གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིའི་ཚེ་སྲོག་དང་འབྲེལ་ཡོད་ཀྱི་ཆུ་ཚོད་སྐར་མ་གང་།

2019-09-03 11:58:55 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།
   སྨུག་སྤྲིན་འཐིབས་པའི་མཁའ་དབྱིངས་སུ་རླུང་གིས་ཁུར་གྱིན་པའི་སྐར་མ་དག་གིས་ངུ་སྐད་ཕྲ་བའི་བྱིས་པ་དག་གི་འབྱུང་འགྱུར་ལ་རེ་སྒུག་བྱས་ཡོད་ནའང་རང་ལུས་འོད་ཀྱིས་འཚོ་བའི་སྐར་མ་རེ་རེའི་དྲོད་ཁོལ་དེ་མེ་སྟག་ཞི་བའི་མྱ་ངན་གྱི་དབང་འོག་ཏུ་བདེ་བར་གཤེགས་པས་ན།  ང་ཚོས་སྐྱེས་བུ་ཆེན་པོ་ཞིག་གི་སེམས་ཁྲལ་གྱིས་བཞེངས་པའི་མ་འོངས་པ་དེ་ལ་གླེང་གཞི་ཞིག་བྲི་དགོས་པར་འདུག 
   རེད་དེ།  ཁེར་རྐྱང་གི་གདུང་བ་དེས་ལུས་ཀྱི་ཟུངས་ཁྲག་དེ་ཡང་རི་གཟར་དུ་འབབ་པའི་རྦབ་ཆུ་ཞིག་གི་རྒྱུག་ཚུལ་ལྟར་ཕྱོགས་ངེས་མེད་དུ་རྒྱུ་བའི་རང་སྣང་དེ་ཁྱོད་ཀྱི་རྒྱུད་ལ་འཁོར་བ་ནས་ད་གཟོད་རང་ཉིད་ཀྱི་རྐང་རྗེས་ནི་ངལ་དུབ་ལ་གོམས་པའི་བྱེད་པ་པོ་གཞན་ཞིག་གིས་ཁྱོད་ཀྱི་དམར་ལྷུག་ལྷུག་གི་ལོ་རྒྱུས་བྲིས་མྱོང་བའི་བརྗོད་བྱའི་ས་བོན་ཞིག་ལ་ངོས་འཛིན་གྱིན་ཡོད།  
   དེ་ཡང་འཇིག་རྟེན་གྱི་ཐོབ་དཀའ་དོན་ཆེའི་མི་ལུས་རིན་པོ་ཆེ་འདི་དེ་ལྟར་སྐད་ཅིག་དེ་ཉིད་ལ་རྫོགས་ཏེ་གྲོལ་བའི་སྣང་ཚུལ་ཙམ་ཞིག་ཁྱོད་ཀྱི་ཤ་སྐྱིའི་བཏུམ་པའི་ཚེ་སྲོག་གི་མཇུག་འབྲས་ལ་བབས་པའི་དབུགས་རྟ་རྔ་ཙམ་པོ་དེས་དཔང་པོ་བྱས་འདུག་པས་ན་ཁྱོད་ཀྱིས་ཀྱང་རང་སྐྱ་འཕེར་བའི་ངང་ཆུ་ཚོད་སྐར་མ་གང་གི་ལོངས་སྤྱོད་ཀྱི་གཞི་དེ་མིའི་རིགས་ཀྱི་བདེ་སྐྱིད་དང་བརྩེ་སེམས་ཀྱིས་ཕྱུག་པའི་བྱམས་སེམས་ལ་རག་ལས་པ་རྟོགས་སོང་། 
 
“ཐག   ཐག   ཐག   ཐག   ཐག   ཐག   ཐག   ཐག   ཐག   ཐག”
