གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེང་རྡོར་གྱིས་བརྩམས་པའི་འབྲོག་མོའི་སྐོར་གྱི་སྙན་ངག་ཚན་པ་གསུམ།

2012-01-03 17:16:00 སེང་རྡོར། ཀློག་གྲངས། མཆན ཡོད།

 
          འབྲོག་མོ་ངོ་མ། ༼ཁག་སྔོན་མ༽
ཤ་ཁ་ཅུང་ཟད་སྩོམ་པའི། །
འོག་དྲི་བག་ཙམ་ཁ་བའི། །
རྐང་སྣམ་ཁ་འདིག་ཞན་པའི། །
འབྲོག་མོ་ངོ་མ་ཨེ་མཚར། །
 
དོར་མ་གཅུས་ཏེ་གྱོན་པའི། །
དོར་ཁར་འཇར་འཇུར་མང་བའི། །
ནུ་ཐུམ་རྩ་ནས་མེད་པའི། །
འབྲོག་མོ་ངོ་མ་ཨེ་མཚར། །
 
བྲང་ག་བལྡགས་ན་བཙན་པའི། །
མཆན་འོག་འཇིབ་ན་སྐྱུར་བའི། །
འགོས་ནད་ཧ་ལམ་མེད་པའི། །
འབྲོག་མོ་ངོ་མ་ཨེ་མཚར། །
 
མཇེ་ནས་འཛིན་རྒྱུར་འཛེམ་པའི། །
རྐུབ་ལ་བལྟས་ན་འཕག་པའི། །
ཁུ་བ་མིད་རྒྱུར་ཞེད་པའི། །
འབྲོག་མོ་ངོ་མ་ཨེ་མཚར། །
 
གཡབ་ཁར་བཀྲུ་སྲོལ་མེད་པའི། །
གཡབ་རྗེས་འབྱིད་སྲོལ་མེད་པའི། །
གཙང་ཤོག་ཁྱོན་ནས་མེད་པའི། །
འབྲོག་མོ་ངོ་མ་ཨེ་མཚར། །
 
ཉལ་སར་རྩྭ་དྲི་བྲོ་བའི། །
སྐྲ་ལོར་ཨོང་དྲི་བྲོ་བའི། །
ཁ་ནང་རྩམ་དྲི་བྲོ་བའི། །
འབྲོག་མོ་ངོ་མ་ཨེ་མཚར། །
 
མཚན་སྤུ་རྡུལ་གྱིས་བཟུང་བའི། །
མཚན་ཁ་གཡའ་ཆུས་སྦྱར་བའི། །
འཕོངས་མགོར་ས་ཡང་སྲིད་པའི། །
འབྲོག་མོ་ངོ་མ་ཨེ་མཚར། །
 
ཐོག་ལ་ཞོན་རྒྱུར་འཇིགས་པའི། །
འོག་ནས་བསྣར་རྒྱུར་གོམས་པའི། །
རེམ་དང་དགོས་སོགས་མེད་པའི། །
འབྲོག་མོ་ངོ་མ་ཨེ་མཚར། །
 
ཐོད་པར་མར་དྲི་བྲོ་བའི། །
སྣ་སྒོར་འོ་དྲི་བྲོ་བའི། །
ལག་པར་གོར་དྲི་བྲོ་བའི། །
འབྲོག་མོ་ངོ་མ་ཨེ་མཚར། །
 
བཤང་སྒོར་སྣོམ་དུ་མི་འཇུག །
བསྣམ་ན་སྐྱག་དྲི་བྲོ་འོ། །
རྐང་པར་ཐུག་ཏུ་མི་འཇུག །
ཐུག་ན་རུལ་དྲི་བྲོ་འོ། །
 
འོན་ཀྱང་ཤ་ཁ་གང་བས། །
བདེ་ལ་སྐྱིད་ཅིག་ཡོད་དོ། །
གཟུགས་པོ་བཙན་གྱིས་བསྐམས་པའི། །
ཡི་དྭགས་སྔོ་སྐེ་མིན་ནོ། །
 
ནུ་ཟུང་མཁྲང་ཞིང་ཟླུམ་པས། །
འཕུར་ལ་སྐྱིད་ཅིག་ཡོད་དོ། །
རས་ཐུམ་མཁྲེགས་པོས་བཀླུབས་པའི། །
ཚོར་མེད་ཤུབ་སྟོང་མིན་ནོ། །
 
