གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེང་རྡོར་གྱིས་༢༠༡༨ལོའི་ཟླ་དགུ་བའི་ནང་བྲིས་པའི་ལྷུག་རྩོམ་འགའ།

2018-11-08 21:38:23 སེང་རྡོར། ཀློག་གྲངས། མཆན ཡོད།

༈ སེར་ཀ་ཞིག་ནས་མཐོང་བའི་ངའི་དེབ་དང་ངའི་ཀློག་པ་པོ། ད་དུང་གཞན་དག

  “དཔེ་ཆ་བཙོངས་ཚར་སོང་།”“བརྒྱ་ཆའི་ག་ཚོད་གཅོག་གམ།”“དེབ་དེ་ཉིན་ག་ཚོད་ཀྱིས་ས་འདིར་ཐོན་ཐུབ”ཅེས་པ་སོགས་ནི་ངའི་རྣ་བར་འཛུལ་ཐེངས་ཆེས་མང་བའི་སྐད་ཆ་འགའ་ཡིན། སྐད་ཆ་དེ་དག་གིས་བསྐུལ་ཏེ་ང་རང་སྦྲག་ཁང་དང་ཁེ་ཏིས་ཀུང་སི་སོགས་ཀྱི་སྒོ་ཁར་ཡང་ནས་ཡང་དུ་སོང་དང་འགྲོ་བཞིན་ཡོད་དོ།།

  ངའི་དཔེ་ཆ<<ང་དང་ངའི་སྙིང་སྡུག་འཇིགས་མེད་ནོར་བུ>>ཞེས་པ་ཞིན་ཧྭ་དཔེ་ཁང་བརྒྱུད་ནས་འགྲེམས་སྤེལ་བྱས་པའི་རྩིས་ཐོ་ལས་ཤེས་པ་ནི། མང་ཤོས་ལྷ་ས་དང་ཁམས་ཀྱི་དཔེ་ཚོང་ཁང་དག་གིས་སྡེབ་ཉོ་བྱས་ཡོད་པ་དང་། དེབ་དེ་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་དཔེ་ཚོང་ཁང་དག་གཞིར་བྱས་པའི་བོད་ཁམས་ཀྱི་དཔེ་ཚོང་ཁང་བརྒྱད་ཅུ་ལྷག་ལ་འགྲིམས་ཐུབ་ཡོད་པ་དང་། དེབ་བདུན་སྟོང་བོ་རྩ་བའི་ཆ་ནས་དཔར་མ་ཐག་གི་ཉིན་ཉི་ཤུའི་ནང་དུ་ཧ་ལམ་བཙོངས་ཚར་ཡོད་པ་རེད།

  ལྷ་སའི་ཕྱོགས་སུ་ཧ་ཅང་བྲིན་པ་ལ་རྒྱུ་མཚན་གཉིས་ཤིག་མེད་དམ་སྙམ། གཅིག་ནི། ང་རང་གིས་རྒྱུན་དུ་ལྷ་ས་པས་བྲིས་པའི་སྒྲུང་རིང་མང་པོ་ཀློག་གིན་ཡོད་ཙང་ངས་བྲིས་པའི་རྩོམ་མང་པོར་ལྷ་སའི་སྐད་ཀྱི་འགྱུར་བག་ཅིག་ངང་ངམ་ཤུགས་ཀྱིས་འདྲེས་ཡོད་རྒྱུ་རེད། དེའི་སྟབས་ཀྱིས་ལྷ་ས་པ་ཚོས་ངའི་དེབ་མང་པོ་ཉོ་གི་ཡོད་པ་ཡིན་ནམ་སྙམ། གཉིས་ནི། ད་ཆ་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་བས་མདོ་དབུས་ཁམས་གསུམ་གྱི་མིའི་ཐུག་འཕྲད་ཀྱི་གྲངས་ཀྱང་མང་། མཉམ་ལས་ཀྱི་ཐག་ཀྱང་ཉེ། ལྷག་པར་དུ་དྲྭ་བའི་སྡིངས་ཆ་དེད་ནས་ད་ཚོད་བོད་སྤྱིའི་སྤྱི་སྐད་ཅིག་ཀྱང་ཧ་ལམ་ཆགས་ལ་ཉེ་བས། ལྷ་ས་པ་ཚོས་ཨམ་སྐད་གོ་བ་ཙམ་དུ་མ་ཟད་ཨ་མདོའི་འབྲོག་སྐད་ལ་གསར་སྣང་ཞིག་དང་དེ་རང་སྤྱོད་འདོད་ཀྱི་སྐོམ་ཚད་ཅིག་ཀྱང་ཡོང་གིན་ཡོད་པ་འདྲ། དེས་ཀྱང་ཡིན་རྒྱུ་རེད་འདོད།