   སུ་ཞིག་གིས་གཟུང་དུ་མ་གཏུབ་པར་བརྗེད་ངེས་ཀྱིས་འཁྱེར་བའི་སྐར་ཆ་བཅུ་བོ་འདིའི་ནང་དུ་ཁྱོད་ཀྱི་འདས་ཟིན་པའི་ལོ་ཟླའི་ནང་ལང་ཚོའི་འཛུམ་ཀོང་ལ་བདུད་རྩི་འཁྱིལ་བའི་བུད་མེད་ཀྱི་ངོ་གདོང་ཁེར་རྐྱང་བ་ཞིག་ལས་ལན་བུའི་གཡས་གཡོན་གྱི་ཐུ་འོག་ན་གསར་དུ་སྐྱེ་མ་ཐག་གི་བྱིས་པ་ཞིག་གི་ཚེ་སྲོག་གི་ཕྱིར་ན་ངུ་ཁ་འཛིན་གྱིན་ཆར་བ་ལས་སྙེམས་པའི་མེ་ལོང་གི་འདོད་གསོལ་ལ་སྐོམ་པ་ལྟ་བུའི་འདོད་སྲེད་ཅིག་སྐྱེས་ཡོང་ཞིང་།   རྣམ་སྨིན་གྱིས་བཏབ་པའི་སྐར་ཚོགས་ཁྱུ་ཞིག་ལས་ས་རྡུལ་གྱི་འདུ་ལོང་འཁྲིགས་པའི་སྟོན་ལྗོངས་དེ་ཡང་དྲན་ཡོང་ལ།  བར་ཐག་གིས་བཅད་པའི་གཡུལ་ཁའི་རྩྭ་ཕུང་དེའི་གསེབ་ནས་རང་ཉིད་ཀྱི་ཐེའུ་མ་བཏང་བའི་མེ་ཏོག་གི་བཞིན་རས་ལ་བརླན་གཤེར་གྱི་ཆགས་པ་འཕོས་པའི་ན་ཟུག་དེ་ག་ཙམ་པོ་ཡང་རང་ཉིད་ལས་མི་ལོ་བཅུ་ཕྲག་འགའི་སྔ་རོལ་དུ་སྐྱེས་པའི་བུད་མེད་ཅིག་གི་བརླ་གསེབ་ནས་བཞད་པར་སྐྲག་ཐག་ཆོད་ནའང་། འདོད་ཧམ་གཞན་ཞིག་གི་དབང་ཤེད་ལས་རླབས་རིས་འགུལ་བའི་སྙེ་ཕུང་གི་རྦ་རླབས་དེའང་བུད་མེད་ཀྱི་བརླ་སྟེང་ནས་མཆེད་ཡོང་བའི་ཆགས་སྲེད་ཀྱི་འདོད་མོས་བཞུར་མྱོང་བའི་རེ་བ་ཙམ་དུ་ཁྱོད་ཀྱིས་ད་ལྟའང་ད་དུང་སྐེ་ཚིགས་བརྐྱངས་ཏེ་ལྐོག་བལྟ་བྱེད་བཞིན་ཡོད། 
   ཁྱོད་ཀྱིས་བསམ་རྒྱུན་ལས་བཞུར་བའི་ཀླད་གཙིག་གི་དུ་ཁུང་དེ་དུས་བབ་ཀྱི་དབང་གིས་ནོག་པའི་འབག་བཙོག་གི་དུད་དྲེག་ཁྲི་གང་ཆགས་པའི་ད་ལྟ་ཁྱོད་ལ་མཚོན་ན“ཐག  ཐག”ཏུ་བགྲོད་བཞིན་པའི་སྐར་ཆ་གཉིས་པོ་འདི་ལའང་ནང་སེམས་ཁོང་དུ་ཆུད་པའི་སྐྱོ་ངལ་གྱིས་སྦས་པའི་རྣལ་འབྱོར་བ་ཞིག་གི་བརྟུལ་ཞུགས་ལས་སྣང་སྲིད་ཀྱི་བྱ་དངོས་གང་ལའང་རྟགས་ཐམ་དགོད་མ་ནུས། 
 
“ཐག   ཐག   ཐག   ཐག   ཐག   ཐག   ཐག   ཐག   ཐག   ཐག”
