གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པའེ་ཏའོ་དང་དེང་རབས་སྙན་ངག བཞི་བ།

2016-11-22 10:31:25 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

             བསྒྲགས་ཚིག 

               ___དཔའ་རྒོད་ཡེ་ལའོ་ཁི་ལ་ཕུལ་བ། 

ཡང་ན་ཆེས་མཐའ་མཇུག་གི་དུས་རིམ་ཐོན་ཟིན་ཏེ
ངས་ཁ་ཆེམས་བཞག་མེད་པར 
སྨྱུག་གུ་ཁོ་ན་བཞག་ནས   བདག་གི་མ་ཡུམ་ལ་ཕུལ
ང་རང་དཔའ་རྒོད་ཅིག་མིན་པར
དཔའ་བོ་མེད་པའི་ལོ་རབས་ཀྱི་ནང་དུ
ང་མི་ཁོ་ན་བྱེད་འདོད

རབ་ཏུ་འབྱམས་པའི་གནམ་སའི་ཧྲག་བར་དེས
འཆི་གསོན་གྱི་དབྱེ་ཐག་གསལ་བོར་ཕྱེས་པས་ཀྱང
བདག་གིས་ནི་ནམ་མཁའ་ཁོ་ན་གདམ་རྒྱུ་ལས
པུས་ས་རུ་འཛུགས་མི་སྲིད་དེ
གཤེད་མའི་དྲག་པོའི་ཟིལ་གྱིས
རང་དབང་གི་རླུང་བུ་དེ་འགོག་མི་ཐུབ་པའི་ཕྱིར་དང

སྐར་མ་ལྟ་བུའི་མདེའུ་ཁུང་ལས
ཁྲག་མདོག་གི་སྐྱ་རེངས་དེ་བཞུར་ཡོང་བའི་བར་དུ། 

             མཇུག་བསྡུ་ཚུལ་དང་ཡང་ན་འགོ་རྩོམ་ཚུལ།

                                ____དཔའ་རྒོད་ཡེ་ལའོ་ཁི་ལ་ཕུལ་བ། 

ང  འདི་གར་འགྲེང་བ
གཞན་གྱིས་བཀྲོངས་ཟིན་པའི་མི་ཞིག་གི་ཚབ་མ་སྟེ
ཉི་མ་འཆར་ཁའི་དུས་སུ
ལྗིད་ཏིག་ཏིག་གི་གྲིབ་བརྙན་བགྲོད་ལམ་ཇི་བཞིན
རྒྱལ་ཁམས་ཀྱི་ས་ཕྱོགས་ཀུན་ལ་འཐེན་པའི་ཕྱིར་དུ་ཡིན

སྐྱོ་ལ་སྡུག་པའི་སྨུག་སྤྲིན་གྱིས
ལྷན་པ་ལྟ་བུའི་བསྣོལ་མའི་རྒྱ་ཕིབས་དག་གཡོགས་ནས་འདུག
སྡོད་ཁང་དང་སྡོད་ཁང་གི་བར་ན
དུ་ཁུང་གིས་ཚིག་རོ་བཞིན་གྱི་མི་ཚོགས་ཕྱིར་འཕོ་ཡི་འདུག
དྲོད་ཁོལ་ཉིད་མདངས་བཀྲ་བའི་ཡལ་གས་སྤུར་ཏེ
རེ་ཞིག་དབུལ་ཕོངས་ཀྱི་དུ་སྣེར་བསྡད་པས
ཐང་ཆད་པའི་ལག་པ་རེ་རེའི་ནང་ལ
སྤྲིན་ནག་འཐིབ་ཡོང

ཉི་མའི་མིང་ཐོག་ནས
མུན་ནག་གིས་འཛེམ་བག་མེད་པར་འཕྲོག་བཅོམ་བྱེད་ལ
ཁ་རོག་སྡོད་པ་ནི་སྔར་རྒྱུན་བཞིན་ཤར་ཕྱོགས་ཀྱི་གཏམ་རྒྱུད་དེ
མི་དམངས་གནའ་བོའི་གྱང་ལྡེབས་སུ
ཁ་རོག་གེར་གཏན་དུ་འཚོ་ཞིང  ཁ་རོག་གེར་འཆི་བར་འགྱུར

