གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚིགས་བཅད་སྐོར་ལ་གཟེར་གསུམ།

2015-03-23 22:10:02 སེང་རྡོར། ཀློག་གྲངས། མཆན ཡོད།

དང་པོ། ཆོས་གཞུང་ཕལ་ཞིག་ཚིགས་བཅད་དུ་ཡོད་པ།

རྗོད་བྱེད་ཚིག་གི་བསྡུར་ཚད་སྟེང་ནས། །སངས་རྒྱས་ཆོས་གཞུང་བརྒྱ་ཆར་བགོས་ན། །དྲུག་ཅུ་བདུན་ཅུ་ཚིགས་བཅད་རྐྱང་སྟེ། །ལྷག་མའི་བག་ཙམ་ལྷུག་སོགས་ལུས་གཞན། །སྟོན་པས་ཚིགས་བཅད་ཏག་ཏག་གསུངས་ཡོད། །ཁོང་གིས་ཚིགས་ལྷུག་དེ་ཙམ་མཛད་མེད། །རྗེས་མཇུག་མཁས་པ་ཀླུ་ཐོགས་སོགས་ཀྱང་། །སྐད་སྐུར་ཚུན་ཆད་ཚིགས་བཅད་རྩོམ་དགའ། །བཀའ་པོད་ལྔར་གྲགས་དེ་ཚོའི་རྩ་བ། །ལྔ་ཡི་བཞི་ནི་ཚིགས་སུ་བཅད་པ། །བཅད་པ་དེ་ཡང་རབ་ཏུ་བསྡུས་པའི། །སྙིང་པོའི་སྙིང་པོར་དྲིལ་བ་ཞིག་ཡིན། །དྲི་མེད་འོད་ཟེར་ཀློང་ཆེན་མཛོད་བདུན། །ཐེག་གྲུབ་གཉིས་ཕུད་གཞན་དག་ཚིགས་བཅད། །རྒྱལ་བ་འཇམ་དཔལ་སྙིང་པོས་ཁྲིད་པའི། །བཅུ་བདུན་གཞུང་གི་ཕལ་ཞིག་ཚིགས་བཅད། །ལམ་རིམ་རྩ་བ་ལམ་སྒྲོན་ཡིན་ལ། །ལམ་སྒྲོན་ཞེས་པ་ཚིགས་བཅད་འགའ་ཡིན། །མཁས་པའི་ཁྱད་ཆོས“ཚིག་ཉུང་དོན་འདུས”། །ཡིན་ཞེས་གནའ་རབས་མཁས་པ་གསུངས་སོ། །“ཚིག་ཚོགས་མང་བར་འཇིགས་ཏེ”ཞེས་དང་། །“ཚིག་གིས་ལོ་མས་མ་བསྒྲིབས”ཞེས་དང་། །“ཚིག་འཁྲི་སྤངས་ཏེ་བྲིས་པ”ཞེས་སོགས། །སྲོལ་རྒྱུན་དྲན་དབང་རྟག་པར་བརྣན་ནོ། །སངས་རྒྱས་ཚིགས་བཅད་ཐུང་ཐུང་མཛད་དེ། །འཁོར་འདས་གཉིས་ཀ་བཀྲལ་ཟིན་གསུངས་ན། །ང་ཚོས་མགོ་བོ་ནང་དུ་ལྡེམ་བཞིན། །ལག་པས་ཐལ་མོ་སྦྱོར་བར་བྱེད་དོ། །རྒྱན་དྲུག་མཆོག་གཉིས་སངས་རྒྱས་ནང་བཞིན། །ཚིགས་བཅད་འབྲི་ཞིང་འབྲི་ཞིང་གཤེགས་སོ། །དེ་ལ་བདག་ཅག་མགོ་ལུས་གཏད་ཟིན། །ཚིགས་ལྷུག་ཁྱེར་ཤོག་ལབ་མཁན་མ་བྱུང་། །དེས་ན་ངས་ཀྱང་ཚིགས་བཅད་ལམ་ནས། །“རྟུལ་ཕོད”བཏགས་པའི་བསྟན་བཅོས་བརྩམས་གང་། །ཚིག་ཚོགས་ཉུང་ཞིང་དོན་གྱིས་བརྟན་པ། །རླུང་ཆེན་དཀྱིལ་གྱི་རྡོ་བ་བཞིན་ནོ། །སྟོན་པའི་ཟབ་རྒྱས་ཆོས་ཀྱི་ལན་ལ། །ཁྱོད་ཀྱིས་ཚིགས་བཅད་འགའ་ཙམ་བྲིས་ཞེས། །རྒྱུས་མེད་རྒྱུས་གཏམ་སྨྲ་མཁན་བྱུང་བས། །ཡང་བསྐྱར་གོ་བདེའི་རིག་འཕྲུལ་འདི་བསྐོར། །