   རྨི་ལམ་གྱི་སྒོ་མོ་དལ་བུར་རྡུང་བ་བཞིན་གྱི་དངོས་གྲུབ་ཀྱིས་ཕྱུག་པའི་སྐར་ཆ་བཅུ་བོ་འདིའི་ནང་དུ་ཁྱོད་ཀྱི་ལོ་ན་ལས་ཟབ་པའི་མི་རབས་ཤིག་གི་གསང་བའི་གཏམ་རྒྱུད་དེ་བསྐུངས་ཡོད་ཅིང་།  བགྲེས་སོང་ཞིག་གི་ལམ་སྣ་འཐེན་པའི་ཆང་ཁང་གི་གཡས་གཡོན་གང་ཞིག་ནས་ཁྱོད་ཀྱིས་ཁ་དོག་ལོག་པའི་བུད་མེད་ཀྱི་མཆུ་སྒྲོས་རྫུན་མ་ཞིག་ངོས་ཟིན་ལ་དུས་དེ་ནས་བཟུང་སྟེ་ལྕགས་རིགས་ཁོ་ན་བཙོང་སའི་ཚོང་ཁང་གི་གཡས་གཡོན་དུའང་རང་ཉིད་ཀྱི་འདོད་བློ་དང་འཚམ་པའི་སྨྱུ་གུ་དང་ཤོག་བུ་བཙོང་སའི་ཁང་མིག་རེ་བྱུང་ན་སྙམ། 
   མཚམས་ལན་རེར་ཁྱོད་ཀྱིས་བཙུན་མ་དག་གི་བབ་ཆགས་ཀྱི་གྲིབ་མས་བརླན་པའི་དྭངས་གཙང་གི་ས་ངོས་ལ་རྐང་བ་རྡེའུ་ནག་གིས་དཔྱངས་པའི་རང་ཉིད་ཀྱི་རྐང་རྗེས་ཤིག་འཇོག་ས་མེད་སྙམ་པའི་བློ་ཚུལ་གྱིས་རང་ཉིད་ཀྱི་ལུས་པོ་སྡོང་རྒན་སྐམ་པོ་ཞིག་བཞིན་ཀྲོང་ངེར་ལངས་བསྡད་ནའང་ཡུ་མོ་དེའི་དྲང་སྲོང་གི་ཁུ་བ་ལྡེག་པའི་རྟེན་འབྲེལ་གྱི་སྦྱོར་བར་འཇིག་རྟེན་ལ་དུད་འགྲོ་ལས་ཆད་པའི་མི་གཟུགས་ཤིག་གི་གཏམ་རྒྱུད་ཆགས་མྱོང་བས་ཁྱོད་ཀྱིས་རང་གི་ཕྲ་ཕུང་ལས་ཐོར་བའི་རྣམ་ཤེས་ཀྱི་ས་བོན་ཞིག་ཀྱང་བཙུན་མ་གཞན་ཞིག་གི་མངལ་གྱི་གུར་ཁང་ལ་བཏེགས་ཡོད་པའི་ཐེ་ཚོམ་གྱིས་ནམ་ཡང་ལྷ་ཡུལ་དང་དམྱལ་བའི་བར་ཐག་ལ་ཚོད་བགམ་བྱེད་མ་ཐུབ་ཅིང་རང་ཉིད་ལྟ་བའི་གཞན་སུ་ཞིག་ཀྱང་ཉེས་པའི་མཚོན་དོན་འབའ་ཞིག་ཏུ་གསོན་ཡོད་པར་སེམས་ཁུར་བྱས། གློ་བུར་གློ་བུར་བའི་དྲན་ཚུལ་འདི་དག་གི་ངོས་ནས་ཀྱང་བཞུར་གྱིན་པའི་དུས་ཚོད་དེ“ཐག ཐག”གི་སྐར་ཆ་གཉིས་པོ་འདི་ཁྱོད་ཉིད་ལྟ་བུའི་མི་གཞན་ཞིག་གི་དྲག་ཏུ་མཆོངས་ལྡིང་བྱེད་ཀྱིན་པའི་སྙིང་གསོན་པོ་ཞིག་གི་སྟེང་ལ་ཟུག་འདུག
 
“ཐག   ཐག   ཐག   ཐག   ཐག   ཐག   ཐག   ཐག   ཐག   ཐག”
