བཀྲ་ཤིས་ཟླ་བའི་སྒྲུང་ཐུང་ཞིག་གི་འགྱུར།

                                                        རླངས་འཁོར་འདམ་ལ་བྱིང་བ།

                                                                                       བཀྲ་ཤིས་ཟླ་བས་བརྩམས། རེ་རྐང་གླིང་གིས་བསྒྱུར།

རྩྭ་ཐང་ནས་ང་ཚོའི་རླངས་འཁོར་འདམ་ལ་བྱིང་སོང་།

ང་ཚོའི་གཡས་ཕྱོགས་ནི་ལྷ་སྒྲུང་དང་དབྱེར་མེད་པའི་མུ་མེད་མཐིང་མདོག་གི་ལྷ་མཚོ་སྟེ། གནམ་མཚོ་ཕྱུག་མོ་དང་། གཡོན་ཕྱོགས་ཀྱི་ཕ་མཐའ་ནི་རི་རབ་ཀྱི་ཕྲེང་བ་བསྟར་ལ་བརྒྱུས་པའི་གདང་ལ་རི་བོའི་གངས་རྩེའི་རི་རྒྱུད་ཡིན། རླངས་འཁོར་འདམ་ལ་བྱིང་སའི་རྩིབ་གཞོགས་སུ་ལ་གཟར་བོ་ཞིག་ཡོད་ལ། མདུན་ཕྱོགས་ཀྱི་ལེ་དབར་འགའི་མཚམས་ཀྱི་མཐའ་ཡས་པའི་རྩྭ་ཐང་དང་མཚེའུ་ཡི་སྦྲེལ་མཚམས་སུ་རུས་སྦལ་དབྱིབས་ཀྱི་དེའུ་འབུར་ཞིག་གློ་ཉལ་བྱས་ཏེ་བསྡད་ཡོད་པ་དེ་ག་རང་ང་ཚོ་འགྲོ་སའི་གནས་ཚང་སྟེ། བཀྲ་ཤིས་སྒང་ཡིན། ས་དེ་ནི་གནམ་མཚོ་ཕྱུག་མོར་ལྟད་མོར་བལྟ་སའི་གནས་ཡུལ་མཆོག་ཏུ་གྱུར་བ་ཞིག་ཡིན་ལ། བོད་ལྗོངས་ཀྱི་གནས་སྐོར་བ་ཆེས་མང་སའི་ཡུལ་སྐོར་མཛེས་ལྗོངས་ཀྱི་གྲས་ཀྱང་ཡིན།

རླངས་འཁོར་འདམ་ལ་བྱིང་སའི་ས་ནི་གཤོང་རྒྱུད་དེ་བལྟས་པ་ཙམ་གྱིས་རྒྱུག་ལམ་ཞིག་ཇི་བཞིན་ངོས་སྙོམས་སྲ་མཁྲེགས་སུ་འདུག་ལ། ས་ངོས་སུ་རྡེའུ་ཁ་ཤས་ཕྱོགས་སུ་འཐོར་འདུག དོག་པའི་རྒྱུག་ལམ་གྱི་གཞོགས་གཉིས་སུ་རི་སྐྱེས་མེ་ཏོག་ཚོམ་བུར་བཞད་ཅིང་རྩྭ་ཕྲན་སྟུག་པོར་སྐྱེས་ཡོད་པ་དོན་གྱིས་རྒྱ་རྙི་དག་སྟེ། རླངས་འཁོར་འབྲོང་རྒོད་དར་མ་ཞིག་ནང་བཞིན་འདམ་རྫབ་ཀྱི་ཁྲོད་དུ་མཆོངས་རྗེས་ངལ་བ་འབྲས་མེད་ཀྱི་འཕག་འཚག་འགའ་བརྒྱབ་ནའང་འཁོར་ལོ་ལམ་སེང་མཐོང་ལམ་ནས་མེད་པར་གྱུར་ཏེ་རླངས་འཁོར་གྱི་རོ་ཁོག་ཧྲིལ་བོ་འདམ་རྫབ་ཁྲོད་ཟུག་པར་འགྱུར།

ཕལ་ཆེར་ཆུ་ཚོད་གསུམ་ནས་ལྔ་དང་། ཡང་ན་ཉིན་གསུམ་ནས་ལྔ། ཐ་ན་དེ་ལས་ཀྱང་རིང་བའི་དུས་ཚོད་ཀྱི་ནང་དུ་ད་གཟོད་རླངས་འཁོར་གཅིག་རེ་ཉེ་གམ་ནས་འགྲོ་བ་སྟེས་དབང་ཞིག་ཡིན་པས་ན། ཐབས་བཀོད་ཉག་ཅིག་ཡོད་པ་ནི་རང་ཉིད་ཁོ་ནར་བསྟེན་རྒྱུ་དེ་ཡིན། ལྗིད་ཚད་བསྣན་ན་རྒྱ་མ་བཞི་བརྒྱ་ཙམ་ལའང་མི་འབུད་པའི་མི་གསུམ་གྱིས་ཏུན་འགའ་ཡི་ལྗིད་ཚད་ཅན་གྱི་རྣོ་ལྕགས་ཤིག་འདམ་ནས་ལེན་པར་དུས་ཚོད་མང་པོ་ཞིག་དགོས་ཏེ། ཤིང་ལེབ་གཅིག་དང(འདེགས་ཆས་ངོས་སྙོམས་སུ་ཡར་གེར་བ་ལ)སྦྱག་མ་གཅིག(འཁོར་ལོའི་ཞབས་ཀྱི་འཇིམ་བག་མང་པོ་ཕྱིར་དཔྱུང་བར)འདེགས་ཆས་གཅིག  གཞན་ཡང་ཆེ་ཆུང་མི་འདྲ་བའི་རྡོ་བ་བཅས་འཛོམས་རྗེས། འཁོར་ལོའི་ཞབས་ཀྱི་འཇིམ་བག་དག་ཕྱིར་བྱུང་རྗེས་དེའི་ཚབ་ཏུ་རྡོ་བ་བླུགས་ཏེ་ཤིང་ལེབ་དེའི་སྟེང་དུ་བཞག་ནས་འདེགས་ཆས་ཀྱིས་འཁོར་ལོ་ཅུང་ཡར་འདེགས་པ་དང་། འཁོར་ལོའི་འོག་གི་སྟོང་ཆའི་ནང་ལ་མུ་མཐུད་དུ་རྡོ་བ་བླུགས་ཏེ་རིམ་བཞིན་རླངས་འཁོར་གྱི་འཁོར་ལོ་བཞི་བོ་ཡར་ཕྱུང་བ་ཡིན།

རྩྭ་ཐང་དུ་རླངས་འཁོར་འདམ་ལ་ཟུག་སར། སྤྱིར་བཏང་རྡོ་བ་ཤིན་ཏུ་དཀོན་ཏེ། ཁྱོད་རང་གིས་རིན་ཆེན་གཏེར་རྡོ་ཞིག་འཚོལ་བ་ནང་བཞིན་ཉེ་འདབས་ཀྱི་ས་ཐག་ཆེས་རིང་ས་ནས་རེ་རེ་བཞིན་གསོག་དགོས་པས།  ལས་ཀ་འདི་འཇིམ་བག་ཕྱུང་བ་དང་འདེགས་ཆས་རྒྱག་པ་ལས་ཀྱང་དཀའ་ཚེགས་ཆེ་བ་ཞིག་ཡིན།

རླངས་འཁོར་འདམ་ལ་ལྷུང་ས་དང་ཁ་བྲལ་ནས་མདུན་གྱི་ལ་མོའི་ཕྱོགས་སུ་སྨི་བཅུ་ཁ་ཞིག་སོང་སྟེ་ལ་མགོར་སླེབས་དུས། བགྲོད་ལམ་ངོ་མ་དེ་གར་འཕྲེད་དུ་ཉལ་ནས་ཡོད་པ་མཐོང་ཐུབ་ཅིང་། རླངས་འཁོར་གྱི་འཁོར་རྗེས་གསལ་བོ་དེ་གཡུ་འབྲུག་སྔོན་མོ་ས་ན་རྒྱུ་བ་བཞིན་ཕྱོགས་སུ་བརྒྱངས་ནས་ཡོད། 

རྐང་བ་ཟུང་གིས་བགྲོད་ལམ་གྱི་སྟེང་དུ་ཤེད་ཀྱིས་བརྡབས་པར། ཚོར་བ་ཞིག་ལ་དེ་ཉིད་སྲ་ཞིང་མཁྲེགས་པ་རྔམ་བརྗིད་ལྡན་པའི་ཐན་ཁེའི་རུ་ཁག་ཅིག་བསྐྱོད་ཀྱང་མི་ཆོག་པ་མེད་བསམ་ཡང་། ཁ་ཕྱིར་འཁོར་ཏེ་ལ་མོའི་ཞབས་ཀྱི་གཤོང་སར་བལྟས་པ་ཡིན་ན། རླངས་འཁོར་ནི་རྨས་ལྗིད་མོ་ཕོག་སྟེ་དབུགས་རྒྱུན་ཆད་ལ་ཉེ་བའི་སྲོག་ཆགས་ཤིག་དང་འདྲ་བར་མི་རྣམས་ལ་སྙིང་རྗེ་སེམས་ངོ་སྐྱེད་ཡོང་།

ང་ཚོས་སྟོབས་ཤུགས་གང་ཡོད་བཏོན་ནའང་རོ་གོག་ཆེན་པོ་འདི་འདམ་ནས་ལེན་ཐབས་མེད་པར། ལུས་ཟུངས་སོར་ཆུད་པའི་ངང་རླངས་འཁོར་ལས་རས་གུར་དང་རྡོག་ཁྲེས། མལ་ཁུག་དང་བཟའ་བཅའ་བཅས་ཐང་ལ་ཕབས་ཏེ་ཆུ་མིག་ཡོད་མེད་ཀྱི་ཕྱོགས་ལ་བསམ་བློ་འཁོར་བཞིན་སྒར་རྒྱག་པར་སྟ་གོན་རྩོམ་དུས། ལ་མོའི་གཞོགས་ངོས་སུ་འབྲོག་པ་འགའ་དལ་བུར་ང་ཚོའི་ཕྱོགས་སུ་བསྐྱོད་ཡོང་། 

