གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱིག་གཉེན་དང་དབྱིག་པ་ཅན་གཅིག་པ་ཡིན་ཡང་སྲིད།

2014-05-21 11:47:00 སེང་རྡོར། ཀློག་གྲངས། མཆན ཡོད།

༡༽སློབ་དཔོན་དབྱིག་གཉེན་ཞེས་པའི་སྐོར་ལ། དེང་གི་ཆོས་འབྱུང་སྨྲ་བ་རྩེ་གྲ་བགྲེས་པོ་འཇམ་དཔལ་དགྱེས་པའི་ཤེས་རབ་དེས་ཡིག་རིགས་སྣ་ཚོགས་ཀྱི་དཔྱད་གཞི་གལ་ཆེན་ཁག་མ་ལུས་པར་བསགས། དེའི་ཐོག་ལོ་མང་ཞིབ་འཇུག་བྱས་པའི་ཉམས་མྱོང་ཚན་ཁ་འབར་བས་ཧྲིལ་གྱིས་བསྡུར་མཐར་ན་རེ། ༼དེ་ལྟར་སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་ལས་བརྩམས་པའི་རྒྱ་བོད་ཀྱི་བཤད་སྲོལ་མི་མཐུན་པས་འདི་ཡིན་འདི་མིན་ཞེས་གསལ་པོར་ཐག་གཅོད་མི་ནུས༽ཞེས་སྡོམ་ཚིག་ཏུ་བཀོད་དོ། ། ཡང་ཁོང་གིས༼མི་ནུས་ཀྱང་རྒྱ་ནག་གི་བཤད་སྲོལ་རྣམས་སློབ་དཔོན་དབྱིག་གཉེན་དང་དུས་ཐག་ཉེ་བའི་ཆ་ནས་ལོ་རྒྱུས་བཙན་པར་མངོན༽ཞེས་ཚོད་དཔག་ཙམ་ནི་བྱ་ཆོག་པའི་བརྡ་བརྒྱབ་ཡོད། འདིར༼དུས་ཐག་ཉེ༽ཞེས་པས་དབྱིག་གཉེན་སྐད་པ་ནམ་བྱུང་གི་དུས་རབས་ཅུང་འཕྱི་བ་བསྟན་ཅིང་བསམས་ན་གོ་རྒྱུ་མང་ངོ་། ། མུ་མཐུད་དུ་ཁོང་ན་རེ། ༼སློབ་དཔོན་འདུས་བཟང་དབྱིག་གཉེན་གྱི་ཡོངས་འཛིན་ཡིན་ཚུལ་གྱི་བོད་ཀྱི་བཤད་སྲོལ་ཀྱང་ལོ་རྒྱུས་རིག་པ་དང་མི་མཐུན༽ཞེས་དང་། ༼བུ་སྟོན་ཆོས་འབྱུང་སོགས་སུ་སློབ་དཔོན་དབྱིག་གཉེན་ལ་སློབ་མ་རང་ལས་མཁས་པ་བཞི་བྱུང་སྟེ། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ་དང་། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་རྣམ་གྲོལ་སྡེ། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ཅེས་གྲགས་ཀྱང་དེ་དག་སློབ་དཔོན་འདིའི་བརྒྱུད་པའི་སློབ་མ་ཙམ་ལ་དགོངས་པ་ལས་དངོས་སློབ་མིན༽ཞེས་བོད་ཀྱི་ཆོས་འབྱུང་མང་པོའི་འཁྲུལ་བཤད་ལ་གུ་ཡངས་ཅུང་ཟད་ཀྱང་བྱས་མེད་པ་རེད། ༼བུ་སྟོན་ཆོས་འབྱུང་སོགས༽ཞེས་པའི་སོགས་སྒྲ་དེའི་ནང་ང་ཚོས་བདེན་པ་ཞེ་གཅིག་ཏུ་བཀུར་བའི་ཆོས་འབྱུང་གང་དག་ཡོད་འདིའི་སྐོར་ཧ་གོ་མཁན་ཞིག་ཡིན་ཚེ་ལམ་སེང་དྲན་ཐུབ་པས་མང་དུ་སྤྲོ་ཅི་དགོས། ཡང་ཁོང་གིས། ཧྱན་ཙང་གི་ལམ་ཡིག་ཁོ་ན་ཅུང་དག་པར་མཐོང་ནས། ༼སློབ་དཔོན་དབྱིག་གཉེན་ཕོ་བྲང་དུ་གཤེགས་ཏེ་སློབ་དཔོན་དང་ཕྱི་རོལ་པའི་དབར་གྱི་རྩོད་པ་དེ་གད་གཙང་བྱེད་འདོད་ཡོད་པས་ཁོང་དང་རྩོད་ཆོག་པའི་བཀའ་འཁྲོལ་ཞུས་ཏེ་རྩོད་པས་ཕྱི་རོལ་པའི་མཁས་པ་དེ་བཞིན་དབྱིག་གཉེན་གྱིས་ཚར་བཅད༽ཅེས་དགྱེས་ཉམས་ཆེན་པོས་དྲངས་ཡོད་པ་ནི། ང་ཚོར་མཚོན་ན་སྤྲོ་བ་འདྲེན་ཤ་སྟག་གི་སྐད་ཆ་གནག་ཤོས་ཡིན།  རྒྱལ་པོའི་ཕོ་བྲང་དུ་འཛུལ་བ་དང་མངའ་བདག་ཉིད་སོ་སོའི་རྩོད་པའི་དཔང་པོ་བྱེད་འཇུག་པ་ནི་དེ་འདྲའི་ལས་སླ་མོ་ཞིག་མིན་ལ། ཉིན་ཞག་རེ་གཉིས་ཀྱིས་ཡོང་བ་ཞིག་དེ་ལས་ཀྱང་ག་ལ་ཡིན། མཚམས་འདི་ནས་ང་ཚོས་དབྱིག་གཉེན་དང་རྒྱལ་པོ་འདིའི་བར་རྔན་པ་ཕར་སྤྲོད་ཚུར་སྤྲོད་ཀྱི་ལམ་གཞན་ཞིག་ཀྱང་ཨེ་ཡོད་དམ་སྙམ་མདོག་ཁ་པོ་རེད། དེ་ནི་བསྟན་བཅོས་ཤིག་གམ་ཡང་ན་ཅི་ཞིག་ཡིན་སྲིད། ཡང་ང་ཚོས་སྒྲུང་གཞན་ཞིག་དྲན་སྲིད། དེ་ནི་དབྱིག་པ་ཅན་ནམ་དབྱུག་པ་ཅན་ཉིད་རྒྱལ་པོའི་ཕོ་བྲང་དུ་འཛུལ་ནས་རྒྱལ་སྲས་རྣམས་ཀྱི་ཆེད༼སྙན་ངག་མེ་ལོང་མ༽བརྩམས་པའི་སྐོར་རོ། ། སྨྲས་པ། རྩོད་པའི་ཆེད་དུ་རྒྱལ་པོ་འགུགས་ཤེས་ན།།དེ་ཡི་ཕྱིར་དུ་བསྟན་བཅོས་ཅིས་མི་རྩོམ།།དབྱིག་དབྱུག་གཉིས་ཀྱི་གྲིབ་མ་འདྲ་བ་འདི།།གྱང་གིས་བྱས་སམ་རྣམ་རྟོག་སྒྲོན་མེས་བྱས།།
༢༽མཁས་པ་སྐོར་ཞིག་གིས། དབྱིག་པ་ཅན་ནམ་དབྱུག་པ་ཅན་ནི་སློབ་དཔོན་དཔའ་བོ་ཡིན་པའི་དོགས་པ་ཡང་བཀོད་ཡོད། སྒྲུབ་བྱེད་ག་རེ་ཡིན་ཞེས་དྲིས་དུས། དེ་གཉིས་ཀའི་ལོ་རྒྱུས་མི་གསལ་བ་དང་སློབ་དཔོན་དཔའ་བོར་སྙན་ངག་ཡག་པོ་མང་དུ་འདུག་ཅེས་པ་ཙམ་མོ།། ལོ་རྒྱུས་མི་གསལ་བ་དང་སྙན་ངག་ཡག་པོ་ཡོད་ཙམ་གྱིས་གཅིག་པ་ཆགས་དགོས་ན། སྔོན་གྱི་ལོ་རྒྱུས་མི་གསལ་ཞིང་སྙན་ངག་ཡག་པོ་ཡོད་པ་ཐམས་ཅད་དབྱུག་པ་ཅན་ཁོ་ནར་བརྩི་མི་དགོས་སམ། ཤགས་དེ་ལྟར་རྒྱག་ཆོག་མོད། ཤགས་ཁོ་ནས་ནི་དོན་དག་ཐག་མི་ཆོད། གནད་འགག་ནི་ང་ཚོས་སྔར་བཞིན་དབྱུག་པ་ཅན་སུ་ཡིན་བཤད་མི་ཤེས། དེ་མ་ཤེས་ཙང་སློབ་དཔོན་དཔའ་བོ་ཡིན་སྲིད་ལ་དེ་ལས་གཞན་ཞིག་ཡིན་ཡང་སྲིད་དོ། ། དེ་ལྟར་བོད་ཀྱི་རིམ་བྱོན་མཁས་པའི་ཁྲོད་དབྱིག་པ་ཅན་ནམ་དབྱུག་པ་ཅན་སུ་ཡིན་ལ་ལྟག་སྤྲོད་དུ་སོང་བའི་གླེང་སྒོ་མང་དུ་མཆིས་པ་མ་ཟད། དུས་རབས་ནམ་བྱུང་ལ་དེ་ལས་ཀྱང་འདོད་ཚུལ་འབེལ་ཏེ། ཆེ་ཕྱོགས་ནས་གསུམ་ཡོད་པ་རེད། ༼དང་པོ།༽ དུས་རབས་བདུན་པའམ་བརྒྱད་པ། ༼གཉིས་པ།༽དུས་རབས་བཅུ་གཉིས་པའི་སྨད་དེ་ས་སྐྱ་པཎ་ཆེན་དང་དུས་མཉམ་ཡིན་ཟེར། ༼གསུམ་པ།༽དགེ་འདུན་ཆོས་འཕེལ་གྱིས་ནི་དུས་རབས་དྲུག་པ་སྟེ་སྲོང་བཙན་སྒམ་པོ་དང་དུས་མཉམ་པར་འདོད། འདོད་ཚུལ་འདི་ཚོའི་བར་ལ་མི་ལོ་སུམ་བརྒྱ་བཞི་བརྒྱ་བརྒྱུགས་པ་རེད། གཏད་སོ་ཆེ་ཞིག་མེད་པ་དེས་ཀྱང་ར་སྤྲད་ཟིན། དེང་སང་ཡིན་ན་དགེ་འདུན་ཆོས་འཕེལ་གྱི་འདོད་ཚུལ་དེ་ལོས་བདེན་ཟེར་མཁན་ཅུང་མང་། རྒྱུ་མཚན་དྲིས་དུས། དགེ་འདུན་ཆོས་འཕེལ་རྒྱ་གར་ལ་སོང་མྱོང་བ་རེད། ཁོས་ལེགས་སྦྱར་ཤེས་པ་རེད་ཅེས་པ་ཙམ་ལབ་ཡོང་། འོན་ཀྱང་ཞིབ་ཏུ་བསམས་ན། དགེ་འདུན་ཆོས་འཕེལ་གྱིས་དེའི་སྐོར་རྩལ་དུ་བཏོན་ནས་བཤད་པ་ཞིག་མིན་ལ་ཁ་ཚོན་ཡང་བཅད་མེད། ༼པཱ་ལའི་རྒྱལ་བརྒྱུད་ཀྱི་སྐབས༽སུ་གཏམ་ཞོར་ལ་ཁོ་བོས་འདི་སྐད་ཐོས་སོ་ཞེས་པ་ཙམ་མོ།། དེའི་སྟབས་ཀྱིས་ཨ་ལགས་ཚེ་ཏན་ཞབས་དྲུང་གིས་དགེ་འདུན་ཆོས་འཕེལ་གྱི་སྐད་ཆ་དེ་དྲངས་ཚར་མ་ཐག་གུག་རྟགས་ནང༼གོང་སྨོས་འདི་ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་གྱི་ངག་སྒྲོས་བཞིན་བཤུས༽ཞེས་མཆན་བཏབ་ཡོད། ཅི་ཞིག་ལ༼ངག་སྒྲོས༽ཟེར་ཁྱོད་ཚོས་ཧ་གོ་ངེས་ཡིན།
