གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེ་རྐང་གླིང་གི་རང་བདམས་སྙན་ངག་བཅུ།

2017-12-31 21:16:33 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

     IMG_9075.jpg

         རེ་རྐང་གླིང་།  དངོས་མིང་ལ་རྡོ་རྗེ་ཚེ་བརྟན།  ལོ་རབས་བདུན་ཅུ་བའི་དུས་མཇུག་ཏུ་མདོ་སྨད་རེབ་གོང་བྱང་ཆུབ་ཅེས་བྱ་བའི་གྲོང་ཚོའི་སྔགས་ཁྱིམ་ཞིག་ཏུ་སྐྱེས།  ཆུང་དུས་ནས་ཕ་དམ་པའི་ཁྲིད་སྟོན་འོག  ཡི་གེ་སྦྱོར་ཀློག་གི་ཀ་ངོ་ཙམ་འཕྲོད་ཅིང་།  སྐྱེས་རབས་སོ་བཞི་པ་དང་མདོ་མཛངས་བླུན་སོགས་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབས་གཏམ་རྒྱུད་དག་ཆུ་བཞུར་བཞུར་དུ་བརྗོད་ཐུབ་པ་དེས་ལོ་ན་ཆུང་ཡང་སྡེ་བ་དེའི་ནང་གཞན་གྱིས་བརྩི་བཀུར་ཐོབ་པ་ཅན་ཞིག་ཡིན།  ལོ་བདུན་གྱི་སྟེང་གྲོང་ཚོ་དེ་གའི་རྒྱལ་གཉེར་སློབ་ཆུང་དུ་ཞུགས་ཏེ་སྔ་ཕྱིར་ལོ་ངོ་བཅུ་གསུམ་ཙམ་ལ་སློབ་གྲྭ་འགྲིམས་ཤིང་། ༢༠༠༠ལོར་རྩེ་ཁོག་རྫོང་དུ་དགེ་རྒན་གྱི་ལས་ཀར་ཞུགས། ༢༠༠༤ལོར་རྨ་ལྷོ་གསར་འགྱུར་ཁང་དུ་ལས་གནས་སྤར་ཏེ་གསར་འགོད་པ་དང་།  རྩོམ་སྒྲིག་པ།  གཙོ་སྒྲིག་པ་བཅས་ཀྱི་ལས་ཀ་གཉེར་མུས་སུ་ཡོད་དོ། །

      ཆུང་དུས་ནས་ལྷན་སྐྱེས་སུ་མངའ་བའི་རི་མོའི་དུངས་པ་དེས་ནུབ་ཕྱོགས་ཀྱི་མཛེས་རིས་ལོ་རྒྱུས་དང་རི་མོའི་བྲིས་རྒྱུན་སོགས་ལ་སྦྱངས་པ་མི་དམན་པ་བྱས་ནའང་ཁོར་ཡུག་གི་རྐྱེན་པས་རི་མོ་གསར་རྩོམ་གྱི་ལས་ཀ་མཚམས་མི་འཇོག་ཐབས་མེད་བྱུང་སྟེ་རྩོམ་འབྲིའི་ལས་ལ་ཞུགས།  

       ཕ་ལགས་ཀྱི་མདུན་སར་ལྷ་སྒྲུང་དང་ལེགས་བཤད་མང་པོར་ཉན་པའི་བག་ཆགས་ཀྱིས་ཁོང་གི་རྩོམ་ཡིག་གང་ལའང་སྒྱུ་འཕྲུལ་གྱི་མཚོན་ཐབས་ཤིག་གནས་ཤིང་།  སྐབས་འགར་སྒྲུང་སོགས་འབྲི་དུས་སུ་བྱུང་རིམ་དང་གཏན་ཚིགས་ཀྱི་གསལ་ཁ་ཡོངས་སུ་གཏོར་རྒྱུར་དགའ་བ་དེ་ཁོས་ཡི་གེ་མི་ཤེས་པའི་མ་ལགས་ཀྱི་གནའ་གཏམ་བཤད་པའི་སྒྱུ་རྩལ་གྱི་མཚོན་ཐབས་ཤིག་ལ་སློབ་སྦྱོང་བྱས་པར་བརྗོད།    

     ཁོས་སྔོན་ཆད་བྲིས་པའི་སྒྱུ་འཕྲུལ་ལུགས་ཅན་གྱི་སྒྲུང་ཐུང་དག་མགོ་བཙེམས་ཀྱིས་༼བར་སྣང་གི་མགོ་འཁོར་ཕོ་བྲང༽ཞེས་དེབ་གཟུགས་སུ་ཕུད་པ་ལ་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྐར་ཆེན་ཞེས་པའི་གཞུང་ཕྱོགས་ཀྱི་བྱ་དགའ་ཞིག་ཀྱང་ཐོབ་ཡོད་མོད།  དེ་ལ་ཁོང་གིས་རྩོམ་པ་པོ་ཞིག་ལ་མཚོན་ན་ཀློག་པ་པོ་དག་གི་དགའ་བསུ་མ་ཐོབ་པར་གཞུང་གི་བྱ་དགའ་ལེན་པ་དེ་འགྲོ་ལུགས་ཙམ་ལས་ཅི་ཡང་མིན་པར་བརྗོད་ཅིང་།  ཁོ་རང་གི་རྩོམ་རིག་ལྟ་བའམ་ངེས་ཤེས་དེ་ཡང༢༠༡༠ལོ་ནས་རྟོག་པ་སད་པ་འདྲ་བ་ཞིག་ཏུ་བརྗོད།  གཞན་ལོ་ཙྰའི་དེབ་གཉིས་པར་དུ་བཏབ་མྱོང་།


                  

                         སེམས་ཀྱི་རི་རབ།

དེ་ནི    རྐང་གླིང་གིས་བརྩེ་དུང་སློང་བའི་སྒྲ་དབྱངས་ཀྱི་འཇིག་རྟེན་ཏེ

རང་ལས་ལྷག་པའི་སྒྱུ་རྩལ་གྱི་ལོངས་སྤྱོད་ཅིག་མེད་ས་ན

གཅེར་བུར་འདུག་པ་ནི་སྒྱིད་ལུག་གི་ལད་ཟློས་ཐེངས་ཤིག


འཚོ་བའི་ཕྱི་རོལ་གྱི་འཚོ་བ་དེའི་མྱོང་སྣང་ཁྲོད

དགའ་ས་ཡེ་ནས་མེད་ཅིང  སྐྱོ་སའང་སུའི་དོན་དུ་མ་ཤེས་པའི་དུས་སུ

ཁྱོད་ཀྱིས་རིགས་རྒྱུད་ཅིག་གི་དགོས་མཁོ་ལ

བུ་སྣོད་དང་མཚན་མ་སོགས་ཀྱི་དམར་ཁྲིད་ལྟ་བུའི་སློབ་སྟོན་བྱས་ནའང

རྐང་ལག་ཆ་ཚང་བའི་མི་ཞིག་གི་བྲོ་བ

བུད་མེད་ཀྱི་འཁོར་བ་སྣུམ་པའི་ཡུལ་ལྗོངས་སུ

གཏན་དུ་མི་མཛའ་བའི་གུ་ཡངས་ཤིག་ཏུ་གཏོགས


འདི་ནི    རིགས་ཤིག་སྟེ་རིགས་སུ་ཡང་མ་སྣང་བའི་འཇིག་རྟེན་ཞིག

ཇག་པ་ཚོ་བཀྲེས་སྐོམ་གྱིས་མནར་བའི་གནས་བབ་ཅིག

མིའམ་བྱིས་པ་ཚང་གི་ཤུགས་བསྟན་རྟོགས་པས

གསེར་དངུལ་གྱི་བཀོད་པས་ལྷ་མོ་ཞིག་གི་སྐྱོ་བ་ག་ལ་སངས


རང་གི་ཕྱིར་དུ་གྱང་ལྡེབས་སུ་མེ་ལོང་བཀལ་ཅིང

འཚོ་བ་ལྟ་བུའི་གྲིབ་མ་མང་པོ་ཞིག་ཀྱང

དེ་ལས་རྟོགས་ཤིང་དེ་ལས་འདས་སོང


སྒེའུ་ཁུང་ལས་འཕྲོས་པའི་ཟླ་འོད་ནི

ལུས་ངག་བཀྲུ་བའི་གཙང་དག་གི་ལག་པར་ངེས

རང་ཁོ་ན་བ་ཞིག་ཟླ་བ་དང་ལྷན་དུ་ཉལ་ན

ཆུ་བོ་ནི་བཙན་གྱིས་བཀྲུས་པའི་རྙོག་འཛིང་གི་མེ་ལོང་འདྲ


དེ་ལས་ཤེས་ཐུབ་པ་ནི

ཟླ་བ་དང་རང་ཉིད་ཀྱི་འཚོ་བའང་འདས་པར་རྟོགས་ཤིང

འཇིག་རྟེན་གྱིས་གསར་དུ་བཏོད་པའི་བཟོ་བཀོད་སྐོར་ཞིག

རྡོ་ཁང་ངམ་སྤྱིལ་བུ་གང་གི་རེག་བྱར་ཆགས


ཕྲག་དོག་ཤི་བའི་ཕྱི་རྗེས་སུ

ཁྱོད་ཀྱིས་བུད་མེད་ཚོའི་རྐང་རྗེས་སྣོམ་ལ 

དྲན་ཤེས་གཉིས་ཅན་གྱི་ལྗིད་ཚད་ཅིག

ལེགས་བཤད་ལྟ་བུའི་ལུང་བསྟན་དུ

ཕྱིར་དྲན་ཡང་ཡང་བྱས


དེ་ནས་བཟུང   མགོ་མཇུག་གང་རུང་ནས་བལྟས་ཀྱང

རང་ཁོ་ནའི  རང་ཉིད་ཀྱི་ཕྱིར་དུ

འཚོལ་བཞིན་པ་དེ་སྟོང་བཞིན་པ་རྟོགས་སོང་།  

                                                          July 11, 1999


                 ནོར་ཁྱུ་དང་རྟ་ཁྱུ། 

ནོར་ཁྱུ་གཤར་བའི་རྗེས་ན་འཇིག་རྟེན་པར་རྐང་རྗེས་མང

རྐང་རྗེས་ཀྱིས་ཁྱོད་ལ་ཕྱི་མའི་བགྲོད་ལམ་གནང་ཞིང

མུན་ནག་གི་རུམ་ཁ་ཕྱེས

ལུས་པོ་སྐྱ་ཐག་གེར་བ་ཞིག་ཀྲོང་ངེར་ལངས་ན

རྐང་རྗེས་ནི་བླ་རིའམ་གཞི་བདག་ཡིན

ཚེ་སྲོག་གི་གཅོང་སྐད་ཁོ་ནས

མཚན་མོ་ཤིན་ཏུ་རིང་བ་ཞིག་ཏུ་བསྒྱུར་བས

འཇིག་རྟེན་པ་སྔར་བས་རྐང་རྗེས་ལ་སེམས་ཁ་ཤོར


དྭངས་གཙང་གི་མིག་ལ  

ནག་ཐིག་ལྷུང་ཚར་བ་ནས

འཇིག་རྟེན་པ་ཤི་ན་སྙམ་ཞིང   

ཤི་བ་ནས་ཕྱིར་ལོག་མ་འདོད


རང་སེམས་ལ་རང་སྲོག་ཐེངས་ཤིག་བཅད་པའི་རྡོག་སྒྲ་དེ

འཇིག་རྟེན་གྱི་སྒེའུ་ཁུང་ལས     

རླུང་ཡན་གྱིས་ཕྱིར་བྲིད་པས

རྟ་ཁྱུའི་ཚོགས   

ཁྲེལ་གཞུང་གི་ཤིང་རྟར་བསྐྱོན་ནས

མདའ་མོ་བཞིན   

ནོར་ཁྱུའི་རྗེས་ལ་གཤར་བས

འཇིག་རྟེན་པར་རྐང་རྗེས་གསར་བ་བབས་ཤིང

བགྲོད་ལམ་ཡང་གསར་བ་ཐོབ


ཕྱིས་སུ   

མི་རྣམས་ཀྱིས་དེ་ལ་འཇིག་རྟེན་གསར་བ་ཞེས་བརྗོད།

                                               November 21, 1999


                         ལྷ་ས། སྙན་ཚོམ།

                        ལམ་ལ་ཆས་པ། 

ཞིག་རལ་དུ་གྱུར་བའི་གྱང་གོག་ཅིག་གི་ཉམས་ཞན་ལྟར   

ཙོང་ཁའི་སློག་པ་སྔ་ས་ནས་ཕུད་དེ  

