གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སངས་རྒྱས་ཆོས་ལུགས་ཤེས་མ་ཤེས་ཀྱི་ཚད།

2014-12-15 00:51:45 སེང་རྡོར། ཀློག་གྲངས། མཆན ཡོད།

 88888_副本.jpg

ཆོས་ལུགས་ཤིག་ཤེས་དགོས་ན་ཆོས་ལུགས་དེའི་སྟོན་པ་དངོས་ཀྱིས་གསུངས་པ་ཡིན་ཤག་ཤག་གི་ཡིག་ཆ་ཁུངས་ལྡན་དེ་རིགས་འཚོལ་རྒྱུ་གལ་ཆེན་པོ་རེད།

དཔེར་ན། སངས་རྒྱས་ཆོས་ལུགས་ཤེས་དགོས་ན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ་ཡིན་ཤག་ཤག་ཅིག་ལ་ལག་པ་འཆང་རྒྱུ་ཅི་བས་ཀྱང་གལ་ཆེ། སངས་རྒྱས་དངོས་ཀྱིས་གསུངས་པ་ཡིན་ཤག་ཤག་དེ་ཚོ་ཧ་གོ་ཚར་བ་ཡིན་ན་དེའི་ཐད་དུ་གཞན་དང་གཞན་གྱིས་བྱས་པའི་འགྲེལ་བ་ཡང་འགྲེལ་རིགས་བལྟས་ཀྱང་ཆོག་ལ་མ་བལྟས་ཀྱང་གནད་འགག་མི་འདུག་སྙམ།

དེ་ཟེར་དོན། རྩ་བ་གཅིག་ལ་འགྲེལ་བ་སྣ་ཚོགས་འབྱུང་སྲིད་པས་དང་རྩ་བ་གཅིག་ལ་འགྲེལ་སྟངས་ཅི་རིགས་ཡོང་སྲིད་པ་སོགས་ཀྱིས་ཡིན། ཡང་གཅིག་བཤད་ན། འགྲེལ་བ་ཟེར་ཡ་དེ། གཅིག་གིས་ཚུལ་བཞིན་དུ་འགྲེལ་འདུག་ཟེར་ན་གཞན་ཞིག་གིས་ལོག་པར་འགྲེལ་འདུག་ཟེར་ཏེ་ནམ་ཡང་ཀླན་ཀ་དང་བཅས་པ་ཡིན་པས་སོ། །

དེས་ན། བྱུང་དང་འབྱུང་བཞིན་འབྱུང་འགྱུར་གྱི་འགྲེལ་བ་གང་འདྲ་ཞིག་ཡིན་རུང་སངས་རྒྱས་དངོས་ཀྱི་གསུང་ངོ་མའི་ཚབ་ཡོང་ཁག་པོ་རེད། བཤད་སྟངས་གཞན་ཞིག་གིས་ལབ་ན། སངས་རྒྱས་ལ་ཚབ་བྱེད་གཞན་མེད་པ་བཞིན་སངས་རྒྱས་ཀྱི་གསུང་ཡང་འདི་དང་དེས་ཚབ་བྱེད་ཆོག་པ་ཞིག་མིན།

འགྲེལ་བ་ཞེས་པ་མདོར་བསྡུས་ན་༼སངས་རྒྱས་ཀྱིས་ཧ་ལམ་དེ་ལྟར་དགོངས་ཡོད་པ་འདྲ་༽ཞེས་པའི་དོན་རེད། ཤ་སྟག་དེ་ལྟར་དགོངས་ཡོད་མེད་ངེད་ཅག་མི་རེ་ངོ་རེའི་ཐད་ནས་ཡང་བསྐྱར་ཐེངས་ཤིག་བརྟག་འོས་པ་ཡིན། འདི་ནི་ཞིབ་འཇུག་སྟེ་དེ་ལས་ལྡོག་ན་དད་པའོ། །