ཁོ་ཚོ་མི་རེ་རེས་རྒྱབ་ལག་བྱས་ཏེ་རྟོད་ཐག་གིས་རྟ་རེ་རྗེས་ལ་འཁྲིད་ཅིང་། བྲེལ་སྣང་སྤུ་ཙམ་མེད་པར་རྐང་བ་ནང་བཀུག་གི་གོམ་པ་སྤོ་ཚུལ་དེས་ཁོ་ཚོའི་ལུས་པོ་འགུལ་སྐྱོད་ཀྱི་ཁྲོད་དུ་གཡས་གཡོན་གཞོགས་གཉིས་སུ་ལྡེམ་ཤུགས་ཆེ་བའི་ངང་གཡོ་ཞིང་འགུལ་བ་དེས་རང་རློམ་གྱི་ཆོས་ཚུགས་ཤིག་མངོན་ནས་ཡོད།

ངས་འབྲོག་པ་ཚོའི་གཡོ་སྒྱུ་ཁྲམ་གསུམ་དེ་མཐོང་མ་ཐག་པ་ནས་རྟོགས་ཡོང་།

རྩྭ་ཐང་དུ་མཐོང་རྒྱ་མཐའ་ཀླས་ཤིང་མིག་རྒྱང་ཤིན་ཏུ་རིང་བས། རྩྭ་ཐང་གི་འབྲོག་པ་དག་གི་མིག་དབང་མི་ཕལ་བ་དག་ལས་ཡོངས་སུ་འགོངས་ཡོད། འབྲོག་པ་ཞིག་གིས་རྩྭ་ཐང་ནས་རླངས་འཁོར་སྐོར་ཡོང་བར། ཁོ་ཚོ་ཁྱིམ་ལ་ཐོན་དུས་སླ་ངའི་ནང་གི་ལུག་ཤ་ཚོས་ནས་ཁོ་རང་གདན་ལ་འཁོལ་ཏེ་ཟ་རྐྱང་བྱས་ཡོད། དེའི་རྒྱུ་མཚན་ནི་མིག་དབང་རྣོ་བའི་ཆུང་མས་ཆུ་ཚོད་གཅིག་གཉིས་ཙམ་གྱི་ཡར་སྔོན་ནས་བཟུང་ཁྱོ་ཀའི་རླངས་འཁོར་རང་ཁྱིམ་བསྙེག་བཞིན་ཡོང་གིན་པ་མཐོང་ཡོད་པས་སྟབས་ཀྱིས་སོ། །

རྒྱུ་མཚན་དེ་དག་གི་ཕྱིར་ན་ང་ཚོའི་རླངས་འཁོར་འདམ་ལ་མ་ཟུག་སྔོན་གྱི་རྒྱུག་ཤར་ཀློད་དུས་ནས་འབྲོག་པ་རྣམས་ཀྱིས་མཐོ་ས་ཞིག་ཏུ་ངེད་ཅག་མཐོང་ཡོད་ཅིང་། ཐ་ན་ང་ཚོ་ཅི་འདི་མེད་པར་ཁ་ཕྱོགས་ནོར་ཏེ་བགྲོད་ལམ་དང་ཁད་ཀྱིས་བར་ཐག་ཕྱེ་བཞིན་པའང་ཁོ་ཚོའི་མིག་ཁར་བླངས་ནས་ཡོད། ཤག་པོ་དེ་དག་གིས་རང་རློམ་དང་བཅས་སེམས་ལ་རླངས་འཁོར་གན་ལ་ལྟོས་དང་། མི་གན་ཚོ་ལམ་ནོར་ཐེབས་སོང་། ཁོ་ཚོར་མྱུར་བ་མྱུར་དུ་དཀའ་ངལ་ལ་འཕྲད་ངེས་ཏེ་འདམ་ལ་ལྷུང་བར་འགྱུར་རོ་ཞེས་དེའི་རྗེས་ཀྱི་སྐད་ཆ་དག་ཁོ་ཚོས་བཤད་མ་དགོས་པར། མི་རེ་རེའི་སེམས་ལ་དེ་རིང་ཡང་བསྐྱར་རྒྱུ་ཐོག་ལ་བརྒྱབ་བྱུང་སྙམ་ཡོད་པ་ཁྲིག་ཁྲིག་ཡིན། 

རླངས་འཁོར་གྱི་བདག་པོའི་ལུས་ཡོངས་འདམ་གྱིས་སྦག་གིན་ལྟ་བཟོད་མེད་པར་དབུགས་ཁ་ཞུམ་ཞུམ་དུ་འདམ་རྫབ་ཁྲོད་གཏིང་ཟབ་མོར་ཇེ་ཟུག་ཏུ་འགྲོ་བཞིན་པའི་རླངས་འཁོར་གྱི་མདུན་སར་ཙོག་པུར་སྡོད་དུས།ཁོ་ཚོ་སྐྱབས་གནས་དཀོན་མཆོག་གི་ཟོལ་གྱིས་གནམ་སའི་ཧྲག་བར་ནས་མངོན་ཡོང་ཞིང་། རླངས་འཁོར་འདམ་ནས་ལེན་པར་གྲོགས་དན་མཛད་ངེས་ལ། སྙིང་རྗེ་སྤུ་ཙམ་ཡང་མེད་པར་གླ་ཆ་ཧམ་འཁྱེར་བྱ་ངེས་པ། ཕ་རོལ་བོ་རེ་ཐག་ཆད་པའི་དུས་ལ་ལག་ནས་གཡོ་ཟ་བྱེད་པ་དེ་ལས་དམིགས་སུ་གཙིག་པ་དང་སེམས་གནག་པ། ཡིད་ཚོད་ཀྱིས་ལོངས་པ་ཞིག་གང་ནས་འདྲེན་ཐུབ།  

དེ་ཡང་། ཁོ་ཚོས་ཐག་རིང་ནས་རླངས་འཁོར་ཞིག་གློ་རྡེག་ལ་དན་སེ་བསྡད་པ་དང་མདུན་རྒྱབ་ལ་རེ་འགའ་ནུར་རྗེས་རླངས་འཁོར་གྱི་རྗེས་ནས་དུ་བ་སྔོ་ནག་ཅིག་འཕྱུར་ཡོང་བ་དེ་སེམས་མགོ་གཞུག་ལོག་པའི་ཁ་ལོ་བས་འཁོར་ལོ་བཞི་བོ་དུས་མཉམ་དུ་འཁོར་དུ་བཅུག་སྟེ་སྣུམ་སྒོ་ཡོངས་སུ་ཕྱེས་ཤིང་། མདུན་རྒྱབ་གང་རུང་ནས་ཕྱིར་འབུད་རྒྱུའི་ཐབས་སུ་འཁོར་སྒུལ་འཕྲུལ་ཆས་སྟོབས་ཀྱིས་འཁོར་ཏེ་དུ་ཁུང་ནས་སྔོ་མདོག་གི་དུ་བ་ཕྱིར་འཕྱུར་བ་དེ་ཡིན་པ་མཐོང་རྗེས་སུ། འབྲོག་པས་ཡང་བསྐྱར་རི་དྭགས་ཤིག་རྙི་རུ་ཐེབས་པ་རྟོགས་ཤིང་། ཁོ་ཚོ་ས་ཐག་རིང་ན་ཡིབ་སྒུག་བྱེད་བཞིན་པའི་རྔོན་ཁྱི་དག་དང་འདྲ་བར། སྐྱིལ་ཀྲུང་དུ་ཙོག་པུར་འགུལ་ཙམ་ཡང་མི་བྱེད། ཁོ་ཚོ་ལ་སྲོག་ཆགས་ནང་བཞིན་ངང་རྒྱུད་ཡོད་པ་ནི་མི་གཞན་སུ་ལས་ཀྱང་བཟོད་པར་ནུས་ཏེ། དལ་ལྷོད་ངང་སྣ་ཐ་འཐེན་བཞིན་ཆུ་ཚོད་འགའི་ཡུན་ལ་རྟོག་ཞིབ་དང་རེ་སྒུག་བྱ་ཐུབ་ངེས་སོ། །

བར་ཐག་ཤིན་ཏུ་རིང་བས་འབྲོག་པ་དག་གིས་ང་ཚོའི་བྲེལ་ཟིང་གི་རྣམ་པ་གསལ་བོར་མཐོང་མི་ཐུབ་ནའང་ཁོ་ཚོས་དུས་ཚོད་ཧ་ཅང་དམ་འཛིན་བྱ་ཤེས་ཏེ།  ཁོ་ཚོས་མགོ་ཐོག་གི་ཉི་མའི་ཐག་ཚད་ཀྱི་རིང་ཐུང་དང་རྩྭ་སའི་རྒྱུད་ཀྱི་ཁོ་ཚོའི་ལུས་ཀྱི་གྲིབ་མའི་རིང་ཐུང་ལ་གཞི་བཅོལ་བའམ་ཐ་ན་ཁོ་ཚོས་སྣ་ཐ་ཅི་ཙམ་འཐེན་པའི་དུས་ཡུན་ལས་ང་ཚོའི་ལས་ཀའི་དཀའ་ངལ་གྱི་ཡང་ལྗི་འབྱེད་ཤེས། དུས་ལ་བབས་པ་ན།  ཁོ་ཚོས་རླངས་འཁོར་དེ་འདམ་རྫབ་ཁྲོད་ཡར་འཕག་མི་ཐུབ་པ་ཐག་ཆོད་ཅིང་། རླངས་འཁོར་གྱི་བདག་པོ་དག་གིས་ནུས་ཤུགས་ཡོད་རྒུ་རྩལ་དུ་བཏོན་པ་ནས་ད་ནི་ངལ་ཞིང་དུབ་སྟེ་རླངས་འཁོར་ནང་བཞིན་རེ་ཆད་ཀྱི་ཁྲོད་ལུས་དུས།  ཁོ་ཚོ་ལམ་ལ་ཆས་མགོ་རྩོམ་ཞིང་།  བྲང་ཁའི་སྣ་ཐ་ཡི་རྡུལ་ཕྱེ་སྤྲུག་སྤྲུག་འགའ་བྱས་རྗེས་རྟ་ལ་ཞོན་ཏེ།  སྣང་བ་བར་སྣང་དུ་འཕགས་ཀྱིན་གཡས་གཡོན་གཉིས་སུ་གྲལ་བསྟར་རིང་བོ་ཞིག་སྒྲིག་སྟེ་གནམ་ས་གཉིས་ཀྱི་ཧྲག་བར་ནས་མངོན་ཡོང་། 