ཤིག་དང་སྲོ་མང་ལ་སྐྲག་ཉེས་ཀྱིས   

ད་ནི  སྐྱག་སྦྲང་དང་འབུ་ནག་གིས་ཟོས་ཚར་བའི་ཁྱོད་ཀྱི་ཡོད་ཚད  

ལྗན་ལྗིན་གྱི་ཆུ་བོ་ཞིག་གིས    

རྣམ་ཤེས་ཀྱི་གློ་སྙིང་རྦད་དེ་བཟུང་ནས་གཉིད་འདུག  


ཐོ་རེངས་ཀྱི་བྱ་སྐད་དེས   

ལོ་རྒྱུས་ཀྱི་རྨི་ལམ་གཟིམ་པས  

ན་ཟུག་གི་རྡོག་ཁྲེས་འཁུར་བའི་མུ་ལྟོ་བ་ཁྱོད་རང  

ལམ་ལ་ཆས་རན  


བསམ་གཞིགས་ཀྱི་སྐྲ་ལོར་མདུད་པ་ལན་གསུམ་དཀྲིས་རྗེས  

ཁྱོད་ཀྱིས་རུལ་སུངས་ཀྱི་གཟུགས་གཞི་མངའ་བའི   

སྨད་ཚོང་མའི་བརླ་སྒོར་སྟེང་གི་ངལ་བས་དུབ་པའི་སྐྱུར་དྲི་དེ་ལ  

ཨུ་ཚུགས་ཀྱིས་གད་དར་ཐེངས་ཤིག་བྱེད་འོས 

ཁྱོད་ཀྱིས་འཚོ་བའི་རྨང་རྡོ་ཉིལ་བའི   

གྲྭ་ལྡོམ་དེས་ཚིལ་དྲེག་ཆགས་པའི་ཁུག་མའི་ནང་གི་སྒོར་རྡོག་དེ་ལ  

བཙན་གཤེར་གྱིས་ཚང་བརྩིས་ཐེངས་ཤིག་བྱེད་འོས   


དེ་ནི་ས་མཚམས་ཤིག་ནས་ཡུལ་ཕྱོགས་གཞན་ཞིག་ལ་ཆས་པའི་སྟ་གོན་དང་པོ་སྟེ  

དངུལ་མདོག་གི་ཉི་མའི་ཁྱོད་ཀྱི་མདུན་ནས་བསུས་ཤིང  

སྔོ་མདོག་གི་གཙང་བོས་ཁྱོད་ཀྱི་རྒྱབ་ནས་དེད་པས 

སྐྱེངས་ཟོལ་གྱིས་འཁུམས་པའི་ཟླ་བ་དམར་པོ་དེས་ཀྱང 

ཁྱོད་རང་གྲོང་ཁྱེར་ཆེན་པོ་འདིའི་མི་གྲངས་ཀྱི་གྲས་སུ་ཡོད་ནའང  

ཁྱོད་ཀྱི་རྣམ་ཤེས

སྔར་གྱི་ནས་ཡུལ་ཕྱོགས་གཞན་ཞིག་གིས་བདག་གིར་བཟུང་བའི

མནོ་བསམ་གྱི་ཕྱོགས་ལ་ཕྲག་དོག་བྱེད་ཀྱིན་འདུག  ལྷ་ས། 


                    འགྲུད་བཞུད་ཀྱི་ལམ། 

བྱིས་པའི་དྭངས་གཙང་གི་བསམ་བློ་མངའ་བའི་རྟ་རྒན་ཞིག་ལ་ཞོན་ནས  

ལམ་ལ་ཆས་པ་ནས  

རི་བོ་ནི་རླུང་དམར་གྱིས་དེད་པའི་རི་དྭགས་རྨས་མ་ཞིག་བཞིན  

འདུར་བཞིན་འདུར་བཞིན  རྗེས་སུ་རྒྱུག་ལ  

རྒྱང་ཐག་གིས་བཅད་པའི་ནམ་མཁའ་ཧྲིལ་བོ་དེ 

རང་དང་ཁ་ཐག་ཇེ་ཉེ་རུ་འགྲོ་བའི་སྣང་བ་སྟེར   


སྐབས་སྐབས་སུ  བྱིས་བློའི་དྲི་མ་ཡལ་བའི་རྟ་རྒན་དེ  

ཚོད་ཚོད་ལ་ལྡོག་བཞུར་གྱི་གཙང་བོའི་མཐའ་ལ་རྒྱུག་པས 

ཁྱོད་ཀྱིས་ད་ལྟའི་བར་མཐོང་མ་མྱོང་ལ  

ཕྱིས་འབྱུང་ཅིས་ཀྱང་རིག་དགོས་པའི་སྣང་བརྙན་དག་མཐོང་བྱུང   

སྒམ་བརླིང་གི་ཕྱག་འཚལ་བ་རེ་རེའི་བེམ་པོ་དེ 

སྣུམ་ཡུག་ཡུག་གི་རྒྱ་ལམ་ཞིག་དང་དབྱེར་མེད་པར  

ཁྱོད་ཀྱི་མདུན་ཕྱོགས་སུ་མངོན་པའི་དུས་སུ  

ཁྱོད་ཀྱི་བྲེལ་བྲེལ་གྱི་རྐང་མར་ལ་ཟུག་པའི་འཚུབ་ཆ་དེ་དང 

གོམ་འགྲོས་དེ་ལ  སྙིང་བོ་ཅི་ཡོད་སྒོམ 


དེ་ནི་དུས་བབ་ཀྱི་ཁ་དབུགས་ཁོ་ནས  

འདས་ཤིང་རྨས་པའི་བཙན་པོ་དེས་རུས་པ་དང་ཡང་འདྲ་ལ  

སྲ་མཁྲེགས་ཀྱི་སྲོལ་རྒྱུན་བཙན་པོས  

གཅུན་ཞིང་བརླགས་པའི་སྤྲང་ཀོག་དེ་ཡི་བྲང་གཞུང་ལའང་ཅིས་མི་གོ  

[ ལྷ་ས་ནི་སྨུག་ལོང་བན་བུན་ཁྲོད་ཀྱི་ཁང་རྩེག་དེ་མིན་པར་སྨོན ]  


མདུན་ཕྱོགས་ཀྱི་འོད་སྟོང་འབར་བའི་ཞིང་ཁམས་དེ  

ཁྱོད་རང་གི་ཟུངས་ཁྲག་གིས་བྲིས་པའི་བཙན་རྫོང་ཞིག་ཡིན་ན  

རྐང་རྗེས་མཐའ་དག་ལ་འཁྱིལ་བའི་དམག་འཁྲུག་གི་བྱུང་བ་རེ་རེ་ཡང   

ཁྱོད་ཀྱིས་བསླངས་ཤིང་ཁྱོད་ཀྱིས་འདུམས་པས  

ཕུག་རོན་གྱིས་འཁུར་བའི་ལོ་མ་རྐང་གཅིག་གི་དོན་དུ  

ཁྱོད་ཀྱིས་རྐང་སྣམ་བརླ་རྩར་བརྫེས་ཏེ  

ཆུ་གཞུང་དུ་འཐིམ་ཟིན་པའི་དཔྱངས་ཟམ་དེ་ཡོད་མེད་ལ 

སྔོག་བཤེར་བྱེད་དགོས་རྒྱུའི་རྒྱུ་མཚན་ཅི་ལ་ཡོད  ལྷ་ས།    

[ ལྷ་ས་ནི་ལྟེ་ཐག་མ་ཆད་པའི་ཁྱེའུ་ཆུང་ཆུང་ཞིག་རེད ] 