ཁོ་པ་ཚོས་སངས་རྒྱས་ཀྱི་ཀློག་པ་པོ་བྱས་ཏེ་བཀླགས་མཆན་བཀོད་ཆོག་ན་ང་ཚོས་ཅི་ལ་མི་ཆོག ཁོ་པ་ཚོས་སོ་སོའི་འདུ་ཤེས་དང་ཚོར་བ་དང་རིག་པ་སོགས་བརྒྱུད་དེ་༼སངས་རྒྱས་ཀྱིས་འདི་འདྲ་མ་ཞིག་གསུངས་ཡོད་པར་འདོད་༽ཅེས་འགྲེལ་བ་སྣ་ཚོགས་བྱས་ཆོག་ན་ང་ཚོས་ཅི་ལ་མི་ཆོག

མཐར་གཏུགས་ན། ང་ཚོས་སངས་རྒྱས་དངོས་ཀྱིས་གསུངས་པ་ལ་དཔྱད་པ་མི་གཏོང་བར་སྐད་འཁྱེར་པ་མང་པོས་ལབ་པའི་འགྲེལ་བའམ་༼ཡིན་ཤས་ཆེ་༽དང་༼དེ་འདྲ་ཞིག་མིན་འགྲོ་༽སོགས་ལ་མིག་ནག་བཙིམ་དགོས་དོན་མེད་སྙམ། སོང་ཙང་ཁོ་བོས་ནི་སངས་རྒྱས་དངོས་ཀྱིས་གསུངས་པ་ཡིན་ཤག་ཤག་རེ་ཨེ་རྙེད་བལྟས་ནས་དེ་དང་དེར་འཇུའོ། །

ཆོས་ཞེན་པ་ལ་ལས། ཁྱོད་ཀྱིས་འཇུ་མི་ཕམ་གྱི་རྩོམ་ཁ་ཚང་བཀླགས་ཨེ་ཚར། གལ་ཏེ་ཚར་མེད་ན་སངས་རྒྱས་ཆོས་ལུགས་གཏན་ནས་ཤེས་མི་ཐུབ་ཟེར། བདག་འདྲི། གལ་ཏེ་འཇུ་མི་ཕམ་གྱི་རྩོམ་ལ་བལྟས་མྱོང་མེད་ན་སངས་རྒྱས་ཆོས་ལུགས་མི་ཤེས་པས་ཁྱབ་ན་སངས་རྒྱས་ཤཱཀྱ་ཐུབ་པས་ཀྱང་སངས་རྒྱས་ཆོས་ལུགས་མི་ཤེས་པར་ཐལ། ཁོང་གིས་འཇུ་མི་ཕམ་གྱི་རྩོམ་ལ་བལྟས་མྱོང་མེད་པའི་ཕྱིར་རོ། ། རྒྱུ་མཚན་ནི། སངས་རྒྱས་ཤཱཀ་ཐུབ་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་དུས་འཇུ་མི་ཕམ་ད་དུང་སྐྱེས་མེད་པའི་ཕྱིར་རོ། །

དེས་ཀྱང་མི་ཚད། འཇུ་མི་ཕམ་གྱི་རྩོམ་ལ་བལྟས་མྱོང་མེད་ན་སངས་རྒྱས་ཆོས་ལུགས་མི་ཤེས་པས་ཁྱབ་ན་འཇུ་མི་ཕམ་མ་སྐྱེས་སྔོན་གྱི་རྒྱ་བོད་ཀྱི་མི་སུ་འདྲ་ཞིག་གིས་ཀྱང་སངས་རྒྱས་ཆོས་ལུགས་མི་ཤེས་པར་ཁས་ལེན་དགོས་པས་རྒྱན་དྲུག་མཆོག་གཉིས་སོགས་ཀྱང་ཆོས་རྨོངས་པར་མི་འགྱུར་གྲང་།