ཁོ་ཚོ་ཐབས་ལ་མཁས་པ་ནི། ཟ་རྔམ་ཆེ་བའི་ཧམ་པ་དེ་ཤིན་ཏུ་བག་ཡོད་ཀྱིས་ཟོལ་མེད་ཀྱི་བཞིན་རས་རྒྱབ་ཏུ་སྐུང་ཐུབ་སྟེ། ང་ཚོའི་མིག་ཁར་མ་ཐོན་པའི་སྔོན་ལ་ཁོ་ཚོ་རྟ་ལས་བབས་ཏེ་སྒྱིད་ལུག་གི་གོམ་པ་དལ་བུར་སྤོ་བཞིན། ཁ་ཤུ་འདེབས་པ་དང་། རྫི་གླུ་ལེན་ཁུལ་གྱིས་ང་ཚོ་ལ་དགོང་ཁའི་འབྲོག་པ་སྲོད་དུས་སུ་རང་ཁྱིམ་བསྙེག་པའི་རང་བྱུང་གི་མཛེས་པ་ལྟ་ན་སྡུག་པ་དེའི་རྩེད་མོ་ཐེངས་གཅིག་སྟོན་ངེས། ལུས་ཟུངས་ཡོངས་སུ་ཟད་དེ་ངལ་དུབ་དང་ལྟོགས་སྐོམ་གྱིས་མནར་བའི་རླངས་འཁོར་ནང་གི་མི་དག་གིས་གནམ་ངོ་རིམ་བཞིན་ཇེ་ནག་ཏུ་སོང་སྟེ་འཆི་ངོ་རྫོགས་པའི་ལྷིང་འཇགས་ཀྱི་རྩྭ་ཐང་དེའི་ཁེར་རྐྱང་གི་སྣང་བས་ཡོངས་སུ་བསྒྲིབས་པ་བལྟ་བཞིན་པའི་དུས་སུ།   ཐག་རིང་གི་ལ་མོའི་ངོས་ནས་འབྲོག་པ་སྟོབས་དང་ལྡན་པ་འགའ་ཡི་གཟུགས་རིས་ལྷ་ལས་བབས་པ་བཞིན་མངོན་ཡོང་བ་དེ་ཉིད་རེ་ཐག་ཆད་པའི་དུས་ལ་ལྷ་ཡི་མགོན་སྐྱབས་ཇི་ལྟ་བ་བཞིན་ཐོན་པ་ཞིག་མ་ཡིན་ནམ།  གཡོ་ཐབས་འདི་འབྲོག་པ་དག་གིས་སྔོན་ལ་བཀོད་པ་བཏང་ཚར་བའི་རྒྱུ་དེའི་འབྲས་བུ་དང་པོ་ཡིན།

སྟེས་དབང་དུ་འཕྲད་པ་ནང་བཞིན།  འབྲོག་པ་དག་ལ་མོའི་ངོས་ནས་ཐོན་པར།  ཁོ་ཚོའི་གདོང་ལ་ཡ་མཚན་གྱི་རྣམ་འགྱུར་ཞིག་མངོན་ཡོང་བ་དེས་མི་རྣམས་ལ་ཁོ་ཚོས་མི་ཆ་མེད་ཅིག་གཏན་དུ་མཐོང་མ་མྱོང་བའམ་ཡང་ན་མཐོང་ཚད་ཤིན་ཏུ་ཉུང་བར་འཁྲུལ་དུ་འཇུག་ཅིང་། རླངས་འཁོར་འདམ་ལ་ཟུག་པའི་རྣམ་པ་འདི་མཐོང་རྗེས་སུ་ཡང་བསྐྱར་གདོང་ལ་སེམས་ཁུར་གྱི་ཉམས་ཤིག་སྐྱེད་ཡོང་མོད། ཁོ་ཚོས་གོམ་སྟབས་མཚམས་འཇོག་མི་སྲིད་ལ། ཅི་བྱ་གཏོལ་མེད་དུ་གྱུར་བའི་ཕྱི་ཡོང་གི་མི་འདི་དག་ལ་རང་འགུལ་གྱིས་ཁམས་འདྲི་ཡང་རྩ་བ་ནས་མི་བྱེད་པར་མུ་མཐུད་དུ་ཁ་ཤུ་འདེབས་པ་དང་རྫི་གླུ་ལེན་བཞིན་འགྲོ་བ་དོན་ཆེན་པོ་ཞིག་གིས་ཁོ་ཚོ་ལ་སྒུག་ཡོད་པ་དང་། གུར་ནང་དུ་ཆུང་མ་དང་ཕྲུ་གུ་དག་གིས་དགོང་ཚལ་གྲ་སྒྲིག་བྱས་ཏེ་གུར་ནང་གི་མེ་ཕུང་དང་ཇ་དྲོན་མོ། དྲི་ཞིམ་ཐུལ་བའི་ཤ་བཙོས་མ་དང་ཕ་སྤུན་ལྷན་འཛོམས་ཀྱི་དྲོད་ཁོལ་དེས་ཁོ་ཚོར་སྒུག་ཡོད་པ་དང་འདྲ་ནའང་། དོན་དུ་ཁོ་ཚོའི་སྦྲ་གུར་དག་ལྡོག་ཕྱོགས་ཀྱི་ཕ་མཐར་གནས་ཀྱང་སྲིད།

འབྲོག་པ་མགོ་མ་དེ་ང་ཚོའི་མདུན་ཕྱོགས་ནས་འགྲོ་བ་དང་། དེའི་རྗེས་སུ་གཉིས་པ་དང་གསུམ་པ་རེ་རེ་བཞིན་འགྲོ་སྲིད། 

ང་ཚོས་སྐབས་འདིའི་འབྲོག་པ་དག་གི་ནང་སེམས་ཀྱི་འགྱུར་བ་དྲག་པོ་དེ་རྟོགས་ཐུབ་སྟེ། ང་ཚོ་གཅིག་ནས་ལས་ཀར་བྲེལ་བཞིན་མགོ་བོ་ཡར་བཏེགས་ཏེ་ཁོ་ཚོར་ཐེངས་གཅིག་བལྟ་བ་ནི། རྩྭ་ཐང་དུ་ས་གང་སར་མཐོང་རྒྱུ་ཡོད་པའི་སྤྱིར་བཏང་གི་འབྲོག་པ་འདི་དག་ལ་བལྟ་ཁོམ་མེད་པ་ལྟར། སྤྲོ་སྣང་ལྡན་པའི་ངང་རང་ཉིད་ཀྱིས་བློ་རྩེ་གཅིག་ཏུ་གཞོལ་ཏེ་དགའ་ཞེན་ཆེ་བའི་གནའ་རྫས་ཤིག་བརྐོ་བའི་ལས་ཀ་དེའི་ཁྲོད་གནས་པ་ཇི་བཞིན་འདུག་ངེས་ཡིན།

བལྟས་མ་ཐག་པ་ནས་རྫུས་མདོག་གི་ངལ་ལས་ཁྲོད་རླངས་འཁོར་གྱི་གནས་སྟངས་ངན་པ་དེ་ལ་ངལ་བ་འབྲས་མེད་ཡིན་པ་མཐོང་ཐུབ་པ་ནི།  མཐའ་སྐོར་ཀུན་ཏུ་ཕྱིར་དཔྱུང་བའི་འདམ་རྫབ་ཀྱིས་ཁེངས་ཡོད་པ་དང་། ཕྱོགས་གང་སར་བཏུས་ཡོང་བའི་རྡོ་བ་ཆེ་ཆུང་མང་བོ་གཏོར་ཡོད་ནའང་། རླངས་འཁོར་གྱི་འཁོར་ལོ་བཞི་བོ་འདམ་ཆུའི་ཁྲོད་གཏིང་ཟབ་སར་ཟུག་ཡོད་ལ། ལྷག་པར་དུ་སྔོན་འཁོར་ཟུག་ཚད་ཤིན་ཏུ་གཏིང་བ་དེས་རླངས་འཁོར་གྱི་རོ་ཁོག་ཧ་ཅང་མི་སྡུག་པར་བཏང་ཡོད་པ་ས་འོག་ཏུ་འཛུལ་ཏེ་འཕོངས་ཚོས་ཕྱིར་གནམ་ལ་གེར་ཡོད་པའི་བདུད་འདྲེ་ཞིག་དང་དབྱེར་མ་མཆིས་སོ།། 