                 སྒྱུ་འཕྲུལ་གྱི་སེམས་བྱུང་། 

སིང་སིང་གི་དུང་བརྡ་ཅིག་གིས 

ལྷ་སའི་མངལ་གྱི་ལྟོ་བ་ནས  

བུ་ཕྲུག་ཅིག་ཨག་སྐད་དང་བཅས་ས་ལ་ལྷུང་སོང 


ངལ་རྩོལ་བ་མཐའ་དག་གིས་གདོང་བ་དམར་པོར་འགྱུར་གྱིན 

ཁྱོད་ཀྱི་ཕྱོགས་ལ་རྒྱང་ལྟ་རེ་བྱས་རྗེས  

ལོ་རྒྱུས་ཀྱི་གསང་རྒྱ་གཏོར་བའི་སྒམ་ཚུགས་ཀྱིས  

དུར་ཁུང་གི་སྒོ་ལ་སྒག་ཟྭ་དམ་པོར་སྦྱར 


ཆུ་ཞབས་སུ་ལྷིང་འཇགས་ཀྱིས་འཚོ་བའི་རྡོ་བ་ལྗང་ཁུ་དེའི་རིགས  

ཐོའུ་བཏང་བའི་མེ་ཏོག་ཅིག་གི་རང་བཞིན་ལྟར  

ཁྱོད་ཀྱི་ངོ་གདོང་ནས་བཞད་པས  

ཁྱོད་ཀྱི་དྭངས་གཙང་གི་རང་བཞིན་དེ་སུ་ཡིས་ནོགས 


ཡིན་ན་ཡང  

ཁ་རས་བརྒྱབ་པའི་བུད་མེད་ཅིག  

ང་རྒྱལ་དང་བཅས་ཁྱོད་ཀྱི་མདུན་ནས་བུད་དེ  

ཁྱོད་ནི་མོའི་དགོས་མཁོའི་ཆེད་དུ་བསྐྲུན་པའི  

རང་དབང་གི་རྩེད་ར་དེ་རེད་ཟེར  


རླུང་འཚུབ་ཅིག་ག་ནས་ཡོང་བའང་མ་ཤེས་པར  

ཡིད་སེམས་ཀྱི་གཙང་བོ་ལྕུག་ལྕུག་བསྒུལ་ཅིང  

ལྷོ་རུ་བསྒྲིགས་པའི་ཁྲུང་ཁྲུང་གི་སྟར་ཕྲེང་བཅད་པས 

པོ་ཏ་ལ་ཡིས་ར་བཟི་གྱུར་བའི་རྒན་པོ་ཞིག་གི་རང་བཞིན་ལྟར  

བདག་གི་མདུན་ཕྱོགས་ནས་མངོན་ཏེ  

མཐོ་སར་སྙེག་གིན་པའི་མི་ཆེན་ཞིག་ལ་ལྟ་ཀིན 

ངའི་ཕོ་བ་ལྟོགས་བྱུང་ཞེས་སྐད་ཅོར་རྒྱག་ལ  

ངའི་མཚན་མ་ན་བྱུང་ཞེས་སྨྲེ་ངག་འདོན 


དུག་སྦྲུལ་ཞིག་བཞིན་ལྷ་སར་ནུར་གྱིན་པའི་བདག་གི་སེམས་པ  

གོམ་ཞེང་ཆེན་པོས་ཁྱོད་སར་བསྙེགས་ཏེ   

ཧམ་སེམས་ཀྱིས་མདུན་ལ་ཐོན་དུས་སུ  

ཁྱེད་ཀྱིས་སེར་ཁ་གས་པའི་ལག་པ་ཆེན་པོ་དེ  

བདག་གི་མདུན་ལ་གཡུགས་ནས  

ཨ་མདོ་བ  སྤ་སེ་ག་རེ་ཟེར   


ང་དངོས་ནས་ཁྱོད་དང་བཅས་པའི་ཡོད་ཚད་ཅིག་ལ་ཡིད་ཆད་སོང  

ཡིད་ཆད་པའི་ཚོར་བ་འདི  

སུ་གང་ཞིག་ལའང་བརྗོད་ཐབས་མི་འདུག  ལྷ་ས།


                      པོ་ཏ་ལའི་འཛུམ་ཞལ། 

གླེགས་བམ་རེ་རེ་དང་མཚུངས་པའི  

གཞུང་སྒྲུབ་ཁང་རེ་རེའི་སྒོ་གླེགས་དག 

པོ་ཏ་ལའི་མདུན་ངོས་སུ་བཀྲམས་དུས 

པོ་ཏ་ལ་ནི་ལོ་ན་ཕྲ་བའི་བཙུན་པ་ཞིག་ཅི་བཞིན   

ཅི་ཞིག་ལ་བློ་རྒྱུགས་སྤྲོད་པའི་འཇིགས་ཉམས་ཀྱིས  

མིག་ཟུང་རིག་རིག་གིས  

འཕོངས་ཚོས་ཕ་བོང་འཁྱགས་པ་ཞིག་གི་སྟེང་ལ་བཞག་སྟེ  

རྒྱ་ཡིག་ཁ་ཤས་བློར་སྐྱོར་གྱིན་འདུག 


སྨྲ་བ་ཉུང་བའི་མཇལ་བ་ཚོ  

ཁྱོད་ཀྱི་མདོག་སྣ་ཚོགས་ཀྱི་ངོ་གདོང་ལ་ཡུན་རིང་ཅེར་མཐར  

མགོ་བོ་བསྒུར་ཏེ་གསོལ་བ་འདེབས་ཀྱིན 

བདག་གི་བུ་ཕྲུག་འདི་ཡང     ཁྱོད་ལྟ་བུའི   

བློ་གྲོས་དང་དཔའ་སྟོབས་ཀྱིས་ཁེངས་པ་ཞིག་ཡིན་དགོས་ཞེས  

སྙིང་ནས་ཞུ་བ་བྱས་ནའང  

ཁྱོད་ཀྱིས་ནི རང་གི་ཚོས་ཀྱིས་བརྒྱན་པའི་ངོ་གདོང་དེ་སྟོན་གྱིན  

བདག་གི་གདོང་ངོས་ཀྱི་རྨ་ཤུལ་འདི་དག་ལ་ལྟོས་དང  

སྡུག་བསྔལ་གྱི་ཕ་མཐར་གནས་པའི་དག་ཞིང་ནི  

རྟ་རྒོད་ཁྲི་སྟོང་གི་རྨིག་རྗེས་བཟོས་པའི་ལོ་རྒྱུས་ཀྱི་གོད་ཆགས་ཙམ་དུ   

ཁྱོད་ལ་དགོས་རྒྱུའི་ནང་དོན་གང་ཡང་མེད  

དེ་བས་ཕར་ཕྱོགས་ཀྱི་སྨུག་པ་སངས་པའི་ཇོ་ཁང་ཆེན་མོར་གཟིགས་དང  

དེ་ནི་ཐར་བའི་ལམ་རེད་ཅེས  

བོད་པ་གཞན་ཞིག་ལའང་བརྗོད་སྲིད་པའི་སྐད་ཆ་དེ་བཤད་བྱུང  


ཡིད་ཆད་དང་སྐྱོ་ངལ་གྱིས་དུབ་པའི་ན་བུན་དེའི་ཕྱིར་དུ 

གངས་རིའི་རྩེ་མོ་ན་འབར་གྱིན་པའི་མཆོད་མེ་དག་རེ་ཞིག་གཟིམ་པར་ཅི་ལ་སྐྱོན 


རྫ་ཁོག་ཏུ་ཆང་སེར་བསྙལ་ནས་ལོ་མང་འགོར་བའི་ད་ལྟ 

སུ་ཞིག་བར་སྐོར་ལ་སོང་ནས     ཆང་ཉོའམ་ཞེས་སྐད་བརྒྱབ་ན  

འབོལ་ཁྲིར་སྙེ་བའི་པོ་ཏ་ལས    ཁྲེལ་དགོད་ལྷང་ལྷང་གིས  

ཀྭ་ཡེ  མི་བུ་ཐ་ཤལ་བ  

ཁྱོད་ཀྱིས་ལྷ་སའི་སྦི་རག་བཙོང་སའི་བཟོ་གྲྭ་དག་གི་སྒོ་རྒྱག་རྩིས་རེད་པས  

ཆང་གར་གང་ཞབས་བཏེགས་བརྒྱབ་རྗེས  

རང་ཉིད་གང་ནས་འོང་བ་དེ་ལ་ཕྱིར་སོང་ཟེར  


ནམ་གོང་ཐོལ་གྱིས་སད་ནས་ཁྱོད་ཕྱོགས་ལ་བསམ་གཞིགས་རེ་བྱས་ན  

པོ་ཏ་ལའི་མངལ་གྱི་ལྟོ་བ་ན  

ཤི་རྨས་ཐེབས་པའི་ནལ་བུ་ཇི་འདྲའི་མངའང  ལྷ་ས།  


                       གྱེས་ཕྱག 

གལ་ཏེ     ཁྱོད་རང་ཁོ་ལག་རྫོགས་པའི་མཛེས་མ་ཞིག་ཡིན་ན  

ངས་འཇམ་པོའི་མཆུ་སྒྲོས་ཀྱིས་བརྩེ་བའི་དོད་དུ 

ཁྱོད་ལ་འོ་ཞིག་བྱས་ན་འགྲིག་མོད 

ཁྱོད་ཀྱི་མཛེས་སྡུག་ནི་ག་རེ  


གལ་ཏེ  ཁྱོད་རང་སྟོབས་ཀྱིས་རྒྱག་པའི་དཔའ་རྒོད་ཅིག་ཡིན་ན  

ངས་སྤྲིན་དཀར་ཐོད་དུ་བཅངས་ཤིང་ས་གཞི་འདོམས་ཀྱིས་བཅད་དེ

ཁྱོད་ལ་རྒྱང་ཕྱག་རིང་མོ་ཞིག་འཚལ་ན་འགྲིག་མོད   

ཁྱོད་ཀྱི་དཔའ་སྟོབས་ནི་ག་རེ   


གལ་ཏེ  ཁྱོད་རང་རྨི་ལམ་གྱི་མཛེས་པ་རྫོགས་པའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་ན  

