གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲུང་རིང་《རུས་པ་སྙིང་ལ་རྗེ་བོ》ཡི་བཀླགས་མྱོང་།

2018-05-18 12:06:34 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

         1526616736171524.jpg            1526617066309269.jpg

                   སྒྲུང་རིང་ 《རུས་པ་སྙིང་ལ་རྗེ་བོ》ཡི་རྒྱ་འགྱུར་དེབ།                  རྩོམ་པ་པོ་ཨེ་ལའེ་སི་ཞི་བྷོ་ངྷི།

     ཨ་མེ་རི་ཁའི་རྩོམ་པ་པོ་གྲགས་ཅན་ཨེ་ལའེ་སི་ཞི་བྷོ་ངྷི་ཡིས་མཛད་པའི་སྒྲུང་རིང《རུས་པ་སྙིང་ལ་རྗེ་བོ》(THE LOVELY BONES《可爱的骨头》)ཞེས་པ2002ལོར་འགྲེམས་སྤེལ་བྱས་པར《ཉིག་ཡོག་སྐབས་དོན་ཚགས་པར》སྟེང་གི་སྒྲུང་རིང་བྲིན་ཚད་མགྱོགས་པའི་མིང་ཐོའི་ཁྲོད་གཟའ་འཁོར་སུམ་ཅུ་ལྷག་ལ་ ཨང་དང་པོ་ཟིན་པ་དང་།  མིང་ཐོ་གཟའ་འཁོར་བདུན་ཅུ་ལྷག་ལ་ཨང་རིམ་གྱི་གྲས་སུ་བཀོད་པ་ནས་གོ་ལ་ཧྲིལ་བོའི་དེབ་ཀྱི་བྲིན་ཚད་དེབ་བྱེ་བ་གཅིག་ལྷག་བརྒལ་ཡོད་པ་རེད།  

     སྒྲུང་གཏམ་དུ་ལོ་ན་བཅུ་བཞི་ཟིན་ཙམ་གྱི་བུ་མོ་ཞིག་མི་གསོད་གཤེད་མ་ཞིག་གིས་ལོག་གཡེམ་དམར་གསོད་བྱས་པའི་མཇུག་འབྲས་ལྟར་ཁྱིམ་ཚང་ཞིག་གི་འཕོ་འགྱུར་སྐུད་སྣེར་བཟུང་སྟེ།   སེམས་ཀྱི་ཟབ་སར་གནས་པའི་བརྩེ་བ་དང་དྲན་གདུང་གིས་ཀློག་པ་པོ་རྣམས་ལ་འཇིག་རྟེན་གྱི་ངོ་བོ་དང་མིའི་རྒྱུད་ཀྱི་བག་ལ་ཉལ་བའི་འདུ་ཤེས་འོག་མ་སོགས་ཀྱི་རང་བཞིན་གསལ་བོར་སྟོན་ཐུབ་ཡོད། 

