེ་སིན་རྡ་གཉིས་ངལ་དུབ་ཀྱིས་མནར་ནའང་ཁོ་གཉིས་ཀྱི་སེམས་ངོ་བདེ་སྐྱིད་དང་ལྡན་པ་ཞིག་ཏུ་བཟོས་པ་ནི་གཟའ་འཁོར་གཅིག་གི་དུས་ཡུན་མ་ལོངས་པ་ཙམ་དུ་ཁོ་ཚང་གི་སྒམ་ཁ་དངུལ་ལོར་གྱིས་ཁེངས་ཤིང༌། སྒོ་ཁ་ན་གྲལ་སྒྲིག་པའི་ལྟད་མོ་བ་དག་གི་གྲལ་མཇུག་མིག་གིས་ཟིན་ཚོད་དུ་མི་འདུག་པ་དེའོ། །
    དོན་བྱ་འདིའི་ཁྲོད་དུ་ཁེ་ཕན་ཅི་ཡང་མ་རེག་པ་ནི་ལྷའི་ཕོ་ཉ་དེ་ཡིན་ཏེ། གནས་སྐབས་ཙམ་ལ་བཟོས་པའི་ཚང་མལ་འདིའི་ནང་དུ་ཁོས་རང་གི་དུས་ཚོད་ཡོད་ཚད་ཉེན་ཁར་གཡོལ་ཐུབ་པའི་གནས་ཤིག་འཚོལ་རྒྱུར་ཕུད་ཡོད་དེ། རྒྱུ་མཚན་ནི་ལྕགས་དྲའི་གམ་དུ་བཞག་པའི་མར་མེ་དང་ལཱ་སྒྲོན་གཉིས་ཀྱིས་དམྱལ་བའི་ཟིང་དམར་དང་དབྱེར་མེད་པར་རྣམ་པ་ཀུན་ཏུ་ཁོང་ལ་འཇིགས་སྣང་སྟེར་གྱིན་ཡོད།
    དེང་ཐོག་མི་རྣམས་ཀྱིས་ལྷའི་ཕོ་ཉ་འདི་ལ་ག་བུར་ལྗང་དཀར་ཟ་རུ་བཅུག་ཅིང༌། དེ་ཡང་བློ་རྣོ་བའི་ཁྱིམ་མཚེ་མས་ངག་བཀོད་ལྟར་དེ་ཉིད་ལྷའི་ཕོ་ཉ་དག་ཆེས་དགའ་བའི་དམིགས་གསལ་གྱི་ལྟོ་ཆས་སུ་བལྟས་ནའང༌། ཁོས་ཟས་རིགས་དེ་དག་ལ་མིག་བལྟས་ཙམ་ཡང་མི་བྱ་བ་ནི་དད་ལྡན་པ་དག་གིས་ཁོ་ལ་འཁྱེར་ཡོང་བའི་ཟ་མ་དག་མི་བཟའ་བ་དེ་དང་ཆ་འདྲ་བོ་འདུག
    ལྷའི་ཕོ་ཉ་དེ་ལོ་ན་བགྲེས་པའི་རྐྱེན་གྱིས་སམ། ཡང་ན་རྒྱུ་རྐྱེན་གཞན་གང་ཞིག་ཡིན་པ་མི་གསལ་ནའང༌། མཐའ་མར་ཁོས་ཆེ་ཙིའི་ཁུ་དྭངས་ཤིག་འཐུང་བྱུང་བ་དེ་རེད། ཁོ་ལ་ལྡན་ངེས་ཀྱི་ཕུན་སུམ་ཚོགས་པའི་སྤྱོད་ཚུལ་བཟང་བོ་ཞིག་ཡོད་པ་ནི་ཕལ་ཆེར་ཁོའི་འགྲན་ཏུ་མི་གཏུབ་པའི་བཟོད་བསྲན་དེ་ཡིན་ངེས་ཏེ། ལྷག་པར་དུ་དེང་ཐོག་བྱ་རྒན་མས་ཁོའི་གཤོག་པའི་སྟེང་གནས་བཅོས་པའི་འཁྲུད་འབུ་དག་ཟ་བའི་དུས་དང༌། དབང་བོ་སྐྱོན་ཅན་དག་གིས་ཁོའི་གཤོག་སྒྲོ་བཀོག་སྟེ་རང་རང་གི་སྐྱོན་ཤོར་སར་སྦྱོར་རེག་བྱེད་དུས་དང༌། སྙིང་རྗེ་བྲལ་བའི་མི་དག་གིས་ཁོ་སར་རྡོ་བ་འཕངས་ཏེ་ཁོའི་ལུས་གཟུགས་ཧྲིལ་བོ་མཐོང་ཆོས་སུ་མངོན་རྒྱུའི་འདོད་ཧམ་བསྟན་པ་གང་ཞིག་ཡིན་ཡང༌། ཁོས་བཟོད་བསྲན་ཆེན་པོས་ཡ་ལན་གང་ཡང་མི་སྟེར། ཡིན་ན་ཡང་ཁོ་རང་སྡོད་མ་ཚུགས་པའི་བགྱི་བ་ཉག་ཅིག་ནི་མི་རྣམས་ཀྱིས་དུས་ཚོད་རིང་མོ་ཞིག་ལ་ཁོ་འགུལ་རྒྱུ་མ་བྱུང་བ་དེ་ཁོ་རང་འདས་གྲོངས་སུ་གྱུར་བ་ཨེ་ཡིན་ན་བསམ་གྱིས་ཕྱུགས་ཟོག་གི་རིགས་ལ་ཐེའུ་རྒྱག་བྱེད་ཀྱི་ལྕགས་སྲེག་གིས་ཁོའི་ལུས་པོ་སྲེག་པའི་དུས་དེ་ཡིན། དུས་སྐབས་དེ་ལ་ཁོ་གློ་རྡེག་ལ་ཡར་བཞེངས་ཤིང༌། རྟོག་དཀའ་བའི་སྐད་བརྡ་ཞིག་གིས་ཁོའི་ཁོང་ཁྲོ་མཚོན་པ་ནས། སྤྱན་ཟུང་གཉིས་ལ་མཆུ་མ་འཁོར་གྱིན་རང་གི་གཤོག་པ་གཉིས་པོ་ལྡེབས་ཤུགས་ཆེན་པོས་གཡབ་གཡུག་བརྒྱབ་པས་ན། རླུང་འཚུབ་ཅིག་གིས་བྱ་ཁང་ནང་གི་ལྕི་འདམ་དག་འཚུབ་ཏུ་བཅུག་སྟེ་འཇིག་རྟེན་ནས་ལྡང་བ་མ་ཡིན་པ་ལྟ་བུའི་འཇིགས་རུང་གི་རླུང་འཚུབ་ཅིག་གཡུག་ཏུ་བཅུག་མོད། ཡིན་ན་ཡང་མི་རྣམས་ཀྱིས་ད་དུང་ཡང་ཁོའི་ཕྱིར་རྒོལ་དེ་ཁོང་ཁྲོ་ལས་བཏོན་པ་ཞིག་ཏུ་མི་བལྟ་བར་དེ་ཉིད་ཟུག་གཟེར་གྱིས་བསླངས་པར་ཡིད་ཆེས་བྱས། དུས་དེ་ནས་བཟུང་སྟེ་མི་རྣམས་ཀྱིས་ཁོ་ལ་སྡུག་སློང་མ་ཐུབ། དེ་ཡང་གཙོ་བོ་མི་ཕལ་ཆེ་བ་ཞིག་གིས་ཁོང་གི་བཟོད་བསྲན་དེ་སའེ་ལ་ཧྥུན་རིམ་པའི་ལྷའི་ཕོ་ཉ་*ཞིག་གི་བཟོད་པ་དང་མི་འདྲ་བར་ཆག་འཇིག་ཐོན་ཉེ་ཡི་སྐད་ཅིག་མའི་ལྷིང་འཇགས་དེ་འདྲ་ཞིག་ལ་ངོས་བཟུང་བས་རེད་འདུག 
    ཀོང་ཟར་ཅ་ཆོས་དཔོན་གྱིས་ཡ་ཡོ་བྲལ་བའི་མི་རྣམས་ལ་ཁྱིམ་ཕྱུགས་ཀྱི་སྣང་ཚོར་འཛིན་སྟངས་སྐོར་འགྲེལ་བཤད་བྱས་པ་དང་མཉམ་དུ་འཛིན་བཟུང་ཐེབས་པའི་དངོས་པོ་འདིའི་རང་བྱུང་གི་ཆོས་ཉིད་སྐོར་ལ་བློ་ཐག་ཆོད་པའི་ལྟ་ཚུལ་ཡང་བཏོན་མོད། འོན་ཀྱང་རོ་མ་གནམ་བདག་ཆོས་ཚོགས་ཀྱི་འཕྲིན་ལན་གྱིས་བྲེལ་མྱུར་ཞེས་པའི་བརྡ་དོན་ཡོངས་སུ་དོར་བཞིན་དུས་ཚོད་ཧྲིལ་བོ་ཉེས་ཅན་ལ་ལྟེ་བ་ཡོད་མེད་དང༌། ཁོའི་སྐད་བརྡ་དེ་ཨ་ལ་མུའོ་མིའི་སྐད་ཆ་དང་འབྲེལ་བ་ཡོད་མེད། ཁབ་མགོ་གཅིག་ལ་ལན་འགར་འབབ་ཐུབ་མིན། གཞན་ཡང་གཤོག་པ་ཐོགས་པའི་ནོར་ཝེ་ཡི་མི་ཞིག་ཡིན་མིན་སོགས་ཀྱི་སྟེང་དུ་བརླག་ཚར་ཡོད་པ་རེད། གལ་སྲིད་དཀོན་མཆོག་གི་ཐུགས་རྗེ་ཡིས་ཆོས་དཔོན་འདི་ཡི་སྡུག་བསྔལ་ལ་རྫོགས་ཚིགས་བཀོད་པ་མིན་ན། དོ་གལ་ཆེ་བའི་འཕྲིན་ཡིག་འདི་དག་གི་ལོན་དེ་ཕར་ཚུར་ལ་འབྱོར་བར་དུས་རབས་འགའ་ཞིག་འགྱངས་ངེས་ཡིན།
ཉིན་འདི་དག་གི་རིང་ལ། ཁྲོམ་ཚོགས་སྒང་གི་ཡིད་འགུག་པའི་ལྟད་མོ་དག་ལས་ཆེས་མིག་དབང་འགུག་པ་ཞིག་ནི་ཕ་མའི་ཁ་ཏར་མ་ཉན་པར་འབུ་སྡོམ་ཞིག་ཏུ་གྱུར་བའི་བུ་མོ་*ཞིག་གི་སྐོར་བསྐྱོད་གཤམས་སྟོན་དེ་རེད། བུ་མོ་འདི་ལ་ལྟད་མོ་ལྟ་བའི་འཛིན་བྱང་གི་གླ་རིན་ལྷའི་ཕོ་ཉར་བལྟ་བའི་གོང་ཚད་ལས་སྟབས་བདེ་བ་མ་ཟད། ད་དུང་ཁོ་མོའི་བྱིར་རྐྱེན་སྣ་ཚོགས་དང་སྡུག་བསྔལ་གྱི་འབྱུང་རྩ་དག་ལ་བཀའ་འདྲི་ཡང་ཞུས་ཆོག་ལ། ཁ་ཡར་སྐོར་མར་སྐོར་གྱིས་ལྟད་མོ་བལྟས་ཆོག་པས་ན། སུ་ལའང་འཇིགས་རུང་གི་སྣང་ཚུལ་འདི་དོན་དངོས་ཞིག་མ་ཡིན་པའི་ཐེ་ཚོམ་དེ་དོགས་གཅོད་བྱས།
    བུ་མོ་དེ་ལ་འབུ་སྡོམ་གྱི་ལུས་བོངས་ཤིག་གྲུབ་ནས་ཡོད་ལ། ལུས་པོའི་རིང་ཚད་དེ་གཡང་དཀར་ལུག་ཅིག་གི་ཚད་འདྲ་ལོངས་ནས་ཡོད་ཅིང༌། དེའི་སྟེང་དུ་ཉམས་ང་བའི་བུ་མོ་ཆུང་ཆུང་ཞིག་གི་མགོ་བོ་ཞིག་ཐོགས་ནས་ཡོད་མོད། ཚུལ་དེ་ལས་ཀྱང་སྙིང་རྗེ་ཤོར་བ་ནི་མོའི་ཕྱི་གཟུགས་དེ་མ་ཡིན་པར། ཁོ་མོས་བཤད་པའི་ཉམས་ངའི་བྱུར་རྐྱེན་གྱི་འབྱུང་རྩ་དག་སྟེ། ཁོ་མོ་གསར་མོ་མ་ཆགས་སྔོན་གྱི་མཚན་མོ་ཞིག་ལ་ཕ་མ་གཉིས་ལ་གསང་སྟབས་ཀྱིས་མཚན་མོ་ཞབས་བྲོ་འཁྲབ་ཏུ་སོང་བར། ཕྱིར་ཁྱིམ་དུ་ལོག་པའི་ལམ་བར་དུ་ནགས་ཚལ་ཞིག་བརྒྱུད་ནས་འགྲོ་སྐབས། གློག་དམར་ཞིག་གིས་ནམ་མཁའ་ཧྲིལ་བོ་གས་གཉིས་སུ་ཕྱེས་ཤིང་བར་གསེབ་ལས་གྱེས་པའི་གློག་ཞགས་ཤིག་གིས་ཁོ་མོ་འབུ་སྡོམ་ཞིག་ཏུ་གྱུར་བར་བཟོས་ཟེར། ཁོ་མོར་བཟའ་ཆས་ཉག་ཅིག་ཡོད་པ་ནི་སེམས་བཟང་གི་མི་དག་གིས་ཁོ་མོའི་ཁ་ལ་བླུགས་པའི་ཤ་རྡུལ་དག་ཡིན། 