ཆེས་མཇུག་མཐའི་འབྲོག་པ་གསར་བུ་དེ་ང་ཚོའི་ཉེ་གམ་གྱི་ལ་མོ་དེའི་སྟེང་དན་སེར་བསྡད། ཁོ་ཕལ་ཆེར་སོང་ནས་ཆད་པ་འདྲ་སྟེ། ཡུད་ཙམ་ལ་ཀྲོང་ངེར་ལངས་རྗེས་དལ་བུར་ལ་ངོས་ནས་མར་འབབ་ཅིང་ང་ཚོ་དང་ཐག་མི་རིང་བའི་ངོས་དེ་གར་ཙོག་པུར་བསྡད་དེ་སྣ་ཐ་འཐེན་མགོ་བརྩམས་ཤིང་། སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་ང་ཚོ་ལ་བལྟས་ནས་སྡོད། 

དུས་ཡུན་ཅུང་ཙམ་གྱི་རྗེས་སུ་འཇམ་དབྱངས་ཀྱིས་རང་འགུལ་ངང་ཁམས་འདྲིའི་ཚུལ་དུ། དཀའ་ལས་མ་མྱང་ངམ་ཞེས་དྲིས་པར། ཁོས་མ་དཀའ་ཐལ་ཞེས་ལན་བཏབ་ཡོང་། 

དེའི་རྗེས་སུ་ལན་རེར་ལན་འདེབས་པ་དང་ལན་རེར་ལན་མི་འདེབས་པའི་ཁ་བརྡ་ཞིག་བྱས། དེར་མཐུད་ནས་འཇམ་དབྱངས་ཀྱིས་ཡང་བསྐྱར་ཁོ་ལ་ང་ཚོར་རོགས་རམ་བྱས་ཏེ་རླངས་འཁོར་ས་ཁར་བླངས་པ་ཡིན་ན་དངུལ་ག་ཚོད་དགོས་ཞེས་དྲིས་པར། 

འབྲོག་པ་གཞོན་ནུ་དེས་ངས་གོང་ཚད་ཧ་མི་གོ་བས་མདུན་ཕྱོགས་ཀྱི་གྲོགས་པོ་དག་ལ་བཀའ་འདྲི་ཞུ་དགོས་ཟེར་ལ། ཁོ་ཚོ་བྲེལ་བ་ཆེ་བའི་དབང་གིས་རོགས་བྱེད་པར་ཁོམ་པ་མེད་ཀྱང་སྲིད། ཡང་ན་ཁོ་ཚོ་ཐག་རིང་དུ་ཕྱིན་ཚར་བས་ཁོ་རང་ཉིད་གཅིག་པུས་རོགས་རམ་འདྲ་བྱེད་ཐབས་མེད་པའི་ཟོལ་གྱིས་ཁོ་ཡུད་ཙམ་ལ་ཙོག་རྗེས་ཡར་ལངས་ཏེ་བུད་འགྲོ

ང་ཚོས་མཁྱེན་ཡོད་དེ་ཅང་མི་འགོར་བར་ཁོ་ཚོ་ཚང་མ་ཕྱིར་འཁོར་ནས་ཡོང་ངེས། མདུན་ཕྱོགས་སུ་སོང་ཚར་བའི་མི་དག་གིས་ཐག་མི་རིང་བའི་ས་ན་བྲེལ་བ་འཚུབ་འཚུབ་ཏུ་ཆེས་མཐའ་མཇུག་གི་སྤུན་ཟླ་དེའི་གནས་ཚུལ་ལ་སྒུག་ཡོད་པར་སྣང་། དངོས་འབྲེལ་ཅང་མ་འགོར་བར་འབྲོག་པ་ཚོ་ཡང་བསྐྱར་རྟ་ལ་ཞོན་ཏེ་སྔར་མོས་ལྟར་སྒྱིད་ལུག་དང་ལྷོད་ལྷོད་པོར་གོམ་སྟབས་སླར་ཡང་ང་ཚོའི་མིག་མདུན་དུ་མངོན་བྱུང་།

དེ་ནས་རྒན་པ་ཞིག་ཁ་མི་གྲག་པར་ལ་ངོར་ཙོག་པུར་བསྡད་བྱུང་བ་དང་། འབྲོག་པ་གཞན་དག་གིས་རྟ་རྣམས་ལ་ངོར་བཏང་རྗེས་མར་བབས། ཁོ་ཚོས་དགོན་པར་སྐོར་ཕྱག་བྱེད་པ་བཞིན་རླངས་འཁོར་ལ་སྐོར་བ་འགའ་བརྒྱབ་སྟེ་གནས་སྟངས་ལ་བཤེར་བ་དང་། དུས་མཉམ་དུ་ང་ཚོ་ལ་ལྟ་ཞིབ་སྒོས་ང་རང་ཚོའི་ངོ་མདོག་ཤོར་བའི་ཚད་དང་། ཐོབ་ཐང་ལ་ལྟ་ཞིབ་ཀྱིས་ང་ཚོ་རྩ་བ་ཉིད་ནས་ཆེས་ཐོག་མར་ནང་ལོགས་ནས་བོད་དུ་ཡོང་བའི་རྩྭ་ཐང་གི་འཚོ་བར་ཉམས་མྱོང་གང་ཡང་མེད་པའི་ཡུལ་སྐོར་བ་ཞིག་ཡིན་ནམ། ཡང་ན་ལོ་རེས་མོས་སུ་བོད་ཀྱི་ས་ཆ་ཀུན་ལ་གནས་སྐོར་བྱེད་པའི་འགྲོ་རྒྱུག་མཁན་དག་ཡིན་པར་ཚོད་བགམ་བྱེད་མོད།   དོན་དུ་ང་ཚོས་སྔོན་མ་ནས་ཁོ་ཚོ་ལ་རང་རྟོག་གིས་ཚོར་ཤེས་ཐུབ་པའི་བརྡ་འཕྲིན་སྐོར་ཞིག་འདོན་སྤྲོད་བྱས་ཚར་ཡོད་པ་ནི། ཐོག་མར་ང་ཚོས་ཁ་ལོ་བསྒྱུར་སའི་ཕྱོགས་དེ་རྣམ་ཀུན་ལྷ་ས་ནས་གནམ་མཚོ་ཕྱུག་མོའི་ཉག་ཁ་བརྒྱུད་པའི་ལྗོངས་རྒྱུའི་ལམ་ཐིག་གནད་ལ་ཁེལ་བ་དེ་མ་ཡིན་པར་གོ་ལྡོག་གི་གཞོགས་ངོས་གཞན་དེ་ནས་གནམ་མཚོ་ཕྱུག་མོ་བསྐོར་ཏེ་རྩྭ་ཐང་གི་ཕང་བ་ནས་བསྐོར་ཡོང་བ་ཡིན་པས། ལེ་དབར་སྟོང་གིས་ཆོད་ཅིང་སྐར་མ་ཐ་ཐོར་གྱི་ཚུལ་དུ་ཡོད་པའི་རུ་ནང་ནས་སྟེས་དབང་ལ་འབྲོག་ཁྱིམ་འགའི་ཤར་རླུང་རྟགས་ཅན་གྱི་ལྗིད་ཐེག་རླངས་འཁོར་རེ་ཕྱོགས་འདིར་ཕར་ཚུར་འགྲོ་ཡོང་སྲིད་ནའང་གཡག་མགོ་རྟགས་ཅན་གྱི་བྱེས་བགྲོད་རླངས་འཁོར་ཞིག་ཤིན་ཏུ་ཐོན་དཀའ་བ་དེ་དང་། ང་ཚོས་ཕྱི་རོལ་གྱི་མི་ལ་སྔར་ལས་ཆ་རྒྱུས་གང་ཡང་མེད་པའི་རྩྭ་ཐང་ཆེན་མོའི་སྟེང་ཉི་མ་མང་པོར་ལྗོངས་རྒྱུ་བྱས་ཡོད་པས།  ཁོ་ཚོས་རླངས་འཁོར་རྒྱབ་ལོགས་ཀྱི་ཨོང་སྒམ་ནང་ལྕགས་ཀྲིན་མང་པོ་དང་སྟབས་བདེ་ཐུག་པ། སིལ་ཁུ། མལ་ཆས་སྣ་ཚོགས། ལྗོངས་རྒྱུ་བའི་རྒྱབ་ཁུག རས་གུར་གྱི་ཁུག་མ། གོ་ལྭ་སོགས་ཡོད་པ་མཐོང་ཡོད་ཅིང་། ལག་ཆ་ཀུན་འཛོམས་དང་ཟས་རིགས་སྣ་མང་ཕོན་ཆེ་བ་འདི་དག་འབྲོག་པ་དག་གི་མིག་ལ་ཕལ་ཆེར་ང་ཚོ་གནས་འདི་གར་བསྐལ་བ་འཇིག་པའི་བར་དུ་འཚོ་གནས་རྒྱུན་སྐྱོང་ཐུབ་པར་སྙམ་ངེས།