ངས་ཡིད་སེམས་ཀྱི་བྱ་ལམ་ཡངས་པོ་མདུན་དུ་བསུས་ནས  

ཁྱོད་ཕྱོགས་ལ་གོམ་ཁ་བསྒྱུར་ན་འགྲིག་མོད  

ཁྱོད་ཀྱི་བྱིན་རླབས་ནི་ག་རེ  


སྙིང་དང་དེ་ལས་ཉེ་བ་མེད་པའི་ཉི་མ་ལྷ་ས་ཡ  

ཁྱོད་ཀྱི་རང་དབང་གི་ཉི་མ་དེ  

ནམ་ཞིག་གི་ཚེ་ན་སྐུད་པ་ཆད་པའི་དབུགས་ལྒང་བཞིན  

མཁའ་ལ་སྙེག་དུས་སུ 

ཁྱོད་ཀྱིས་བདག་གི་ཕྱོགས་སུ་ཉེན་བརྡ་གཏོང་ངམ  

དེ་ནི   བདག་གིས་ཁྱོད་ལ་ཕུལ་བའི་གུས་ཕྱག་ཀྱང་དེ་ཡིན  ལྷ་ས།   

                                                               May 18, 2006


                 རྫ་བུམ་ནག་པོ། 

རྨི་ལམ་དུ  གླུ་ལེན་ཤེས་པའི་གཙང་བོ་ཞིག

ཡུན་རིང་ལ་འཕག་འཚག་བྱས་རྗེས

ཕྱི་དབྱིབས་མཛེས་པའི་རྫ་བུམ་ཞིག་ཏུ་གྱུར་སོང

རྫ་བུམ་དེས་སླར་ཡང་འཕག་འཚག་འགའ་བྱས་རྗེས

གས་ཆག་ཏུ་གྱུར་ཅིང

དབྱིབས་མི་འདྲ་བའི་དངོས་པོ་མང་པོ་མང་པོ་ཞིག་ཏུ་གྱུར་སོང


འགྱུར་བ་སྣ་ཚོགས་ཀྱི་རང་བཞིན་གསལ་བའི་དངོས་པོ་དེ་དག

གས་ཆག་ནས་གས་ཆག་ཏུ་གྱུར་ཅིང

གཟུགས་ཅན་གྱི་འགྱུར་བའི་གཏན་ཚིགས་ཀྱི་ཆོས་ཉིད་ལྟར

མིག་ཤས་ཀྱང་མཐོང་དཀའ་བའི་དུས་སུ

ང་ཡང་གས་ཆག་དེའི་ཁྲོད་ཀྱི་ཕྲ་ཕུང་ཞིག་ཏུ་གྱུར་སོང


སྐབས་འདིའི་རྫ་བུམ་ནི་རང་ཉིད་རེད་ལ

གཙང་བོའང་རང་ཉིད་རེད   ཐ་ན་གླུ་སྐད་ཀྱང་རང་ཉིད་རེད

ཆུ་གཞུང་ལ་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་ལྷུང་གིན

ཚེ་སྲོག་གི་དོན་སྙིང་ཡོད་ཚད་སྟོང་བཞིན་པའི་དགུན་ཁའི་དུས་ཚིགས་ཤིག་ལ

ངས་འཁྱག་སིབ་སིབ་ཀྱི་ཆུ་བོ་ཞིག་ལ་ལག་པ་བསྲིངས་ནས

རང་གི་ངོ་གདོང་དེ་གཙང་མར་བཀྲུ་བསམ་དུས

མེ་ལོང་ལྟ་བུའི་ཆུ་བོ་དེ་ལས

འདར་སིག་སིག་གི་རང་ཉིད་ཀྱི་ངོ་གདོང་དེ་མཐོང་བྱུང

ངོ་གདོང་དེས་ང་ལ་རྫ་བུམ་ནག་པོའི་སྐོར་གྱི་རྨི་ལམ་དེ་དྲན་དུ་བཅུག་བྱུང

རྨི་ལམ་དང་དྲན་ཤེས   ཆུ་བོ་དང་རྫ་བུམ

རང་ཉིད་ཀྱི་ངོ་གདོང་དག་གི་བར་ལ་ཡང་སྙིང་འབྲེལ་བ་ཅི་ཞིག་གནས་སམ


སྐབས་འདིར   ངས་རང་ཉིད་ནི

རྨི་ལམ་ནང་གི་རྫ་བུམ་ནག་པོ་དེ་ཡིན་ནམ

ཡང་ན་ཆུའི་ནང་དུ་ཤར་བའི

ངོ་གདོང་འཁྱག་པོ་དེ་ཡིན་པའི་སྐོར་ལ་བསམ་གཞིག་བྱས


དྲང་མོར་བཤད་ན

ང་ནི་སྒྱུ་འཕྲུལ་གྱི་རྨི་ལམ་དེའི་ཀློང་གི་འཁྲབ་ཆས་ཤིག་དང

གྲང་བསིལ་གྱི་སྣང་བ་ཚོར་རྟོག་ཐུབ་པའི་སྐད་ཅིག་མའི་འདུ་ཤེས་ཤིག་ལས

ཅི་ཡང་མིན་པ་ངས་སྔར་ནས་ཤེས་ཡོད་ནའང

ངས་ད་དུང་ཡང་བསམ་གཞིག་གི་ཆེད་དུ

བསམ་གཞིག་བྱ་དགོས་བྱུང་སོང

་་་ ་་་་ ་་་                                         December 21, 2008


                     མཆན་བུ་མང་བའི་སྙན་ངག་ཅིག                  

ཨའེ་ལུན་ཅིན་སི་པའོ      སྐེ་ཐིག་དང་བཅས་པ་རྫུན་མ་ཡིན་དུས་སུ

གྱང་ངོས་སུ་གཏོར་བའི་ཁྲ་ཐིགས་དག་ལས

ཇེ་ཁུ་ཞོན་པའོ་ལའོ་ཁུའམ  ཡང་ན་ཝ་ཞིས་ལའེ་ཁང་ཏེན་སུ་ཆི་གང་རུང་ཞིག་གི

སྐྱུག་རྫོབ་ཀྱི་ལག་ངར་དེ་མཐོང་ཡོང


ཁྱི་གུ་ལ་རྐང་བ་མང་པོ་འབྲི་དུས་སུ   ཁྲག་མདོག་གི་ཟླ་བཞི་བ་དེ

འོག་འཇུག་ཆུང་བ་ཟ་བའི་རྟ་རྒན་གྱི་ཁ་ནང་ལ་གཏུབ་པས

མ་སེར་ཏུའུ་སེང་གི་ཆུ་མགོ་ལྟ་བུའི་ཆབ་ཏོག་དེ་ཡང

ཁུ་ལིས་སི་ཏའོ་ཧྥུ་ཡི་མགོ་དཀྲིས་ཀྱིས་བཏུམས་པར་ཁག་ཅི་ཡོད 


སྙན་ངག་ཁོ་ནར་བློ་གཏད་དང་ཆོག་པའི་དེ་རིང

སྐེ་ཁུག་འབར་གྱིན་པའི་ཤ་བ་སྐེ་རིང་དག་གི་ང་རོས

འཇིག་རྟེན་གྱི་འཐེན་སྒམ་མཐའ་དག་ཕྱིར་ཕྱུང་བས་ན

ང་ཚོས་ཀྱང   རང་གི་དགའ་མའི་མགོ་ལ་སྟ་རེ་ཡིས་རྒྱག་གིན


