གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་འགྱུར་སྒྲུང་རིང《སྦལ་པ》བཀླགས་པའི་མྱོང་ཚོར།

2019-04-22 17:07:51 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།
  
 
གཅིག
     སྒྲུང་རྩོམ《སྦལ་པ》ནི་ཀྲུང་གོའི་རྩོམ་པ་པོ་མའོ་ཡན་ལགས་ཀྱིས་དུས་རབས་ཉེར་གཅིག་པ་མགོ་ཚེས་ཚུན་དུ་གསར་རྩོམ་གནང་བའི་སྒྲུང་རིང་ཞིག་ཡིན་ཞིང་། ཀྲུང་གོ་གསར་བའི་ལོ་ངོ་དྲུག་ཅུ་ལྷག་ཙམ་གྱི་ནང་རྦ་རླབས་འཕྱུར་འཇགས་ལྟ་བུའི་ཞིང་གྲོང་གི་བུ་བཙའི་ལོ་རྒྱུས་མཚོན་པ་བརྒྱུད་འཆར་ལྡན་བུ་བཙའི་དཀའ་ཚེགས་དང་རྙོག་འཛིང་གི་ལོ་རྒྱུས་བརྒྱུད་རིམ་ཞིབ་བརྗོད་བྱས་ཡོད་པ་ཞིག་སྟེ།  སྒྲུང་ཧྲིལ་བོ་འཕྲིན་ཡིག་རིང་པོ་བཞི་དང་གཏམ་བརྗོད་ཟློས་གར་གྱི་འཁྲབ་གཞུང་གཅིག་ལས་གྲུབ་ནའང་།  རྩོམ་པ་པོས་ཞིབ་ཚགས་པའི་མཆོར་འབྲི་དང་ཚིག་སྦྱོར་གྱིས་ཀློག་པ་པོའི་བསམ་འདུན་རྒྱུག་ཆུ་བཞིན་སྒྲུང་གི་ཟབ་ཡངས་རྒྱ་མཚོའི་འཇིངས་སུ་དྲངས་ངེས་ཤིང་། སྒྱུ་འཕྲུལ་གྱི་གཟིངས་ཆེན་རེ་རེ་མངོན་པའི་མོད་ལ་ཁ་དགོད་བཞིན་ཁོག་ལ་སྡུག་ཅིག་འཇོག་པས་ན་བློ་བག་ཕེབས་པའི་ངང་དཔེ་དེབ་ཀྱི་རྒྱུན་ལ་དབྱིངས་ཞུགས་མཁན་རྣམས་ལ་བསམ་བློའི་རྐུན་པོའམ་མིག་གི་དགའ་སྟོན་གསར་བ་ཞིག་ཏུ་སྣང་།
    སྒྲུང་རྩོམ་མི་ལུས་ཀྱི་དབང་པོ་འགའ་ཞིག་སྟེ།  སྙིང་དང་མཆིན་པ།  མཁྲིས་པ།  རྐང་བ།  ལག་པ་སོགས་རུས་ཀྱི་རྗེས་ལ་མིང་དབང་པོ་ཡིས་མཚན་པའི་མི་སྣ་འགའ་ཡི་བྱིས་དུས་ཀྱི་འཚོ་བ་ནས་མགོ་བཙུགས་ཏེ་འཆར་ལྡན་བུ་བཙའི་རྙོག་འཛིང་གི་ལོ་རྒྱུས་དེ་ལས་རྩོམ་པ་པོའི་ཨ་ནེ་དབེན་སྙིང་ཁ་ལགས་བྱིས་པ་སྟོང་ཕྲག་མང་པོ་སྐྱེ་བསུ་བྱེད་མཁན་གྱི་ལྷ་མོ་ཞིག་ནས་བུད་མེད་སྟོང་ཕྲག་མང་པོར་མངལ་ཤོར་དུ་འཇུག་མཁན་དང་སྐྱེས་པ་དག་ལ་ཕྱ་བྱེད་མཁན་གྱི་བདུད་འདྲེ་ཞིག་ཏུ་གྱུར་བའི་ལོ་རྒྱུས་ཀྱི་སྐྱོ་གར་དེ་དངོས་ཡོད་འཚོ་བ་དང་གཏམ་བརྗོད་ཟློས་གར་གཉིས་གཞི་གཅིག་ཏུ་བསྲེས་ཏེ་གསལ་ཁ་བཏོན་ཡོད་ཅིང་། འཇིམ་པའི་བྱིས་པ་བཟོ་བའི་ལག་རྩལ་གྱི་གབ་ཤུགས་ལས་ཨ་ནེ་དང་ལྷ་མོ་ཉའེ་ཝ་བསྡུར་བའི་ཚུལ་དུ། སྐྱེ་འཕེལ་དད་བཀུར་གྱི་གདོད་མའི་མཚོན་ཆས“སྦལ་པ”དེ་ནུབ་ཕྱོགས་པའི་ནའོ་ཡཱ་གྲུ་གཟིངས་ལྟ་བུ་ཞིག་ཏུ་མཚོན་བརྗོད་བྱས་ཡོད། 
    སྒྲུང་འདི་བོད་སྐད་དུ་ལོ་ཙཱ་བྱས་པ་དེས་རང་ཅག་བོད་པ་དག་ལ་མཚོན་ནའང་གཉན་འཕྲང་གི་དུས་སྐབས་ཧྲིལ་བོ་དེ་ལུས་སེམས་དངོས་ཀྱིས་མྱོང་བའི་དངོས་རྒྱུད་ཀྱི་བྱུང་བ་དེ་དག་ཡི་གེ་ལམ་དུ་གཟིགས་ཅན་དུ་མཐོང་ཐུབ་པར་བྱས་ཤིང་། རྩོམ་རིག་སྒྱུ་རྩལ་གྱི་ཡང་ཏིག་སྙིང་པོ་ལས་ལོ་རྒྱུས་ཀྱི་བྱུང་བ་རྣམས་སྒྲུང་གཏམ་དུ་ཇི་ལྟར་མཚོན་པའི་མ་དཔེ་གསོན་པོ་ཞིག་སྟེ། དེ་ཡང་འཛམ་གླིང་རྩོམ་རིག་གི་གཙུག་རྒྱན་དུ་འཕྲོས་པའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་བརྩམས་ཆོས་ཤིག་ལ་རོལ་མྱོང་བྱེད་པའི་སྐལ་བ་གནང་ཡོད་པ་མ་ཟད། ལོ་ཙཱ་བས་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ཁྲོད་གོ་དོན་ཕྱིན་ཅི་མ་ལོག་པ་དང་། བོད་སྐད་ཀྱི་རྗོད་སྟངས་ལས་མ་ལྡོག་པར་མ་ཡིག་གི་བརྗོད་དོན་མཚོན་སྟངས་དང་། སྐད་ཆའི་བརྗོད་ཉམས། སྐད་ཆའི་གོ་རིམ་སོགས་གང་དེའི་ཉམས་འགྱུར་རང་སོར་གནས་གང་ཐུབ་སྒོས་ཕལ་སྐད་ཁོ་ནའི་ལམ་དུ་བསྒྱུར་བ་ཞིག་ཡིན་གཤིས་འགྱུར་དེབ་ཤིན་ཏུ་བྲོ་བ་ལྡན་པ་ཞིག་ཡིན།