རྗེ་ཙོང་ཁ་པའི་རྩོམ་ཁ་ཚང་བཀླགས་ཚར་མེད་ན་སངས་རྒྱས་ལུགས་ཤེས་མི་ཐུབ་ཟེར་མཁན་ཡང་ཡོད་ལས་ཆེ། ལན་ནི་གོང་དང་རིགས་བསྒྲེ་ན་གོ་སླ། ལ་ལས། སློབ་དཔོན་ཀླུ་སྒྲུབ་ཀྱི་རྩོམ་ཁ་ཚང་བཀླགས་ཚར་མེད་ན་སངས་རྒྱས་ཆོས་ལུགས་ཡག་པོ་ཤེས་མི་ཐུབ་ཟེར་མོད་དེ་ལའང་ངེས་པ་མེད།

ངེས་པ་ཡོད་ཟེར་ན། སངས་རྒྱས་ཤཱཀ་ཐུབ་རང་གིས་ཀྱང་སངས་རྒྱས་ཆོས་ལུགས་མི་ཤེས་པར་ཐལ། རྒྱུ་མཚན་གོང་དང་མཚུངས་ཏེ། སངས་རྒྱས་ཀྱིས་ཀླུ་སྒྲུབ་ཀྱི་རྩོམ་ཁ་ཚང་ཕར་ཟད་ཚིག་དུམ་གཅིག་ཀྱང་གཟིགས་མྱོང་མེད་པའི་ཕྱིར་རོ། ། དེར་ཐལ། སངས་རྒྱས་འཇིག་རྟེན་དུ་བྱོན་ཏེ་དམ་པའི་ཆོས་ཀྱི་སྒྲ་ཐོག་མར་བསྒྲགས་སྐབས་སློབ་དཔོན་ཀླུ་སྒྲུབ་ཨམ་དེ་ད་དུང་སྐྱེད་མའི་མངལ་ལའང་ཆགས་མེད་པའི་ཕྱིར་རོ། ། རྩོམ་པ་པོ་མ་སྐྱེས་སྔོན་ལ་བརྩམས་ཆོས་རྩོམ་པ་མི་སྲིད་ཚུལ་ཁྱེད་རྣམས་ལོས་ཀྱང་མཁྱེན།

དེར་བརྟེན། སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་བྱས་མྱོང་མིན་དང་སངས་རྒྱས་ཆོས་ལུགས་ཤེས་མིན་ནི་སངས་རྒྱས་འབའ་ཞིག་གི་གསུང་རྩ་བ་བྱས་ཏེ་གླེང་དགོས་པར་འདོད་པ་ནི་ངའི་ལྟ་བ་ཡིན།

འོ་ན། སངས་རྒྱས་ཀྱིས་གསུངས་པ་ཡིན་ཤག་ཤག་དེ་གང་དང་གང་རེད་ཅེས་འདྲི་ན། དེ་ནི་ཞིབ་འཇུག་གི་ཁ་བྱང་ཆེན་པོ་ཞིག་ཡིན་པས། ཐོག་མར་བཀའ་བསྡུ་བ་སོགས་ཀྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེ་རིགས་བལ་སེལ་སེལ་བྱེད་དགོས་པ་ཡིན་མོད་རེ་ཞིག་དཀའ། ད་སྔ་འདིའི་ཕྱོགས་སུ་དཔྱད་འབྲས་ཅུང་བཟང་པོ་ཐོབ་མཁན་ནི་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་རེད།

མདོར་དྲིལ་ན། འགྲེལ་བ་ལ་མི་རྟོན་རྩ་བ་རྟོན་ཞེས་པའོ། ། སངས་རྒྱས་ཀྱིས་གསུངས་སོ་སྐད་ཀྱི་ཡོངས་ཁྱབ་ཀྱི་ཚིགས་བཅད་དེ་དག་གི་དོན་གོ་བ་ཡིན་ན་ཟུར་གཅིག་ནས་སངས་རྒྱས་ཆོས་ལུགས་ཤེས་ཚར་བར་བརྩི་ཆོག་སྙམ།