རང་ལུས་དུམ་བུ་གཉིས་སུ་བགོ་བའི་མེ་འཁོར་གྱི་དུང་སྒྲ་ཞིག་ལ

སང་ཉིན་གྱི་རེ་བ་བཅོལ་དང་ཅི་ལ་མི་ཆོག


གསེར་ཞུན་འཁྱིལ་བའི་གྲོ་ཞིང་གི་སྙེ་མའི་རླབས་རྒྱུན་ཁྲོད་ཀྱི་ཁྲག་ཐིགས་དེའི་ཆེད་དུ

ངའི་དམག་དཔོན་སུ་ཞིག་གི་སྐེད་པ་ནས་ལྷུང་བའི་དཀྲུམ་མདའ་ཆུང་ཆུང་དེ་ལ

ཡང་དང་བསྐྱར་དུ་སེམས་ཁུར་བྱས་ཤིང

ཁྭ་ཏའི་ཚོགས་ཀྱིས་ཁུར་བའི་བར་སྣང་གི་ཕོ་བྲང་དེ་ལ

འཇའ་ཚོན་གྱི་ཐག་པ་ལྟ་བུའི་སྐེའུ་ཞིག་བཙུགས་ནས་ཡོད་མོད

དམ་པའི་གསུང་རབ

ཡིའུ་ལི་ཞིས་སིའི་སྤུས་ཀ་དག་པའི་སྒྲུང་དེབ་ཀྱི་རྒྱབ་ཤུན་ངོས་ནས་ཞུ་དུས་སུ

སྙན་ངག་གི་ལག་སྒྲོན་མག་མོག་ཏུ་གྱུར་ཟིན་པའི་དུས་རབས་ཉེར་གཅིག་པ་དེས་ཀྱང

ལམ་མདོའི་སྐྱེད་ཚལ་ན  ཀྲུང་གོ་བའི་མགོ་འཁོར་ཕོ་བྲང་ཞིག་བཞེངས་ལ་བྲེལ་བའི

ཧའོ་ལོའུ་བྷོ་ཨར་ཧོ་སིའི་དཔེ་ཁང་དེ་མེ་ལ་བསྒྲོན་སོང


མར་ལེ་རིང་ལུགས་དང་མུས་ལན་ཁོན་ཏི་ར་སོགས་ཀྱི་མིང་ཡིག་དེའི་ཁ་རླངས

སྐུ་འབུམ་གསེར་སྡོང་ཆེན་མོའི་མར་བཟོའི་རལ་གྲི་དེ་ལ་ཕོག་དུས

གསེར་སྡོང་གི་ལོ་མ་རེ་རེའི་སྟེང་ལ་ཕབ་པའི

ལོ་རྒྱུས་ཀྱི་ཟིལ་ཆུ་མཐའ་དག  རིལ་ལུ་ཆགས་པའི་བ་ཚྭའི་མདོགས་སུ་ལོག་ཚར་ཞིང

སྐོམ་གདུང་གིས་གཟིར་བའི་ཆར་འདོད་བྱིའུ་དག་གིས་ཀྱང

རྟེན་འབྲེལ་གྱི་ཆོས་ཉིད་ལ་ངོ་ལོག་གི་གཤོག་ལྕགས་འཕེན་འགོ་བརྩམས


སྐབས་འདིར་ངས་མི་ཞིག་དྲན་ཡོང་ལ

སྡོང་རྩ་ན་ཀོའོ་ཏོ་སྒུག་མཁན་གྱི་མི་མང་པོ་དེ་ཚོ་འདྲ་བར

རེ་བ་དང་བཟོད་སྲན་ཆེན་པོས  མདུན་སྐྱོད་ཀྱི་གོམ་སྒྲ་ཞིག་ལ་རྣ་བ་བླགས་ནས་ཡོད

སེམས་པའང་བྱིན་ནས་ཡོད།

     མཆན།      རྟགས་སུམ་ཅུ་ལྷག་གི་མཚོན་ཚུལ་ཡོད་ནའང་དམིགས་ཡུལ་ཡོད་པའི་སྒོ་ནས་མཆན་བཏབ་མེད་པས་ན།  ཀློག་པ་པོ་དག་གིས་ནན་གྱིས་དཔྱད་ནས་གཟུ་བོས་ལེན་རོགས་ཞུ་ཞུ། །

                                                                          April 17, 2009


          ཡབ་ཆེན་གྱིས་བསྩལ་བའི་ཁྲག་གི་མེ་ཏོག

                             ཡང་ན་མི་རབས་གསུམ་པ་བ་ཞིག་གི་བསྒྲགས་གཏམ།  

                                   

འཆི་ཁའི་ཉེན་བརྡ་བརྒྱབ་བྱུང་།  

ཤམ་བྷ་ལའི་རྔ་བོ་འདྲ་བའི་སྒྲ་དབྱངས་དེས། 

ང་ཚོ་ལ་ཚེ་སྲོག་གསར་བ་ཞིག་རོལ་ཆོག་པའི་བཀའ་ལུང་ཁུར་ཏེ་ཐོན་བྱུང་། 


མགོ་བོ་ཡར་ལ་དགྱེ་ཤིག  

ཀླ་ཀློ་དང་ཁུངས་མེད།   གཉའ་གནོན་དང་ཁོག་གནག་བཅས་ཀྱིས་ཀུན་ནས་བརླམས་པའི་གདོན་འདྲེ་དེ་ཡིས། 

ང་ཚོའི་སེམས་རྒྱུད་བརླམས་ཤིང་བསམ་བློ་རྦད་དེ་འཕྲོག་འདུག་པའི་ད་ལྟ་ནི། 

རང་གི་མདུན་སོ་གཅོག་བཞིན་གླུ་ལེན་པའི་དུས་ལ་བབས་སོང་།


སུ་ཞིག་མེ་མདའི་སོ་ཁུང་ལས་བབས་པའི་ཁྲག་དམར་གྱི་ལྷ་ཆབ་དེའི་ཁྲུས་ལ་མི་ཞུགས་པ་ནི་བླུན་པོའི་རྟགས་ཏེ། 

དུས་ཐུང་གི་བདེ་བའི་ཚོར་བ་འཚུབ་པོ་དེ་གར་སོང་ཆ་མེད་དུ་སོང་རྗེས།  

ཁྱོད་སླར་ཡང་དམྱལ་བ་ལྟ་བུའི་མི་ཡུལ་དུ་ལུས་ངེས།  


ལག་པ་ཡར་བཀྱགས་ཏེ།  

ཡབ་ཆེན་གྱིས་གནང་བའི་ཁྲག་གི་མེ་ཏོག་དེ་བྲང་ཁར་འདོགས་རོགས།  

ང་ཚོས་རང་གི་དཔྲལ་ངོས་ནས་བསུབ་པའི་སྡུག་བསྔལ་གྱི་ས་ཁྲ་དེ་ཕྱིར་ལ་འཕྲོག་དགོས། 

ང་ཚོས་རང་གི་བརླ་བར་ནས་བྲུས་པའི་སྐྱེས་རྒྱུད་ཀྱི་ཕོ་མཚན་དེ་ཕྱིར་ལ་འཕྲོག་དགོས། 


ལྟོགས་ཤི་ཐེབས་པའི་གངས་རི་དག  རུས་ཀོག་ཁོ་ནར་འགྱུར་བཞིན།

རུས་པ་རླུང་གིས་བརྡར་བའི་ཁྲོག་སྒྲ་ཁོ་ནས།  ང་ཚོ་ལ་ལུད་རྫས་བཟོ་གྲྭ་ཞིག་གི་ཁ་ཕྱོགས་སྟོན་དུས་སུ། 