  ང་ནི་གླིང་སྒྲུང་འབོར་ཆེན་བཀླགས་མྱོང་མཁན་ཞིག་ཡིན་པའི་ཆ་ནས་ངའི་དེབ་ཏུ་སྒྲུང་སྐད་ཀྱང་མེད་ས་མི་འགྲོ་བ་རེད། སྒྲུང་སྐད་ཕལ་ཆེར་ཁམས་སྐད་ཡིན་པས་ངའི་དེབ་ཁམས་ཕྱོགས་སུ་བྲིན་པ་ལ་རྒྱུ་མཚན་དེས་འཐུས་ཀྱི་ཡོད་འདོད། དེ་མིན། ཉེ་བའི་ལོ་འདི་ཚོར་ཨམ་ཕྲུག་མང་པོས་ཇ་ཁང་དང་ཆང་ཁང་སོགས་གཉེར་ཏེ་ཚོང་གི་ལས་ལ་འཇུས་དང་འཇུ་བཞིན་པས། རྩོམ་འབྲི་བའི་ཚ་རླབས་དེ་རེ་ཞིག་དབུས་ཕྲུག་དང་ཁམས་ཕྲུག་དག་གི་ལག་ལ་ཐག་སེར་ལྷུང་ཡོད་པ་འདྲ། གནད་དེས་ཀྱང་ང་ཚོས་དཔེ་ཆ་གང་བརྩམས་ཁམས་དང་དབུས་ཕྱོགས་སུ་བཞུར་འགྲོ་བ་འདི་བྱུང་བ་ཡིན་སྙམ།

  ལས་རིགས་ཀྱི་ཆ་ནས་བལྟས་ན། ངའི་དེབ་ཉོ་མཁན་མང་ཤས་ལོ་ལྔ་བཅུའི་མན་གྱི་གྲྭ་བ་ཇོ་མོ་དང་སློབ་ཆེན་ཁག་གི་སློབ་མ་མང་པོ་དང་དགེ་རྒན་རེ་ཟུང་། སློབ་འབྲིང་ཁག་གི་སློབ་མ་ཧ་ཅང་མང་པོ་དང་དགེ་རྒན་ཅུང་མང་པོ་ཡིན་ས་རེད། དོ་ཞག་གི་གྲྭ་གཞོན་ཇོ་གཞོན་ཕལ་ཆེར་དགོན་པའི་འགྲིག་ལ་དེ་འདྲ་མི་སྐྲག་ཁར། གཞུང་འགྲེལ་གྱོང་བོ་ཏག་ཏག་དམུར་རྒྱུར་མགོ་ཡང་ཅུང་ན་བཞིན་ཡོད་པས། ངའི་དེབ་ཉོས་ཏེ་སོ་སོའི་ལྟ་བ་དང་གཤིབ་རྒྱུ་དང་ངའི་དེབ་ཉོས་ཏེ་སེར་ཀ་ཞིག་ནས་འཇིག་རྟེན་འཁོར་བའི་ལྟད་མོར་རོལ་རྒྱུ་ནི། ཁོང་རྣམ་པས་ལམ་རྙེད་ཀྱི་བདེ་སྣང་ཟ་ཟི་ཞིག་ལ་ངོས་འཛིན་གྱིན་ཡོད་ལས་ཆེ། ཅི་ཙམ་ནན་གྱིས་བཀག་ན་དེ་ཙམ་གྱི་འཕག་འཚག་བྱེད་པ་ནི་ལང་ཚོའི་རྒྱབ་ཀྱི་སྡོམ་པ་དང་གྲྭ་ཤག་ཇོ་ཤག་ནང་གི་བཀག་སྐྱིལ་གྱི་འཆར་སྣང་དེ་རིགས་ཡིན་ཚོད་རེད།