སྒྲུང་ཧྲིལ་བོ་མི་སྣ་གཙོ་བོ་སུའུ་སེ་དམར་གསོད་ཐེབས་པའི་རྗེས་སུ་རང་ཉིད་ཆེས་དགའ་བའི་མི་དག་དང་ཁ་བྲལ་བའི་སྡུག་བསྔལ་གྱིས་ལྷ་ཡུལ་དུ་འགྲོ་འདོད་མེད་པར་རྣམ་ཤེས་ཕྱིར་རང་ཁྱིམ་དུ་ལོག་སྟེ་ཕ་མ་སྤུན་མཆེད་དག་ལ་སེམས་ཀྱི་དགའ་བ་མཚོན་ཚུལ་དང་རང་ཉིད་དམར་གསོད་གཏོང་མཁན་གྱི་ལག་དམར་སུ་ཡིན་པ་བརྗོད་འདོད་པའི་སྐོར་འབོད་པའི་ཐ་སྙད་དང་པོ་ཡི་ངག་ལ་བཅངས་ཏེ་བརྗོད་པ་ལ་ཚེ་འདི་ཕྱི་གཉིས་ཀྱི་དབྱེ་བ་ལྟར་མོའི་སྐད་ངག་སུས་ཀྱང་གོ་ཐབས་མེད་པས།  མོ་རང་དྲི་ཟ་ཞིག་ནང་བཞིན་ཉི་མ་རེ་རེ་བཞིན་བཟའ་མི་དག་གི་ཉེ་གམ་དུ་ཁོ་ཚོས་བྱ་སྤྱོད་ལ་སོ་ལྟ་བྱེད་མཁན་གྱི་མལ་ཚེ་ཞིག་ཏུ་གྱུར་བ་དེ་ལས།   ཕ་ཡི་ཞེ་སྡང་གིས་བརྣག་པའི་དགྲ་ཤ་ལེན་འདོད་ཀྱི་སེམས་དང་།  དངོས་ཡོད་འཚོ་བའི་ནང་གི་བྱུར་རྐྱེན་ལ་གདོང་གཏོད་མ་ཐུབ་པར་ས་ཐག་རིང་དུ་གྱར་བའི་ཨ་མ་ལགས་ཀྱི་སེམས་བྱུང་གི་སྐོར།  གཞན་ཡང་ནུ་མོ་ལིན་སེའི་འགྱུར་ལྡོག་སྐྱེན་པའི་ལང་ཚོའི་འཕེལ་འགྲོས་ལྟར་དགའ་རོགས་བསྒྲིགས་ཚུལ་དང་ཁྱིམ་མཚེས་མི་གསོད་གཤེད་མ་ལ་དོགས་པ་སྐྱེས་པའི་སྤྱང་གྲུང་གི་བློ་རིག་སྐོར་བཀོད་པ་གཞི་བྱས་ང་ཚོ་ཀློག་པ་པོ་སུ་ཡིན་ཡང་རང་གི་ཉེ་འཁོར་དུ་རང་ལ་ཆེས་སྙིང་ནས་བརྩེ་བའི་ཚེ་འདས་ཤིག་གི་རྣམ་ཤེས་ཀྱིས་མཐའ་ནས་སྲུང་བཞིན་ཡོད་པའི་ཚོར་བ་སྐྱུར་མོ་ཞིག་བསྩལ་ཡོང་། 