ཨ  ང་ཡི་ས་གཞི
ཁྱོད་ཀྱིས་ཅིའི་ཕྱིར་གཞས་མི་གཏོང
རྨ་ཆུའི་གདོས་ཐག་དེ་ལ་ཡང   ཆད་ཟིན་པའི་རྒྱུད་སྐུད་ནང་བཞིན
གདངས་དབྱངས་གྲག་རྒྱུ་མེད་པ་ཨེ་རེད
དུས་ཚོད་ཅེས་པའི་སྨུག་ནག་པའི་མེ་ལོང་འདིས་ཀྱང
གཏན་དུ་ཁྱོད་ལ་རྒྱབ་ཕྱོགས་ཏེ
སྐར་མ་དང་སྤྲིན་པ་ཁོ་ན་བསྐྱུར་བ་ཨེ་ཡིན་ནམ

ངས་ཁྱོད་རང་འཚོལ་གྱིན   རྨི་ལམ་རེ་རེའི་ནང་དང
སྨུག་པ་སྟུག་པོའི་མཚན་མོ་རེ་རེ་དང་ཡང་ན་ཞོགས་པ་རེ་རེར
ངས་དཔྱིད་ཀ་དང་ཀུ་ཤུའི་ལྗོན་པ
གསེར་སྦྲང་གིས་སྒུལ་བའི་འཇམ་རླུང་ཡུག་གཅིག་བཅས་བཙལ
ངས་མཚོ་ངོགས་ཀྱི་ས་སྲོས་དང
རླབས་ལྕེའི་སྟེང་གི་ཉི་འོད་ཀྱིས་སྤྲུལ་བའི་ཐིང་རིལ་སྐྱ་མོའི་ཁྱུ་ཚོགས་དེ་བཙལ
ངས་གྱང་ངོས་སུ་འཐིམ་པའི་ངག་རྒྱུན་དང
ཁྱོད་དང་ང་ཡིས་བརྗེད་ཟིན་པའི་རུས་མིང་དེ་བཙལ

གལ་སྲིད་ཟུངས་ཁྲག་གིས་ཁྱོད་རང་བཅུད་འཛོམས་པ་ཞིག་ཏུ་བསྒྱུར་བ་ཡིན་ན
སང་ཉིན་གྱི་ཡལ་གའི་སྒང་གི   སྨིན་ཟིན་པའི་སིལ་ཤ་དེས
ང་ཡི་ཁ་དོག་ཕྱིར་མངོན་དུ་འཇུག་ངེས

ངེས་པར་ཁས་ལེན་དགོས་ཏེ
འཆི་བའི་འཁྱག་གྲང་གི་འོད་རྒྱུ་དཀར་བོ་དེའི་ཁྲོད
ང    གསིག་འདར་བརྒྱབ
སུ་ཞིག་རྡོ་བ་དང   ཡང་ན་སྡུག་བསྔལ་གྱིས་མནར་བའི་འཇིམ་བརྙན་འཁྱགས་པོ་དེ་བྱ་འདོད
གཟིམ་པ་མེད་པའི་ལང་ཚོའི་མེ་ལྕེ
གཞན་ལག་བརྒྱུད་པར་ལྟ་གིན
ཕུག་རོན་ཕྲག་གོང་དུ་བབས་པས་ཀྱང
ཤ་དྲོད་དང་དབུགས་སོས་ཡོད་པ་ཚོར་མི་སྲིད་ལ
ཕུག་རོན་དེ་དག་གིས་བྱ་སྒྲོ་ལེབ་མོ་ཞིག་གྲལ་དག་པར་ཤད་རྗེས
སླར་ཡང་འཚབ་འཚུབ་ངང་འཕུར་འགྲོ