ང་རང་འབྲོག་པ་དག་གི་ཞིབ་ཅིང་ཕྲ་བའི་ལྟ་ཞིབ་ཀྱི་ནུས་པར་ཡིད་ཆེས་པ་ནི།  ཁོ་ཚོས་ཐ་ན་ངེད་ཅག་གི་ཆེས་ཆུང་ཆུང་གི་འདེགས་ཆས་དེ་སྤྱོད་སྟབས་ཤིན་ཏུ་མི་བདེ་བར། ང་ཚོ་དཀའ་ངལ་གྱི་གནས་དེ་ལས་དུས་ཚོད་རིང་བོ་ཞིག་ལ་ཕྱིར་འབུད་མ་ཐུབ་པ་ཚོར་ངེས་ཏེ། ཕྱོགས་བཞིར་རྡོ་བཙལ་ནས་ང་ཚོའི་ཤེད་ཤུགས་མང་པོ་བརླགས་ཟིན་པ་ནི།  སྨི་བརྒྱ་ཕྲག་འགའི་ཕ་རོལ་ནས་རྒྱ་མ་བཅུ་ཕྲག་གི་ལྗིད་ཚད་ཅན་གྱི་ཁུ་ཚུར་ལས་ཆེ་བ་མེད་པའི་རྡོ་བ་དག་ཆུ་ཤོག་གིས་བཟོས་པའི་ཁུག་མའི་ནང་དུ་ཐེངས་རེ་རེ་བཞིན་འཁུར་ཡོང་ཞིང་། ཏུན་འགའ་ཡི་ལྗིད་ཚད་ཡོད་པའི་འཁོར་འདེགས་ཀྱི་རྡོ་བ་དག་བསྡུས་ཚར་རྗེས། རོ་གོག་གི་འདེགས་ཆས་སྤྱོད་གོ་མེད་པ་དང་མཚུངས་པར་ཅུང་ཙམ་སྒུལ་ནས་ཟུར་གང་ཡར་འདེགས་པ་དེ་ཡང་ནུ་ཞོ་གཞིབ་པ་བཞིན་གྱི་དཀའ་ལས་མྱངས་དགོས་ཡོད། ང་ཚོའི་ལག་པ་སྐྲངས་ནས་དམར་བོར་གྱུར་ཞིང་། ཚང་མའི་ལག་མཐིལ་དུ་ཚ་བེར་བེར་གྱི་ན་ཟུག་སྐྱེས་ཡོང་།འོན་ཀྱང་ཁོ་བོའི་བསམ་ཚོད་དུ་འབྲོག་པ་དག་ལ་མ་འབྱོར་བ་དེ་བརྡ་འཕྲིན་ལ་དབྱེ་ཞིབ་བྱེད་པའི་ནུས་པ་སྟེ།  ཁོ་ཚོས་མངོན་གསལ་དུ་མཐོང་སླ་བ་ཞིག་ལ་འདི་ཕྱོགས་ཀྱི་གཟུ་བོ་འཇམ་དབྱངས་ལ་ཁོ་ཚོ་ནང་བཞིན་གྱི་གདོང་དབྱིབས་དང་ཤ་རྩ་སྨུག་པ། ནུབ་ཁུལ་གྱི་འབྲོག་སྐད་ལྗིད་མོ་དེ་འདྲ་ལབ་ཀྱིན་པ་དེ་དང་། ལྷག་པར་དུ་ཁོ་ཚོས་ནུབ་ཁུལ་རྩྭ་ཐང་གི་རྫོང་ཁག་འགའ་བོ་དེ་རུ་འཇམ་དབྱངས་གང་སོང་ས་རུ་རྫོང་དཔོན་དང་ཧྲུའུ་ཅི་དག་གི་མགྲོན་པོ་གལ་ཆེན་ཡིན་པ་དེ་ཤེས་མི་སྲིད་པ་དེའོ།།

འཇམ་དབྱངས་མི་རྒན་དེའི་མདུན་ས་ནས་ཕྱིར་སླེབས་པ་དང་། ཁོས་འཛུམ་ཁ་གྲོལ་བཞིན་ང་ལ་བལྟས་ཏེ༼   ཁྱོས་བསམ་ན་ཁོ་ཚོར་སྒོར་ག་ཚོད་དགོས་རྒྱུ་རེད།  བཞི་བརྒྱ་དང་ལྔ་བཅུ༽  ཟེར་གྱིན་འདུག་ཅེས་བརྗོད་བྱུང་།

སྒོར་བཞི་བརྒྱ་དང་ལྔ་བཅུ་ནི་ལྷ་ས་ནས་མ་ཅྰང་རྩེད་དུས་ཤོར་ཐེངས་གཅིག་གི་གྱོང་དང་། གྲོགས་པོ་འགའ་ཟ་ཁང་དུ་མཉམ་འཛོམས་བྱ་དུས་ཀྱི་ཟས་རིན་ཉུང་ངུ་ཞིག་གམ་གཟའ་མཇུག་མཚན་མོའི་སྤྲོ་སྐྱིད་གླིང་དང་ཡང་ན་ཨར་ཁང་ནང་གི་སྤྱིར་བཏང་གི་འཛད་གྲོན་ཙམ་ལས་མིན་པ་དང་།  ཟླ་ངོ་གཅིག་རིང་ལ་རྩྭ་ཐང་དུ་འགྲུད་བསྐྱོད་བྱས་ཏེ་ཕྱིར་ལྷ་སར་ལོག་གྲབས་ཀྱི་སྐབས་འདི་ལའང་ང་ཚོའི་མགོ་སྦྲ་ལྟ་བུའི་སྐུ་ཞབས་འཇམ་དབྱངས་ཀྱི་དངུལ་ཁུག་ནང་དུ་ཟུར་འཇོག་གི་སྒོར་སྟོང་འགའ་ལྷག་ཡོད་མོད། དུས་སྐབས་འདི་ལ་འཇམ་དབྱངས་གཏོགས་པའི་ང་ཚོའི་ཁྲོད་ཀྱི་མི་སུ་ཡིན་ཡང་འབྲོག་པས་བཏོན་པའི་གླ་ཡོན་དེ་མཐོ་དྲགས་པ་ཚུལ་མཐུན་ཞིག་མ་ཡིན་པར་སྙམ། སྒོར་བཞི་བརྒྱ་དང་ལྔ་བཅུ་དེ་རྩྭ་ཐང་འདི་གའི་འབྲོག་པ་ཞིག་གི་ལོ་ཧྲིལ་བོ་གཅིག་རིང་གི་དངུལ་སྒོར་གྱི་ཡོང་སྒོ་ཡིན་པས་ན། ད་ལམ་ཆུ་ཚོད་ཁ་ཤས་རིང་གི་ལས་ཀ་ཁོ་ནས་འདི་ལྟའི་ཐོབ་ཆ་མཐོན་པོ་ལེན་པ་ནི། ང་ཚོ་ལ་བསྙད་བརྐོ་སྒྲོ་འདོགས་ཀྱིས་ཧམ་ཤེད་ཚད་པར་ཐེ་ཚོམ་མི་འདུག

གོང་བརྩེགས་པའི་གོ་རིམ་ཁྲོད་དུ་ང་ཚོས་དོ་ཟླས་ཐེངས་དང་པོ་བཏོན་པའི་གོང་ཚད་ལ་སེམས་ཁུར་བྱ་ཡི་མེད་པར། སེམས་ཁུར་ཆེ་ས་དེ་མཐའ་མཇུག་ཚོང་འགྲིག་དུས་ཁོ་ཚོས་ཅི་ཙམ་མར་ཕབ་རྒྱུ་དེ་ཡིན།

སྐྱེས་ས་འབྲོག་པ་ཡིན་པའི་འཇམ་དབྱངས་ཀྱིས་རྣམ་ཀུན་དབུགས་རིང་གཏོང་གིན། བོད་ཀྱི་འབྲོག་པ་དག་ནི་ཆེས་ཚོང་རྒྱག་མི་ཤེས་པ་དག་ཡིན་ཞེས་བརྗོད། 

རེབ་འདིའི་ཚོང་འགུག་གི་ཁྲོད་དུ་ང་ཚོས་དངོས་སུ་འབྲོག་པ་དག་གི་ཚོང་རྒྱག་པའི་མན་ངག་མཐོང་སོང་།

ཁྱོད་ཡིན་པའི་དབང་དུ་བཏང་ན། དུས་སྐབས་འདི་ལ་ཁྱེད་རང་གིས་ཐོག་དང་པོ་གོང་ཚད་ག་ཚོད་ཅིག་གཏམ་རྒྱུ་ཡིན་ནམ། གལ་སྲིད་ངས་ཐག་གཅོད་དགོས་པ་ཡིན་ན། ངའི་ཐོག་དང་པོ་གོང་ཚད་སྒོར་སུམ་ཅུ་ཙམ་གཏམ་ངེས་ཡིན་ལ། ངའི་གོང་ཚད་ཆེས་མཐོ་ཤོས་དེ་ཡང་སྒོར་བརྒྱ་ལས་བརྒལ་མི་སྲིད། 

འོན་ཀྱང་འབྲོག་པའི་གཤིས་ཀ་མ་དོར་བའི་ང་ཚོའི་མགོ་སྦྲ་ལྟ་བུའི་སྐུ་ཞབས་འཇམ་དབྱངས་ཀྱིས་ཐོག་དང་པོའི་གོང་གཏམ་ཚད་ག་འདྲ་ཞིག་ཡིན་པ་ཁྱེད་ཀྱིས་ཁེད་སྲིད་དམ།

སྒོར་བཞི་བརྒྱ།  

མྱུར་དུ་ཚོང་འགྲིག་ནི་བྱོས།

སྐུ་ཉིད་ནོར་སོང་། 

འབྲོག་པ་དག་གིས་གཏམ་པའི་གོང་ཚད་དེ་འགྱུར་བ་མེད་དེ། དངུལ་སྐར་གང་ཡར་སྣུར་མར་སྣུར་བྱ་རྒྱུའི་བསམ་བློ་གང་ཡང་མེད། 

སྒོར་བཞི་བརྒྱ་ཨེ། རྒན་པོ་དེ་ཞེ་མེར་བཞིན་མགོ་གཡུག་བྱུང་བ་ནི། རིན་འབབ་དེ་རྩ་བ་ནས་ཤོག་སྒོར་མིན་པར་སྤྱོད་གོ་ཅི་ཡང་མེད་པའི་རླུང་རྟའི་ཤོག་ལེབ་འགའ་ཡིན་པ་དང་མཚུངས། 

འབྲོག་པ་རྒན་པོ་དེའི་གདོང་ལ་སུན་ཙུར་དང་བཟོད་དཀའི་ཉམས་ཤིག་ཤར་བ། ཁོ་རང་རིན་གོང་བརྩེགས་པར་དགའ་མགུ་ཅུང་ཙམ་ཡང་མེད་པ་དེ་རེད། 