                       གཉིས།
     སྒྲུང་རྩོམ《སྦལ་པ》བཀླགས་མྱོང་མཁན་གྱི་ཀློག་པ་པོ་སུ་ཡིན་ཡང་ཕལ་ཆེ་བ་ཞིག་ལ་འཕྲད་པའི་གནད་དོན་དེ་གཙོ་བོ་ཀློག་དཀའ་བ་དང་མི་སྣ་འདྲེས་འཛིང་ཆེ་བས་ངོས་ཟིན་དཀའ་བ་དེ་ཡིན་སྙམ། གནས་ཚུལ་འདིའི་རིགས་བོད་འགྱུར་མ་ཀློག་མཁན་དག་ལ་འཕྲད་པའི་དཀའ་ངལ་ཁོ་ན་ཞིག་མ་ཡིན་པར་རྒྱ་སྐད་ཀྱི་མ་ཡིག་ཀློག་མཁན་དག་ལ་འཕྲད་པའི་དཀའ་ངལ་ཞིག་ཀྱང་ཡིན་པར་བརྗོད། 
     སྤྱིར་འཛམ་གླིང་གི་སྒྲུང་རྩོམ་གྲགས་ཅན《ལོ་བརྒྱའི་ཁེར་ཧྲེང》སོགས་སྒྲུང་རྩོམ་མང་པོ་ཞིག་གི་ནང་དུ་མི་སྣའི་རུས་གཅིག་པ་དང་མིང་གི་ཚེགས་ཁྱིམ་རིང་བ། ཐ་ན་རུས་མིང་ཡོངས་སུ་མཚུངས་པའི་མི་སྣ་གཉིས་བྱུང་བ་སོགས་ཀྱིས་སྒྲུང་དེ་དག་བཀླག་རྒྱུར་དཀའ་ངལ་མི་ཉུང་བ་ཞིག་བསྩལ་ཡོད་ནའང་། རང་ཅག་འཚོ་ཞིང་གནས་པའི་དངོས་ཡོད་འཚོ་བ་འདི་དང་ཐོད་གཏུག་པ་ཡིན་ན། གནས་ཚུལ་དེའི་རིགས་ཧ་ཅང་རྒྱུན་ལྡན་དུ་གྱུར་བ་ཞིག་སྟེ། རྩོམ་པའི་ཁྱུ་མཆོག་ཀྲུང་མཱ་རྒན་པ་དང་ཀྲུང་མཱ་གཞོན་པ་ཞེས་ལོ་རྒྱུས་རྡོ་རིང་ངོས་སུ་གསལ་བ་ནང་བཞིན་རང་ཅག་བོད་ལ་མཚོན་ནའང་གྲོང་ཚོ་གཅིག་ཏུ་མིང་གཅིག་མཚུངས་ཀྱི་མི་སྣ་འགའ་རེ་ཡོད་སྲིད་ཅིང་། མི་དེ་དག་ཕན་ཚུན་མི་ནོར་བའི་ཐབས་སུ་མིང་དེ་དག་གི་རྗེས་ལ་མཚང་མིང་སོགས་འཇོག་པ་དཔེར་ན། བཀྲ་ཤིས་སྣ་ཆེ་དང་། བཀྲ་ཤིས་ར་མ། བཀྲ་ཤིས་གཡོན་ལག་ལྟ་བུ་གདགས་རྒྱུར་དགའ་བ་དེ་བཞིན་ནོ།།
     ཚུལ་དེ་ལྟ་བུར་དམིགས་ཏེ《ལོ་བརྒྱའི་ཁེར་ཧྲེང》སོགས་སྒྲུང་རྩོམ་རེ་གཉིས་པར་སྐྲུན་བྱེད་དུས་སུ་སྒྲིག་པ་པོས་ཆེད་དུ་མི་སྣའི་མིང་ཡིག་དེ་དག་གི་སྔ་ཕྱིའི་འབྲེལ་བ་དང་ཐོབ་ཐང་མཚོན་པའི་དཔེ་རིས་ས་བཀྲ་རུ་བྲིས་ཏེ་དེབ་ཀྱི་ཁ་ཤོག་ཏུ་བཞག་པའང་ཡོད་མོད།   སྒྲུང་རྩོམ《སྦལ་པ》ལ་མཚོན་ན་སྒྲུང་ནང་གི་མི་སྣ་དེ་ལྟའི་རྙོག་འཛིང་ཅན་ཞིག་མ་ཡིན་པར་གཙོ་བོ་སྒྲུང་མ་བཀླགས་སྔོན་ལ་མི་སྣ་དེ་དག་ངོས་ཟིན་རྒྱུ་དེ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་པས་ན། འདི་གར་སྒྲུང་རྩོམ《སྦལ་པ》ནང་གི་མི་སྣ་གཙོ་བོ་འགའ་ངོ་སྤྲོད་པ་ལ། 

ལྕོང་མོ། འཁྲབ་གཞུང་རྩོམ་པ་པོ། སྒྲུང་ནང་གི་འབོད་པའི་ཐ་སྙད་དང་པོ་སྟེ་དངོས་མིང་ལ་དབན་རྐང་བ་ཟེར་ཞིང་། གཅེས་མིང་ལ་དལ་རྒྱུག  ཨ་ནེ་དབན་སྙིང་ཁ་དང་ཆེས་ཐག་ཉེ་བའི་མི།
དབན་སྙིང་ཁ།   སྒྲུང་ནང་གི་མི་སྣ་གཙོ་བོ་སྟེ་ལྕོང་མོའི་ཨ་ནེ།  བྱིས་པ་སྟོང་ཕྲག་མང་པོ་སྐྱེ་བསུ་བྱེད་མཁན་གྱི་ལྷ་མོ་ཞིག་ནས་བུད་མེད་སྟོང་ཕྲག་མང་པོར་མངལ་ཤོར་དུ་འཇུག་མཁན་དང་སྐྱེས་པ་དག་ལ་ཕྱ་བྱེད་མཁན་གྱི་འཆར་ལྡན་བུ་བཙའི་ལས་བྱ་བ་ཧུར་བརྩོན་ཅན་ཞིག  
ཁྲེན་དཔྲལ་ཀོག  ཁྲེན་སྣ་ཁུག་གི་ཨ་ཕ་དང་སྤྱི་ཚོགས་རྙིང་བའི་ནང་གི་ས་བདག་སྟེ་ཀའོ་རྨིད་ཞང་དུ་ཁྲིམས་མཐུན་ངང་ཆུང་མ་གཉིས་ཡོད་མཁན་གྱི་མི་གཅིག་པུ། 
ཨའེ་ལེན།  ཁྲེན་དཔྲལ་ཀོག་གི་ཆུང་མ་གཉིས་པ།  ཧཱར་པིང་ནས་ཁྲིད་ཡོང་བའི་ཨུ་རུ་སུའི་བུ་མོ་བྲོས་བྱོལ་པ་ཞིག  ཁྲེན་སྣ་ཁུག་ལ་སྣ་ཁུག་ཆེན་པོ་ཞིག་སྐྱེ་དོན་བུད་མེད་འདི་ཁོའི་ཨ་མ་ཡིན་པར་འབྲེལ་བ་ཤིན་ཏུ་དམ་པོ་ཡོད།
