གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉག་ག་ཕ་གིར།

2011-05-07 19:35:00 སེང་རྡོར། ཀློག་གྲངས། མཆན ཡོད།

 

རྟ་ཕོ་ཆུ་འཐུང་རྣ་བ་བསྒྲེངས་ཏེ་ཉན་སྒུག་བྱེད་པའི་བར་གླགས་དེར། །
ང་ཡི་མདུན་ཕྱོགས་ཐང་ཁུལ་རང་ནས་ངང་པ་སྐོར་ཞིག་ཚོམས་ཏེ་གྲག །
ལུག་གི་སུག་པས་རྩྭ་ལྡུམ་བཅད་དེ་དྲི་ཞིམ་སྣ་ཚོགས་རི་སྒང་འགྲོ །
སྟོངས་ཤིང་ཕྱེ་བའི་ཉག་ག་དེ་ནས་ལྗང་སེར་གློ་དམར་ན་བུན་བཅས། །
མཚོ་ནང་པད་མོ་འདར་བ་བཞིན་གྱི་ཅི་ཞིག་ཨེ་འབུད་སྙིང་ཁ་ལྡིང་། །
 
ཟིལ་པ་ཁྲོམ་ཁྲོམ་རྩི་ཤིང་དེ་དག་ཅི་ཞིག་ལྟར་སྟེས་འཚང་ཁ་རྒྱག ། 
དེ་དང་ལྷན་ཅིག་འཚུབ་སྐོར་གྱུ་ལེར་རྡུལ་གྱི་ཕུང་པོ་བར་སྣང་འདུག །
ཆུ་བོའི་གཞུང་ལ་མེ་ཏོག་ལྷུང་ཞིང་འོད་གུར་དང་བཅས་ཆིལ་ཆིལ་འཕྱོ །
བདག་རང་ཅིས་ཀྱང་སྒུག་བཟོད་མེད་པར་ལུང་པ་ཀུན་ཏུ་རྒྱང་མིག་བལྟས། །
རླུང་ངམ་ཅི་ཞིག་ས་ཚོད་རེ་ནས་འདི་གར་གཏོད་དེ་འོང་ངམ་སྙམ། །
 
བུང་བའི་འཕོངས་ལ་མེ་ཏོག་འཛུགས་པའི་བྱིས་པ་དེ་ཚོ་ལོགས་ཤིག་བྲོས། །
ཆོན་མགོར་འཕངས་པའི་སྐ་རགས་ངུར་སེར་བཞོ་འབྲི་མ་ཞིག་ཁུར་དེ་སོང་། །
ད་སྟེ་ཉི་མ་དམར་ཐག་ཆོད་ཀྱང་ཚེག་ཆོམ་སྒྲ་ནི་ཡོད་མི་དཔེ། །
ཁྱི་རྣམས་རི་གཤམ་ཟུག་སྐད་འདོན་ཞིང་གཅིག་འཕྲོར་གཅིག་ཏུ་ཤོར་བ་ན། །
བགྲེས་སོང་འགའ་ཞིག་ནུབ་ཁར་ཕྱོགས་ཏེ་སྨིན་མ་ནང་དུ་བསྡུད་ཅིང་འདུག །
 
ས་ངོས་མཉམ་པའི་བྱི་བ་རྒྱ་སྨུག་མགྲིན་པ་ཁྱོགས་ཏེ་མུར་མུར་ཟ། །
ཐལ་བ་ཤུར་ཤུར་ལྕུང་ཀ་རེ་གཉིས་ཕྱིར་ཞིང་ཕྱིར་ཞིང་ཙག་འགྱུ་བྱེད། །
མདའ་རྒྱང་གང་གི་རྒྱབ་མདུན་ཕྱིན་ན་ལྷས་རྩར་བྱིང་སྟེ་འགྲོར་མི་བཏུབ། །
ལྷིང་འཇགས་ཁྲོད་ཀྱི་ངང་སྒུག་འདི་འདྲ་ཁ་ཚ་དགོས་གཏུགས་མ་རེད་དམ། །
ད་ནི་ཅིས་ཀྱང་ཉག་ག་ཕ་གིར་ཡང་སྙིང་ག་རེ་འབུད་ན་ཨང་། །
 
ཤིང་སྒོ་སྐྱ་བོ་ཙིར་སྒྲ་དང་བཅས་གནམ་སའི་མཚམས་སུ་ཕྱེ་བ་དང་། །
སྡེ་འདབས་ཆུ་འཁོར་ཡི་གེ་དང་བཅས་མུན་པའི་མཚམས་སུ་འབར་བ་དང་། །
ལམ་གྱི་བཞི་མདོར་གྲིབ་མ་འགའ་ཞིག་རིང་ཐུང་སྣ་ཚོགས་སྟོན་ཞིང་སྟེ། །
གངས་རི་ནུར་བའི་ས་ཆགས་དེ་ལ་འདི་ནས་ཕྱིན་ན་སླེབས་སམ་ཅི། །
ད་ནི་ཅིས་ཀྱང་ཉག་ག་ཕ་གིར་ཡང་སྙིང་ག་རེ་འབུད་ན་ཨང་། །
 
དཀར་དམར་འདབ་མའི་ཚེ་སྲོག་འདི་དག་ཉག་ག་དེ་ནས་སྐྱེས་སམ་ཅི། །
ཉི་ཟེར་འབབ་པའི་རྒྱ་མཚོ་ཆེན་པོ་འདི་ཡི་རྒྱབ་ན་འཁྱིལ་ལམ་ཅི། །
ཁམ་ནག་སྔོ་སྐྱའི་ལྗོངས་བཀོད་རེ་རེ་རྣམ་རིག་འདྲོགས་པ་ཅིའི་ཕྱིར་ཡིན། །
གསེར་རྡུལ་འཐིབས་སེའི་ཤ་བ་ཁྱུ་གཅིག་ཉག་ག་དེ་ནས་འཐོན་ནམ་ཅི། །
ལྗང་ནག་ལོ་མའི་རྒྱབ་ཡོལ་ཅན་ཞིག་དེ་ཡི་རྗེས་སུ་འབྱོན་ནམ་ཅི། །
 
                                               2011-4-12
 
 

རྩོམ་ཁུངས། སེང་རྡོར་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།