  དགེ་རྒན་ཆེན་མོ་ཕལ་མོ་ཆེར་དཔྱད་རྩོམ་གྱི་ཁུར་གྱིས་མནན་ཡོད་པས་ངའི་དེབ་ཀློག་རྒྱུའི་ཆགས་པ་ཡོད་ཀྱང་ནུས་པ་རང་ཡོད་རྒྱུ་མ་རེད། སློབ་མའི་ཁྲོད་དུའང་དཔྱད་རྩོམ་ཞེས་པའི་དོང་ནང་དུ་ལྷུང་ཡོད་མཁན་མེད་པ་མིན་མོད། སྤྱིར་བཏང་སློབ་མ་ཚོ་སྒྱུ་རྩལ་གྱི་ནགས་སྐྱིབས་ལ་ཕྱིན་ནས་ཁམས་གཡེང་དང་ངལ་གསོ་གཏོང་བར་ཅིས་ཀྱང་དགའ་ཚོད་རེད། གང་ལྟར་དགེ་རྒན་དཀྱུས་མ་ཚོ་དང་སློབ་མ་དཀྱུས་མ་ཚོའི་དྲིན་ལའང་ངས་དེབ་མུ་མཐུད་དུ་བསྐྲུན་ན་མུ་མཐུད་དུ་ཉོ་བའི་མཁའ་དབུགས་འདི་གནས་པ་ལོས་ཡིན་སྙམ།

  དེ་ཡང་དཀྱུས་མ་ཞེས་པ་མི་དམངས་ཀྱི་ཚོད་ཅིག་རེད། དཀྱུས་མ་མ་ཡིན་པ་ཞེས་པ་རྒྱལ་པོའི་ཚོད་ཅིག་རེད། འཇིག་རྟེན་འདི་མཐར་གཏུགས་ན་དཀྱུས་མར་དབང་བ་སྟེ། དཀྱུས་མ་ཚོས་ཁྱིམ་ཚང་སྐྱོང་། དཀྱུས་མ་ཚོས་ཞིང་ཁ་འདེབས། དཀྱུས་མ་ཚོས་ནོར་ལུག་འདེད། དེས་ན་ངའི་དེབ་ཀྱང་དཀྱུས་མ་ཚོས་ཐབ་ཚང་ནས་སྔོ་ཚལ་གཏུབ་ཞོར་དུ་ཀློག དཀྱུས་མ་ཚོས་སྤྱོད་ཁང་ནས་སྐྱག་པ་གཏོང་ཞོར་ལ་གྱེར། དཀྱུས་མ་ཚོས་གཡག་རྒྱབ་ནས་ཨོབ་རྡེབ་བྱེད་ཞོར་གྱིས་འདོན། ང་ཡང་རང་གི་དེབ་དག་དཀྱུས་མའི་ཀློག་མཁན་གྱི་ཟམ་པ་བརྒྱུད་ནས་ཅུང་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་པ་འདིར་དྲང་མོར་བཤད་ན་དགའ་བོ་ཡང་ཡོད།

  ངའི་དེབ་ནི་ཉོན་མོངས་ཀྱི་སྤུ་སྡུག་བྱེའུ་སྣ་ཚོགས་ཡིན། དེ་ནི་ཀློག་པ་ཚོས་ཀྱང་ཤེས་པ་རེད། དེ་ཤེས་བཞིན་དུའང་ཁོ་ཚོས་བྱེའུ་རེ་རེ་བཟུང་སྟེ་ཐོག་མར་འབྲས་དཀར་སྟེར། བར་དུ་གཤོག་སྒྲོ་ལ་ཚོན་མདངས་སྣ་ཚོགས་ཀྱིས་མཛེས་པར་བྱུགས། ཀྱུར་ཀྱུར་ཀྱི་སྐད་སྒྲ་ལ་རྣ་བ་ཡང་གཏོད། མཐར་ལག་པའི་སྦར་མོ་ཟུང་ག་ལེར་གདངས་ཏེ་ཕུ་ཐག་ཐག་འཕུར་དུ་འཇུག མིག་གིས་ཟིན་ཚོད་ཅིག་ལ་འཕུར་རྗེས་ནག་ཐིག་གཅིག་གམ་དུ་མར་འགྱུར་ཡོང་།