ཁྲེན་སྣ་ཁུག  ཁྲེན་དཔྲལ་ཀོག་གི་བུ་སྟེ།  ལྕོང་མོའི་སློབ་གྲོགས།  གཞོན་དུས་སུ་ཚོང་ལས་གཉེར་ཏེ་རྒྱུ་ཐོག་ལ་བརྒྱབས་ནའང་འཆར་ལྡན་བུ་བཙའི་དུས་རླུང་གིས་ཆུང་མ་ཝང་མཁྲིས་པ་ཤི་རྗེས་སུ་སྒྱིད་ལུག་ཆགས་ཏེ་འཚོ་བར་སྤྲོ་སྣང་མེད་པ་ཞིག་ཏུ་གྱུར་ཞིང་།  བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་སུ་བུ་མོ་ཁྲེན་སྨིན་མ་ལྕམ་སྲིང་གཉིས་མེ་དགྲའི་ཁྲོད་གཅིག་ཤི་བ་དང་གཅིག་འཚིགས་ནས་ངོ་གདོང་བརླག་པ་དེས་མི་མེད་ཁྱིམ་སྟོང་དུ་གྱུར་ཞིང་།  སྨྱོན་པ་ལྟ་བུར་ཆགས་རྗེས་རླངས་འཁོར་གྱིས་བརྡུངས་ཏེ་རྐང་བ་གཉིས་ཆག་གྲུག་ཏུ་སོང་བས་སློབ་གྲོགས་ལི་ལག་པ་སྦྱིན་བདག་ཡིན་པའི“ཐང་ཅི་ཧེ་ཏེ་ཟ་ཁང”སྒོ་ཁ་རུ་ཐང་ཅི་ཧེ་ཏེའམ་སའེ་ཝན་ཐེ་སིའི་ཆས་སུ་སྤྲས་ཏེ་སྤྲང་པོ་བྱས་པ།
ཁྲེན་སྨིན་མ།   ཁྲེན་སྣ་ཁུག་གི་བུ་མོ་གཉིས་པ།  བཞིན་མདངས་མཛེས་ལ་མཛངས་པའི་ཡོན་ཏན་དང་ལྡན་པ་ཞིག་ཡིན་ནའང་རྗེས་སུ་ཏུང་ལི་སྤུ་ལྡན་རྩེད་ཆས་བཟོ་གྲྭ་མེ་ལ་ཤོར་བའི་ནང་ངོ་འཚིགས་ནས་བརླག་པས་ངོ་གདོང་སེང་རས་ནག་པོས་བཏུམས་པ་ཞིག  བུད་མེད་འདི་སྒྲུང་ནང་ཤིན་ཏུ་གལ་ཆེ་བའི་མི་སྣ་ཞིག་སྟེ་འཕྲིན་བཞི་བ་དང་གཏམ་བརྗོད་ཟློས་གར་གྱི་འཁྲབ་གཞུང་ཁྲོད་མི་སྣ་གཙོ་གྲས་སུ་གྱུར་ཡོད་པ་མ་ཟད།   རྩོམ་པ་པོ་ལྕོང་མོ་རང་གི་ཆུང་མ་གཉིས་པ་སེང་ཕྲུག་ལ་མངལ་འཁོར་རྒྱུ་མེད་པར་སེང་ཕྲུག་སོགས་ཀྱིས་ཁྲེན་སྨིན་མ་དངུལ་སྒོར་གྱིས་བསླུས་ཏེ་ཚབ་སྦྲུམ་བྱེད་དུ་བཅུག་ཅིང་།  ལྕོང་མོའི་ཁུ་བ་ལྐོག་ཏུ་མོའི་ཁོག་ཏུ་བཙུད་ནས་བྱིས་པ་ཆགས་སུ་བཅུག་པ་ལ།  མ་སེམས་བུར་ཐོགས་པའི་དྲན་གདུང་གིས་ཁྲེན་སྨིན་མས་རྒྱུན་དུ་བུ་ཕྱིར་སྤྲོད་དགོས་པའི་རེ་བ་བཏོན་པ་ལ་གཟོད་རྩོམ་པ་པོ་ལྕོང་མོས་ཡོན་འགྲམ་པས་གཉེར་བའི་གླང་སྦལ་གསོ་སྤེལ་ར་བ་དེ“ཚབ་སྦྲུམ་ཀུང་ཟི”ཞིག་ཡིན་པ་ཤེས་རྟོགས་བྱུང་བ།
ཝང་རྐང་བ།   ཝང་མཆིན་པ་དང་ཝང་མཁྲིས་པ་གཉིས་ཀྱི་ཕ།
ཝང་མཆིན་པ།   ལྕོང་མོའི་སློབ་གྲོགས།  སེང་ཕྲུག་ལ་སེམས་ཤོར་ནས་སྨྱོ་ལ་ཁད་ཆགས་པ་སྟེ།  སེང་ཕྲུག་གི་ཆེད་དུ་གོང་རིམ་ལ་ཡོན་འགྲམ་པས་བུད་མེད་དག་གི་ཨ་ལོང་ལེན་བཞིན་པ་ཞུ་གཏུགས་བྱེད་མཁན།   རྗེས་སུ་རྒྱལ་ཁམས་པའི་ལུགས་སུ་རྩིས་པ་བཅོས་ཤིང་།  བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་སུ་འཇིམ་བཟོ་མཁས་ཅན་ཆིན་ཧོ་ཡི་འཇིམ་བཟོས་བྱིས་པ་དག་འཚོང་མཁན། 
ཝང་མཁྲིས་པ།  ཝང་མཆིན་པའི་ནུ་མོ།  ལྕོང་མོའི་སློབ་གྲོགས།   ཁྲེན་སྣ་ཁུག་གི་ཆུང་མ།   མིའུ་ཐུང་ཞིག  མོར་བུ་མོ་ཁྲེན་རྣ་ཅོག་སྐྱེས་རྗེས་ཡང་བསྐྱར་བུ་ཞིག་སྐྱེ་འདོད་པས་འཆར་ལྡན་བུ་བཙའ་ལ་རྒྱབ་འགལ་གྱིས་མངལ་སྦྲུམ་དུ་བཅུག་སྟེ་ཕྱོགས་ཡར་མར་ལ་སྦས་སྐུང་བྱས་ནའང་རྗེས་སུ་ཁམ་བུ་སྐྱེལ་འདྲེན་བྱེད་པའི་ཤིང་གཟིངས་ནང་དུ་གབ་ནས་འབྲོ་བཞིན་པ་ཨ་ནེ་སོགས་ཀྱིས་རྗེས་འདེད་བཏང་སྟེ་འཇུ་བཟུང་ཐེབས་པ་དང་ཤིང་གཟིངས་སྟེང་ཁྲེན་སྨིན་མ་སྐྱེ་སྐབས་ལུས་ཀྱི་ཟུངས་ཁྲག་ཟད་དེ་ཆུ་ཐོག་ནས་ཚེ་ལས་འདས་པ་ཞིག 
ཡོན་འགྲམ་པ།  ཡོན་ངོ་གདོང་གི་བུ།   ལྕོང་མོའི་སློབ་གྲོགས།  ལྕོང་མོའི་ཆུང་མ་དང་པོ་ཝང་རན་མའེ་ཡི་ཨ་ལོང་འདོན་མཁན།   རྗེས་སུ་གླང་སྦལ་ཀུང་ཟིའི་སྦྱིན་བདག  ལྐོག་ཏུ“ཚབ་སྦྲུམ་ཀུང་ཟི”གཉེར་སྐྱོང་བྱེད་མཁན། 