མིག་གིས་སྐད་ཆ་བཤད་པའི། །
ཉམས་ཀྱིས་ཡི་གེ་བསྐུར་བའི། །
ཤི་ཡང་བརྗེད་མཐའ་མེད་པའི། །
འབྲོག་མོ་ངོ་མ་ཨེ་མཚར། །
    ཞེས་པ་འདི། དྲ་གྲོགས་མི་ཁོམ་པའི་རྒྱལ་སྲས་ཀྱིས་འབྲོག་མོའི་སྐོར་ལ་གཅིག་བྲིས་འདུག་པར་ཀུ་རེ་ཚུལ་དུ་མཆན་ཞིག་འབྲི་རྩིས་ཡིན་མོད། བྲིས་ཀྱིན་དུ་སྙན་ངག་ཅིག་ཏུ་ལངས་བྱུང་བ་འདིའོ།།
     
          འབྲོག་མོ་ངོ་མ། ཁག་རྗེས་མ།
མགོ་དཀྲིས་དམར་པོའི་གཏིང་ནས། །
མིག་ཟུང་ཁོ་ན་འགུལ་བའི། །
ཁ་ཐུམ་དཀར་པོའི་རྒྱབ་ནས། །
མཆུ་སྣའི་འབུར་ཞོམ་གསལ་བའི། །
འབྲོག་མོ་སྙིང་ལ་རྗེ་བོ། །
དགུན་ཁའི་བསང་མེ་ཡིན་རེད། །
 
ལུ་གུ་རྙང་རྔ་ཞིག་ལ། །
རྩམ་རྡོག་བཅད་མ་སྟེར་བའི། །
ན་ཆུ་དཀར་ཚུབ་དམར་ཚུབ། །
རི་སྐེད་ཟོག་རྗེས་གཅོད་པའི། །
འབྲོག་མོ་སྙིང་ལ་རྗེ་བོ། །
དཔྱིད་ཟླའི་ཁ་དོག་ཡིན་རེད། །
 
འབྲི་མོའི་ཕོ་འོག་འཛུལ་ནས། །
འགྲམ་པས་དབོ་རྩིད་གླན་ཏེ། །
འོ་མ་ཤག་ཤག་བཞོ་ཞིང་། །
སྐྱབས་འགྲོ་འུར་འུར་འདོན་པའི། །
འབྲོག་མོ་སྙིང་ལ་རྗེ་བོ། །
སྟོན་གྱི་རྩྭ་ར་ཡིན་རེད། །
 
འོ་ཟོ་སྦྲ་སྒོར་བསླངས་ཏེ། །
འོ་རྟ་ལག་པས་བསྐྱོར་བའི། །
གྲུ་མོར་ཐབ་དྲེག་འགོས་ཤིང་། །
ལྷམ་ཞབས་འདམ་སྙིགས་འབྱར་བའི། །
འབྲོག་མོ་སྙིང་ལ་རྗེ་བོ། །
དབྱར་མགོའི་མཚེར་ཆུ་ཡིན་རེད། །
 
ཕྱེ་ལེབ་དཔུང་ཐོག་ལྡིང་ཞིང་། །
བུང་བ་སྒལ་གཞུང་འཁོར་བའི། །
རྐང་བོལ་འབུ་ཆུང་ཟ་བའི། །
སྐེ་ཟུར་ཤིག་རྙིལ་གོག་པའི། །
འབྲོག་མོ་སྙིང་ལ་རྗེ་བོ། །
དུས་བཞིའི་ཇོ་དར་ཡིན་རེད། །
 
ཟླ་མཚན་ཐུ་བར་འགོས་ཤིང་། །
སྐྱག་གཞུག་རྡོ་བས་འབྱིད་པའི། །
རྐང་པའི་སེན་མོ་རིང་ཞིང་། །
ལག་པའི་སེར་ཀ་ཆེ་བའི། །
འབྲོག་མོ་སྙིང་ལ་རྗེ་བོ། །
མཛེས་པའི་མག་མོག་ཡིན་རེད། །
 
རྣ་འགྲམ་ཁ་རླངས་རྒྱག་བཞིན། །
རན་པས་སེན་ཐོགས་བྱས་ན། །
དབང་མེད་ཚུར་ལ་འཁོར་ཞིང་། །
རིམ་པས་ཁ་ལ་མཉན་པའི། །
འབྲོག་མོ་སྙིང་ལ་རྗེ་བོ། །
མུན་ནང་ལུང་བསྟན་ཡིན་རེད། །
 