སྤྱིར་བཤད་ན་ང་རང་དགེ་ཆོས་མཆོག་གི་རྩོམ་སྣ་ཚོགས་ཀྱིས་བརླབས་མྱོང་བའི་མི་ཞིག་ཡིན། རྒྱུ་མཚན་ནི། ཁོང་གི་རྩོམ་དུ་ལྷ་བཤད་ཀླུ་བཤད་སྲིད་མཐའ་ཙམ་དང་། ཚོད་དཔག་ཅིག་ཡིན་རུང་རིག་པ་ཞིག་ལ་བརྟེན་ཅི་ཐུབ་བྱས་ཡོད་པ་དེས་སོ།། འོན་ཀྱང་དོ་ཞག་ང་ལ་ཅི་ཞིག་གིས་འགྲིག་གི་མེད་པ་ཡིན་ནམ་སུས་ཤེས། ཁོང་གི་ལྟ་ཚུལ་མང་པོ་ཞིག་ལའང་དོགས་པ་བཀོད་ན་ནི་བཀོད་བཏུབ་སྙམ་གྱི་ཡོད། དཔེར་ན། རྒྱ་གར་དུ་ནུབ་བ་གླང་སྤྱོད་སོགས་གླིང་ཆེན་བཞིའི་མིང་མཆིས་པའི་ས་ཁུལ་ཡོད་པ་ཤེས་མ་ཐག་གླིང་ཆེན་བཞི་འདི་ན་སྟེ། ད་འདིའི་ཕན་དུ་འགྲོ་ས་ཅི་ཡང་མེད་ལྟ་བུ་ཞིག་གསུངས་འདུག་པ་དེས་བསྡད་ཀྱིན་མཁོ་སོད་དཀའ། ང་ཡང་གླིང་ཆེན་བཞི་ཞེས་ཁ་ཁ་ཞིག་མེད་པར་འདོད་མཁན་གྱི་གྲས་ཡིན་མོད་མེད་ལུགས་ནི་དགེ་ཆོས་ཀྱི་རིག་པ་དེས་འགྲུབ་དཀའ་སྙམ། གང་ལྟར་ད་དུང་འཁུ་ཞིག་གིས་མི་གཏོང་ངོ་།། ས་རྒྱུད་རེ་ལ་ཨ་མྱེས་ཆེ་གེ་མོ་དང་ཆུ་འཁྱིལ་རེ་ལ་ཨ་ཕྱི་ཇི་ག་སོགས་འབོད་པའི་མི་ཡུལ་འདིར། གླིང་ཆེན་བཞི་དང་ཞིང་བཀོད་སོགས་ཀྱི་མིང་བསྐྱར་བཤུས་ཀྱིས་ཀྱང་འདོགས་ལས་ཆེ་སྟེ། ནན་གྱིས་བསྟན་ན། རྒྱ་གར་གྱི་ས་ཁུལ་དེ་དག་གླིང་ཆེན་བཞིའི་ཐོག་མའི་སྤྲུལ་གཞི་མིན་པར་རྗེས་ཀྱི་ཡང་སྤྲུལ་ཉིང་སྤྲུལ་ཞིག་ཡིན་ཡང་སྲིད་པ་རེད། ཆ་བཞག་ན། གཏེར་ལེན་རྒུ་རུ་དགོན་སོགས་ན་ཟངས་མདོག་དཔལ་རི་ཡིན་ཞེས་ཁྲ་ཤིག་གེ་ཅན་དང་སེར་ལམ་མེ་ཅན་མང་པོ་བཞེངས་ཡོད་མོད། དེང་སང་གི་མི་ཞིག་གིས་དེ་དག་ལ་བསམས་ནས་ཟངས་མདོག་དཔལ་རི་ཞེས་པ་འདི་ཡིན། འདི་ལས་གཞན་དུ་རྦད་དེ་མེད་སོགས་ཟེར་མི་རུང་བ་ཡིན། ཅིའི་ཕྱིར་ཞེ་ན། དེ་དག་བཞེངས་