ཝང་རན་མའེ།  ལྕོང་མོའི་ཆུང་མ།   ཕྲུ་གུ་གཉིས་པ་སྐྱེ་འདོད་ཀྱིས་ལྐོག་ཏུ་ཨ་ལོང་བཏོན་པར་བྱིས་པ་གཉིས་པ་འཁོར་བ་དང་།  རྗེས་སུ་ཨ་ནེ་དང་ལྕོང་མོས་ཞི་དྲག་གཉིས་ཀྱི་ཁ་ངོ་ལྡོག་མ་ཐུབ་པར་མངལ་འབྱིན་གཤགས་བཅོས་བྱས་པར་ལེགས་འགྲུབ་མ་བྱུང་བར་རང་སྲོག་ཤོར་བ།  
ལི་ལག་པ།  ལྕོང་མོའི་སློབ་གྲོགས།  རྗེས་སུ་ཐང་ཅི་ཧེ་ཏེ་ཟ་ཁང་གི་སྦྱིན་བདག་བྱས་པ། 
ཧའོ་ལག་ཆེན།  འཇིམ་བཟོ་མཁས་ཅན། 
ཧོང་ཆི་ཡཱ།   མིང་གྲགས་ཆེ་བའི་སློབ་ཆེན་གྱི་སློབ་ཐོན་སློབ་མ།  ཨ་ནེའི་ལས་གྲོགས།  སྔོན་ལ་ཨ་ནེ་དང་འགལ་བ་བྱུང་ནའང་རྗེས་སུ་མཐུན་པོ་བྱུང་བ། 
སེང་ཕྲུག  ཨ་ནེའི་དགེ་ཕྲུག་གམ་ལག་རོགས་དང་ཆེས་བློ་འཁེལ་སའི་མི།   ལྕོང་མོའི་ཆུང་མ་གཉིས་པ།  རྗེས་སུ་བྱིས་པ་སྐྱེ་རྒྱུ་མ་བྱུང་བར་ལྐོག་ཏུ་ལྕོང་མོའི་ཁུ་བ་བསྡུས་ཏེ་གླང་སྦལ་གསོ་སྤེལ་ར་བ་རུ་སོང་ནས་ཁྲེན་སྨིན་མ་གླས་ཏེ་ཚབ་སྦྲུམ་བྱ་རུ་འཇུག་མཁན། 
ཆིན་ཧོ།  གླེན་མདོག་ཚ་བའི་མི་ཡ་མཚན་ཅན་ཞིག   ཡོན་ཚད་མཐོ་ཞིང་ཨ་ནེའི་ལས་གྲོགས་ཏེ་གྲུ་སྐོར་མཁན།   རྗེས་སུ་དམངས་ཁྲོད་འཇིམ་བཟོ་མཁས་པར་གྱུར་བ།
 དབང་ལྔ།  ལྕོང་མོའི་ཕ་སྤུན་ནུ་བོ། 
ཀྲང་ཁུ་ཚུར།   ཤར་རླུང་གྲོང་ཚོའི་ནང་གི་གཏུམ་དྲག་ཆེ་བའི་མི་ཞིག  ཨ་ནེའི་མགོ་ལ་རྒྱུག་པས་གཞུས་ཏེ་ཁྲག་བཞུར་དུ་འཇུག་མཁན། 
ཀེང་ཤུའུ་ལན།  ཀྲང་ཁུ་ཚུར་གྱི་ཆུང་མ།   བྱིས་པ་བཞི་བ་མངལ་དུ་འཁོར་བས་ཨ་ནེ་སོགས་ཀྱིས་བཟུང་སྟེ།  མངལ་འབྱིན་གཤགས་བཅོས་བྱེད་སྐབས་ཚེ་ལས་འདས་པ།  
ཝང་ཞའོ་ཐིས།  མཁའ་དམག་གི་གནམ་གྲུ་ཁ་ལོ་བ།  ཨ་ནེ་དང་གཉེན་བསྒྲིག་རྒྱུ་བྱས་ནའང་རྗེས་སུ་གོ་མིན་ཏང་ལ་ངོ་ལོག་གིས་ཐེ་ཝན་དུ་བྲོས་པ་དེ་ཡིས་རིག་གསར་སྐབས་ཨ་ནེ་སྡུག་ལ་སྦྱར་བ།
                     གསུམ་པ། 
     སྒྲུང་ནང་གི་མི་སྣ་གཙོ་བོ་དག་གི་རང་བཞིན་ཅུང་ཙམ་ངོས་ཟིན་རྗེས་ང་ཚོ་སྒྲུང་གཏམ་གྱི་ལེའུ་རེ་རེར་དངོས་སུ་ཞུགས་ཆོག་པ་ནི།
སྒྲུང་འདིའི་བམ་པོ་དང་པོ་སྟེ་ལེའུ་དང་པོ་རུ་སྒྲུང་ནང་གི་མི་སྣ་གཙོ་བོ་ཁྲེན་སྣ་ཁུག་དང་ཝང་མཆིན་པ།  ཝང་མཁྲིས་པ།  ཤའོ་མས་མཆུ།  ཝང་རན་མའེ་སོགས་བྱིས་པ་ཡིན་དུས་བཀྲེས་ལྟོགས་ཀྱི་ལོ་རབས་ནང་རྡོ་སོལ་བཟས་པའི་སྒྲུང་ཞིག་ནས་མགོ་བརྩམས་ཏེ་ཨ་ནེ་སྲོལ་རྒྱུན་གྱི་སྐྱེ་གཡོག་རྒན་མོ་དེ་ཚོ་ལས་རྣམ་པར་རྒྱལ་ཏེ་ཀྲུང་གོ་གསར་བའི་ཆེད་གཉེར་ཕྲུ་གུ་སྐྱེ་བསུ་བྱེད་མཁན་དུ་གྱུར་བ།   དེ་ནས་ཨ་ནེའི་སྐྱེ་བསུ་བྱས་པའི་བྱིས་པ་དང་པོ་ཁྲེན་སྣ་ཁུག་ཡིན་པ་དང་ཁྲེན་སྣ་ཁུག་གི་ཨ་ཕར་ཁྲིམས་མཐུན་གྱི་ཆུང་མ་གཉིས་ཡོད་པ་དེ་ལས་གཅིག་ཀྲུང་སུའུ་ཡི་ལོ་རྒྱུས་འགལ་འབྲེལ་དེ་ལས་ཐོན་པའི་ཨུ་རུ་སུའི་བུད་མེད་ཅིག་ཡིན་པ།  ཐ་ན་ཁྲེན་སྣ་ཁུག་མངལ་གྱི་སྒོ་ཁར་འདོན་དུས་སྔོན་ལ་མགོ་བོ་མ་ཐོན་པར་ལག་པ་བརྐྱངས་ཡོང་བ་དེས་སྲོལ་རྒྱུན་གྱི་ཤོད་རྒྱུན་ལྟར་ན་སྤྲང་པོར་ཆགས་འགྱུར་གྱི་རྟེན་འབྲེལ་ལོག་པ་སོགས་སྒྲུང་རིང་གི་མགོ་རྔ་ཀུན་ལ་གལ་འབྲེལ་ཆེ་བའི་བརྡ་རྟགས་མང་པོ་བཏོན་ཡོད་ཅིང་།  རྩོམ་པ་པོས་སྒྲུང་གི་མི་སྣ་གཙོ་བོར་བཞག་ཡོད་པའི་ཨ་ནེ་དབན་སྙིང་ཁ་ལགས་ཀྱི་མི་ཚེའི་བྱུང་བ་ཕལ་ཆེ་བ་ཞིག་ཞིབ་འབྲི་བྱས་ཡོད་དེ།  