གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མེ་རི་ཁའི་རྩོམ་པ་པོ་ཇོར་ཇེ་སན་ཏེ་སི་ལ2017ལོའི་དབྱིན་ཇིའི་མན་པུ་ཁེ་བྱ་དགའ་ཐོབ་པ།

2017-10-19 09:58:29 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

6955.jpeg

       ལོན་ཏོན་གྱི་ས་གནས་དུས་ཚོད་བྱས་པའི་ཟླ10བའི་ཚེས17ཉིན་གྱི་དགོང་མོའི་ཆུ་ཚོད8སྟེང་།  ད་ལོར་དགུང་ལོ58སོན་ཙམ་གྱི་ཨ་མེ་རི་ཁའི་སྒྲུང་གཏམ་རྩོམ་པ་པོ་ཇོར་ཇེ་སན་ཏེ་སི་ཡི་སྒྲུང་《རྣམ་ཤེས་སྲིད་པ་བར་དོར་འཁྱམས་པའི་ལིན་ཁིན》(Lincoln in the Bardo)ཞེས་པར 2017ལོའི་དབྱིན་ཇིའི་མན་པུ་ཁེ་རྩོམ་རིག་བྱ་དགའ་ཐོབ་པ་གསལ་བསྒྲགས་བྱས་ཡོད།  འདི་ཉིད 2014 ལོར་མན་པུ་ཁེ་རྩོམ་རིག་བྱ་དགའི་སྒྲིག་སྲོལ་གྱི་བཀག་སྡོམ་གློད་པ་ནས་ཨ་རིའི་རྩོམ་པ་པོར་ཐོབ་པའི་བྱ་དགའ་ཐེངས་གཉིས་པ་སྟེ།  སྔ་མ་ནི་ན་ནིང་བྱ་དགའ་ཐོབ་པའི་ཕུ་རོ་པུས་རེན(Paul Beatty)ལགས་ཡིན།

     ཨ་མེ་རི་ཁའི་རྩོམ་སྟེགས་སུ“ཁྱབ་བརྡལ་ཀློང་ཡངས་པའི་རྩོམ་པོའི་ཁྱུ་མཆོག”ཏུ་བསྔགས་པའི་རྩོམ་པ་པོ་ཇོར་ཇེ་སན་ཏེ་སི(George Saunders)2013ལོར་ཨ་མེ་རི་ཁའི《དུས་བབ》དུས་དེབ་སྟེང་གི་མི་སྣའི་མིང་ཐོ་ཁྲོད་བཀོད་པར།  ཁོང་ལ“རྣམ་ཀུན་དབྱིན་ཡིག་གི་ལམ་ནས་རྩོམ་འབྲིར་གཞོལ་མཁན་གྱི་ཨ་མེ་རི་ཁའི་སྒྲུང་ཐུང་རྩོམ་པ་པོ་ཆེས་ཡག་པོ ”ཞེས་དཔྱད་བརྗོད་གནང་ཡོད།  

     ཇོར་ཇེ་སན་ཏེ་སི་ནི1958ལོར་ཨ་མེ་རི་ཁའི་ཐྲེ་ཁི་ཟ་སི་མངའ་སྡེ་རུ་སྐུ་བལྟམས།   ད་ལྟ་གྲོང་ཁྱེར་ཉིག་ཡོར་གཞིས་སྡོད་བྱས་ཡོད། ད་ལྟའི་བར་དུ་སྒྲུང་ཐུང་ཕྱོགས་བསྒྲིགས་ཀྱི་དེབ་དྲུག་པར་སྐྲུན་བྱས་ཡོད་པར།  ཇོར་ཇེ་སན་ཏེ་སི་ཡི་སྙན་པའི་གྲགས་པ་དེ་ཡང་སྒྲུང་གཏམ་ཐུང་ངུ་ལས་འཛམ་གླིང་ལ་སྐད་གྲགས་ཆོད་པ་དང་། ཁོང་གི་སྒྲུང་ཐུང་དག་སྡིག་ཉེས་དང་དྲག་གཏུམ་གྱིས་ཁེངས་ནས་ཡོད་པ་ཞིག་ཡིན།                 

5600.png

     《རྣམ་ཤེས་སྲིད་པ་བར་དོར་འཁྱམས་པའི་ལིན་ཁིན》ཞེས་པ་དེ་ཇོར་ཇེ་སན་ཏེ་སི་ཡིས་བར་ལམ་གསར་དུ་བྲིས་པའི་སྒྲུང་རིང་ཞིག་ཡིན་པ་དང་། ཨ་རིའི་སྲིད་འཛིན་ཟུར་བ་ཡ་བྷོ་ཧན་ལིན་ཁིན་གྱི“གསང་རྣམ”ཞིག་སྒྲུང་གི་རྒྱབ་ལྗོངས་སུ་བཀོད་དེ།   སངས་རྒྱས་ཆོས་ལུགས་པའི“བར་དོ”ཡི་ངོ་བོ་སྲོག་ཤིང་བྱས་པའི་མཚར་སྒྲུང་ཞིག་ཡིན།  སྒྲུང་འདི2017ལོའི་ཟླ2པར་པར་སྐྲུན་བྱས་པ་ལ《ཨ་རིའི་ད་ལྟ་བ》ཡི་སྟེང་བྲིན་ཚད་ཆེས་མགྱོགས་པའི་སྒྲུང་དཔེ་བཅུ་ཡི་མིང་ཐོའི་ཁྲོད་ཚུད་ཡོད་པ་རེད།