ནས་ལོ་ངོ་གཅིག་གཉིས་དང་ཟླ་བ་ཁ་ཤས་ལས་སོང་མེད་པས་ཡིན། ཟངས་མདོག་དཔལ་རི་སོགས་ཀྱི་མིང་ཡོད་པའི་བསྟན་བཅོས་དང་ངག་རྒྱུན་རིགས་དུས་ཡུན་ཇི་ལྟར་ཐུང་ནའང་མི་ལོ་བརྒྱ་སྐོར་ཆ་རེའི་ཡན་དུ་འདེད་ཐུབ་པར་ཐེ་ཚོམ་ཅི་མེད་འདོད། མདོར་དྲིལ་ན། ང་ཚོའི་མང་པོ་ཞིག་གིས་དགེ་ཆོས་ཀྱིས་ཅི་བཤད་བདེན་ཤ་སྟག་ཏུ་ཆ་འཇོག་པ་ནི་རྨོངས་དད་ཅིག་གིས་མིན་ཚེ་ཞེན་ཆགས་ཤིག་གིས་ཡིན་པ་འདྲ། འཕྲོ་ཕྱིན་བདག་གཞན་སུས་ཀྱང་ཅུང་གཟབ་གལ་ཆེ་སྙམ་ཞེས་འཕྲོས་དོན་དུ་སྨྲའོ། །
༣༽སྙན་ངག་མེ་ལོང་མའི་རྩོམ་པ་པོའི་མིང་འདྲེན་དུས་ལ་ལས༼དབྱུག་པ་ཅན༽ཞེས་བྲིས་འདུག་ལ། འགའ་རེས༼དབྱིག་པ་ཅན༽ཞེས་བྲིས་སྣང་། དེབ་གཅིག་ཏུ༼དབྱིག་པ་ཅན༽དང༼དབྱུག་པ་ཅན༽ཅི་རིགས་པར་འབྲི་མཁན་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་སོགས་ཡིན། བྱས་ཙང་། དབྱིག་དབྱུག་གཉིས་ཐ་དད་མིན་པར་གཅིག་པ་ཡིན་པའི་རྣམ་རྟོག་དེ་སྐྱེ་མི་སྲིད་པ་ཞིག་མིན། [དབྱིག་ནི་རིན་པོ་ཆེ་དང་དབྱུག་པ་གཉིས་ཆར་ལ་འཇུག་པ] ཁ་ཅིག་ན་རེ། དེ་ལྟར་ཡིན་རྒྱུར་བྱས་ཚེ་སྙན་ངག་མེ་ལོང་མའི་རྩོམ་པ་པོ་དེ་རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་དབྱིག་གཉེན་ཡིན་ན་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་ཡོད་རབས་འདུག་པས། ཁོང་སོ་སོའི་ལྟ་སྤྱོད་མཚོན་པའི་ཚིག་སོགས་ཡོད་དགོས་ཟེར་གྱིན་འདུག་ས་རེད། དེ་ཡོད་ཀྱང་ཡོད་པ་རེད། བརྟན་རྒྱས་དབང་པོ་ཕྱིར་མ་བསྡམས།། ཁྱོད་ནི་སྡོམ་ལྡན་ཕྱིར་མི་ཉམས།། ལྟ་བུ་ལམ་སེང་མཐོང་ཐུབ་པ་བྱ་རོགས་ཞེས་བདག་འབོད། ཡང་ལ་ལས་རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་གང་དེ་ཡིན་ན་འཁྲིག་ཚིག་ནི་འབྲི་ཨེ་སྲིད་དམ་ཟེར་ལས་ཆེ་མོད། སྲིད་དང་སྲིད་དེ། རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་ཡིན་པའི་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་འདོད་པའི་བསྟན་བཅོས་ཡོད་ཆོག་ན། རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་ཡིན་པའི་དབྱིག་གཉེན་ཞབས་ཀྱིས་མཛད་པའི་འདོད་པའི་སྙན་ངག་ཡོད་མི་ཆོག་པ་ཅི་རེད། ཆོག་ཤག་ཤག་ཡིན་ནོ། ། སྨྲས་པ། བོད་དང་བྷོད་དང་ཐུ་བྷོད་སོགས།།སྒྲ་ལ་ཁྱད་པར་ཆེ་བ་ནི།།ཐ་དད་ལྟ་བུར་མཐོང་མོད་ཀྱང་།།འོན་ཀྱང་དོན་ལ་ཡེ་མི་འགལ།།ཆོས་གཅིག་ཁོ་ན་སྟོན་པ་ལགས།།དེས་ན་དབྱིག་གཉེན་དབྱིག་པ་ཅན།།འདྲ་དང་མི་འདྲར་དཔྱོད་དུ་འཐད།།
འདི་ལྟར་སྒྲའི་སྒང་ནས་བསྡུར་བ་ནི་དེང་གི་རིགས་གཅིག་མཁས་པ་དག་གི་དཔྱད་རྩོམ་དུ་རྟག་པར་འབྱུང་བ་ཡིན་པས་ཧང་སང་དགོས་དོན་མེད་སྙམ། དཔེར་ན། མཁས་པ་གྲགས་ཤོས་སྐོར་ཞིག་གིས། བོད་ཡིག་ནང་གི་གེ་སར་རྒྱལ་པོ་ཞེས་པའི་གེ་སར་དེ་ཡིན་དག་གནའ་བོའི་ཡོ་རོབ་ཀྱི༼ཀེ་རི་སི༽ཞེས་པའི་སྒྲ་ལས་མཆེད་ཅེས་བཤད་ཡོད་པ་ལྟ་བུ་རེད།འོན་ཏེ། ང་ཚོའི་མང་པོ་ཞིག་གིས་དེ་ཐོག་མར་གོ་དུས་ཁ་བྲག་ཁུང་ཙམ་ཞིག་གདངས། སྣབས་ལུག་རོ་ཙམ་རེ་དྲུད། རྩ་བ་ནས་དཔེ་མི་སྲིད་ཅེས་ལག་པ་དགུང་དུ་གཡུགས་ཡོད་མོད། དེས་རྔོ་ཅི་ཡང་མ་ཐོགས་ཁར། གེ་སར་ནི་ཀེ་རེ་སི་ལས་འཕོས་པའི་བཤད་པ་དག་དོ་ཞག་ད་ཚོད་དཔྱད་རྩོམ་ཚད་ལྡན་དུ་བརྩིས་ཏེ་ཞིབ་འཇུག་ཆེད་དེབ་མང་པོར་བཀོད་དང་འགོད་ཀྱིན་ཡོད་པ་རེད། གང་ལྟར་དཔྱད་རྩོམ་ཞེས་པ་འདི་ལྟར་ཡོང་བཞིན་ཡོད་པ་རེད། གཅིག་ཐང་ན་འགྲིགས་ཡོད་སྲིད་པ་རེད། མེད་ཀྱང་ཅི་ཆ་སྟེ། འདི་ཡང་མིའི་ཀླད་པའི་ཁྲོད་ཀྱི་རྩེད་མོ་སྣ་གཅིག་ཡིན་པ་བསྙོན་དུ་མེད་དོ། ། སྨྲས་པ། གེ་སར་ཀེ་རེ་སི་ལས་འཕོས་སྙམ་དཔྱོད།།དབྱིག་གཉེན་དབྱིག་པ་ཅན་དང་གཅིག་གམ་བསྡུར།།འདི་ནི་ཐ་སྙད་ཐ་རྒོད་སློག་སྟངས་ཡིན།།མ་ཟད་ཞིབ་འཇུག་དཔྱད་རྩོམ་བཟོ་སྟངས་ཡིན།།ཁྱོད་རང་དགའ་དང་མི་དགའ་ཅང་མི་གཙོ།།