ང་ཚོས་ཀྱང་རང་གི་རུས་ཀོག་གི་སྣོད་ལ་རིག་པའི་ཤ་ཁྲག་གི་ཕྱི་ཤུན་བཀོག་སྟེ། 

རྒྱུངས་པའི་མཁར་རྫོང་ཞིག་བསྐོར་ནས། 

མེས་པོ་དག་གི་རྣམ་ཤེས་འཁྱིལ་སའི་དུར་ས་གཙང་མ་ཞིག་བཟོ་དགོས།


ཀྭ་ཡེ་སྙན་ངག་པ་ལགས།

མདུན་སར་གནས་པའི་པད་མ་དེ་འགྱིག་བཟོས་ཀྱི་ཝུ་སོབ་ཅིག་ལས་ཅི་ཡང་མ་རེད

མལ་སར་ལུས་པའི་བུ་མོ་དེ་བྱ་རྒོད་ཅིག་ཞེན་པ་ལོག་གིན་མ་ཟོས་པའི་མི་རོ་ཞིག་ལས་ཅི་ཡང་མ་རེད། 


ཐུགས་སེམས་ལྷོད་ལྷོད་གནང་རོགས།

ཉི་མས་ཀྱང་གཡོ་སྒྱུའི་འཛུམ་བག་སྟོན་གྱིན

སའི་གོ་ལའི་སྒལ་ཚིགས་སྟེང་ལ་ལྕགས་འཛེར་ལྟ་བུའི་འོད་ཟེར་གྱི་དུག་མདའ་འཕེན་པའི་དེ་རིང་།