སྤོ་བོ་རྒན་པ་ལྗར་འགོག་དམག་འཁྲུག་ལ་ཞུགས་པ་དང་ཨ་ནེ་ཆུང་དུས་སུ་ལྗར་དམག་གིས་འཛིན་བཟུང་བྱས་ཚུལ།  དེ་བཞིན་ཨ་ནེའི་བརྩེ་དུང་བཅངས་སའི་མཁའ་དམག་གི་གནམ་གྲུ་ཁ་ལོ་བ་ཝང་ཞའོ་ཐིས་ཐེ་ཝན་ལ་ངོ་ལོག་བྱས་པ་དང་། འཆར་ལྡན་བུ་བཙའི་སྲིད་ཇུས་ལག་ལེན་དུ་བསྟར་བ་ནས་སྐྱེ་བསུའི་ལྷ་མོར་ངེས་པ་རྙེད་པའི་ཨ་ནེ་དབན་སྙིང་ཁ་སྐྱེས་པར་རྩ་སྡོམ་གཤགས་བཅོས་བྱེད་མཁན་གྱི་བདུད་འདྲེ་ལྟ་བུ་ཞིག་ཏུ་གྱུར་ཏེ་ཝང་རྐང་བ་དང་ཤའོ་ཡས་མཆུ་སོགས་ཀྱི་ཕྱ་བྱེད་མཁན་དུ་གྱུར་བ་དེས་རིག་གསར་སྐབས་སུ་ཨ་ནེར་འཐབ་རྩོད་དྲག་པོ་བྱས་པ་དང་ཤའོ་ཡས་མཆུས་དགྲ་ཤ་ལེན་བསམ་གྱིས་ཁོ་མོར་མནར་གཅོད་ཚད་མེད་བཏང་ཚུལ་སོགས་བཀོད་ཡོད།   ཚན་པ་འདིའི་ནང་ཨ་ནེའི་ལས་གྲོགས་ཧོང་ཆི་ཡཱ་ཡི་སྐོར་ཏོག་ཙམ་མ་གཏོགས་ཚང་མ་ཨ་ནེ་དང་འབྲེལ་ཡོད་གཏམ་རྒྱུད་ཤ་སྟག་ཡིན་ཅིང་།  སྒྲུང་རིང་ཧྲིལ་བོའི་ནང་གི་བྱུང་རིམ་ཆེས་རྫོབ་ཟིང་ཆེ་བའི་ལེའུ་ཞིག་ཡིན་པ་རེད། 
     སྤྱིར་ཀྲུང་གོའི་འཆར་ལྡན་བུ་བཙའ་ཡི་སྲིད་ཇུས་དེ1970ལོར་གྲོས་མགོ་བཏོན་པ་ནས1982ལོར་རྒྱལ་ཇུས་སུ་དངོས་སུ་དོན་འཁྱོལ་ལག་བསྟར་བྱས་པ་ཡིན་མོད།   མའོ་ཡན་གྱིས་སྒྲུང་ནང་དུ1965ལོར་མགོ་བརྩམས་པར་བརྗོད་ཡོད་པ་དེར་ཀློག་པ་པོའི་ཁྲོད་དོགས་པ་བྱེད་མཁན་མང་པོ་ཞིག་བྱུང་མྱོང་ནའང་།  རྗེས་སོར་ཆེད་མཁས་པ་མང་པོས་ཀྲུང་གོའི་འཆར་ལྡན་བུ་བཙའ་ཡི་སྲིད་ཇུས་གྲོང་ཁྱེར་ཁ་ཤས་སུ་ལོ་རབས་དྲུག་ཅུ་བའི་དཀྱིལ་དུ་མགོ་བཙུགས་ཡོད་པར་བདེན་དཔང་བྱས་ཡོད་པ་རེད། 
     བམ་པོ་གཉིས་པ་ནི་སྒྲུང་ནང་གི་འབོད་པའི་ཐ་སྙད་དང་པོ་རུ་གྱུར་ཡོད་པའི་རྩོམ་པ་པོ་རང་ཉིད་ཀྱི་སྤྲས་གཟུགས་ཏེ་ལྕོང་མོའི་སྐོར་མང་པོ་བཀོད་ཡོད་པ།  ལྕོང་མོ་དང་ཝང་རན་མའེ་གཉིས་ཁྱིམ་བཟའ་ཚང་དུ་གྱུར་བའི་བྱུང་བ་གཙོ་བོར་བཀོད་དེ་ཡོན་འགྲམ་པ་ས་དཔྱད་སོགས་ལ་མཁས་པའི་རྩིས་པར་གྱུར་བ་དང་ལྐོག་ཏུ་ཝང་རན་མའེ་ཡི་ཨ་ལོང་བཏོན་པས་ཕྲུ་གུ་གཉིས་པ་འཁོར་བར་ལྕོང་མོས་རང་གི་མདུན་ལམ་ལ་བར་ཆད་མི་འབྱུང་བའི་ཆེད་དུ་ཝང་རན་མའེ་ལ་མངལ་འབྱིན་དགོས་ཚུལ་བརྗོད་པར།  ཝང་རན་མའེ་སྒྱུག་པོ་ཚང་དུ་ཡིབ་པ་དང་།   ཨ་ནེས་ཝང་རན་མའེ་འགུག་པའི་ཐབས་སུ་སྒྱུག་པོ་ཚང་གི་ཁྱིམ་མཚེས་ཤའོ་ཡས་མཆུ་ཚང་གི་ཚེས་སེར་སྡོང་རྒན་འཕྲེད་བཀག་བཏང་སྟེ་ཁྱིམ་མཚེས་ཚང་མ་གཏོར་རྒྱུ་བྱས་པར་ཝང་རན་མའེ་བྱ་ཐབས་ཟད་པའི་ངང་མངལ་འབྱིན་རྒྱུར་འཐད་པ་བྱུང་ནའང་།   མངལ་འབྱིན་གཤགས་བཅོས་བྱེད་སྐབས་ཚེ་སྲོག་ཤོར་བའི་ཚུལ་བརྗོད་ཡོད།  སྒྲུང་འདིའི་ནང་བྱེ་བྲག་ཏུ་ཀྲང་ཁུ་ཚུར་ཚང་གི་ཆགས་འཇིག་དང་ཝང་མཆིན་པས་སེང་ཕྲུག་ལ་རྣམ་དག་གི་བརྩེ་བ་བཅངས་ཚུལ་སྐོར་བཀོད་ཡོད་པ་དེ་ཙམ་ལས་སྒྲུང་གི་སྐུད་སྣེ་གཙོ་བོ་ལྕོང་མོ་དང་ཝང་རན་མའེ་གཉིས་ཀྱི་དགའ་སྐྱོ་ཟུང་ལྡན་གྱི་དུས་ཐུང་གི་འཚོ་བའི་སྐོར་གཙོ་བོ་བཀོད་ཡོད།
    ལེའུ་འདི་ནི་སྒྲུང་རྩོམ་ཧྲིལ་བོའི་སེམས་ཁམས་ཀྱི་འཕྱོ་འཇགས་ཆེས་ཟབ་ས་སྟེ་རྩོམ་པ་པོས་ཝང་རན་མའེ་ཚེ་ལས་འདས་པའི་སྐོར་འབྲི་སྐབས་མིག་ནང་མཆི་མས་ཁེངས་ཡོད་ཅེས་བརྗོད་ཡོད་པ་དང་།  འཕྲིན་ཡིག་ཐེངས་དང་པོ་ཀློག་མཁན་གྱི་སྐུ་ཞབས་ཧྲན་ཀུའུ་དབྱི་རན་ལགས་ཀྱང་འཕྲིན་འདི་བཀླགས་པ་ཡིས་མནལ་ཚབས་ཆེན་ཡེར་ཏེ་སྐུ་ཁམས་ལ་གནོད་སྐྱོན་ཆེན་པོ་ཕོག་པར་བརྗོད་པ་དེ་ལྟར་ཀློག་པ་པོ་སུ་ཡིན་ཡང་མཚམས་འདིར་མིག་ཆུ་བཞུར་ངེས།                 