གཞན་ཡང་། དབྱིག་གཉེན་གྱི་ལོ་རྒྱུས་བཤད་སྐབས། ༼པྲ་ཀཱ་ར་ཎ་སྡེ་བརྒྱད་སོགས་བསྟན་བཅོས་མང་དུ་བརྩམས༽ཞེས་བྲིས་ཡོད་པར་ཡང་རྗེས་སུ་དཔོག་དགོས་པ་མང་ངོ་། །
མཇུག་ཏུ་བསྡུས་ཏེ་སྨྲས་པ། དབྱིག་དབྱུག་ང་ཚོའི་དུས་རབས་ལོག་མི་སྲིད། ད་མི་གནའ་མིའི་དོ་རར་ལྡོག་མི་ཤེས།།མི་མཐུན་རྩོད་པ་བསྐལ་བའི་བསྐལ་བར་བསྲིངས།།སོམ་ཉིའི་རྨི་ལམ་གཏོང་ལ་འགལ་ཆ་མེད།།ལ་ལས་དབྱུག་པ་ཅན་ནི་ཕྱི་རོལ་པའི།། དྲང་སྲོང་བེར་ཀ་ཐོགས་པ་ཅན་ཞིག་འདོད།།ལ་ལས་དབྱུག་པ་ཅན་ནི་སངས་རྒྱས་པའི།།པཎ་གྲུབ་ཆེན་པོ་ཞིག་ནི་མིན་འགྲོ་ཟེར།།ལ་ལས༼ཁ་སྤུ་ཅན༽དང༼རྣ་ལོང་ཅན༽།།མིང་དུ་མི་འཐད་དེ་བཞིན༼དབྱུག་པ་ཅན༽།།མིང་མིན་མིང་དངོས་ཅི་ཡིན་ཐིག་དཀའ་ཟེར།།ངས་ནི༼ཡིན་ཡང་སྲིད༽ཅེས་ལབ་པ་ལས།།གདོན་མི་ཟ་འོ་ནམ་ཡང་ཐལ་བ་མེད།།དེས་ན་ཚིག་དང་དོན་ལ་ཟུར་ཕྱིན་པའི།།གོ་བ་ལེན་ཤེས་གྱིས་ཤིག་རྣ་བའི་ཚོགས།།འདི་ནི་རིག་འཕྲུལ་ཡིན་ལ་རྗེས་དཔག་ཡིན།།རིག་འདེད་འབོད་པ་དེ་ཡང་འདིའི་མིང་གཞན།།བག་ཉལ་རྙོག་སྒྲོས་དང་ནི་མི་མཐུན་པས།།ག་ཆད་དགོད་དང་ངུ་བ་ཡོང་དང་ཡོང་།།ཟླ་བར་རི་བོང་གནས་པ་ཟེར་རྒྱུན་ཡིན།།སྣང་སྲིད་ཚངས་པས་བྱས་ཚུལ་ཟེར་རྒྱུན་ཡིན།།ཀུན་ལ་གྲགས་པའི་ཟེར་རྒྱུན་འཐད་ཟེར་ན།།རི་བོང་བསྟད་དེ་ཚངས་པ་སྟེན་ཅིག་ཀྱེ།།མི་རྣམས་སྐྱེ་དངོས་ལས་ནི་མཆེད་ཅེས་དང་།།ཁམས་གསུམ་མི་རྟག་པ་ནི་རེད་ཅེས་དང་།།འདུ་ཤེས་དངོས་པོ་ལས་ནི་སྐྱེས་ཞེས་སོགས།།སྔར་མེད་གཏམ་གསར་རེ་རེ་བྱུང་མྱོང་འབྱུང་།།དེས་ན་དབྱིག་དབྱུག་གཉིས་ཀྱི་སྒྲ་དང་དོན།།བསྡུར་མི་རིགས་པའི་ཕྲག་དོག་མི་སྨྲ་འཚལ།།
                 ཞེས་སེང་རྡོར་གྱིས་བྲིས་སོ།།

           (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།