  ངའི་དེབ་བམ་སྤུ་སྡུག་བྱེའུ་ཡི་འཕུར་ལམ་ནི་བསམ་ཡས་ནས་གཞིས་ཀ་རྩེའི་བར་གྱི་སྤྲིན་གྱི་ན་བུན་དང་། རྫ་ཆུ་ཁ་ནས་གནམ་ལྕགས་འབར་བའི་བར་གྱི་རླུང་གི་དཀྱིལ་འཁོར་སོགས་ཡིན། ངའི་དེབ་ནི་འཇིག་རྟེན་རྒད་པོ་ཞིག་གིས་རང་ཤེད་ཚ་མོས་དགེ་སྡུག་ལ་ལག་པ་འཆང་ཚུལ་ཞིག་ཀྱང་ཡིན། དེ་ཡང་ཀློག་པ་པོའི་སེམས་ཁམས་ན་རྦད་དེ་ཁྲིགས་ཁྲིགས་ཉུག་ཉུག་ཡིན་པ་རེད།

  ངའི་དེབ་ནི་སོ་སྐྱེས་ཕལ་བ་ཞིག་གི་ཉིས་འགལ་གྱི་སོམ་ཉི་དང་། ཞོ་བརྒྱབ་ན་ཆགས་མི་ཆགས་ལྟ་བུའི་ཚོད་ལྟ་ཆུང་ཆུང་ཞིག་ཡིན། ངའི་དེབ་ནི་ལེགས་པར་བཤད་ན་སུའི་ཁ་ཟས་སུ་འགྱུར་མིན་ད་དུང་བརྗོད་དཀའ་བའི་སྡེར་ནང་གི་ཉ་ཤ་སོས་པ་ཞིག་ཀྱང་ཡིན། ངའི་དེབ་ནི་དུས་ཚོད་ཀྱི་སྔ་གཞུག་གང་རུང་དུ་ཟོང་སྐྱེལ་རླངས་འཁོར་གྱིས་དྲུད་དང་འདྲུད་ངེས་པའི་ཤོག་སྒམ་ནར་ནར་མང་པོ་ཡིན།

  ངའི་དེབ་ནི་ང་རང་མི་ཡུལ་དུ་ཐོན་ནས་ལོ་ངོ་སུམ་ཅུ་ལྷག་སོང་རིང་གི་དཀར་ནག་གི་རྐང་རྗེས་ཨ་ཏྲ་པ་ཏྲ་ཞིག་ཡིན། ངའི་དེབ་ནི་རྒྱ་གར་རྒྱ་ནག་དང་བལ་པོ་སྟག་གཟིག་སོགས་ཀྱི་ཟིན་ཐོ་ཅང་མིན་པར། ཟི་ལིང་ནས་རྐང་ཚ་ཡར་མར་གྱི་པ་སེ་བཅུ་སྐོར་ཞིག་དང་། སྟོང་སྐོར་ནས་བོང་སྟག་གཡས་གཡོན་བར་རྐང་ཐང་གིས་བསྒྲུགས་པའི་བ་ལུ་དཀར་པོ་དང་མཁན་པ་གསེར་ལོ་ཏོག་ཙམ་ཡིན་ལགས།

  “དཔེ་ཆ་བཙོང་ཚར་རྗེས་ཨ་ཕས་ཁྱོད་ལ་དཔེ་ཆ་གསར་བ་ཚོན་ཁྲ་ཅན་ཞིག་ཉོ་ཨ།” འདི་ཡང་ངས་ཉེ་ཆར་རྒྱུན་དུ་ལབ་དགོས་པའི་སྐད་ཆ་ཞིག་ཡིན། དཔེ་ཆ་བཙོང་བ་དང་དཔེ་ཆ་ཉོ་བའི་བར་ནས་ང་རང་ལོ་ལོན་རྒྱུ་རེད། དཔེ་ཆ་རྩོམ་པ་དང་དཔེ་ཆ་ཞུ་དག་བྱེད་པའི་ཐོག་ནས་ངའི་མིག་སྔར་ལས་མི་གསལ་བ་ཆགས་རྒྱུ་དང་། རྩ་དཀར་གྱི་ནད་སོགས་སྔར་ལས་ཇེ་ཐུར་འགྲོ་རྒྱུ་གོར་མ་ཆག་མོད། ལར་ང་རང་དཔེ་ཆའི་ལྗན་ལྗིན་གྱིས་བསྐྱེད་པའི་འབུ་གྲོ་ཉེར་ཞིག་ཡིན་པས། དཔེ་ཆ་དང་ཁ་འབྲལ་བའི་ཉིན་མོ་ནི་ང་རང་ས་སྒང་ཡོངས་རྫོགས་ལ་ཁ་འབྲལ་བའི་ཉིན་མོ་མཐའ་མ་དེ་ཡང་ཡིན་སྲིད།