      བམ་པོ་གསུམ་པ་ནི་སྒྲུང་གི་ཡན་ལག་གི་སྐོར་ཏེ་སྒྲུང་རྩོམ་གྱི་མི་སྣ་གཙོ་བོ་ཨ་ནེ་དང་ལྕོང་མོ་གཉིས་ཀྱི་རང་གཤིས་ལ་ཐམ་ཀ་རྒྱག་པའི་ལེའུ་ཞིག་རེད།   ལྕོང་མོ་སེང་ཕྲུག་དང་གཉེན་སྒྲིག་པ་དང་ཁྲེན་སྣ་ཁུག་གི་ཆུང་མ་ཝང་མཁྲིས་པ་ལ་བུ་ཞིག་སྐྱེ་འདོད་ཀྱིས་ཕྲུ་གུ་ཨང་གསུམ་པ་འཁོར་བར་ཨ་ནེ་སོགས་ཀྱི་འཇུ་བཟུང་བྱེད་པར་སྐྲག་སྟེ་གབ་སྦས་དང་བྲོས་བྱོལ་བྱས་པའི་སྐོར་གཙོ་བོ་བཀོད་ནས་མཇུག་མཐར་ཆུ་ཐོག་ཏུ་ཁམ་བུ་སྐྱེལ་བའི་ཤིང་གཟིངས་ཀྱི་ནང་དུ་ཝང་མཁྲིས་པར་ཁྲེན་སྨིན་མ་སྐྱེས་པ་དང་མཉམ་དུ་ཟུངས་ཁྲག་ཟད་དེ་ཚེ་སྲོག་ཤོར་བའི་ཚུལ་བརྗོད་ཡོད།   ལེའུ་འདི་འཕྲིན་ཡིག་བཞི་ལས་ཡིག་གྲངས་ཆེས་ཉུང་བའི་ལེའུ་ཞིག་ཡིན་ནའང་།  སྒྲུང་སྟོད་སྨད་ཆ་གཉིས་སུ་ཕྱེ་བའི་སྲུབས་ཀ་སྦྱོར་བྱེད་ལྟ་བུ་དང་ལེའུ་བཞི་བ་དང་གཏམ་བརྗོད་ཟློས་གར་གཉིས་ནང་གཟེངས་སུ་ཐོན་པའི་མི་སྣ་གཉིས་ཏེ།  ཁྲེན་སྨིན་མ་དང་སེང་ཕྲུག་གཉིས་ཀློག་པ་པོ་དག་ལ་ངེས་སུ་བཅུག་ཡོད་པ་མ་ཟད།   ལེའུ་བཞི་བ་དང་གཏམ་བརྗོད་ཟློས་གར་གཉིས་ཀྱི་ནང་བཀོལ་བའི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཆ་དེ་ལ་དཀར་ཆག་བྲིས་པ་བཞིན་གྱི་ཁྱད་ཆོས་ཐོན་ཡོད། 
     བམ་པོ་བཞི་བ་ནི་ཀློག་པ་པོ་དག་ལ་རྩོད་གཞི་ཆེ་བའི་ལེའུ་ཞིག་སྟེ།  ལེའུ་འདིའི་ནང་ཡོན་འགྲམ་པ་དང་ལྕོང་མོའི་མ་སྤུན་གཅུང་བོ་ཅིན་ཤེའུ་གཉིས་ཀྱིས་མཉམ་དུ་བཙུགས་པའི“གླང་སྦལ་གསོ་སྤེལ་ར་བ”དང་ཆིན་ཧོ་ཡིས་བཟོས་ཏེ་ཝང་མཆིན་པས་འཚོང་གིན་པའི“ཟླ་འོད་བྱིས་པ”གཉིས་ཧ་ཅང་གལ་ཆེ་བའི་བརྡ་རྟགས་གཉིས་ཡིན་པ་ནི།  ལེའུ་འདིའི་ནང་དུ་ཨ་ནེ་ཆེས་སྐྲག་ས་སྦལ་བ་ཡིན་པ་དང་།  སེང་ཕྲུག་ལས་ཀ་བྱེད་དུ་འགྲོ་ས་གླང་སྦལ་གསོ་སྤེལ་ར་བ་ཡིན་པ།  ཨ་ནེ་བྱིས་པའི་འཇིམ་བཟོ་མཁས་པ་ཧའོ་ལག་ཆེན་དང་གཉེན་སྒྲིག་པ།  ཀའོ་རྨིད་བྱང་ཤར་ཞང་གི་མི་སྣ་ཤེས་རབ་ཅན་ཚང་མར་གཉིད་ཡེར་བའི་ནད་ཕོག་ཡོད་པ།  སློབ་དཔོན་ཆེན་མོས་རྨི་ལམ་ནང་ནས་བྱིས་པའི་གཟུགས་བརྙན་དང་ལེན་བྱེད་ཀྱིན་ཡོད་པས་འཇིམ་བཟོས་བྱིས་པ་མང་པོ་དེ་འདྲ་བཞེངས་ནའང་བསྐྱར་ཟློས་གཅིག་ཀྱང་མི་བྱེད་པ་དེ་རྗེས་སུ་ཨ་ནེས་སྔ་དུས་སུ་མངལ་འབྱིན་བྱས་ཟིན་པའི་བྱིས་པ་དག་གི་རྣམ་ཤེས་ལྟ་བུ་ཞིག་ཏུ་བརྗོད་ཡོད།  ལེའུ་འདིའི་ནང་ཁ་སྐོང་བའི་ཚུལ་དུ་ཁྲེན་སྣ་ཁུག་ཐང་ཅི་ཧེ་ཏེའམ་སའེ་ཝན་ཐེ་སིའི་ཆས་སུ་སྤྲས་ཏེ་སྤྲང་པོ་བྱེད་པ་དང་ཁྲེན་སྨིན་མའི་སྐོར་མང་པོ་བརྗོད་པ་དག་གིས་མཇུག་གི་གཏམ་བརྗོད་ཟློས་གར་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་ནའང་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་རྗེས་ཤུལ་ཆེས་གསལ་བའི་ལེའུ་འདི་རུ་སྤྲོས་བརྗོད་ཅུང་མང་སོང་སྙམ་པ་ཞིག་འདུག  དེ་བཞིན་ལེའུ་འདི་ནི་ཅུང་ཆོབ་ཚ་བ་ཞིག་ལ་ལྕོང་མོས་སྒྲུང་དང་འབྲེལ་མེད་ཀྱི་རང་གི་མཐོང་སྣེ་མང་པོ་བེད་སྤྱད་དེ་སྤྱི་ཚོགས་ཀྱི་ནད་རྙིང་མང་པོ་སུན་འབྱིན་བྱས་ཡོད་ལ།   