   བྲེལ་འཚུབ་ཀྱིས་བཏེགས་པའི་སྐར་ཆ་བཅུ་བོ་འདིའི་ནང་དུ་ཁྱོད་ཀྱིས་ཁེར་སྡུག་གི་རླངས་པ་འཐུལ་བའི་ཤུགས་རིང་གི་བྲོ་བ་དེ་ཁྱབ་ཡོང་ཅིང་རང་གིས་རང་ལ་ཁེར་ལབ་བྱས་པའི་སྐད་བརྡ་སྟེ། “ཨོ་སྣག་ཤོག་གི་བཟོ་གྲྭ་ཞིག་ནས་ཁེ་ལས་ཀྱི་མ་རྐང་བཙུགས་ནའང་མངོན་ཆུང་གིས་འཐོར་བའི་མིའི་རིགས་ཀྱི་སྐྱེས་ཐོབ་ཀྱི་ཤེས་རབ་ལ་སུས་ཀྱང་གདེང་འཇོག་དཀའ་བས།  ཁྱོད་ཀྱིས་རང་སྣོད་དུ་བྲིས་པའི་ཤོག་ཧྲུལ་གྱི་ལས་ཀ་ཚང་མ་ད་ལྟ་ཙི་གུ་ཚོགས་ཀྱི་ཤེས་རབ་ལ་རིག་པའི་གཡུལ་ས་ཞིག་གི་ངལ་དུབ་ཀྱི་ལས་དོན་འབའ་ཞིག་ཏུ་ཟད་ཡོད་ལ། ཐ་ན་མ་ཡུམ་གྱི་མཚན་ཉིད་ཁུར་བའི་ལྷ་མོ་གཞན་ཞིག་གིས་ཀྱང་ཁྱོད་ཀྱི་ལས་ཀ་དེ་ཙིག་ཚང་སློག་པའི་སྡིག་ཉེས་ཀྱི་ཁུར་བོ་ཞིག་ལས་ལྷ་མོ་དག་གི་ཤེས་རབ་ལས་འཕྲོས་པའི་གསེར་དངུལ་གྱི་འབུལ་བ་ཞིག་ཏུ་ཁས་མི་ལེན།
   ཁྱོད་ཀྱི་ཚེ་སྲོག་དེ་ཐལ་བའི་རྡུལ་དུ་བརླགས་པའི་མཇུག་འབྲས་ནི་གནས་བབ་གང་ཞིག་ལའང་གྲགས་འགུལ་ཅི་ཡང་མེད་པ་དེ་རེད་ལ། ཁྱོད་ཀྱི་སོང་ཟིན་པའི་རྐང་རྗེས་དག་ནི་མི་གཞན་ཞིག་གི་ཤེས་རབ་ཀྱི་བཀག་རྡོ་རུ་མི་འགྱུར་བའི་སྐྱབས་འཇུག་སྙིང་ནས་ཞུ།” འཇིགས་སྐུལ་གྱི་རིང་ལུགས་ཚ་བའི་སྐད་ཆ་ཁ་ཤས་ཤིག་ཁྱོད་ཀྱི་རྣ་བ་ལས་བཞུར་ཏེ་ཡིད་ངོར་འབབ་པའི་དུས་མཚུངས་སུ་ཁྱོད་ཀྱིས་ད་དུང་ཡང་། “ཐག ཐག”ཅེས་པའི་སྐར་ཆ་གཉིས་པོ་དེ་རང་གི་ཚེ་སྲོག་དང་འབྲེལ་བ་དམ་དུ་སྦྲེལ་བར་ཡིད་ཆེས་བྱེད་ཀྱིན་མེད།
 
“ཐག   ཐག   ཐག   ཐག   ཐག   ཐག   ཐག   ཐག   ཐག   ཐག”