བདག་གིས། ཡང་ན་དེ་སྔོན་ཅང་མ་འགོར་བའི་སྔོན་ཏག་ཏག་ལ་འབྲོག་པ་འདི་ཚོས་དཀའ་ལས་གང་ཡང་མ་བརྒྱབ་པར་ནང་དུ་རྒྱལ་སྤྱིའི་ནོར་ཚོགས་ཀྱི་སྤྱི་གཉེར་བཞུགས་ཡོད་པའི་ཕྱི་རྒྱལ་གྱི་ཚོང་བདག་ཆེན་མོ་ཞིག་གི་རླངས་འཁོར་ང་ཚོ་ནང་བཞིན་དཀའ་ངལ་ལ་འཕྲད་ཡོད་པ་ཞིག་གི་ལག་ནས་ཁོ་ཚོས་བདེ་བླག་ངང་གླ་ཆ་གཡོ་ལེན་བྱས་པ་ཡིས། ད་གཟོད་ཁོ་ཚོའི་སེམས་ལ་རླངས་འཁོར་འདི་ལྟ་བུར་བསྡད་པའི་མི་དག་རིམ་པ་གཅིག་སྟེ་དངུལ་མཛོད་ཡང་གཅིག་པ་གཅིག་རྐྱང་བདག་གཉེར་བྱས་ཡོད་བསམ་པས་ཨེ་ཡིན་ན་སྙམ་བྱུང་། 

ཐ་ན་ཁོ་ཚོས་ཁ་གཡོར་ས་མང་པོ་བཙལ་ཏེ་རང་ཉིད་ཀྱིས་གཏམ་པའི་གོང་ཚད་ལ་འོས་མཐུན་གྱི་འགྲེལ་བཤད་རྒྱག་པར་མི་འདོད་དེ། གལ་སྲིད་ཁོང་ཅག་གིས།  ཁྱོད་ཀྱིས་བལྟོས་དང་། རླངས་འཁོར་འདི་འདམ་ལ་ཟུག་ཚད་ཉུང་ཉུང་ཞིག་མ་རེད་ཡ། ཁྱེད་ཚོར་སྦྱག་མ་དང་ཤིང་ལེབ་སོགས་ཅ་ལག་དགོས་ནའང་། མིག་སྔར་ཁྱེད་ཅག་གི་ལག་ན་གནས་པའི་ཅ་ལག་དག་གིས་དངོས་འབྲེལ་མི་ལོངས་པར་འདུག  མཐའ་མེད་པའི་རྩྭ་ཐང་འདི་རུ་ངེད་ཅག་ཕྱིར་ཁྱིམ་ལ་སོང་ནས་དེ་དག་འཁྱེར་ཡོང་དགོས་ཚེ་ལམ་ཐག་ཇི་འདྲའི་རིང་མོ་ཞིག་ཡིན་པ་ཁྱེད་ཅག་ལ་ལེ་གསལ། འདི་ཉིད་ལུག་གཅིག་འདམ་ལ་ཟུག་པ་དེ་ལེན་པ་མ་ཡིན་པར་ཏག་ཏག་ཁང་བ་གཅིག་སྟེ་ང་ཚོའི་སྦྲ་གུར་ནང་བཞིན་ཆེ། ལྷག་ཏུ་འདི་ཅི་ལྟའི་ལྗིད་པ་ཁྱེད་ཅག་གིས་མཁྱེན་ངེས། ཁྱོས་ལྟོས་ར། ས་འདིར་ཁ་པར་མེད་ལ། ཁྱེད་ཅག་གི་ལག་ན་གནས་པའི་ལག་འཁྱེར་ཁ་པར་དག་ལའང་གནས་འདི་གར་བརྡ་རྟགས་ལྐུག་ནས་ཡོད། ཁྱེད་ཅག་དེ་དགོང་ལྷ་སའི་རང་ཁྱིམ་ལ་འབྱོར་མ་ཐུབ་ན་ལས་ཁུངས་ཀྱི་མགོ་ཁྲིད་དང་ཁྱེད་ཅག་གི་ཁྱིམ་མི་དག་གིས་ཁྱེད་ཅག་ལ་འབྲེལ་བ་བྱེད་མ་ཐུབ་པར། དོན་དག་ཅིག་བྱུང་སོང་སྙམ་པའི་སེམས་ཁྲལ་གྱིས་ཀུན་ནས་གཟུར་ངེས། ཡང་གཅིག་བཤད་ན། གནས་འདི་ནི་འགྲོ་འོང་རྒྱུན་མི་ཆད་པའི་རྒྱལ་ཁབ་རིམ་པའི་གཞུང་ལམ་མ་ཡིན་པས་ན། ཉིན་འགའ་ལའང་རླངས་འཁོར་ཞིག་དང་འཕྲད་མི་སྲིད། ངེད་ཅག་སོང་རྗེས་སུ། ཐ་ན་མི་གཅིག་ལའང་ཡང་བསྐྱར་འཕྲད་མི་སྲིད།  དུས་དེར་སུ་ཞིག་ཡོང་ནས་ཁྱེད་ཅག་ལ་རོགས་རམ་བྱ་ངེས་སམ་ཞེས་བརྗོད་པ་དང་། གལ་སྲིད་ཁོང་ཅག་གིས་སྔར་ལས་ཤ་ཚ་ཆེ་མདོག་གིས་གནས་འདི་གར་ས་རུབ་རྗེས་སུ་རྩྭ་ཐང་རང་མཚན་སྨག་ཁྲོད་འཆི་བ་ནང་བཞིན་འཇིགས་སྐྲག་གིས་དམ་དུ་བཅིངས་པའི་སྣང་ཚུལ་དག་བཤད་པ་ཡིན་ན། བསམ་དབང་ཚོར་དབང་མེད་པར་ང་ཚོའི་དཔའ་ཞུམ་སྟེ་མཇུག་མཐར་གཉའ་སྒུར་སྒུར་གྱིས་སྒོར་ཁུག་བླངས་ཏེ་གླ་ཆ་སྤྲོད་སྲིད་དོ། །

གནས་ཚུལ་འདིས་ང་ལ་འཚོ་བ་ཤར་ཁུལ་དུ་གནས་བཅོས་ཀྱང་། ལྷ་སའི་བར་སྐོར་གླིང་གི་ཁྲོམ་སྲིང་དུ་ཧུར་པོ་ཡོད་པའི་ཁམས་པའི་མི་དག་དྲན་སོས་སུ་བཅུག

ཁོ་ཚོས་ཚོང་གཉེར་བྱེད་པའི་སྤྲོ་བ་དེ་ཚོང་བརྒྱབ་རྗེས་སུ་མེད་པར་རིན་གོང་བརྩེགས་པའི་གོ་རིམ་གྱི་ཁྲོད་དུ་ཡོད། ཕྱོགས་གཉིས་ཀྱི་རིན་གོང་གི་ཧེ་བག་དེ་ལྡབ་འགའ་དང་ཡང་ན་ལྡབ་བཅུ་ཕྲག་འགའ་ཡི་གནམ་སའི་ཁྱད་པར་ཡོད་དུས་སུའང་ཡ་མཚར་གྱི་སྣང་བ་དང་ཁོང་ཁྲོ་སྐྱེས་མི་སྲིད། ཁོ་ཚོས་སྒྲོ་འདོགས་ཡ་མཚར་བོའི་ཁ་ཕོ་ཁོ་ནས་ཕ་རོལ་བར་ཟུར་ཟ་བྱེད་དུས་སུ་བསམ་ངན་གང་ཡང་བཅངས་མེད་པར། གོང་བརྩེགས་པའི་གོ་རིམ་དེ་མི་གཉིས་ཀྱིས་ཁ་ཤགས་བཤད་པའི་གོ་རིམ་དུ་གཏང་ངེས་ཡིན། ཕྱོགས་གཉིས་ཀ་ཡིད་སེམས་མཐུན་པའི་ངང་སུན་པ་མེད་པར་གོང་ཚད་ཇེ་དམའ་རུ་གཏོང་། ཁམས་པ་བས་ཚོང་རྒྱག་དུས་རྣམ་ཀུན་ཁ་དཔེ་ཞིག་གླེང་སྤྲོ་བ་ནི༼མཐོན་པོའི་རི་བོ་དེ་ཏོག་ཙམ་དམའ་བར་སོང་ན།  རི་གཤམ་གྱི་མཛོ་མོ་དེ་མགྱོགས་པོར་འཛེགས་ངེས༽ཞེས་པ་དེ་ཡིན།              

དེ་ནས་རི་མཐོན་པོ་རིམ་པ་བཞིན་ཇེ་དམའ་རུ་གྱུར་བ་དང་། མཛོ་གཡག་གོམ་པ་རེ་རེ་བཞིན་ཡར་ལ་འགོས་ཏེ། མཐའ་མཇུག་ཕྱོགས་གཉིས་ཀ་ཡིད་འཐད་བྱུང་སྟེ་ལག་འཇུ་བྱས་ནས་རིན་གོང་གཏན་ལ་ཕབ་རྗེས། གཉིས་ཀ་ཉེ་སྔོན་རང་གིས་བཏོན་པའི་གོང་ཚད་ཀྱིས་རྐྱེན་པས་དབང་མེད་དུ་གད་མོ་ཤོར་ངེས། 

འཇམ་དབྱངས་ཀྱིས་༼ཨ། ངེད་ཅག་འབྲོག་པ་དག་འདི་འདྲ་ཞིག་ཡིན། རིན་གོང་བརྩེགས་མི་ཤེས། ཁོ་ཚོ་ཡར་འདེད་མར་འདེད་བྱས་ཏེ་མཐའ་མར་རང་ཉིད་མགོ་ཐོམ་པར་སྐྲག་བཞིན་ཡོད། ༽ཞེས་བརྗོད་ཡོང་།

བོད་པའི་ཁྲོད་དུ། རྩྭ་ཐང་གི་འབྲོག་པ་ཁོ་ནས་ནང་སེམས་ཀྱི་འདོད་རྔམས་དང་རང་ཉིད་ཀྱི་བློ་གཤིས་གཏིང་སར་སྦ་ཐུབ་ངེས།