ཞར་བྱུང་།
༡ བོད་ཀྱི་མཚན་ཉིད་ཀྱི་གྲྭ་ཚང་དག་ཏུ་དཔེ་ཆ་ཤེས་མ་ཤེས་ཟེར་དུས་དཔེ་ཆ་སྟེ་དེབ་ཀྱི་ནང་དོན་ཨེ་གོ་འདྲི་བ་མིན་པར། གཞུང་བཀའ་པོད་ལྔ་སོགས་རྩོད་མཁས་མིན་འདྲི་བའོ། །དེའང་རང་བཞིན་གྱིས་རྩོད་ཤེས་པ་ཙམ་ལ་གོ་རྒྱུ་མིན་པར། ཐལ་ངག་སྟེ་ཚ་དང་འཁོར་གསུམ་སོགས་ཀྱི་སྐད་ལོགས་པ་དེ་སྤྱད་ན་ཡོང་མི་ཡོང་འབའ་ཞིག་བསྙེགས་སོ། །དེའང་ཁྱབ་མ་ཁྱབ་ཤེས་པ་ཙམ་གྱིས་མི་འགྲིག་པར་ཆེས་རབ་ཏུ་བྱང་བ་ཞིག་དགོས་ཀྱི་ཡོད། དེ་བས་ད་ལྟའི་མཚན་ཉིད་ཀྱི་གྲྭ་ཚང་མང་པོར་ཨ་ལགས་དོར་ཞི་དང་ཁང་དཀར་ཚུལ་ཁྲིམས་སོགས་ཀྱིས་གཞུང་ཤེས་པ་མ་རེད་དང་དཔེ་ཆ་ཤེས་པ་མ་རེད་ཅེས་མགྲིན་གཅིག་དབྱངས་གཅིག་གིས་སྨྲ་བ་ཞིག་ཡོད། སྐབས་འདིའི་གཞུང་ཞེས་པའང་བརྡ་གཞུང་དང་སྙན་གཞུང་དང་སྨན་གཞུང་སོགས་མིན་པ་སྨོས་ཅི་དགོས།

ཡང་ཟེར་སྟངས་གཞན་ཞིག་ལ་དང་པོ་ཙ་ན་སྟོན་པས་ཆོས་གསུངས་སྐབས་ཐལ་ངག་ཅེས་པའི་ཆོབ་ཚ་བོ་འདི་ཧ་ལམ་མེད་ཅིང་། དོན་བཟང་པོ་དང་ཚིག་འབྲུ་བཟང་པོ་ཞེས་ཁ་གསལ་གོ་བདེ་ཞིག་གནངས་ཡོད་པར་གྲགས། ཐལ་ངག་ཅེས་པ་འདིའི་ཁུངས་དངོས་ནི་ཕྱི་རོལ་པའམ་མུ་སྟེགས་པར་གཏུགས་སྲོལ་ཡོད་ལ། བོད་དུ་ནི་ཆ་པ་ཆོས་ཀྱི་སེང་གེར་མ་བྱུང་བ་མེད་ཅེས་སྨྲ་མཁན་ཡང་ཡོད་དོ། ། ཤེས་དགོས་པ་ཞིག་ལ། དེང་ཐལ་ངག་ལ་བྱང་མེད་པའི་ཁང་དཀར་ཚུལ་ཁྲིམས་སོགས་ནི་རྒྱལ་སྤྱིའི་སྟེང་གི་སངས་རྒྱས་པའི་ཆོས་འབྱུང་སྨྲ་བ་ཆེ་ཤོས་ཆགས་ཀྱི་ཡོད་ལ། སྤྱིར་བཏང་སངས་རྒྱས་ཆོས་ལུགས་ཀྱི་བྱུང་འཕེལ་སོགས་ག་རེ་ཡིན་པ་ཁོང་ཚོའི་དཔྱད་འབྲས་ལ་ཆ་འཇོག་པ་ཡིན་ནོ། །