    མངོན་ཚུལ་འདི་ལྟ་བུ་ཞིག་གིས་སྙིང་རྗེ་དང་འཇིགས་སྐྲག་གི་ཉེས་པ་སླད་འདོམས་ཐུབ་པས་ན། མིའི་རིགས་ལ་ལྟ་ཚུལ་མི་ལེགས་པའི་ལྷའི་ཕོ་ཉ་དེ་ཡི་ཞན་ཆའང་ལྷིང་ལ་བུད་པ་དང༌། ལྷའི་ཕོ་ཉ་དང་འབྲེལ་བའི་ངོ་མཚར་གྱི་ཤོད་རྒྱུན་ཐུང་ངུ་དག་གིས་མི་ཡི་སེམས་ཁ་ཟང་ཟིང་བོར་བཟོས་ཡོད་དེ། དཔེར་ན། མིག་དབང་གི་ནུས་པ་ཉམས་པའི་ལོང་བ་ཞིག་ལ་དུང་སོ་གསར་བ་གསུམ་གསར་དུ་སྐྱེས་ཚུལ་དང༌། ལམ་འགྲོ་མི་ཐུབ་པའི་ནད་པ་འཐིང་བོར་རྒྱན་ཤོག་བབས་ཚུལ། ད་དུང་མཛེ་ནད་ཅན་གྱི་མིའི་རྨ་ཁ་ལས་ཉི་དགའ་མེ་ཏོག་སྐྱེས་འོངས་ཚུལ་སོགས་མང་བོ་ཞིག་ལབ་ཡོད་པ་དེ་རེད།
    འབུ་སྡོམ་དུ་གྱུར་བའི་བུ་མོ་དེའི་འགྲེམས་སྟོན་མཇུག་རྫོགས་ཁ་མར་རོལ་རྩེད་ཀྱི་སྣང་བ་དེ་རྣམ་ཤེས་ལ་སེམས་གསོ་ཐུབ་པའི་ངོ་མཚར་གྱི་གནད་ཀ་ལས་ཡོངས་སུ་རྒྱལ་དྲགས་པས་ན། ལྷའི་ཕོ་ཉའི་སྐད་གྲགས་དེ་སྔ་ས་ནས་ཉམས་འདུག་ཅིང༌། ཐ་ན་བུ་མོ་འབུ་སྡོམ་གྱི་སྐྱེས་གཟུགས་ཅན་དེ་བྱུང་བ་དེས་ལྷའི་ཕོ་ཉའི་མིང་གྲགས་རྩ་བ་ནས་མེད་པར་བཟོས། བྱུང་ཚུལ་འདིས་ཀོང་ཟར་ཅ་ཆོས་དཔོན་གྱི་གཉིད་མི་ཁུག་པའི་ནད་དེ་ཡོངས་སུ་དྲགས་སྐྱེད་བྱུང་ཞིང༌། པེ་ལ་ཡོ་ཚང་གི་སླས་ར་དེ་ལ་ཡང་ཉིན་རྒྱུན་གནམ་ངོ་འཐིབ་བཞིན་ཆར་སིམ་གྱི་ཁྲོད་དུ་སྡིག་རའི་ཚོགས་ཀྱིས་ཁེངས་པའི་དབེན་ཐང་གི་ཉམས་སྣང་མངོན་དུ་བཅུག
    པེ་ལ་ཡོ་བཟའ་ཟླ་གཉིས་ཀྱིས་ཡོང་སྒོ་ཁོ་ནས་ཉི་གཡབ་དང་མེ་ཏོག་རྭ་བ་ཡོད་པའི་ཁང་བ་ཉིས་ཐོག་ཅིག་བཀབ་པས་སྡང་སེམས་ཀྱི་ཚིག་རིས་ཅི་ཡང་མེད། ཁོང་གཉིས་ཀྱིས་དགུན་ཁར་སྡིག་སྲིན་དག་ཁྱིམ་དུ་མི་འཛུལ་བའི་ཐབས་སུ་ཞེང་ཚད་མཐོ་བའི་མཁར་གྱང་ཞིག་རྡུང་བ་དང༌། སྒེའུ་ཁུང་གི་མདུན་སར་ཡང་ལྕགས་དྲ་འཐེན་