ཕྱི་མིའི་མིག་ལམ་དུ་ཁོ་ཚོ་ནི་ཕྱི་རོལ་གྱི་འཇིག་རྟེན་ལ་འབྲེལ་ཐག་བཅད་པའི་ཀླ་ཀློ་ཡི་མི་ཞིག་ཏུ་ངེས་ཤེས་འདྲོང་སྲིད་ནའང་། ཁོ་ཚོ་ཟོལ་མེད་བབ་ཆགས་དང་རྣམ་དཀར་དགེ་ལས་ལ་སྤྲོ་བ། ཞི་དུལ་ངང་འཇམ། གླེན་རྟགས་ཚ་ལ་ཡིད་དུ་འོང་བ་ཞིག་ཡིན་པས། ཁོ་ཚོས་ཐབས་མཁས་ངང་ཁྱད་ཆོས་འདི་དག་བེད་སྤྱོད་ཤེས་པ། དཔེར་ན་རྩྭ་ཐང་ལ་ཐོག་མར་ཡོང་མཁན་གྱི་རྒྱ་མི་དག་གིས་ཧང་སངས་བཞིན་མཐོང་སྲིད་པ་ནི་འབྲོག་པ་དག་གིས་རྫོང་མཁར་གྱི་ཚོང་ཁང་ནང་དུ་དངོས་བོ་རྫ་རྫོར་མང་པོ་ཉོས་རྗེས། དངུལ་ཞུ་བས་ཚོང་རྫས་རེ་རེའི་རིན་གོང་བཤད་དེ་མཐའ་མཇུག་དངུལ་ག་ཚོད་ཅིག་སྤྲོད་དགོས་པ་བརྗོད་ཡོང་དུས། ཁོ་ཚོས་སྟོབས་ཀྱིས་རྒྱགས་པའི་དངུལ་ཁུག་ཕྱིར་ཕྱུང་སྟེ་ཕ་རོལ་བའི་ལག་ཏུ་བཞག་ནས། ༼ཨ་ཅེ་ལགས།   ཁྱོད་ཀྱིས་གྲངས་ཀ་ཇི་སྙེད་པ་ཞིག་ལབ་སྟེ་ང་མགོ་རྨོངས་པར་བཟོས་སོང་།  ཅི་འདྲ་དགོས་མིན་ཁྱོད་རང་གིས་ལོངས་ཤིག༽ཞེས་དངུལ་ཞུ་བ་རང་ཉིད་ལ་ག་ཚོད་ཅིག་ལེན་དགོས་པ་ལེན་དུ་འཇུག ཁོ་ཚོས་ནམ་ཡང་ཤེས་རྨོངས་དང་རིག་རྟུལ་བའི་ལས་ཀྱིས་ཕ་རོལ་བོར་སྐུལ་མ་དང་བསླུ་བྲིད་བྱས་ཏེ་རང་གི་འཇོན་ཐང་དང་ངོ་གདོང་དེ་སྟོན་པ་དང་། དེའི་རྗེས་སུ་ཕ་རོལ་བའི་ཞན་ཆ་དང་རྫུན་རྐུབ་རྡོལ་བཞིན་འགྲན་བསྡུར་ལས་རྣམ་པར་རྒྱལ་སྲིད། 

བཟོད་སྒོམ་དང་བློས་གཏོང་བྱ་ནུས་པ་དེ་མིའི་རང་རློམ་གྱི་འཛིན་ཚུལ་ཞིག་ཡིན་ལ།

ཕྱོགས་ག་གེ་མོའི་མཁྲེགས་འཛིན་དང་ཤི་འཐམ་རོ་འཐམ་བྱེད་ས་དེ་ཏག་ཏག་ཁོའི་ཉམས་རྒུད་ཀྱི་དོད་དེ་ཡིན།

དངོས་གོང་གི་འགྲན་རྩོད་དེ་འབྲོག་པའི་ལྷན་སྐྱེས་ཀྱི་ཞན་ས་སྟེ། ཁོ་ཚོར་གདོང་ཐད་དུ་དཔུང་འཇུག་བྱེད་པ་དང་གཡུལ་ས་བརྟན་སྲུང་བྱེད་པ་ལས་ཕྱིར་འགྲོ་སའི་ལམ་གང་ཡང་མེད། ཁོ་ཚོས་ཨུ་ཚུགས་ངང་གོང་མི་བརྩེགས་པ་དེའི་ཁྲོད་དུ་རང་ཉིད་ཀྱི་ལ་རྒྱར་སྲུང་སྐྱོབ་དང་རྒྱལ་ཁ་ལེན་གྱིན་ཡོད། 

ཚོང་གཏམ་ཐོག་མའི་ཁྲོད་གྲོས་ཁ་མ་ཡོང་བས་ཀྱང་། ཕྱོགས་གཉིས་ལ་འབྲེལ་བ་སྤུ་ཙམ་མེད་པར། རང་གི་འདོད་པ་ལྟར་འདུག་ནའང་། ཁོ་ཚོ་གནས་དེར་ཁ་བྲལ་རྒྱུར་མི་རྔམ་པར་ལྡོག་སྟེ་རྐང་བ་ཟུང་སྐྱིལ་ཀྲུང་དུ་ཨོང་དོ་ཐང་ལ་ཕབ་ནས་ཙོག་པུར་འདུག་པ། ཆེད་མངགས་འདི་གར་ཕེབས་ཏེ་རྩེད་མོར་བལྟ་བའི་ལྟད་མོ་བ་ཞིག་དང་མཚུངས་པར། ངེད་ཅག་གིས་རླངས་འཁོར་འདི་འདམ་ལས་ཨ་ལོག་རྒྱག་ཐུབ་པར་སྤྲོ་བ་དང་བཅས་ལྟད་མོ་བལྟ་ངེས་པ་དང་། 

ཡང་ན་ནི། ཁོ་ཚོ་གཡུལ་ལས་རྣམ་པར་རྒྱལ་བའི་མི་དག་གི་ཉམས་འགྱུར་དང་ལྡན་པའི་ངང་དལ་དལ་ལྷོད་ལྷོད་དུ་མཐའ་མར་ངེད་ཅག་འདམ་བག་གི་ཁྲོད་ནས་གོག་ཡོང་སྟེ་ཡང་བསྐྱར་གཟུ་བཤད་པའི་སྒྲོག་ཙེ་སྟེང་འཁོད་དེ་མགོ་འབུལ་ཞུ་བ་ལ་སྒུག་སྡོད་པར་ངེས།

སྐབས་དེ་དུས་ཁོ་ཚོས་ངེས་པར་དུ་རོམ་ཞིང་ཐུང་བའི་མཛུབ་གུ་ལྔ་ལྡན་གྱི་ལག་མཐིལ་དེ་ཡར་སློག་མར་སློག་བྱས་ཏེ་རིན་གོང་ལྡབ་གཅིག་གིས་མཐོ་རུ་གཏང་ངེས་ཡིན།

ང་ཚོ་ཡང་བྱིས་པ་ཞིག་ནང་བཞིན་སྤྲོ་ལངས་ཏེ། འགྲམ་པར་དབུགས་རྒྱག་གིན་འབྲོག་པ་དག་གིས་ཕྲན་བུའི་ཟུར་ཟའི་མིག་མདངས་འོག་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་གང་འཁྲབ་དགོས་པ་དེ་འདོད་པ་བཞིན་བསྟན། ཐ་ན་སྤྲོ་ཚིག་གིས་རླངས་འཁོར་གྱི་ཨོང་སྒམ་ལས་ཁུ་ཁོ་ཁུ་ལི་དང་གཏེར་ཆུ། ཁྲོག་ལེ། ལྕགས་དེམ་ལས་རླངས་པ་འཐིལ་འཐིལ་གྱི་ཆུ་ཁོལ་བླུགས་ཏེ་ཁོ་ཧྥེ་གཞུས། ཁྲ་ཁྲ་རིག་རིག་གི་འགྱིག་ཤོག་བཅུག་པའི་ཤ་སྐམ་དང་སྒོང་ཟས་ཐུམ་བུའི་ཁ་གཤགས་པ་དང་། རླངས་འཁོར་ནང་གི་རོལ་དབྱངས་ཀྱི་ཁ་ཕྱེ་སྟེ་གཞས་ཐག་མཆོད་ཀྱིན་ཕྱོགས་གཅིག་སར་ངལ་ལས་དང་གཅིག་སར་བཟའ་བཏུང་ལ་རོལ་བ་ནས་གྲོང་ཁྱེར་གྱི་མིའི་དངོས་པོའི་འབྱོར་བ་ངོམ་རྒྱུ་དེ་ཡུག་གཅིག་ཏུ་སྐབས་འདིའི་ངོ་ཚ་གཤག་བྱེད་དུ་བསྟན། 

གང་ལྟར། ང་ཚོ་སྔོན་ཆད་བོད་སའི་བགྲངས་ཀྱིས་མི་ལོངས་པའི་བགྲོད་ལམ་དུ་ཞུགས་མྱོང་བ་ནས་རླངས་འཁོར་གྱི་སྐྱོན་ཤོར་བའི་འགལ་རྐྱེན་ཇི་སྙེད་པ་ལས་གཡང་དུ་ལྷུང་བ་དང་ཁ་ལོ་སྒོར་བའི་ཉེན་ཁའི་གནས་ཚུལ་གང་མང་ལ་འཕྲད་མྱོང་ཡོད་ལ། ད་རེབ་ཀྱི་རྩྭ་ཐང་གི་འགྲུལ་བཞུད་འདིའི་ཁྲོད་དུའང་རླངས་འཁོར་འདམ་ལ་ཟུག་པ་ཐོག་དང་པོ་མིན་པར། སྔོན་དང་བསྡུར་ན་རེབ་འདི་ལ་དཀའ་ངལ་དེ་ཙམ་མ་བྱུང་བས་ན། ཁོ་ཆད་པའི་ངང་ལྗིད་འདེགས་ཡོ་ཆས་ལ་གཤེད་གཤེད་གཏོང་བཞིན་ཡང་བསྐྱར་ལུས་ཤུགས་མང་པོ་ཆུར་འཛའ་དགོས་པ་དང་དུས་འགྱངས་བྱ་དགོས་པ་ཙམ་གྱི་ང་ཚོས་མཇུག་མཐར་རླངས་འཁོར་འདམ་ཁྲོད་ནས་ལེན་ཐུབ་པ་སེམས་ན་ཁྲིག་ཁྲིག་ཡིན། 

ཉི་མ་རི་རྒྱབ་ཏུ་ནུབ་ནས་དུས་ཡུན་རིང་མོ་ཞིག་སོང་བ་དང་བསྟུན། བོད་ཀྱི་རྩྭ་ཐང་ཆེན་མོའི་ཤིན་ཏུ་རིང་བའི་ས་སྲོས་དེ་ཡང་དལ་བུར་སོང་ཞིང་། ཁོར་ར་ཁོར་ཡུག་རབ་རིབ་མག་མོག་ཏུ་གྱུར་ཏེ། གཟིམ་ལ་ཉེ་བའི་གནམ་མཐའི་ཡོལ་རས་ངོས་སུ་འོད་ཆེན་བཀྱེ་བའི་སྐར་མ་འགའ་རེ་འཆར་བར་བཟོས།

མཐར་ང་ཚོའི་རླངས་འཁོར་གྱི་འཁོར་ལོ་རྡེའུ་སྤུང་བའི་འདམ་རྫབ་ཀྱི་ཁྲོད་ཡར་ཕྱུང་ཐུབ་ཅིང་། སད་ལ་ཉེ་བའི་སྲོག་ཆགས་ཤིག་ནང་བཞིན་ཤུགས་ཟད་པའི་མགོ་བོ་དལ་གྱིས་ཡར་ལ་འགྱོགས་པར་བྱེད། མཐའ་མར་བརླན་ཅང་ཅང་གི་འཁོར་ལོ་ཡོངས་སུ་ཕྱིར་མངོན་ཏེ་རླངས་འཁོར་གྱི་རོ་ཁོག་ངོས་སྙོམས་སུ་བགྲངས་ལས་འདས་པའི་རྡོ་བ་དག་གི་སྟེང་དུ་བསྡད། འཁོར་རྗེས་སུའང་རྡོ་ཟེགས་ཀྱི་ལམ་བུ་ཤུར་མོ་ཞིག་འཐེན་ནས་ཡོད་པ་སྲ་མཁྲེགས་ཀྱི་བགྲོད་ལམ་ངོས་ལ་སྲིང་ནས་ཡོད།

ངོས་གཅིག་གི་འཁོར་ལོ་དག་ས་ཁར་བུད་མ་ཐག རྩྭ་ཐང་དུ་ཙོག་པུར་འདུག་པའི་འབྲོག་པ་ཚོས་ཁོ་ཚོའི་ལྟད་མོ་བལྟ་བཞིན་པའི་ལེ་ཚན་མཇུག་རྫོགས་སོང་། ཁོ་ཚོས་གྲོང་ཁྱེར་ནས་ཐོན་པའི་གོང་བརྩེགས་ཁ་མི་ཉན་པའི་སེར་སྣ་ཅན་གྱི་ཕུང་འདྲེ་ང་ཚོ་ལ་རྒྱལ་ཁ་འཐོབ་ཉེ་ཡོད་པ་ཤེས་ཡོད་པས། ཡང་བསྐྱར་ཚོང་གཏམ་པའི་ལས་ཀར་ཞུགས་མི་སྲིད། དེ་བས་ཁོ་ཚོ་ངེད་ཅག་གི་མདུན་སར་བཅར་ནས། ཧ་ཅང་གུས་ཞབས་ལྡན་པའི་ངང་ཁོ་ཚོས་ངེད་ཅག་གིས་ས་ལ་འཕང་ཟིན་པའི་བཏུང་ཆུའི་འགྱིག་དམ་དང་འགྱིག་ཁུག་དག་འཁྱེར་ཆོག་མིན་བཀའ་འདྲི་ཞུ།  གད་སྙིགས་འདི་དག་ངེད་ཅག་གིས་ཀྱང་རྩྭ་ཐང་དུ་འདོར་མི་སྲིད་པར། ས་འདི་དང་ཁ་འབྲལ་བའི་དུས་ལ་སྒམ་ནང་དུ་བླུགས་ཏེ་རླངས་འཁོར་དུ་འཇོག་ངེས་ཡིན། སྐབས་འདིའི་འབྲོག་པ་དག་གི་རེ་བ་དེ་ཁོ་ཚོའི་སྐྱེ་ཁམས་འདུ་ཤེས་ཀྱི་སྟེང་ནས་མ་ཡིན་པར་ཅ་དངོས་ཤིན་ཏུ་དཀོན་པའི་རྩྭ་ཐང་དུ་གྲོང་ཁྱེར་གྱི་མིས་ཤུལ་དུ་བཞག་པའི་གད་སྙིགས་དངོས་རྫས་གང་ཞིག་ཡིན་ཡང་ཁོ་ཚོར་མཚོན་ན་དགོས་མཁོ་ཅན་གྱི་དངོས་པོ་ཡིན་པ་ནི། ཁི་ཏ་སྦྱིན་ཤོག་དང་སྒམ་ཆུང་སྟོང་བ། དུ་སྒམ་སྟོང་བ། ཤོག་རྫར་ཆད་པོ་གཏོགས་པའི་དངོས་པོ་ཚང་མ་འབྲོག་ཁྱིམ་གྱི་བྱིས་པ་དག་གི་ཡིད་དུ་འོངས་པའི་རྩེད་ཆས་ཡིན། 

ང་ཚོས་གཏོང་ཕོད་ཆེ་བའི་ངང་ཁམ་རེ་གཉིས་ཙམ་ལས་འཐུང་མེད་པའི་གཏེར་ཆུ་དང་། ཕྱེད་ཀ་མ་གཏོགས་ཟོས་མེད་པའི་ཁྲོག་ལེ་བཅས་ཚང་མ་ཁོ་ཚོར་སྦྱིན་པ་ཡིན།

འབྲོག་པ་དག་གིས་དངོས་པོ་དེ་དག་འཁྱེར་བའི་ཚུལ་ནི་ངའི་བསམ་ཚོད་དུ་ཤིན་ཏུ་ནས་ཁོ་ཚོར་མཚོན་ན་དགྲ་ལག་ནས་ཐོབ་པའི་དངོས་རྫས་ཤིག་དང་འདྲ། ཁོ་ཚོ་སྔར་བཞིན་སྣང་དོགས་ཅི་ཡང་མེད་པར་ཁ་ཤུ་འདེབས་ཀྱིན་བག་ཡང་གི་གོམ་པ་སྤོ་བཞིན་ས་སྲོས་ཀྱི་ནང་དུ་འཐིམ་སོང་།

ཁོ་ཚོས་ཟླ་བ་འགའི་རིང་གི་ཡོང་སྒོ་ཤོར་ཟིན་ནའང་རང་ཉིད་ཀྱི་ལ་རྒྱ་འཆོར་མེད། 

གནམ་ངོ་ཡོངས་སུ་རུབ་སོང་། ང་ཚོ་ཡང་བསྐྱར་ལམ་ལ་ཆས་ཏེ་ཕྱིར་ལྷ་སར་ལོག་པའི་ལམ་དུ་ཞུགས། ཡང་ན་ང་ཚོ་ལྷ་སར་ཐོན་པའི་དུས་ཡུན་དེ་ཁོ་ཚོ་སྦྲ་གུར་གྱི་ནང་དུ་ཐོན་པའི་དུས་ཚོད་ལས་རིང་བོ་འཕྱི་མི་སྲིད་དེ། ཁོ་ཚོ་མུན་ནག་གི་ཁྲོད་དུ་ད་དུང་ལམ་ཐག་རིང་བོ་ཞིག་ལ་བསྐྱོད་དགོས། 

ལམ་ཁ་ཡོངས་སུ་ངས་རླངས་འཁོར་བསྐོར་བཞིན་འབྲོག་པ་ཚོ་ནམ་གུང་སྦྲ་ནང་དུ་ཐོན་པའི་སྐོར་ལ་བསམ་གཡེང་བྱས་པ་ཡིན་ཏེ། མཚན་མོར་ཧྲིལ་བོར་སྒུག་པའི་ཆུང་མས་མ་དགའ་བའི་ཉམས་ཀྱིས༼དུས་ཡུན་འདི་འདྲ་ཞིག་འགོར་ནས། ཁྱོད་ཅག་ས་གང་ཞིག་ལ་འཕྱན་པ་ཡིན༽ཞེས་འདྲི་ངེས་སྙམ། 

མཐའ་མེད་པའི་རྩྭ་ཐང་དུ་སྲང་ལམ་མེད་ལ་ཆང་ཁང་མེད་པ་དང་། ཚོང་ཁང་མེད་ལ་ལམ་སྒྲོན་མེད།  ཐ་ན་ཁང་བ་གཅིག་ཀྱང་མེད་ལ།  མིའི་གྲིབ་གཟུགས་ཤིག་ཀྱང་མེད་པས་་་་་

མཚན་མོར་དུས་ཡུན་འདི་འདྲ་ཞིག་འགོར་ནས། 

ཁྱེད་ཅག་ས་གང་ཞིག་ལ་འཕྱན་པ་ཡིན་ནམ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཀྲ་ཤིས་ཟླ་བའི་སྒྲུང་ཐུང་ཞིག་གི་འགྱུར།

2017-09-28 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།