    སྒྲུང་གཏམ་འདིའི་གལ་འགངས་ཆེ་ས་དེ་བུ་མོ་སུའུ་སེ་ཡི་སྡུག་གི་མུན་པ་འཐིབ་པའི་སེམས་ཀྱི་འཛིན་སྟངས་ཁོ་ན་འགྲེལ་བརྗོད་བྱེད་པ་ཞིག་མ་ཡིན་པར་རྩོམ་པ་པོས་སྐྱོ་ལ་སྡུག་པའི་མི་ཚེ་ལ་མོ་འདི་བརྒལ་བ་ལ་མི་སུ་ཡིན་ཡང་སྐྱེ་རྒ་ན་འཆི་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་པས་ན་ང་ཚོས་འཚོ་བར་གདོང་གཏོད་ཐུབ་པའི་ངང་རང་གི་མིག་འདུན་གྱི་གཉེན་ཉེ་དག་ལ་གཅེས་སྤྲོས་བྱ་ཤེས་དགོས་པའི་གནས་ལུགས་བརྗོད་ཡོད་པ་དེ།   སུའུ་སེ་ཡི་རྣམ་ཤེས་རང་གི་ཁྱིམ་མི་ཚོ་དང་ལྷན་དུ་མི་ལོ་བརྒྱད་ཙམ་ལ་སྡུག་བསྔལ་གྱི་གཡང་ལ་ལྷུང་ནས་བསྡད་ནའང་སྡུག་ལ་བརྗེད་རྒྱུ་མེད་རུང་རྙིང་རྒྱུ་ཡོད་ཅེས་པའི་དཔེ་ལྟར་ནུ་མོའི་གཉེན་སྒྲིག་གི་དགའ་བ་དང་ཕ་ལགས་ལ་སྙིང་ནད་འཕར་བའི་ལས་ཀྱིས་ཨ་མ་ལགས་ཀྱང་ཕྱིར་རང་ཁྱིམ་དུ་སླེབས་པ་དང་།  སུའུ་སེ་ཡི་སློབ་གྲོགས་རྣམས་རང་རང་གི་ལས་དབང་ལྟར་ཕན་ཚུན་ཁྱིམ་གཅིག་ལ་ལས་དབང་གི་མདུད་པ་སྦྲེལ་བའི་བྱུང་ཚུལ་དེ་དག་གིས་འཇིག་རྟེན་སྔར་བཞིན་རྒྱུན་ལྡན་གྱི་འཁོར་བསྐྱོད་དེའི་ཀློང་ལ་དལ་གྱིས་བསྐྱོད་དེ་ཁོ་མོ་ཚང་གི་བཟའ་ཚང་གི་སྐྱིད་པའི་དགོད་སྒྲའང་དལ་བ་དལ་བུར་ཇེ་མཐོར་སོང་བ་དེ་དག་གིས།   སུའུ་སེ་ཡི་བརྩེ་བའི་བྱིན་རླབས་ཀྱིས་བཏུམ་པའི་འཇིག་རྟེན་དེ་ལ་ཉི་མ་ཤར་མགོ་བརྩམས་པས་ན་མོ་ཡང་འདས་པོ་གཞན་དག་དང་ལྷན་དུ་ལྷ་ཡུལ་དུ་གཤེགས་པ་དང་།  སྡུག་འབྲས་ཀྱི་ས་བོན་ཐོད་ལ་འཁུར་བའི་ལག་དམར་དེ་ལ་ཡང་རྒྱུ་འབྲས་འཁོར་ཏེ་གཡང་གཟར་ལ་ལྷུང་ནས་ཤ་ཉོག་རུས་ཉོག་ཏུ་གྱུར་བའི་སྐོར་བཀོད་ཡོད།

    སྒྲུང་རིང་འདི་བཀླགས་ཚར་རྗེས་ཀློག་པ་པོ་དག་ལ་མཚོན་ན་སྒྲུང་གཏམ་མཇུག་རྫོགས་མ་ཐག་ཡུན་རིང་ཞིག་ལ་དབུགས་དབྱུང་མ་ཐུབ་པའི་ཤུགས་རིང་དེ་ལྷོད་ཀྱིས་ཁ་སྒོར་བཏོན་ཡོང་ཞིང་།  ལག་པ་བྲང་ཁར་བཞག་སྟེ་རང་གི་ཉེ་གམ་དུ་སིབ་སིབ་འགུལ་ཀྱིན་པའི་སྲོག་ལྡན་ཀུན་ལ་གཅེས་སྤྲོས་ཀྱི་སེམས་ངོས་ཕ་མ་སྤུན་ཟླ་དང་།  གཉེན་ཉེ་ཚོ་བ།  གྲོགས་པོ་སོགས་ཀྱི་གདོང་ལ་ཡང་བསྐྱར་ཞིབ་ཏུ་བལྟས་ཏེ་ཁོ་ཚོ་རང་གི་མིག་གི་དགའ་སྟོན་དུ་གྱུར་བ་འདི་དག་ཚེ་སྔོན་བསོད་ནམས་ལས་འཐོབ་པའི་རང་ཉིད་ཀྱི་འཚོ་བ་དང་ཉེ་བར་འབྲེལ་བའི་ནོར་བུ་ཞིག་ཡིན་པས་ན།  ད་ནས་བཟུང་རང་ཉིད་གསོན་པའི་དོན་སྙིང་དེ་མིའི་རིགས་ཀྱི་བདེ་སྐྱིད་དང་གཞན་ཕན་སྣང་བའི་ཆེད་དུ་འབད་པ་དང་བཅས་རང་ཉིད་འཆི་བའི་དུས་ལ་ཕྱི་འགྱོད་མེད་ཞིག་ཏུ་བརྩོན་རྒྱུའི་ཆོད་སེམས་ཚུགས་ངེས་པ་ཡིན་ནོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།