   སྐྱོ་སྣང་གིས་གྲགས་པའི་སྐར་ཆ་བཅུ་བོ་འདིའི་ནང་དུ་ཁྱོད་ཀྱིས་མཁས་པའི་གོ་འཕངས་བསྙེས་པའི་སྐྱེ་ཆེན་སུ་ཞིག་གིས་འཇིག་རྟེན་ལ་ཕུལ་བའི་ལེགས་བཤད་ཀྱི་ཚིག་དོན་རེ་མངོན་ཡོད་ཅིང་། ཧེར་ལོང་ཁེ་ལེན་གྱིས་འཇིག་རྟེན་ལ་བཏོན་པའི་འཚོ་གནས་ཀྱི་གདམ་ཀ་དང་།①སྐྱ་མི་དཔའ་རྒོད་ཐང་ཅི་ཁོ་ཏེའི་གཞུང་དྲང་གི་འཕྲུལ་རྟོགས་དེའི་སྔོན་དཔག②གཞན་ཡང་བརྩེ་བ་ཡོད་ན་མི་ཡུལ་གྱི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་བའི་ལུང་བསྟན་གྱི་ཉམས་ཚུལ③གང་ཞིག་ལས་ཁྱོད་ལ་ཕུན་སུམ་ཚོགས་པའི་བདེན་ལུགས་ཤིག་ངོ་སྤྲོད་བྱས་ཤིང《རྨི་ལམ་རྒྱས་འགྲེལ》གྱི་བྱུང་བ་ཁོ་ནས་ཀྱང་རང་ཉིད་ལ་རོ་ལངས་རྒྱག་པའི་འདས་ལོག་གི་རྫུ་འཕྲུལ་མདོ་ཙམ་བསླབ་པའི་ཆགས་ཚུལ་གྱི་ཉམ་ང་དེ་ལས་ཀྱང་འཇིག་རྟེན་ཧྲིལ་བོ་མི་མ་ཡིན་པའི་གནས་ལུགས་ཙམ་རྙེད། ཡིན་ནའང་ཁྱོད་རང་འཕྲུལ་འཁོར་ཞིག་བཞིན་དཔེ་ཆ་གང་མང་ཞིག་གི་ངོས་ན་ལས་ཀ་བྱེད་པར་བྲེལ་དུས་ད་གཟོད་ཁྱོད་ཀྱིས་བརླགས་ཟིན་པའི་དུས་ཚོད་ཧྲིལ་བོ་ད་ལྟའི“ཐག ཐག”གི་སྐར་ཆ་གཉིས་པོ་འདི་ལས་ཀྱང་ཧ་ཅང་ཐུང་དྲགས་པར་རེ་ཞིང་འགྱོད།
 
  “ཐག   ཐག   ཐག   ཐག   ཐག   ཐག   ཐག   ཐག   ཐག   ཐག”
   སྡུག་རྩུབ་ཀྱིས་གྲགས་པའི་སྐར་ཆ་བཅུ་བོ་འདིའི་ནང་དུ་ཁྱོད་ཀྱིས་ཐག་རིང་ན་གསོན་པའི་ཆང་གྲོགས་དག་གི་གཏམ་གླེང་ལས《ཆུ་ངོགས་གཏམ་རྒྱུད》ཀྱི་འགྱུར་ཡིག་གི་དཔེ་གཞིའི་ནང་དོན་ལ་བསྟོད་ར་འཐེན་པའི་འུད་ཤོབ་དེ་ཐོས་ཡོང་ན་ཡང་སྒྲུང་གཏམ་ནང་གི་མི་སྣ་ངོས་མི་ཟིན་པའི་རྩོམ་དགའ་ཁོ་ཚོའི་རྒྱ་ཡིག་གི་གཞུང་ཡིག་ཙམ་འབྲི་ཤེས་པའི་ཡོན་ཏན་ཙམ་པོ་ཡང་ཆུང་མས་བཏེགས་པའི་གཤེད་གཤེད་ཀྱི་རྫིག་རྔམ་ལས་ཆང་ཁ་འདི་དང་གཏན་བྲལ་བྱས་པའི་འགྱོད་གདུང་གིས་ཁྱོད་ལ་བྱ་ཐབས་གཞན་མེད་པར་གོན་པ་རྩ་ཆེན་རེ་ངོམ་འདོད་པའི་བློ་ཚུལ་ལ་བསམ་བློ་འཁོར་ཡོད་པས་ཁྱོད་ཉིད་རང་ཉིད་ཀྱི་ལུས་པོ་ལའང་སྐྱུག་མེར་བའི་སྣང་བ་ཞིག་རྒྱས།