ཁང་བ་བརྡིབས་པའི་མི་དག་གི་ལག་པ་དཀོན་མཆོག་གི་ཕྱོགས་སུ་གཟེད་ཡོད་ནའང་།  

དཀོན་མཆོག་གི་ཐུགས་རྒྱུད་ལས་ཀྱང་ཡངས་པའི་ང་ཚོའི་སེམས་རྒྱ་དང་ཀླད་པ།  

ད་ནི་སད་པའི་དུས་ལ་བབས་སོང་།   ད་ནི་གཡོ་འགུལ་གྱི་དུས་ལ་བབས་སོང་།

མདུན་སྐྱོད་ཀྱི་གོམ་པ་དང་པོ་མཚམས་མི་འཇོག་རོགས།

ཡང་ན་ཡབ་ཆེན་གྱིས་བསྩལ་བའི་ཁྲག་གི་མེ་ཏོག་དེ་ཡི་ཕྱིར་ན། 

                                ང་ཡི་སྤུན་ཟླ།  བདག་གི་སྙན་ངག་པ་ཆེན་མོ།

                                                                           October 15, 2009


                            འཆི་བ་ནི་བདེ་གྲོལ་ལོ། 

རྣར་གཟན་པའི་རང་ཉིད་ཀྱི་ངུ་འབོད་ཅིག་གིས

ནམ་གུང་ཞིག་ལ་ང་རང་སད་དུ་བཅུག་སོང


ཤེལ་གྱི་དྲ་མ་ལས་བཞུར་བའི་བུད་མེད་ཀྱི་ལག་པ་ཞིག་གིས

བདག་གི་སྔས་གོང་ལ་འཆི་བདག་གིས་བསྐུར་བའི་འཕྲིན་ཡིག་ཅིག་བཞག་སོང


ཕེབས་སྐྱེལ་གྱི་སྣང་བ་དེས

བདག་གི་སོག་རུས་གཉིས་པོ

དྭངས་གཙང་གི་གཤོག་པ་ཆ་གཅིག་ཏུ་བསྒྱུར་ཏེ་ང་ཉིད་བར་སྣང་དུ་ཁུར་སོང


རི་ར་བ་དང་ཁང་ཁྱིམ  སྣོད་བཅུད་ཀྱི་བཀོད་པ་མཐའ་དག

བདག་གི་རྒྱབ་ཕྱོགས་སུ་བསྐྱུར་བས་ན

ང་ཉིད་བདེ་སྐྱིད་དང་བར་ཐག་ཇེ་ཉེར་འགྲོ་བ་རྟོགས་སོང


སྨྲ་མི་ནུས་ལ་སེམས་པས་ཀྱང་མི་རྟོགས་པའི་ཡིད་ཤེས་ཀྱི་ཤིང་རྟ་ཆེན་པོ་ཞིག་གིས

ངའི་གཤོག་པ་གཉིས་ལ་གཞོག་འདེགས་མཛད་ཀྱིན

ང་ཉིད་རྒྱ་མཚོ་ཆེན་པོའི་མཁའ་དབྱིངས་སུ་ཁུར་བས་ན

ངས་ནི་གཞན་ཞིག་གི་སྤྱོད་ཡུལ་དུ་མ་གྱུར་བའི་སེམས་ཅན་ཇི་སྙེད་ཅིག་གི་

རང་གཟུགས་མཐོང་བྱུང


རྒྱ་མཚོ་ནི་མེ་ལོང་དང་འདྲ་ལ  

མེ་ལོང་ནི་ཁོག་པ་གཏུབ་པའི་གྲུ་གཟིངས་ཆེན་པོ་ཞིག་གི་འགུལ་སྐྱོད་དང་འདྲ་ཡི


བདེ་སྐྱིད་ཀྱི་དམིགས་སར་སླེབས་པའི་བྱུང་ཚུལ་འདི་ཉིད

རེ་འགའ་བའི་རྟག་པ་ཙམ་དུ་མ་གྱུར་བར་ནམ་མཁའ་དང་ངོ་བོ་དབྱེར་མེད་དུ་

འདྲེས་ནས་ཡོད་པས


ང་རང་གྲུ་གཟིངས་ལྟ་བུའི  མེ་ལོང་ལྟ་བུའི

རྒྱ་མཚོ་ལྟ་བུའི་སེམས་ཅན་འདི་ཡི་ཁ་སྤྲོད་དུ་ལངས་ཕྱིར


དུས་དང་རྣམ་པ་ཀུན་ཏུ

སྔས་གོང་ལ་འཐིམ་པའི་འཆི་བའི་མཛེས་སྡུག་གི་འཕྲིན་ཡིག་དེས

འབོད་པའི་གཡབ་མོ་རུ་དོང་བར   དགའ་ཞིང་གུས།

                                                       November 14, 2009


                                  མི་ཞིག               

གནམ་ས་གཉིས་སྦྱོར་གྱི་འདོད་པའི་སྨུགས་ཟིལ་ཁར་རེག་པ་ནས 

རང་གི་ལུས་ཕུང་དེ་ཕྱི་གསལ་ནང་གསལ་གྱི་སྤྲིན་གྱི་བུམ་པ་ཞིག་ཏུ་གྱུར་ཞིང 

ཆར་བ་ཡང་རང་ལུས་ནས་བབས་ཏེ་སླར་ཡང་རང་ལུས་ལ་འཐིམ་འགྲོ 


མིག་ལམ་དུ་འཆར་བའི་མེ་ཏོག་གི་དྲི་བསུང་དང 

ལག་པའི་ངོས་སུ་རྒྱུ་བའི་འོད་ཀྱི་རེག་བྱ་དག་གིས 

སྟོང་བའི་དབྱིངས་ལས    གསེར་སེར་གྱི་ཁུ་བ་གཙང་ཆུའི་འབབ་རྒྱུན་དུ་རྙེད་ནའང 

འོད་ཟེར་གྱི་སྨུགས་སྒྱུའི་ཁྲོད་ཡལ་ཟིན་པའི་གྲིབ་མ་དེ་ལ 

ཁུང་བུ་མང་བོ་བརྟོལ་ནས་ཡོད་པས 

ང་ཚོས་ནམ་མཁའི་ཕྱི་རོལ་གྱི་ནམ་མཁའ་དེའི་ཁོག་པར 

རང་རང་གི་ཚོར་བའི་ཞོ་རྩི་བསྙལ་ནས་ཡོད 


ས་གཞིའི་མངལ་ཁུགས་སུ་འཐིམ་པའི་རྐང་རྗེས་མཐའ་དག 

སེམས་ཀྱི་གངས་རིའི་ངོས་སུ་སྐྱེད་ཅིང་ལོངས་དུས་སུ 

ལྟེ་ཐག་གི་རལ་བ་དགུ་ཚུགས་ལ་མཐུད་པའི་རྣམ་ཤེས་ཀྱི་གསང་སྣེ 

ང་དང་ཁྱོད་ཀྱི་རྨི་ལམ་ལ་མདུད་པ་རྒྱག་ཚུལ་ཞིག་ཡིན་སོང་།

                                                                     June 9, 2012


                              ཐ་སྙད་ཀྱི་ཆར་བ།

བབས་བྱུང   ཆར་བའི་ནང་གི་སྤྲིན་པ་དེ་ལས

ནམ་མཁའ་སྔོན་པོ་སྔོན་པོ་ཞིག་བབས་བྱུང

སྟོང་ཉིད་ཀྱི་ཐིག་ལེ་གསལ་བའི་འོད་ཀྱི་སྣང་བ་ཞིག་ལས

དམར་སྒོར་སྒོར་གྱི་ཉི་མ་ཞིག་ཀྱང་བབས་བྱུང


བབས་བྱུང   མིག་ཆུ་ལས་གྱེས་པའི་བརྩེ་དུང་གི་སྒྲོན་མེ་དེས

འཇིག་རྟེན་རློན་པར་བསྒྱུར་བས

མཁའ་དབྱིངས་ལ་གྲང་ངར་གྱིས་འདར་བའི་སྐར་མ་མང་པོ་ཞིག་བབས་བྱུང


བབས་བྱུང    དཀར་གཙང་གི་ཟླ་བའི་རྨི་ལམ

ནགས་ཚལ་གྱི་སྦྲ་རྒན་སྟེང་ལ་འཕྲོས་དུས

སྦྲ་གུར་གྱི་མཐོངས་གཡོགས་ལས་བཞུར་བའི

མིའི་རིགས་ཀྱི་བརྩེ་དུང་གི་གསང་བ 

གས་གཏོར་བྱུང་ཞིང

ལྗོན་པའི་ལག་པ་རེ་རེའི་ངོས་ལ

ཁྲག་གི་ཐིགས་པ་རེ་རེ་བབས་བྱུང


བབས་བྱུང   སེམས་ཀྱི་རལ་གྲིས

སྐྱེ་མཆེད་ཀྱི་ལྟེ་ཐག་བཅད་དུས

རྟ་དང་གླང་བོ   མ་ཧེ་དང་ཆུ་སྲིན

གླེགས་བམ་གྱི་མངལ་ཁུགས་ནས་ཐོར་ཞིང

རླངས་འཁོར་གྱི་སྡུག་སྨྲེ་དང

ཁང་བརྩེགས་ཀྱི་ངུ་ཤུབ་དག

བག་ཆགས་ཀྱི་ས་ཁྲ་ངོས་ལས་བབས་བྱུང


བབས་བྱུང   འབབ་ངེས་པ་དག་བབས་བྱུང

སྒྱུ་མའི་འཇིག་རྟེན   སྐར་མ་རབ་རིབ

ཚེ་སྲོག་དང་འཆི་བའི་སྣང་བ

ཐ་སྙད་ཀྱི་མེ་ཏོག   ཚིག་གི་གསང་བའི་འདབ་ལོ

ཡོད་ཚད་ཀྱི་ཡོད་ཚད 

ངའི་མགོ་སྟེང་ལ་བབས་བྱུང 

བབས་བྱུང    བབས་བྱུང    ཡོད་ཚད་བབས་བྱུང་།

                                                   May 15, 2013


                           སྨྲ་བསམ་བརྗོད་མེད།

སྟོང་བའི་མེ་ལོང་གི་དབུས་སུ   འོད་ཟེར་གྱི་སྡོམ་རྒྱ་ཞིག་བཟོས

སྐུད་པ་རེ་རེའི་ངོས་ལ   ཆགས་འཇིག་གི་རི་མོ་རེ་ཕབ

སྣང་བའི་རྒྱབ་ཏུ་བསྐུངས་པའི་རྟེན་འབྲེལ་གྱི་རྡུལ་ཕྲ་རབ་དག

ཡུལ་དུས་ཀྱི་ངེས་པ་མེད་པར   སྡོམ་སྐུད་ཀྱི་སྟེང་ལ་ཟགས་ཏེ

ཁ་དོག་སྣ་ཚོགས་ཀྱི་རྨི་ལམ་ཞིག་བཞེངས


རྨི་ལམ་གྱི་སྟེང་ལ་རྨི་ལམ་གྱི་བང་རིམ་བརྩིགས་པས

མཆོད་རྟེན་གྱི་གཟུགས་སུ་གྲུབ་པའི་ནམ་མཁའ་སྔོན་པོ་ཞིག

རྨི་ལམ་གྱི་ཞིང་དུ་འཁོད    མེ་ལོང་གི་དབུས་སུ་འཆར


སྟོང་བསམ་གྱི་ཟམ་པ་གཏོར་བའི་སྐད་ཅིག་མའི་དུས་དེ་ལ

རྨི་ལམ་གྱི་ཆག་ཀྲུམ་མཐའ་དག    སྐར་མ་རེ་རེར་གྱུར་ཞིང

ནམ་མཁའ་སྔོན་པོ་དེའི་གཞུང་ལ་བཀྲམ


འཇའ་རིས་ཀྱི་ཀློང་ནས་མངོན་པའི་གཟུགས་མེད་ཀྱི་ལག་པ་དེས

ཡིད་ཀྱི་རྩིག་ལྡེབས་ངོས་སུ་ཡིད་བརྙན་གྱི་ཕྲ་ཚོམ་བཀོད་པས

ནམ་མཁའི་གཙང་བོ་དལ་གྱིས་རྨི་ལམ་དུ་བཞུར


སེམས་ཀྱི་བང་རིམ་ལས་བཏོན་པའི་འོད་ཀྱི་སྣང་བ་མཐའ་དག

ཡུལ་དུས་ཀྱི་ངེས་པ་མེད་པར    སྡོམ་སྐུད་ཀྱི་སྟེང་ལ་ཟགས་དུས

སྐུད་པ་རེ་རེའི་ངོས་ལ    ཆགས་འཇིག་གི་རི་མོ་རེ་བྱོན

སྟོང་བའི་མེ་ལོང་གི་དབུས་སུ    འོད་ཟེར་གྱི་སྡོམ་རྒྱ་ཞིག་བཟོས།     

                                                                     May 8,2013

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།