གཉིས་པ། ཆོས་གཞུང་ཕལ་ཞིག་ཚིགས་བཅད་དུ་ཡོད་དོན་ཅིའི་ཕྱིར་ཞེ་ན།

གནའ་རྩོམ་འབྲི་བའི་རྣམ་གཞག་ལ། །སྡེབ་སྦྱོར་ཞེས་སུ་འབོད་པ་ཡིན། །དགོས་པ་ཚིགས་བཅད་རྩོམ་ཕྱིར་ཏེ། །བྲྀ་ཏྟ་དང་ནི་ཛཱ་ཏིར་དབྱེ། །བཀའ་དང་བསྟན་བཅོས་ཟེར་བ་དག །སྒྲོམ་དེར་མ་ཚུད་འགའ་ཡང་དཀའ། །རྒྱ་གར་གླིང་ན་རིན་འབྱུང་དང་། །ཐུབ་དམར་རྩ་བའི་མདོ་སོགས་ཡོད། །ཀུན་ཀྱང་ཚིགས་བཅད་རྩལ་དུ་འདོན། །ལྷུག་སྤེལ་གླེང་བ་སྲིད་མཐའ་ཙམ། །འདིས་ཀྱང་སངས་རྒྱས་ཆོས་གཞུང་ཕལ། །ཚིགས་སུ་བཅད་པར་གནས་དོན་ཤེས། །བོད་དུ་ས་སྐྱ་པཎ་ཆེན་གྱིས། །སྣ་ཚོགས་མེ་ཏོག་ཆུན་པོ་བརྩམས། །དེ་ནི་ཚིགས་སུ་བཅད་པ་ཡིས། །ཚིགས་བཅད་འབྲི་ཚུལ་བསླབས་པ་འོ། །ཁོང་གིས་རོལ་མོའི་བསྟན་བཅོས་སོགས། །ཚིགས་སུ་བཅད་པའི་གཏེར་སྒོ་ཕྱེས། །ཞྭ་ལུ་ཆོས་སྐྱོང་བཟང་པོ་སོགས། །རིན་འབྱུང་བསྒྱུར་ཏེ་སྤེལ་བར་མཛད། །བོད་ལ་ཇི་བཞིན་མི་འཕྲོད་ཀྱང་། །རྒྱ་བོད་གང་ཡང་ཚིགས་བཅད་དགའ། །འདི་འདྲ་ཤེས་པས་ཅི་ཕན་ཡང་། །ཆེད་དུ་དཔྱོད་དག་རྨོངས་མི་འཚལ། །སྟོན་པས་ཚིགས་སུ་བཅད་པ་ཡིས། །ཐུགས་ནི་བསྐྱེད་ཅིང་ཚོགས་ནི་བསགས། །བདག་ཀྱང་དོ་ནུབ་ཚིགས་བཅད་འགས། །མ་འདྲེས་ཆོས་ནི་འདི་ཙམ་བསྟན། །འཆར་ཡན་ཐུན་མཚམས་འོག་གི་སྙན་ངག །ང་ལ་ཚེ་རབས་ལས་ཀྱིས་འབྲེལ་མོད། །དེ་ལ་མཁས་པར་མྱོང་མཁན་དཀོན་པས། །སུས་ཀྱང་གོ་བའི་ཁ་བརྡ་འདི་བྱས། ། ༢༠༡༣ ༡༡ ༨

གསུམ་པ། ཚིགས་སུ་བཅད་པའི་སྐོར་ཡང་བསྐྱར་བརྗོད་པ་རྡོ་རྗེའི་གླུ་ལ་རྣམ་འགྱུར་ཟད་མཐའ་མེད་ཅེས་བྱ་བ།

 ༡ བརྡ་སུམ་རྟགས་གཉིས་ཀའི་སྡོམ་བྱང་ཚིགས་བཅད་རེད། །གཞུང་ཟབ་མོའི་དཀའ་གནད་འཆད་ལ་མ་སྐྱོན་ཐལ། །ཆོས་མདོ་སྔགས་གཉིས་ཀྱི་རྩ་བ་ཚིགས་བཅད་རེད། །རྒྱུ་ཀུན་གཞིའི་ཕྲ་ཞིབ་སྟོན་ལ་མ་གནོད་ཐལ། །

༢ གཞུང་བཀའ་པོད་སྣ་ལྔར་གྲགས་པ་ཚིགས་བཅད་རེད། །རྩོད་དགག་སྒྲུབ་རང་ཆས་ཡིན་པ་ཤེས་རྐྱང་བྱོས། །སྒྲུང་གེ་སར་གླུ་མཛོད་ཅེས་པ་ཚིགས་བཅད་རེད། །དཔེ་སྣང་སྲིད་ལག་ཐོགས་མེད་པ་གོ་རྐྱང་བྱོས། །