དེ་ལྷའི་ཕོ་ཉ་དག་འཕུར་ཡོང་མི་ཐུབ་པ་བྱས། པེ་ལ་ཡོ་ཡིས་ད་དུང་གྲོང་བརྡལ་གྱི་ཉེ་སར་རི་བོང་འཚོ་སྐྱོང་བྱེད་སའི་བཟོ་གྲྭ་ཞིག་སྒེར་གཉེར་བྱས་པ་ནས་རླུང་རྟ་ཉམས་དྲགས་པའི་ཁོའི་ཉེན་དཔོན་གྱི་ལས་གནས་དང་གཏན་བྲལ་བྱས་ཤིང༌། ཨེ་ལེ་སིན་རྡ་ཡིས་ཀྱང་མདོག་འཚེར་བའི་འཇུར་རྟ་རྟིང་ཙོག་མ་དང་གྱོན་གོས་རྣམ་པ་སྣ་ཚོགས་ཇི་སྙེད་ཅིག་བླུས། གྱོན་གོས་འདི་རིགས་ཡིད་སྨོན་འཆོར་སའི་ལྷ་ལྕམ་དག་གིས་གཟའ་ཉི་མའི་ཉིན་མོར་བཤོར་ལ་གྱོན་པ་ཤ་སྟག་ཡིན། ཡིན་ན་ཡང་ལྕགས་དྲ་ཅན་གྱི་བྱ་ཚང་དེ་ལ་སུས་ཀྱང་ཡིད་འཇོག་མ་བྱས་ཤིང༌། མཚམས་ལན་རེར་སྨན་ཆུ་གཏོར་ཏེ་ཆུ་བཤལ་རེ་རྒྱག་མོད། དེ་ཡང་ལྷའི་ཕོ་ཉ་དེ་ལ་བདག་གཉེར་བྱེད་འདོད་པ་ཞིག་ནི་མ་ཡིན་པར་དྲི་ཟ་ཞིག་དང་འདྲ་བར་ཁྱིམ་ཚང་གི་གང་སར་འགུལ་སྐྱོད་བྱེད་ཀྱིན་པའི་རིམས་ནད་དེ་སྔོན་འགོག་བྱ་བའི་ཆེད་དུ་རེད། བྱིས་པའི་གྱ་ཙེ་གོམ་ཙེ་སློབ་པའི་ཐོག་མའི་དུས་སུ་ཁོ་ཚོས་བྱིས་པར་ལྕགས་དྲའི་མདུན་ཐད་དུ་འགྲོ་མི་རུང་བའི་ཁ་ཏ་བྱས་ནའང༌། རྗེས་སོར་རིམ་བཞིན་ཞེད་སྣང་དེ་གར་སོང་ཆ་མེད་དུ་གྱུར་བ་ནས་ཁོ་ཚོའང་རིམས་ནད་དེ་ལ་གོམས་ཤིང་འདྲེས་པར་གྱུར་དེ། བྱིས་པ་དུང་སོ་མ་བརྗེ་སྔོན་ནས་བཟུང་ལྕགས་དྲའི་གསེབ་ཏུ་རྩེད་རུ་སོང་ཞིང༌། ལྕགས་དྲའི་རྩུབ་མ་དག་ཀྱང་རེ་རེ་བཞིན་ཙཱ་ཡིས་ཟོས་ཏེ་ཐོར་བར་གྱུར། ལྷའི་ཕོ་ཉས་བྱིས་པ་འདི་ལའང་མི་གཞན་ཚོ་དང་འདྲ་བར་ཁ་ཡ་མི་བྱེད་ཅིང༌། སྐབས་འགར་ཞེ་སྡང་རེ་ལངས་སྲིད་ནའང་ཁོས་སྦྱང་བ་འཐོབ་པའི་ཁྱི་གུ་ཞིག་དང་འདྲ་བར་བྱིས་པའི་དྲ་ཚག་གི་སྦྱོར་བ་ཐ་དག་ལ་བཟོད་བསྲན་བྱས་པས། ཨེ་ལེ་སིན་རྡ་ལའང་ཁྱིམ་ལས་གཉེར་བའི་དུས་ཚོད་མང་པོ་ཞིག་འཐོབ། དེ་ལྟར་དུས་ཡུན་རིང་བོ་མ་སོང་བའི་ཉིན་ཞིག་ལ་ལྷའི་ཕོ་ཉ་དང་བྱིས་པ་གཉིས་ལ་མཉམ་པོར་ཆུ་ཐོར་གྱི་ནད་བྱུང་བས། སྨན་པ་ཞིག་གདན་འདྲེན་བྱས་ཏེ་བྱིས་པའི་ནད་ལ་བལྟ་རུ་བཅུག་ཅིང༌། སྨན་པས་འགྲོ་ཞོར་དུ་ལྷའི་ཕོ་ཉའི་ནད་ལའང་རྟག་དཔྱད་བྱས་པར། ཁོའི་སྙིང་རྡིང་ཚད་རྒྱུན་ལྡན་ཞིག་མ་ཡིན་པས་ཁོ་རང་གསོན་པོར་གནས་པར་སྨན་པ་ཡིད་མ་ཆེས་ཤིང༌། ཚུལ་དེ་ལས་ཀྱང་ཡ་མཚན་པའི་མངོན་ཚུལ་ཞིག་ནི་ཁོའི་གཤོག་པ་གཉིས་པོ་འདི་ལྟར་རང་བྱུང་དུ་སྐྱེས་པ་དེས། སྨན་པར་མི་གཞན་དག་ལ་གཤོག་པ་ཆ་རེ་ཅིའི་ཕྱིར་མི་སྐྱེས་པའི་ཐད་འདང་རྒྱག་མི་ཤེས་པ་ཞིག་བཟོས།
    བྱིས་པ་སློབ་གྲྭ་འགྲོ་བའི་དུས་ལ་བསླེབས་དུས་སུ། སྔར་གྱི་ཁང་བ་འདི་ལའང་རྙིང་གོག་གི་མདངས་ཤིག་རྒྱས་ཡོད་ཅིང༌། ལྕགས་དྲའི་རྩུབ་མ་དག་ཀྱང་ཆར་རླུང་གི་གཙུབ་བརྡར་ཁོ་ནས་ས་ཆུ་མེ་རླུང་གང་རུང་ཞིག་ལ་འཐིམ་དུ་བཅུག་པས་ན། ལྷའི་ཕོ་ཉར་ཕྱི་རོལ་གྱི་བཀག་འགོག་ཅི་ཡང་མེད་པར་ཤི་མ་གསོན་གྱི་སྲོག་ཆགས་ཤིག་དང་དབྱེར་མེད་པར་གང་སར་ནུར་བགྲོད་བྱས་ཏེ། ས་བོན་བཏབ་ཡོད་པའི་ཞིང་ས་དག་ལ་གཏོར་བརླག་བྱས། ཁོ་ཚོས་ཕྱགས་མས་བརྒྱབ་སྟེ་ཁོ་རང་ཁང་བ་ཞིག་ནས་ཕྱིར་དེད་པར། དུས་ཡུན་ཅང་མ་འགོར་བར་ཁོ་སླར་ཡང་ཐབ་ཚང་ནང་ནས་མངོན་ཡོང་བས། ཁོ་ཚོས་ཁོང་ཉིད་དུས་ཐོག་གཅིགཏུ་གནས་མི་འདྲ་བ་གང་མང་ནས་མངོན་ཡོང་བ་དེས་ཁོ་རང་ལ་སྤྲུལ་རྒྱུར་གྱི་གདམ་པ་ཡོད་པར་རློམ། ཨེ་ལེ་སིན་ཡིས་རྡ་རྣམ་ཀུན་ཁོང་ཁྲོ་ཆེན་པོས་རང་ཉིད་ནི་ལྷའི་ཕོ་ཉའི་ཁེངས་པའི་དམྱལ་བ་འདིའི་ནང་གི་ཆེས་སྡུག་མྱོང་མཁན་ཁོ་ན་རེད་ཅེས་སྨྲེ་ངག་འདོན། 
    ལོ་ཆེས་རྗེས་མ་དེའི་དགུན་ཁར། ཅི་བྱུང་མ་ཤེས་པར་ལྷའི་ཕོ་ཉ་དེ་གློ་བུར་དུ་རྒས་ནས་འགུལ་མི་ཐུབ་པར་གྱུར། ཁོའི་ཁོག་ལ་རྡིབ་པའི་མིག་ཟུང་དེ་ཡང་འཆི་མདངས་ཀྱིས་ཉོབ་པར་གྱུར་ཅིང༌། གཤོག་པ་གཉིས་པོ་དམར་ལྗན་ཐེར་ལྗན་དུ་གྱུར་ཏེ་སྤུ་སོབ་གཅིག་ཀྱང་མེད་པར་གྱུར། པེ་ལ་ཡོ་ཡིས་མལ་ཐུལ་ཧྲིལ་བོ་གཅིག་གིས་ཁོའི་ལུས་བོ་བཏུམ་ཞིང༌། སྙིང་རྗེ་ཆེན་པོས་ཁོ་རང་ཕྱུགས་ཁང་ནང་དུ་ཉལ་ཏུ་བཅུག