ཚབ་སྦྲུམ་གྱི་ལས་ཀར་ཨ་ནེ་དང་རང་ཉིད་བཅས་ཚང་མ་ཞུགས་པ་དེས་ཀྱང་མི་སྣའི་སྐྱུག་བྲོ་བའི་རང་བཞིན་ཕྱིར་བཏོན་ཡོད་ནའང་ཨ་ནེས་རྩ་མེད་བཏང་ཟིན་པའི་བྱིས་པ་དག་འཇིམ་བཟོས་མི་རུ་བསྒྱུར་ཞིང་སྤྱང་རིག་ཐོབ་རྗེས་སླར་ཡང་ལྷུམས་སུ་ཞུགས་ནས་སྐྱེ་བ་ལེན་ཚུལ་དེ་དང་ཁོ་མོས་དེ་དག་ཁྱིམ་གང་དག་ཏུ་སྐྱེས་ཡོད་པ་གསལ་བོར་ཤེས་ཡོད་པ་མ་ཟད།  ཐ་ན་ལྕོང་མོ་དང་སེང་ཕྲུག་གཉིས་ལ་སྐྱེ་འགྱུར་གྱི་བྱིས་པ་དེའི་འཇིམ་བརྙན་བསྟན་ཏེ་ཁྱེད་ཚོས་ཁོ་ངོ་ཤེས་ཀྱི་འདུག་གམ་གསུངས་པ་དག་གིས་ཨ་ནེ་རང་ལྷ་མོ་ཉའེ་ཝ་ལྟ་བུ་ཞིག་ཏུ་བསྟན་འདུག་པ་ནི་སྒྲུང་འདིའི་སྒྱུ་རྩལ་གྱི་ཟབ་དོན་ཆེས་གཏིང་ས་དེ་དང་འཆར་ལྡན་བུ་བཙའ་ལ་དྲི་རྟགས་ཆེན་པོ་ཞིག་བཏོན་གནང་བའི་དམིགས་བསལ་གྱི་མཚོན་དོན་ཞིག་ཀྱང་རེད་སྙམ། 
      མཇུག་གི་གཏམ་བརྗོད་ཟློས་གར་ནི་སྒྲུང་གི་ལེའུ་ཚང་མར་སྡོམ་རྒྱག་པའི་གསལ་བཤད་ཀྱི་རྩོམ་ཡིག་ཅིག་དང་འདྲ་བ་ལ་སྒྲུང་གི་ཁྲོད་དུ་གབ་ཟིན་པ་དག་ལ་སྤྲོས་བཤད་ཀྱི་ངལ་བ་ལྷུར་བླངས་ཡོད་པ་དང་།   ཞིབ་བརྗོད་བྱས་ཟིན་པའི་ནང་དོན་དག་ལ་ནི་སྒྱུ་འཕྲུལ་གྱི་ཚོས་ཁ་ཕབ་ཡོད།   མཇུག་ཏུ་ཨ་ནེས་ཞགས་ནག་སྐེ་ལ་བསྐོན་ཏེ་རང་དམེ་བྱེད་པ་ལ།  ལྕོང་མོས་གྲི་གུས་ཞགས་ཐག་བཅད་པ་ནས་ཨ་ནེ་འདས་ལོག་བྱུང་བར་བསྙད་པ་ནི་རུས་རྐང་ལ་ན་ཟུག་བསྐྱེད་པའི་གབ་དོན་ཞིག་སྟེ།  སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་བྱུང་བའི་ཁྲོད་རང་ཉེས་རང་གིས་དག་པར་བྱེད་པའི་མི་སྣ་གང་མང་མང་ཞིག་བྱུང་མྱོང་བ་དེ་བཞིན་མ་ཉེས་ཁ་གཡོགས་དང་བར་ཆད་ཀྱིས་ཁྱེར་བའི་མི་ཡང་བགྲང་ལས་འདས་པ་ཞིག་བྱུང་བ་ལ་ནི་ང་ཚོས་ངོས་འཛིན་ག་འདྲ་ཞིག་བྱ་དགོས་པར་ལན་རྙེད་དཀའ་བའི་དྲི་ཚིག་ཅིག་བཏོན་ཡོད་པ་རེད།
    མདོར་ན། སྒྲུང་འདི་ནི་མའོ་ཡན་རང་གིས་བཤད་པ་ནང་བཞིན་མིའི་གཉུག་གཤིས་སུ་གནས་པའི་སྡར་མའི་གཤིས་ཀ་དེ་དང་དེ་ཡིས་བསྐྱེད་པའི་སྐྱོ་གར་ཞིག་ཡིན་ཞེས་པ་ནང་བཞིན་མི་སྣ་གཙོ་བོ་ཨ་ནེ་དང་རྩོམ་པ་པོ་གཉིས་ཀྱི་ནང་སེམས་ཀྱི་འགལ་བ་ཛ་དྲག་ཏུ་གནས་པ་མ་ཟད།  རང་གི་བྱས་ཉེས་ལ་བཤགས་པ་རྒྱག་པའི་བློ་སྟོབས་ཀྱང་མེད་པར་རྨི་ལམ་གྱི་ཁམས་སུ་སྟོང་བསམ་ལ་རོལ་བའི་སྡར་མའི་གཤིས་ཀ་དེ་དང་ངོ་ཚའི་སྡུག་བསྔལ་དེ་ལས་མིའི་རིགས་ཀྱི་ནང་གི་རི་མོ་གཞན་ཞིག་མཚོན་བརྗོད་བྱས་ཡོད་པར་འདོད་དོ།།

 རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།      
       མའོ་ཡན།  དངོས་མིང་ལ་ཀོན་མའོ་ཡེ(管谟业)ཟེར། 1955ལོར་ཧྲན་ཏུང་ཞིང་ཆེན་ཀའོ་རྨིད་རྫོང་ཏཱ་ལན་ཞང་ཕེན་ཨན་གྲོང་ཚོའི་ཞིང་པའི་ཁྱིམ་ཞིག་ཏུ་སྐྱེས། སློབ་ཆུང་འགྲིམ་དུས་སུ་རིག་གནས་གསར་བརྗེའི་རྐྱེན་པས་སློབ་མཚམས་མི་འཇོག་ཀ་མེད་བྱུང་སྟེ། ཞིང་གྲོང་དུ་ལོ་ངོ་བཅུའི་རིང་ངལ་རྩོལ་དུ་ཞུགས།  དེའི་རིང་ཁྲེ་རྒོད་འདེབས་པ་དང་སྲིང་བལ་འདེབས་འཛུགས་བྱེད་པ། གནག་རྫི་དང་རྩྭ་རྔོ་མཁན་བཅས་ཀྱི་ལས་ཀ་བསྒྲུབས་མྱོང་།  