ང་རང་མི་ཞིག་ཡིན་པས  ང་ལ་བརྩེ་བ་མཁོ
ངས་སྙིང་གྲོགས་ཀྱི་མིག་ཟུང་ལས
ལྷིང་འཇགས་ཀྱི་ས་སྲོས་དེ་བསྐྱལ་བར་རེ་ཞིང་སྒུག་ལ

འགུལ་སླེའི་གཡོ་སྐྱོམ་ཁྲོད
བུ་ཆུང་གི་ཆེས་ཐོག་མའི་དབུགས་ཀྱི་འབྱིན་རྔུབ་ལ་རེ་ཞིང་སྒུག
སྤང་ལྗོངས་དང་ཟགས་པའི་འདབ་ལོའི་སྟེང
ཟོལ་མེད་ཀྱི་མིག་ཟུང་རེ་རེའི་སྟེང་ལ
ངས་འཚོ་ཚིས་ཀྱི་སྙན་ཚིག་བྲིས་ཡོད
ཕལ་བ་ཕལ་རྐྱང་གི་སྨོན་འདུན་འདི
ད་ལྟ་མི་ཞིག་བྱེད་པའི་འགྲོ་སྒོ་མཐའ་དག་ཏུ་གྱུར་སོང

མི་ཚེ་གཅིག་ནང
སྔོན་ཆད་ངས་རྫུན་མང་པོ་གཏམ་ནའང   རྣམ་ཀུན་གཞུང་དྲང་ངང
བྱིས་དུས་ཀྱི་ཁས་ལེན་དམ་བཅའ་ཞིག་སྲུང་བཞིན་བསྡད་པས
བྱིས་པའི་སེམས་དེ་དང མཉམ་གནས་དཀའ་བའི་འཇིག་རྟེན་དེའི་ཕྱིར་དུ
ང་ལ་གུ་ཡངས་ཤིག་གཏན་ནས་མ་འཐོབ

ང  འདི་གར་འགྲེང་བ
གཞན་གྱིས་བཀྲོངས་ཟིན་པའི་མི་ཞིག་གི་ཚབ་མ་སྟེ
གདམ་ག་གཞན་གང་ཡང་མེད་པར
ང་རང་འགྱེལ་ས་ནས  ཕྱིས་སུ་མི་གཞན་ཞིག་ལངས་ཡོང་ངེས
ང་ཡི་ཕྲག་གོང་དུ་རླུང་བུ་ཡོད་ཅིང
རླུང་བུའི་གོང་རོལ་དུ་འོད་ལམ་ལམ་གྱི་སྐར་ཚོམས་ཡོད

ཡང་ན་ནམ་ཉི་མ་ཞིག་ལ
ཉི་མ་ཪྙིད་ཚར་བའི་མེ་ཏོག་གི་ཕྲེང་བར་གྱུར་ཏེ
ཞུམ་པ་མེད་པའི་འཐབ་མོ་བ་རེ་རེའི
ནགས་ཚལ་བཞིན་སྐྱེས་འདུག་པའི་དུར་བྱང་གི་མདུན་དུ
དཔྱངས་འཇོག་ཅིང
ཁྭ་ཏ་སྟེ    སྨག་རུམ་གྱི་ཆག་གྲུམ་འདི
ལྷབ་ལྷུབ་ཏུ་འབབ།

                         
                                  ཡེ་ལའོ་ཁི་ཡི་ལོ་རྒྱུས་མདོར་བསྡུས།

   a2cc7cd98d1001e9c963ab50b90e7bec54e79716.jpg  ཡེ་ལའོ་ཁི།(1942—1970)པེ་ཅིན་གྱི་མི་ཡིན།   ཆུང་ངུའི་དུས་ནས་རིག་པ་རྣོ་ཞིང་སློབ་ལ་བརྩོན་པ་ཞིག་ཡིན།  ཕ་ལགས་གཞུང་ངོས་ནས་ཉི་ཧོང་གི་ཙའོ་ཏའོ་ཐཱན་གཙུག་ལག་སློབ་ཆེན་དུ་སློབ་གཉེར་གནང་མྱོང་བ་དང་།  མ་ལགས་ཀྱང་ཁྱིམ་ཚང་གི་འབྱོར་བ་ཤིན་ཏུ་བཟང་བས་སྒེར་ངོས་ནས་ཏུང་ཅིན་མཐོ་རིམ་ཚོང་ལས་ཚན་རྩལ་གཙུག་ལག་སློབ་གྲྭ་རུ་སློབ་སྦྱོང་བྱས་མྱོང་།  ཕ་མ་གཉིས1957ལོར“གཡས་ལྷུང”བའི་ཁུངས་སུ་བཙུད་པས་ཡེ་ལའོ་ཁི་མཐོ་འབྲིང་མཐར་ཕྱིན་རྗེས་ཀྱི1959ལོ་དང1960ལོ་གཉིས་ལ་མཐོ་རྒྱུགས་སུ་ཞུགས་ནས་སྐར་འབྲས་མཐོན་པོ་བླངས་ནའང་སློབ་ཆེན་དུ་འགྲོ་བར་བཀག་འགོག་ཐེབས།  ཁོ་ཞིང་བའི་འཚོ་བ་དངོས་ལ་ཟབ་ཞུགས་བྱས་པའི་བར་གླགས་ཀུན་ཏུ་སྐབས་དེར་སྨུག་པ་བཞིན་འཐིབ་པའི་གྲལ་རིམ་དང་ཁྱིམ་རྒྱུད་ཀྱི་དབྱེ་བ་དགར་ཚུལ་ལ་ཞེ་བསམ་པའི་གཏིང་ནས་ཞེན་ཁ་ལོག་ཅིང་།  ཞིང་བདག་ཁྱིམ་ཚང་གི་རྩ་བ་རྒྱུད་པ་དང་བཅས་བྱིས་པ་དག་ལའང་འཐབ་རྩོད་བྱེད་པའི་ཉམས་སྣང་དེས་ཁོང་གི་ཐུགས་རྒྱུད་དུ་བལྟམས་པའི་རྒྱུ་འབྲས་བློ་མིག་གི་རྟོག་པ་སད་དུ་བཅུག་པས1966ལོའི་ཟླ7པར“ཕ་དཔའ་བོ་ལ་བུ་རྒོད་པོ་དང་།  ཕ་ངོ་ལོག་ལ་བུ་སྐྱག་གཟན”ཟེར་བའི“རྒྱུད་འདེད་སྨྲ་བའི”རིག་པ་ལ་དགག་པ་གཏོང་བའི་དཔྱད་རྩོམ《སྐྱེས་ཁུངས་སྨྲ་བ》ཞེས་པ་བརྩམས་པ་དེར་སྤྱི་ཚོགས་སྟེང་ཚུར་སྣང་ཆེན་པོ་བྱུང་བས་ན་སྐབས་དེའི་གཙོ་རྒྱུགས་འདུ་ཤེས་ཀྱི་དབང་ཤེད་འོག་རིག་གནས་གསར་བརྗེ་ཡི་མཐོ་རིམ་མགོ་ཁྲིད་པས་རྩོམ་དེ་མཐའ་གཅིག་ཏུ་ལོག་སྤྱོད་དུ་བརྩིས་ཏེ1968ལོའི་ཟླ1པོའི་ཚེས1ཉིན་ཡེ་ལའོ་ཁི་འཇུ་བཟུང་བཀག་ཉར་བྱས་པ་དང་། 