ཚད་འདི་ལ་ཐོན་དུས་པེ་ལ་ཡོ་བཟའ་ཟླ་གཉིས་ཀྱིས་ཁོ་རང་ཚང་མལ་དྲོན་པོའི་ནང་དུ་གཉིད་ཉལ་བས་ཀྱང་ད་དུང་སྨྲེ་ངག་གི་སྒྲ་དེ་བར་མ་ཆད་པར་ཐོས་འོང་བས་ན་ཁོ་ལ་ནོར་ཝེ་བགྲེས་སོང་ཞིག་གི་མཚན་ཉིད་མི་ཚང་བ་དེ་ཡོངས་སུ་ཤེས།
དུས་སྐབས་འདི་ནི་ཁོ་ཚོ་ཆེས་སེམས་མི་བདེ་བའི་དུས་ཤིག་སྟེ། ཁོ་ཚོས་ལྷའི་ཕོ་ཉ་འདི་ལྔ་ལམ་དུ་འགྱུར་བར་རིག་པས། བློ་རྣོ་བའི་ཁྱིམ་མཚེ་མ་དེས་ཀྱང་ལྷའི་ཕོ་ཉ་ཤི་དུས་སུ་བྱ་བ་ཅི་ཞིག་བསྒྲུབ་དགོས་པར་བཤད་རྒྱུ་མེད་སོང་བས་རེད།
    དེ་ལྟར་ནའང༌། ལྷའི་ཕོ་ཉ་དེ་སྡུག་རྩུབ་ཆེ་བའི་དགུན་ཁ་ལས་གཡོལ་ཐུབ་པ་བྱུང་བ་མ་ཟད། གནམ་གཤིས་དྲོད་འབབ་ཀྱི་ཚད་གཞི་ལྟར་སླར་སོས་བྱུང༌། ཁོ་ར་སྐོར་གྱི་ཡང་ཕུག་ཏུ་འགུལ་ཙམ་ཡང་མི་བྱེད་པར་ཉི་མ་ཁ་ཤས་རིང་བསྡད། ཟླ་བཅུ་གཉིས་པའི་དུས་སུ། ཁོའི་མིག་ཟུང་ལ་སླར་ཡང་འོད་མདངས་འཚེར་ཞིང༌། གཤོག་པ་གཉིས་ཀྱི་སྟེང་ལ་རྫོང་སྟུག་པོའི་སྒྲོ་སྤུ་སྐྱེས་མོད། དེ་ཉིད་ཁོ་རང་འཕུར་རྒྱུའི་ཆེད་དུ་སྐྱེས་པ་ཞིག་ནི་མ་ཡིན་པར། འཆི་དུས་ཀྱི་དགོངས་འཁྲོལ་ལ་བརྩིས་རུང་བའི་སྐད་ཅིག་མའི་སླར་སྣང་དང་ཆ་ཡོངས་སུ་མཚུངས་ནས་འདུག མཚམས་མཚམས་ལ། མི་རྣམས་ཀྱིས་ཡིད་འཇོག་མི་བྱེད་པའི་གོ་སྐབས་དང་བསྟུན། སྐར་ཚོགས་རྣམས་པར་བཀྲ་བའི་མཚན་དུས་སུ་ཁོས་མཚོ་འགྲུལ་བའི་གླུ་གཞས་རེ་ལེན་པར་བྱེད།
    ཉིན་ཞིག་གི་སྔ་དྲོ། ཨེ་ལེ་སིན་རྡ་ཡིས་རྒྱ་ཙོང་གི་ཤུན་པ་བཤུ་བཞིན་ཉིན་གུང་གི་ཁ་ལག་བཟོ་བར་སྟ་གོན་རྩོམ་དུས་སུ། རླུང་བསིལ་མོ་ཞིག་ཉི་གཡབ་ཀྱི་དྲ་སྒོ་རྒྱུད་ཁང་བའི་ནང་དུ་གཡུག་པར། ཁོ་མོས་སེམས་སུ་དེ་ཉིད་མཚོ་ཐོག་གི་རླུང་བུ་ཡིན་སེམས་ཀྱིས་རང་འགར་ཕྱི་རོལ་དུ་ལན་གཅིག་ལྟས་པར། ཁོ་མོ་ཧོན་འཐོར་དུ་བཅུག་པ་ནི་ལྷའི་ཕོ་ཉ་དེས་འཕུར་རྩལ་སྦྱོང་གིན་འདུག་པ་དེ་རེད། ཁོའི་གཤོག་པ་གཉིས་པོར་ཡང་ཟོར་གྱི་ལྡེམ་མྱུར་མེད་པར་སེན་མོ་དག་ལྕགས་གཤོལ་ཤིག་གི་ཚུལ་གྱིས་ཞིང་སར་གནོད་སྐྱོན་བཟོ་ཡི་ཡོད། ཉི་འོད་ཀྱི་ཁྲོད་དུ་ཁོའི་གཤོག་པ་ཆེན་པོ་གཉིས་མཚམས་མ་ཆད་པར་གཡབ་གཡུགས་བརྒྱབ་པས། ཕྱུགས་ཁང་ཧྲིལ་བོ་མགོ་རྟིང་སློག་ཉེན་ཡོད་མོད། འོན་ཀྱང་ཁོ་རང་འཕུར་ཐུབ་པ་བྱུང་སོང༌། ཨེ་ལེ་སིན་རྡ་ཡིས་ཡོངས་སུ་དྲགས་སྐྱེད་བྱུང་བ་ལྟ་བུའི་ཁོའི་གཤོག་པའི་རྡེབ་ཤུགས་ལ་བལྟ་བཞིན། ཁོ་རང་གྲལ་ཤར་མཐའ་མ་དེའི་ཁང་བའི་ཡང་སྟེང་ནས་འཕུར་སྐྱོད་བྱེད་པའི་བར་དུ་བལྟས་ཤིང༌། སེམས་བདེ་ངང་བདེ་སྐྱིད་ཀྱི་སྔམ་པ་ཞིག་འཐེན། སྔམ་པ་དེ་ཁོ་མོའི་ཆེད་དམ་ཡང་ན་ལྷའི་ཕོ་ཉ་དེའི་ཆེད་དུའང་ཡིན། རྒྱ་ཙོང་གི་ཤུན་པ་བཤུས་ཚར་ནའང་ཁོ་མོས་ད་དུང་ཡང་ལྷའི་ཕོ་ཉ་དེར་ལྟ་བཞིན། མཐོང་སྣང་ནས་ཡལ་རག་བར་དུ་བལྟས་ཏེ་བསྡད། སྐབས་འདིའི་ཁོ་རང་ཁོ་མོའི་འཚོ་བའི་འགལ་རྐྱེན་ཞིག་ཏུ་མ་གྱུར་བར་མཚོ་ཆེན་དང་ནམ་མཁའ་འདྲེས་མཚམས་ཀྱི་ནག་ཐིག་ཅིག་ཏུ་མངོན་ནས་འདུག །
 

* སའེ་ལ་ཧྥུན་རིམ་པའི་ལྷའི་ཕོ་ཉ། གནམ་བདག་ཆོས་ལུགས་ཀྱི་བཞད་ཚུལ་ལྟར་ན། ལྷའི་ཕོ་ཉར་ཡང་ས་ལམ་རིམ་པ་བཞི་རུ་དབྱེ་ཡོད་ཅིང༌། སའེ་ལ་ཧྥུན་རིམ་པའི་ལྷའི་ཕོ་ཉ་ནི་ས་གསུམ་པ་འཐོབ་མཁན་ཏེ་བཟོད་པའི་ཕ་རོལ་དུ་ཕྱིན་ཡོད་པར་བཤད།
*བུ་མོ་འབུ་སྡོམ་གྱི་གཟུགས་ཅན། ལ་ཏེན་ཨ་མེ་རི་ཁ་གླིང་ཆེན་གྱི་ས་ཁུལ་དག་ཏུ་སྡོམ་ཞེས་པའི་ཡི་གེ་དེ་སྨད་འཚོང་མ་དང་གཟུགས་གཅིག་པས་ན། རྩོམ་པ་པོས་ལོ་ན་ཆུང་བའི་བུ་མོ་ཞིག་གི་སྤྱོད་པ་རྩིང་བོའི་ལས་དེ་དུས་སྐབས་དེའི་རིང་གི་སྤྱི་ཚོགས་ཀྱི་ཉོག་ཟིང་ལ་ཆ་འཇོག་གིས་དེས་མི་རིགས་ཀྱི་སྲོལ་རྒྱུན་སྙིང་སྟོབས་ལ་གཏོར་བརླག་ཚབས་ཆེན་བཟོ་བའི་སྙིང་དོན་མཚོན་ནས་ཡོད་པ།

 

                                           (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།