རྡོ་རྗེའི་ཚིག་རྐང་སྦྲེལ་ལུགས། །
འཆམ་པོ་ཞེ་གཅིག་འབྱུང་ན། །
ཆ་ཡོད་དང་ཆ་མེད་ཅི་ཁྱད། །
འཇིག་རྟེན་སྣང་བ་བསོར་ཟེར། །
འབྲོག་མོ་སྙིང་ལ་རྗེ་བོ། །
སྐོམ་སེལ་འཁྱག་དར་ཡིན་རེད། །
 
སེམས་སོང་དགའ་ལོའི་ཆེད་དུ། །
རང་ལུས་རྡུལ་དུ་བརླགས་པའི། །
བྲག་ཐོག་ཁྲག་དམར་འཕོ་བའི། །
ཆུ་ནང་དོན་ལྔ་འདེབས་པའི། །
འབྲོག་མོ་སྙིང་ལ་རྗེ་བོ། །
ནང་གསལ་ལྕགས་ཐམ་ཡིན་རེད། །
 
མེ་ཏོག་ཡུ་བ་བཅད་དེ། །
སྣེ་ལ་ཁ་ཕུ་འདེབས་དུས། །
ཐོད་སྐྲ་རླུང་གིས་འཕྱོས་སོང་། །
མིག་ནང་ཆུ་ཡིས་བསྐོར་སོང་། །
འབྲོག་མོ་སྙིང་ལ་རྗེ་བོ། །
ཚེ་གཅིག་དྲན་ཤིང་ཡིན་རེད། །
 
ཟ་འགྲམ་ཉི་མས་ཚིག་ཡོད། །
ཨམ་ཅོག་ཙག་གིས་ཕྱིད་ཡོད། །
མིག་ཟུང་ཁངས་ཀྱིས་བསྣད་ཡོད། །
པུས་ཚིགས་ས་ཆུས་སྐྲངས་ཡོད། །
འབྲོག་མོ་སྙིང་ལ་རྗེ་བོ། །
འབྱུང་བའི་བརྩམས་ཆོས་ཡིན་རེད། །
    སྙན་ངག་འདིའི་ཁག་སྔ་བའི་མཆན་དུ་རྒྱལ་ཁམས་པ་ཀླུ་སྨྱོན་དང་སྐུ་ཞབས་བདེ་གྲོལ་གཉིས་ཀྱིས་ཡི་གེ་ཚོར་ཤུགས་སློང་བ་རེ་བྲིས་འདུག་པས་འདི་འདྲ་ཞིག་ཀྱང་ཐོལ་གྱིས་བབས་སོང་།
    མཆན། མཁས་དབང་ནམ་མཁའི་ནོར་བུ་སོགས་ཀྱིས༼ཡོད་པ་རེད༽ཅེས་པའི་ཚིག་སྡུད་དུ༼ཡོད་རེད༽ཅེས་བྲིས་ཡོད་པ་བཞིན། ཁོ་བོས་ཀྱང་འདིར༼ཡིན་པ་རེད༽ཅེས་པའི་ཚིག་སྡུད་དུ༼ཡིན་རེད༽ཅེས་གསར་དུ་སྦྱར་ཡོད། ཚིག་འགྲོས་གསར་པ་བློ་ངོར་བདེ་ཐབས་མེད་པ་དག་གིས་ཁོ་བོར༼ཡོད་རེད༽ཅེས་སྡུད་བརྒྱབ་ཆོག་ན༼ཡིན་རེད༽ཅེས་སྡུད་བརྒྱག་མི་ཆོག་པའི་རྒྱུ་མཚན་འདྲེན་དགོས།
 

        འབྲོག་མོར་བྲིས་པའི་སྙན་ངག་སྔ་ཕྱིའི་ལྷན་ཐབས།

 སྦྲ་རྒན་ནག་ལྡང་འཁྲིས་ཀྱི། །
རས་གུར་དཀར་མདུང་སྦུག་ཏུ། །
འབྲོག་མོ་སྟན་ཐོག་བསྡད་དེ། །
སྐྲ་རྔའི་ཁ་བཏགས་བལྟ་དུས། །
གནམ་ངོར་སྐར་ཁྱུ་བཀྲམ་ཡོད། །
རྫ་མགོར་མུན་ཆེན་འདལ་ཡོད། །
བསང་སྐྱོགས་ནང་གི་མེ་སྟག །
སྒོ་སྲུབས་བརྒྱུད་ནས་འཕུར་སོང་། །
 