      1976ལོར་དམག་སྐུལ་དང་ལེན་གྱིས་དམག་དཔུང་ནང་ཞུགས་ཏེ་འཐབ་མོ་བ་དང་གསང་སྲུང་པ། དགེ་རྒན། དཔེ་དེབ་བདག་གཉེར་པ་སོགས་ཀྱི་འགན་བཞེས། དམག་དཔུང་དུ་དཔེ་དེབ་བདག་གཉེར་པ་བྱེད་པའི་ལོ་བཞིའི་ནང་མའོ་ཡན་གྱིས་རྩོམ་རིག་སྐོར་གྱི་དེབ་སྟོང་ཕྲག་ལྷག་བཀླགས་མྱོང་སྐད། 1984ལོར་བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་གི་རྩོམ་རིག་སྡེ་ཁག་སོགས་སུ་ཞུགས་ཏེ་རྩོམ་རིག་རབ་འབྱམས་པའི་མཚན་བཏགས་བཞེས།  1981ལོར་སྒྲུང་རྩོམ་ཐོག་མ་དུས་དེབ་ཏུ་བཀོད་པ་ནས་རྩོམ་པ་པོའི་འགན་མོས་ལྷུར་བླངས་ཤིང་རྩོམ་ཡིག་སྤེལ་ཚད་དལ་བ་ནས་མྱུར་བའི་ལམ་དུ་བཞུད། 1985ལོར་ཁོས་བརྩམས་པའི་སྒྲུང་ཐུང《ཕྱི་གསལ་ནང་གསལ་གྱི་ལ་ཕུག་སེར་པོ》ཞེས་པ་དུས་དེབ་སྟེང་སྤེལ་བ་ནས་སྐད་གྲགས་རྒྱས་འགོ་བརྩམས། 1986ལོར་སྒྲུང་འབྲིང《ཁྲེ་རྒོད་དམར་པོའི་ཁྱིམ་རྒྱུད》ཅེས་པ《མི་དམངས་རྩོམ་རིག》སྟེང་སྤེལ་བར་རྩོམ་སྟེགས་སུ་ཚ་འུར་གྱི་རྣམ་པ་རྒྱས་ཤིང་ཕྱིས་སུ་གློག་བརྙན་དུ་ཕབ་པ་དེAརིམ་པའི་འཛམ་གླིང་གློག་བརྙན་དུས་སྟོན་གྱི་ཆེས་མཐོའི་བྱ་དགའ་འཐོབ་མཁན་གྱི་ཀྲུང་གོའི་གློག་བརྙན་ཐོག་མར་གྱུར། 
ཁོང་གི་བརྩམས་ཆོས་མང་ཆེ་བ“རྒྱུད་འདེད་རྩོམ་རིག”གི་ཁོངས་སུ་བསྡུ་ཡི་ཡོད། 
      2011ལོར་མའོ་ཡན་གྱི་སྒྲུང་རིང《སྦལ་པ》ལ་ཀྲུང་གོའི་རྩོམ་རིག་གི་བྱ་དགའ་མཐོ་ཤོས་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་པ་དང་། 2012ལོའི་ཟླ10བའི་ཚེས11ཉིན་སྒྲུང་འདི་གཙོས་པའི་ཁོང་གི་རྩོམ་ལ“སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་དེ་ཉིད་ཤོད་རྒྱུན་དང་ལོ་རྒྱུས།  དེང་དུས་བཅས་དང་མཉམ་དུ་བསྲེས་པ”ཡི་མིང་ཐོག་ནས་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ། 
      བརྩམས་ཆོས་ལ《ཁྲེ་རྒོད་དམར་པོའི་ཁྱིམ་རྒྱུད》དང་། 《ལྷ་ཡུལ་གྱི་སྒོག་རྐང་གླུ་དབྱངས》 《ཆང་རག་གི་རྒྱལ་ཁམས》《ནུ་འབུར་རྒྱས་ལ་རྐུབ་ཤ་ཆེ》 《ཤིང་ཙན་དན་གྱི་ཁྲིམས་གཅོད》《འཆི་གསོན་གྱི་ངལ་དུབ》 《སྦལ་པ》སོགས་སྒྲུང་རིང་བཅུ་གཅིག་དང་སྒྲུང་ཐུང་དྲུག་ཅུ་རེ་གྲངས། དེ་མིན་འཁྲབ་གཞུང་དང་ལྷུག་རྩོམ་སོགས་མང་དུ་བརྩམས་ཡོད་པ་ལས་བརྩམས་ཆོས་ཡིག་རིགས་མི་འདྲ་བ་བཞི་བཅུའི་ལམ་དུ་བསྒྱུར་ཏེ་རྒྱལ་ཁབ་དང་མི་རིགས་མང་པོའི་བསམ་པའི་རྒྱགས་ཕྱེ་རུ་གྱུར་ཡོད། 
     རྩོམ་པ་པོ་མའོ་ཡན་ལགས་ནི་ཀྲུང་གོའི་སྐམ་ས་ཆེན་མོའི་ལོ་རྒྱུས་སྟེང་ནོ་པེལ་རྩོམ་རིག་བྱ་དགའི་མཚན་གནས་བཞེས་མཁན་ཐོག་མ་དེ་ཡིན་པ་དང་། ཁོང་གི་སྒྲུང་རྩོམ་གྱི་རང་ལུགས་དེ་ཁ་ནང་གཏད་སྒོས་དུས་རབས་ཉི་ཤུ་བའི་བར་མཚམས་ཏེ་ཀྲུང་གོའི་གཉན་འཕྲང་དུས་ཀྱི་ན་ཟུག་ཆེ་ཤོས་ལ་རེག་པའི་རྣམ་ཤེས་ཀྱི་ཨག་འབོད་ཅིག་ཏུ་བརྗོད།

ལོ་ཙཱ་བ་ངོ་སྤྲོད་མདོར་བསྡུས།    
     རྒན་གོང་ཨོ་རྒྱན་རྡོ་རྗེ།  སྨྱུག་མིང་ལྗང་གཞོན། བོད་ལྗོངས་གྲ་ནང་རྫོང་གི་མི། 1978ལོར་ལས་ཀར་ཞུགས་རྗེས་དགེ་རྒན་དང་དུས་དེབ་རྩོམ་སྒྲིག་པ་སོགས་ཀྱི་འགན་བཞེས་མྱོང་ཞིང་། རྩོམ་དེབ《མཐོ་སྒང་གི་རླུང》དང《ཕ་ས་མྱུལ་བའི་རྣམ་ཤེས་ཕྲ་མོ》སོགས་ཡོད།  2009ལོར་སྒྲུང་རྩོམ་གྲགས་ཅན《ཇ་ཤིང་མེ་ཏོག་མ》བོད་འགྱུར་མ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པ་ལ་བོད་ཀྱི་རྩོམ་སྟེགས་སུ་ཚུར་སྣང་ལེན་ཆ་བྱུང་སྟེ།  ཀློག་པ་པོ་དག་ལ་ནུབ་ཕྱོགས་ཀྱི་སྒྲུང་གྲགས་ཆེན་དག་ཀློག་པའི་སྐལ་བ་དང་ལྡན་པར་བྱས་ཤིང་།  2018ལོར་ཁོའི་འགྱུར་དེབ་གཉིས་པ་མའོ་ཡན་གྱི་སྒྲུང་རིང《སྦལ་པ》པར་དུ་བསྐྲུན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།