༢ བོད་མི་ཁ་ཅིག་གིས་ནི། སངས་རྒྱས་ཆོས་ལུགས་ཁུར་ཡོད་པའི་སྐད་ཡིག་ཅིག་གི་ཁྲོད་དུ་བོད་སྐད་བོད་ཡིག་འབའ་ཞིག་གླང་བོ་ཆེ་ས་ལ་རབ་བརྟན་ལྟ་བུ་ཡིན་ཟེར། དེས་མ་གཏོགས་གཞན་གྱིས་ནི་ཐེག་དཀའ་ཟེར། དཔེ་དེ་དང་འགྲོགས་ནས་འདི་ལྟར་ཕུ་ཤོར་ཤོར་དུ་སྨྲ། སངས་རྒྱས་ལུགས་ཤེས་དགོས་ན་བོད་སྐད་བོད་ཡིག་ཤེས་དགོས་ཟེར། དེས་ཀྱང་མི་ཆོག་གི་ངེས་པར་གྲྭ་སར་སོང་མྱོང་བ་ཞིག་ཡིན་དགོས་ཟེར། དེས་ཀྱང་མི་འགྲིག་གི་ངེས་པར་བསྡུས་གྲྭའི་རྩོད་སྐད་ལ་བྱང་བ་ཞིག་ཡོད་དགོས་སོགས་ཟེར་རོ། །

འོ་ན་བོད་སྐད་བོད་ཡིག་མི་ཤེས་ཤིང་། གྲྭ་བ་བྱས་མ་མྱོང་བ། བསྡུས་གྲྭའི་རྩོད་སྐད་མི་ཤེས་པའི་ཚན་རིག་པ་འགའ་རེས་སངས་རྒྱས་ཆོས་ལུགས་ལ་བསྔགས་པ་ཕྲན་བུ་རེ་བརྗོད་ཡོད་པ་དེ་དག་ང་ཚོས་རང་ཉིད་ཁ་ཟད་ཟད་དང་གཞན་དག་རྣ་ན་ནའི་བར་སྤུར་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ཚན་རིག་པ་དེ་དག་གིས་སངས་རྒྱས་ཆོས་ལུགས་མི་ཤེས་པར་ཐལ། རྒྱུ་མཚན་ནི་ཁོ་ཚོར་ཁྱོད་ཅག་གིས་བཤད་པའི་སངས་རྒྱས་ཆོས་ལུགས་མི་ཤེས་པའི་རྟགས་ཚང་ནས་འདུག་པས་སོ། ། གཞན་དུ། བོད་སྐད་བོད་ཡིག་མི་ཤེས་ཀྱང་། བླ་མ་གྲྭ་བ་མིན་ནའང་། བསྡུས་གྲྭའི་རྩོད་སྐད་གོ་མ་མྱོང་ཡང་། སངས་རྒྱས་ཆོས་ལུགས་ཤེས་པར་ཐལ། སངས་རྒྱས་ཆོས་ལུགས་ལ་སྡོམ་ཚིག་འགོད་ཆོག་པར་ཐལ། དེས་སངས་རྒྱས་ཆོས་ལུགས་ཀྱི་རིན་ཐང་མཚོན་ནུས་པར་ཐལ། དཔེར་ན། ང་ཚོས་རྟག་པར་འདྲེན་དགའ་བའི་ཚན་རིག་པ་ཨེ་ཡན་སི་ཐན་སོགས་ནང་བཞིན་ནོ། །

-----------------------------------------------------------------------------------------

སྨན་དང་མེ་དང་དམ་རྫས་དང་།། ལེགས་པར་བཤད་སོགས་མང་མི་དགོས།།
རྟེན་འབྲེལ་ཙམ་གྱིས་ཆོག་པ་ཡིན།། མིག་ཏུ་གནམ་ས་ཤོང་ལྟར་ཡོང་།།
                                                                                                སེང་རྡོར་གྱིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།