                                                                     ༢༠༡༨ ༩ ༢༩

                                    ༈ ཡིག་ཐོག་རྩོམ་རིག་གི་འཁུན་སྒྲ་དང་དེ་ལ་མཁོ་བའི་དབྱང་དབུགས་གླེང་བ།

  འགྲོས་ཚད་ཀྱི་ཆ་ནས་བཤད་ན། སྤྱིར་བཏང་གནའ་རབས་ནི་དལ་ཞིང་དེང་སང་ནི་བྲེལ་བ་དང་། སྤྱིར་བཏང་གནའ་རབས་ནི་ཁ་ཐོར་གྱི་རྣམ་པ་དང་དོ་ཞག་ནི་མཉམ་སྡེབ་ཀྱི་ཚུགས་ཀ་སྟེ། གནའ་རབས་སུ་ལོ་ལམ་ཟླ་ལམ་ཞེས་པ་རྒྱུན་པར་ཐོས་ཡོང་ཞིང་། ད་སྐབས་དེ་འདྲ་ཞིག་ཐོས་དོགས་མེད། ཁྱིམ་ཚང་ཕན་ཚུན་གྱི་བར་ཐག་རིང་ཞིང་ཚོང་ལས་སོགས་དེ་ཙམ་མི་དར་བའི་དུས་དེར། རྩོམ་མི་འབྲི་བར་ཅི་ཞིག་འབྲི་ཨང་།

  གནའ་དང་མར། བརྙན་འཕྲིན་དང་དྲྭ་བ་ཕར་ཞོག་སྟེ། ཧྲིག་དབྱུན་ཅུས་དང་ལོའུ་དབྱུན་ཅུས་ཀྱང་མེད་ཙང་། གར་སྟེགས་སྟབས་བདེའི་ཐོག་གི་དབྱིན་ཇིའི་ཤིག་སེ་པེར་གྱི་ཟློས་གར་ལྟ་བུ། རྒྱ་ནག་གི་ཁྲང་ཞིའི་ཟློས་གར་ལྟ་བུ་དང་། རྒྱ་གར་གྱི་བྱ་ལེན་མའི་ཟློས་གར་ལྟ་བུ། བོད་ཀྱི་ལྷ་མོའི་ཟློས་གར་ལྟ་བུ་འདྲ་མིན་བྱུང་ཞིང་། སྐབས་དེའི་མི་ཚོར་མཚོན་ན་ང་ཚོ་ད་ཚོད་བརྙན་འཕྲིན་དང་དྲྭ་བར་དགའ་བ་ནང་བཞིན་ཁོ་ཚོའང་ཟློས་གར་སོགས་ལ་རབ་ཏུ་དགའ་ཞིང་། ཤིག་སེ་པེར་གྱི་ཟློས་གར་གྱི་ཚིག་དུམ་གཅིག་ལའང་རྒྱབ་མདུན་ཤ་ཤུར་མང་པོ་ཡོད་པའི་གོ་བ་འཁྱེར།

  ལྟ་རྒྱུ་ཉན་རྒྱུ་ཧ་ཅང་ཉུང་བའི་དུས་ཚོད་དེར། སྒྲུང་དང་སྙན་ངག་སོགས་ཀྱི་གོ་གནས་ཀྱང་རབ་ཏུ་མཐོ་ཁར། དེ་དག་ལ་མྱོང་རོལ་བྱེད་མཁན་ཡང་མང་དྲགས་པས། མི་སྣ་གསར་སྐྲུན་གྱི་ཐད་ཡིན་ན་འདྲ། བྱུང་རིམ་རྒྱ་སྐྱེད་ཀྱི་ཐད་ཡིན་ན་འདྲ། ཞིབ་འབྲིའི་ཡིག་ཚོགས་ཀྱི་ཐད་ཡིན་ན་འདྲ། གང་ཐད་ནས་ཀྱང་གནའ་རབས་དེང་རབས་གཉིས་བསྡུར་ན་ནི་གནའ་རབས་ལ་འགྲན་ཟླ་ཐུབ་ཐབས་མེད། བསྐྱར་གསོན་དང་གཅིག་དགུ་གྱ་བཞི་ཡིས་གཙོས་པའི་སྒྲུང་རིང་ཕལ་ཆེར་ཞིག་ཀྱང་གནའ་རྩོམ་ལ་གཏོགས་པ་ལས་ད་རྩོམ་ལ་ཐེ་དཀའ།