ཁ་བའི་ནང་ལ་སྤོས་ཏེ། །
སྤེན་མའི་གསེང་ནས་ཐོན་ཏེ། །
འབྲོག་མོས་ཕྱུར་སྐམ་ལྡོད་ཀྱིན། །
ཐབ་ལ་རིལ་ལུད་དེད་བྱུང་། །
གོ་ཁུང་དུ་ལྷོག་འཕྱུར་ཏེ། །
མཆོད་སྒམ་འབའ་ཞིག་གཏིབས་པས། །
དོ་ཐོག་བྱི་ལ་བསྒོངས་ནས། །
ཉི་ཐིག་བཅད་དེ་ཐལ་སོང་། །
 
གསེབ་ཅིག་རྒོད་མ་དེད་ནས། །
ཀི་ཧུའི་ཆགས་སྐད་འདོན་དུས། །
འདྲེ་ཟོག་གདོན་ཟོག་ཟེར་ནས། །
འབྲོག་མོ་འཚུབ་ཆ་ལངས་སོང་། །
ས་ལ་སྒུར་ཐེངས་གཅིག་གིས། །
ལྕི་རློན་མགོ་ཙམ་འཕྱར་ཏེ། །
འབུ་ནག་བསེ་བོའི་ཐོག་ལ། །
ཆིལ་སྒྲ་དང་བཅས་བརྒྱབ་ཐལ། །
 
གད་པའི་ཁ་རྒྱུད་བསྣར་ཏེ། །
གྲོག་མའི་སྐྱེལ་འདྲེན་གཟིགས་ཤིང་། །
སྣ་ཆུ་ལག་པས་བསལ་བཞིན། །
འུར་ཆའི་སྣེ་མོ་སེལ་བའི། །
འབྲོག་མོ་གསེར་རྣ་ཅན་ཞིག །
ཁང་པའི་རྒྱབ་རོལ་གཡེལ་དུས། །
རླུང་གིས་རྩྭ་རྐང་བཅག་སྟེ། །
སྣ་ཁུང་ནང་ལ་བྲོ་བྱུང་། །
 
ཐལ་སྤུང་ལོགས་སུ་ཕྱིན་ཏེ། །
ལྭ་འདབས་ཨོང་མགོར་བརྫིས་ཏེ། །
དོར་མ་སྒྱིད་ཁུག་འཕངས་ནས། །
གཅིན་པ་ཤག་ཤག་གཏོང་དུས། །
རྐང་བར་ཆུ་ཆུང་འཁྱིལ་བྱུང་། །
ཆུ་ནང་སྡོམ་མང་འཕག་བྱུང་། །
ཁྱི་རྒན་ཚུར་ལ་བལྟ་ཞིང་། །
རྔ་མ་ལྡེམ་ཙམ་བྱེད་དོ། །
 
ཚིག་རྩེད་ཐུང་ངུ་ཞིག་གིས། །
གསོད་ལ་ཁད་ཅིག་བྱེད་ཅིང་། །
སླར་ཡང་ཐུང་ཞིག་བསྣན་ཏེ། །
ཤི་སོས་དབུགས་དབྱུང་སྦྱིན་པའི། །
འབྲོག་མོ་ཁ་རྒོད་མ་ཁྱོད།
མཁུར་བ་ཅུང་ཟད་དམུལ་བས། །
ཡི་དྭགས་སློག་སྐྱ་ཅན་དག །
ཡ་ཆུང་བཟི་བེར་བྱས་སོང་། །
 
བྲག་རྩི་སེར་པོས་གཡོགས་པའི། །
རྡོ་སྐུ་ཆག་པོའི་དྲུང་དུ། །
མགོ་བོ་ལན་གསུམ་དུད་ནས། །
ལག་པ་སྙིང་གར་འཇོག་པའི། །
འབྲོག་མོའི་སྨིན་མཚམས་རང་དུ། །
ཡི་གེ་ལྗང་ཁུའི་ཕྲེང་བ། །
ནམ་མཁའི་འོད་དང་བསྡེབ་སྟེ། །
གོར་གོར་དུམ་དུམ་ཡོང་ངམ། །
         ཞེས་སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་དང་པོའི་ཚེས་གསུམ་ལ་བྲིས།
 
       
      ༼འདིར་བཀོད་པའི་པར་དང་རི་མོ་དག་གི་པར་དབང་ཡོན་ཆེན་ལོའུ་སོགས་ལ་དབང་ངོ་།།༽

 

རྩོམ་ཁུངས། སེང་རྡོར་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།