1970ལོའི་ཟླ3པའི་ཚེས5ཉིན་སྲོག་ཐོག་བཏང་། ཁོ་རང་འཇུ་བཟུང་བྱས་པའི་དུས་དེ་ག་ནས་གསར་བརྗེ་ཤོག་ཁག་གིས་ཡེ་ལའོ་ཁི་ལ་འདྲི་གཅོད་ཀྱི་སྟ་གོན་ཐེངས་བརྒྱད་ཅུ་ལྷག་ལ་བྱས་ཏེ་ཁོའི་ཁ་ནས་ལོག་སྤྱོད་ཀྱི་ཚིག་རིས་དང་གསར་བརྗེ་མཐུན་ཚོགས་ལ་ངོ་ལོག་རྩ་འཛུགས་བྱེད་མཁན་ཡིན་ཟེར་བའི་བདེན་དཔང་དག་བླངས་ཏེ་ཉེས་མེད་ཀྱི་གཞོན་ནུ་འདི་ཉིད་འཆི་ལམ་དུ་འདེད་པའི་དཔང་ཡིག་ཏུ་འཇོག་བསམ་ནའང་།  ཁོའི་ཁ་ནས་དེ་འདྲའི་ཚིག་གཅིག་ཀྱང་མ་བྱུང་བས་མཇུག་མཐར་ངོ་ལོག་གི་བསམ་བློ་ཐལ་དྲགས་པ་སོགས་ཀྱི་མིང་ཐོག་ནས་སྲོག་ཁྲིམས་བཅད།   རྗེས་སུ1979ལོའི་ཟླ11པའི་ཚེས21ཉིན་པེ་ཅིན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡེ་ལའོ་ཁི་ལ་ཉེས་པ་མེད་པ་ཁྱབ་བསྒྲགས་བྱས།  ཡེ་ལའོ་ཁི་ནི་པའེ་ཏའོ་ལགས་སློབ་ཆུང་དུས་ཀྱི་སློབ་གྲོགས་ཡིན་པ་དང་དམངས་གཙོ་དང་མི་དམངས་ཀྱི་བདེན་དོན་ཆེད་དུ་རྒྱུ་འབྲས་བློ་མིག་དང་ལྡན་ནས་ཡོད་པ་ཞིག་ཡིན་པ་དེས་ཁོང་གི་བློ་སྟོབས་དང་མི་ཚེ་བྱུང་བས་ན་གཞོན་དག་ལ་སེམས་ཤུགས་བསྐྱེད་ནས་ཡོད་པ་དང་།  ཁོང་གི་མ་ཉེས་ཁ་གཡོགས་ཐེབས་པའི་ཉེས་མིང་དང་དོན་མེད་སྲོག་ཐོག་བཏང་བའི་རྒྱུ་འབྲས་དེ་དུས་རབས་ཤིག་གི་སྡིག་ཉེས་ཡིན་པ་དེ་ལ་གཞི་བྱས་ཏེ་པའེ་ཏའོ་ཡིས་ཡེ་ལའོ་ཁི་ལ་བྲིས་པའི་སྙན་ངག《བསྒྲགས་ཚིག》ཅེས་པ་དང《མཇུག་བསྡུ་ཚུལ་དང་ཡང་ན་འགོ་རྩོམ་ཚུལ》ཞེས་པ་གཉིས་བརྩམས་ཡོད་ལ། དེ་གཉིས་ཁོང་གི་སྙན་ངག་བརྩམས་ཆོས་བགྲང་ལས་འདས་པ་དེ་དག་གི་ཁྲོད་དུ་ཀུན་གྱིས་དོ་སྣང་བྱུང་བ་གཉིས་ཡིན་པ་དེས་ཀློག་པ་པོ་མང་པོ་ཞིག་གིས་པའེ་ཏའོ་ཡི་སྙན་ངག་ཀློག་རྗེས་སུ་ད་གཟོད་ཡེ་ལའོ་ཁི་ཟེར་བའི་སྙིང་སྟོབས་ཀྱི་མཚོན་དཔེའི་གང་ཟག་ཅིག་ཡོད་པ་ངེས་ཟིན་ཡོད་པ་རེད། །

 


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།