  གནའ་རྩོམ་ཕལ་ཆེར་དུ་མི་སྣའི་ཐོག་ལ་ཤུགས་ལྷག་ཏུ་བརྒྱབ་ཡོད་ཅིང་། གནའ་མི་ཚོས་ཀློག་མཁན་གྱི་སེམས་ལ་རང་གཤིས་དང་རང་ཆས་ཀྱིས་འཕགས་པའི་མི་སྣ་རེ་འཇུག་པར་བརྩོན་འགྲུས་དྲག་པོ་བརྩམས་ཡོད་པ་འདྲ། དེའི་ཐད་གྲུབ་འབྲས་ཀྱང་ཧ་ལས་པ་བླངས་ཡོད་ཅིང་། གནའ་རྩམ་ཕལ་ཆེར་ལ་གཟབ་ནན་གྱི་བྲོ་བ་སྟུག་པོ་ཞིག་གིས་ཁྱབ་འདུག་ལ། ད་རྩོམ་ཕལ་ཆེར་ལས་བྲོ་བ་དེ་རྙེད་དཀའ་ཞིང་ཀླད་པ་གསལ་མདོག་མདོག་ཅིག་གིས་བྲིས་ཡོད་མོད། ཡུན་རིང་བསྡུར་ན་གང་ལྟར་གནའ་རྩོམ་ལས་བརྒལ་ཁག་པོ་རེད་སྙམ། གནའ་མི་ཚོས་དེ་འདྲ་ཞིག་ནུས་དོན་ཡང་སྐབས་དེར་བརྙན་འཕྲིན་དང་དྲྭ་བ་སོགས་མེད་ཙང་བརྙན་འཕྲིན་དང་དྲྭ་བ་སོགས་ཀྱི་ཚབ་རྩོམ་གྱིས་བྱེད་དགོས་སོང་བས་དང་། སྐབས་ཐོག་དེར་རྩོམ་སྤྱིའི་བསྟན་པ་ཧ་ཅང་དར་དོན་ཡང་གནད་དེས་རེད་སྙམ། གླུ་ལེན་རེས་དང་ཤགས་རྒྱག་རེས་བྱེད་པའི་བསྟན་པའང་སྐབས་དེར་ཤིན་ཏུ་དར་དྲགས་པ་ཞིག་ཡོད་སྙམ། སྒྲུང་མ་ཟད་སྙན་ངག་ལ་མཚོན་ནའང་དེ་བཞིན་གྱི་རང་བཞིན་རེད་འདོད། སྤྲིན་གྱི་ཕོ་ཉ་སོགས་གྲགས་ཆེ་དོན་ཡང་དེ་དུས་དྲྭ་བ་དང་བརྙན་འཕྲིན་གྱི་ལྟད་མོ་ཚ་ཤོས་གཞན་མེད་ཙང་རྩོམ་དེ་དག་གི་རླུང་རྟ་བརྒྱུགས་ཤིང་མི་སེམས་སུ་འཛུལ་སླ་པོ་ཞིག་བྱུང་ཡོད། དེང་སང་སྤྱིར་དྲྭ་བ་དང་ནང་སྒོས་སུ་གློག་བརྙན་སོགས་ལ་བརྟེན་ཏེ་ཚོན་འོད་སྒྲ་གསུམ་གྱི་སྡེབ་སྦྱོར་ལས་བྱུང་བའི་ལྟད་མོ་སྣ་ཚོགས་ཐོན་པས་ཡི་གེ་རྐྱང་བའི་རྩོམ་རིག་ལ་ཤ་སྒྲིམ་མཁན་ལྡབ་གཅིག་གིས་ཇེ་ཉུང་ལ་སོང་ཞིང་། ཡི་གེ་བརྒྱུད་ནས་ཨེ་མཐོང་མི་མཐོང་བྱེད་པ་ལས་ཐད་ཀར་དུ་གློག་བརྙན་དང་གློག་བརྙན་རིང་མོར་འཇུག་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལས་ཆེ་སྙམ།