     ཇོར་ཇེ་སན་ཏེ་སི་ཡིས་རང་ཉིད་ནང་བ་སངས་རྒྱས་པའི་དད་ལྡན་པ་ཞིག་ཏུ་བརྗོད་ཅིང་།《རྣམ་ཤེས་སྲིད་པ་བར་དོར་འཁྱམས་པའི་ལིན་ཁིན》ཞེས་པ་འདི་ཁོང་གིས་གྲོགས་པོ་དག་གི་ངག་ལས་ལིན་ཁིན་སྔོན་ཆད་དུར་ཁྲོད་དུ་སོང་ནས་ཐེངས་མང་པོར་རང་གི་གཅེས་ཕྲུག་གི་བེམ་རོར་འཐམ་པའི་ངག་སྒྲོས་ཤིག་ཐོས་མྱོང་བ་མི་ལོ20ཙམ་ལ་སེམས་ངོ་ནས་མ་དག་པ་དེ་གཞི་བྱས་ཏེ་བྲིས་པར་བརྗོད།

      སྒྲུང་ནང་དུ་གཅེས་ཕྲུག་ཝེ་ལི་ཡི་རྣམ་ཤེས་ཀྱིས་རང་གི་འཆི་བ་དེ་ངོས་ལེན་མ་འདོད་པར་དུར་ཁྲོད་དུ་བསྡད་དེ་ཕ་རྒན་གྱི་ཕེབས་འབྱོར་ལ་རེ་སྒུག་བྱས་པའི་སྐོར་བཀོད་ཡོད་ཅིང་།  སྒྲུང་ཧྲིལ་བོ་ཁ་བརྡའི་རྣམ་པ་ལྟར་བྲིས་ཡོད་ལ།  མཚམས་དང་མཚམས་སུ་ལོ་རྒྱུས་དང་གཏམ་རྒྱུད།  འཕྲིན་ཡིག་སོགས་ཁ་ཤས་བཀོད་ཡོད་པ་ཕན་ཚུན་འགལ་བ་ལྟག་སྤྲོད་དུ་གྱུར་ཡོད་ཅིང་།  ལ་ཤས་ཇོར་ཇེ་སན་ཏེ་སི་རང་ཉིད་ཀྱི་རྟོགས་བཟོ་བྱས་པའང་ཡོད་པ་རེད།

   《རྣམ་ཤེས་སྲིད་པ་བར་དོར་འཁྱམས་པའི་ལིན་ཁིན》ཏུ་ཇོར་ཇེ་སན་ཏེ་སི་ཡིས་བློ་ཡིད་ལས་འགོངས་པའི་སྒྱུ་རྩལ་མཚོན་ཐབས་ཤིག་ལ་ཚོད་ལྟ་བྱས་ཡོད་པས་ན།  དེང་གི་དུས་སུ་དངོས་ཡོད་གཙིགས་སུ་བཟུང་སྟེ་སྒྱུ་རྩལ་མཚོན་ཐབས་ཀྱི་ཡང་ཏིག་སྙིང་བོར་གཅར་བའི་སྔོན་བརྒལ་གྱི་བསམ་བློ་མཐའ་དག་གཉའ་ཆག་གི་བབས་སུ་འདེད་པའི་སྲ་མཁྲེགས་ཀྱི་འདུ་ཤེས་འཛིན་སྟངས་དེའི་སྒོ་ཟྭ་ཡོངས་སུ་གཏོར་བའི་རང་བཞིན་མངོན་ཡོད་པར་ཀུན་གྱིས་བརྗོད།

5655.jpg

    མན་པུ་ཁེ་རྩོམ་རིག་བྱ་དགའ་ནི་དེ་སྔ1968ལོར་དབུ་ཚུགས་པ་དང་།  ལོ་རེ་རེའི་དབྱིན་སྐད་ཀྱི་ཐོག་ནས་བརྩམས་པའི་སྒྲུང་རྩོམ་རེ་ལ་སྟེར་གྱིན་ཡོད།  ཐོག་མའི་དུས་སུ་དབྱིན་ཇི་དང་ཨེར་ལེན།  དབྱིན་མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་དབྱིན་ཡིག་ལམ་གྱི་གསར་རྩོམ་བརྩམས་ཆོས་ཁོ་ནར་སྟེར་བ་དེས།  དབྱིན་ཡིག་ལམ་གྱི་གསར་རྩོམ་ལ་གདེང་ཐོབ་ཆེན་པོ་ཡོད་པའི་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་རྩོམ་པ་པོ་དག་ལ་བྱ་དགའ་དེ་རེག་པའི་སྐལ་བ་དང་མི་ལྡན་ནའང་།  2014ལོར་མན་པུ་ཁེ་རྩོམ་རིག་བྱ་དགའི་སྒྲིག་སྲོལ་གྱི་བཀག་སྡོམ་གློད་དེ་ཨ་མེ་རི་ཁའི་རྩོམ་པ་པོ་དག་ཀྱང་བྱ་དགའ་དེའི་ཁུངས་སུ་དྲངས་པས་མན་པུ་ཁེ་རྩོམ་རིག་བྱ་དགའ་ཡི་ཁྱབས་ཁོངས་དང་ཁེ་གྲགས་སྔར་ལས་ཇེ་ཆེར་སོང་ཡོད་པ་རེད།  

4236.jpg

2017ལོར་མན་པུ་ཁེ་རྩོམ་རིག་བྱ་དགའི་འདེམས་གྲས་སུ་ཚུད་པའི་དབྱིན་ཇིའི་སྐད་ཀྱི་སྒྲུང་རིང་དག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།