   ཆོས་ཉིད་ཀྱི་དབང་གིས་མཇུག་རེ་རྫོགས་ངེས་ཤིང་དྲན་ཚུལ་གྱི་དབང་གིས་འདས་ལོག་རེ་བྱེད་དགོས་པ་འདི་ད་ལྟ་ཕལ་ཆེར་ཁྱོད་རང་གི་གཤིས་ཀར་གྲུབ་ཡོད་ངེས། ངོ་མ་འཇིག་རྟེན་ཧྲིལ་བོ་ཁྱོད་ཀྱི་སྣང་ངོ་ཙམ་ཞིག་ནས་ཡོངས་སུ་མཇུག་རྫོགས་པའི་དུས་སྐབས་གང་ཞིག་ལ་ཁྱོད་ཀྱིས་ཧ་ཅང་སེར་སྣ་སྒོས་ཕྲག་དོག་བྱ་ཡུལ་ཤིག་དང་ཤིན་ཏུ་བློས་མི་ཆོད་པ་ཞིག་ཡོད་པ་ནི་ཅི་ཞིག་ཡིན་ནམ། དེ་ནི་གཞན་གང་ཞིག་ཀྱང་མ་ཡིན་པར་སུ་ཞིག་གིས་ཁྱོད་ལ་མཇུག་རྫོགས་པའི་བློ་གསལ་རྒྱག་ཕྱིར་དུ“བདེ་མོ་བྱོས”ཞེས་པའི་ཡིག་འབྲུ་གསུམ་པོ་འདི་བཤད་སྲིད་པའི་དུས་སྐབས་དེ་ཡིན་ངེས།
   ཡིན་ནའང་སྲིད་པའི་འབྱོར་བས་ཡོངས་སུ་བཀབ་པའི་ཁྱོད་རང་ཉིད་ལ་ཕལ་ཆེར་ཚིག་འདི་དག་ལོབས་ཡོད་རྐྱེན་ད་ལྟ་ཁྱོད་ཉིད་ཧ་ཅང་འཇིགས་ས་ནི་མཐའ་མཇུག་གི“ཐག ཐག”ཅེས་པའི་སྐར་ཆ་གཉིས་པོ་ལས“བདེ་མོ་བྱོས”ཟེར་མཁན་དེ་འོད་ཀྱི་སྣང་བ་འབྱམས་ཀླས་སུ་ཐོར་བའི་འཇིག་རྟེན་གྱི་ནོར་བུ་ཆེན་མོ་ཉི་མ་དེ་རང་རེད་ལ། དེ་ཡི་བྱུང་ཚུལ་གྱིས་ཁྱོད་རང་འཇིག་རྟེན་འདི་ལས་བོང་བུ་ཞིག་བཞིན་མནར་གཅོད་ཀྱི་སྦྱང་བ་ཁོ་ནས་ཤེས་མེད་ཚོར་མེད་ངང་དབུགས་ཆད་པར་འགྱུར་སྲིད་པ་དེ་རེད་འདུག །
 
①ཧེར་ལོང་ཁེ་ལེན་གྱི་རང་རྣམ་སྒྲུང་གཏམ《བདག་གི་འབད་འབུངས》ལ་ཁུངས་སྦྲེལ་བ།
②སི་ཕན་གྱི་སྒྲུང་རྩོམ་མཁས་པ་སེན་ཝན་ཐེ་སིའི《ཐང་ཅི་ཁོ་ཏེ》ཞེས་པའི་སྒྲུང་རིང་དེར་ཁུངས་སྦྲེལ་བ།
③ཧྥ་རན་སིའི་རྩོམ་པ་པོ་ཝེ་ཁུ་ཐོར་ཡེ་ཀོའི་མཛད་པའི《ཡ་ང་བའི་འཇིག་རྟེན》ལ་ཁུངས་སྦྲེལ་བ།    
 
 
                                                                                    2003.1.14ཉིན།              

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།