༣ རྗེ་མི་ལའི་མགུར་འབུམ་སྐད་པ་ཚིགས་བཅད་རེད། །གང་མ་ཤོད་བསྐྱུར་བཞག་ཡོད་པ་ངས་མ་མཐོང༌། །དཔལ་ཨོ་རྒྱན་བཀའ་ཐང་འབོད་པ་ཚིགས་བཅད་རེད། །ཅི་མ་འཕྲོད་བརྫད་བཞག་ཡོད་པ་ངས་མ་རིག །

༤ ཁྲིམས་ཞལ་ལྕེ་བཅུ་དྲུག་ཟེར་བ་ཚིགས་བཅད་རེད། །ལས་བདེན་རྫུན་ཧྲིལ་གྱིས་ཤོད་པའི་སྐྱིད་ཅིག་ཡོད། །སྨན་གསོ་རིག་རྒྱུད་བཞི་ཟེར་བ་ཚིགས་བཅད་རེད། །རོ་ཕན་ནུས་རྫོགས་ཀྱིས་འཁྲོལ་བའི་གདེང་ཞིག་ཡོད། །

༥ སེམས་སྤྲོས་པའི་གྲངས་ཚད་ཆིག་འབུམ་གཏན་ལ་འབེབས། །ཡིད་ཤེས་པའི་འགྲོ་འོང་ས་ཡ་ཐིག་ལ་འདེབས། །ཁམས་སྟོང་བའི་རང་བཞིན་དེ་ཡང་དངོས་སུ་སྨྲ། །ཚིགས་བཅད་མས་གཤིས་ལུགས་ཨེ་སྟོན་དེ་ལྟར་དགོངས། །

༦ གཞུང་དབུ་མ་རྩ་ཤེས་ཀླུ་སྒྲུབ་ཞབས་ཀྱིས་མཛད། །གཞུང་ཚད་མ་རྣམ་འགྲེལ་ཆོས་ཀྱི་གྲགས་པས་བྱས། །གཞུང་ངག་གི་མེ་ལོང་དབྱུག་པ་ཅན་གྱིས་བཀོད། །ཚིགས་བཅད་མས་གཞུང་ལུགས་ཨེ་ཤོད་དེ་ལྟར་དགོངས། །

༧ མཚར་ཐག་ཆོད་འདོད་པའི་བསྟན་བཅོས་ཚིགས་བཅད་ཡིན། །འདི་སྙན་ངག་གཞུང་དུ་གྲུབ་པའི་མ་དཔེར་ལྟ། །ཟབ་ཐག་ཆོད་འདོད་པའི་བསྟན་བཅོས་ཚིགས་བཅད་ཡིན། །དེ་གཞུང་ལུགས་ངག་ཏུ་འབར་བའི་ཚད་གཞིར་འཇོག །

༨ བོད་རང་གི་ཆོས་དང་རིག་གཞུང་ཟེར་ལོ་དང༌། །བོད་རང་གི་དེབ་དང་རྩོམ་ཡིག་ཟེར་ལོ་དང༌། །བོད་རང་གི་གཏམ་དང་བརྗོད་པ་ཟེར་ལོ་ཕལ། །ཚིགས་བཅད་མའི་གཟུགས་སུ་ཡོད་པར་ཅི་ལྟར་བསྙོན། །

༩ ཚིགས་བཅད་མར་སྦྱངས་པ་བྱས་པ་དམན་དྲགས་ན། །བོད་རིག་པའི་སྐད་ཆ་འཆད་རྒྱུ་སྔ་ཙམ་འདུག །ཚིགས་བཅད་མར་གོ་བ་བླངས་པ་ཞན་དྲགས་ན། །བོད་མཁས་པའི་གསུང་རྩོམ་དགག་རྒྱུ་འཕྱི་ཙམ་བྱོས། །

༡༠ ལྷུག་སྤེལ་མའི་རྩོམ་སྟངས་དོན་ཆུང་མ་རེད་ཀྱང༌། །བཅད་འགྲིག་མའི་བྲི་ཚུལ་དོ་གལ་ཅིར་ཡང་ཆེ། །མཆོང་ལྡིང་མའི་མགུར་ལུགས་འདི་དང་འདི་འདྲ་ཡང༌། །ཚིགས་བཅད་མའི་དཔེ་སྲོལ་བཀོལ་བདེ་སྤྱོད་དགའ་ཡིན། ། ༢༠༡༠ ༠༢ ༡༢

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།