  སྔར་ཁྲིམས་མེད་ལུགས་མེད་ཀྱི་སྤྱི་ཚོགས་ནང་རྩོམ་རིང་ལ་ལ་ཞིག་མི་སེར་གྱི་ཤ་འཁོན་རྩོད་པའི་ཕྱིར་དུའང་བྲིས་ཡོད་པ་སྟེ། དངོས་སུ་དགྲ་དཔུང་དང་འཐབ་པའི་ནུས་པ་མེད་ཀྱང་ཅུང་གབ་པའི་ཚུལ་གྱིས་རྩོམ་ལ་བྲིས་ནས་དེས་སྙིང་ནད་སེལ་ཐབས་བྱས་ཡོད་པ་འདྲ། མི་སེར་གྱི་ཕྱོགས་ནས་ལངས་ཏེ་བྲིས་པའི་རྩོམ་དེ་དག་གྲགས་ཀྱང་ཆེན་པོ་བྱུང་བ་རེད། དེང་སང་ནི་གསར་འགོད་ཀྱི་སྡེ་ཚན། ཉེན་རྟོག་པའི་སྡེ་ཚན། བཟོ་ཚོང་ལྟ་ཞིབ་ཀྱི་སྡེ་ཚན། དུག་འགོག་ནག་རྡུང་གི་སྡེ་ཚན་སོགས་འབེལ་དྲགས་པས། གནའ་དང་མ་བཞིན་རྩོམ་ལ་བརྟེན་ནས་ཡོད་ཚད་ལ་ཁ་གཏད་འཇལ་དགོས་པའི་དུས་ཚོད་དེ་ཡོལ་ཞིང་རྩོམ་ནི་ལག་ཆ་ཞིག་ཡིན་པའི་ལོ་རྒྱུས་ཀྱང་མཇུག་བསྒྲིལ་བ་རེད་འདོད།

  དེང་སང་ནི་ལོ་རྒྱུས་ཀྱི་གློག་བརྙན་རིང་མོ། ལྷ་སྒྲུང་གི་གློག་བརྙན་རིང་མོ། མྱུལ་ཞིབ་ཀྱི་གློག་བརྙན་རིང་མོ། བརྩེ་དུང་གི་གློག་བརྙན་རིང་མོ་སོགས་གང་འདོད་འདོད་དུ་ཡོད་པས། ཡིག་ཐོག་རྩོམ་རིག་ལ་བཀལ་བའི་ཁལ་མང་པོ་ཞིག་རང་ཤུགས་ཀྱིས་ཕོག་ཡོད་ལ་ཁལ་མེད་པའི་རྩོམ་ནི་རྩོམ་རྣལ་མ་རང་ཡིན་ཟེར་མོད། ཁལ་དེ་མེད་པ་དང་ཆབས་ཅིག་རྩོམ་དང་ཀློག་མཁན་གཉིས་ཀྱི་བར་ཐག་ཀྱང་ཇེ་རིང་ལ་སོང་ཐོག་རྩོམ་རང་སྟེང་གི་འོད་ཀྱང་ཅུང་མ་གེ་མོག་གེ་ཞིག་ལ་འགྱུར་བཞིན་མེད་དམ་སྙམ།

  ད་ལྟ། དྲྭ་བ་དང་གློག་བརྙན་སོགས་ཀྱི་ཚབས་ཆེའི་དོ་ཕོག་དང་ཤུགས་རྐྱེན་གྱི་འོག་ནས། མི་ཚོས་གེ་སར་སྒྲུང་སྲུང་སྐྱོབ་བྱ་དགོས་ཟེར་བ་དང་། བོད་ཀྱི་ལ་གཞས་སྲུང་སྐྱོབ་བྱ་དགོས་ཟེར་བ་དང་། ངག་ཐོག་རིག་གནས་སྲུང་སྐྱོབ་བྱ་དགོས་ཟེར་བ་དང་། རྣམ་ཐར་ཆེན་མོ་བརྒྱད་སོགས་ཀྱི་འཁྲབ་ལུགས་འཁྲབ་སྟངས་ཤུལ་བཞག་རིག་གནས་སུ་ཐོ་འགོད་བྱ་དགོས་སོགས་མ་ལབ་རང་ལབ་བྱུང་ཡོད་པ་རེད། དེ་ནི་རྩོམ་རིག་སྤྱིའི་འཕེལ་ཁ་དལ་དུ་སོང་བའི་རྟགས་ཤིག་དང་། ཁལ་མེད་པའི་རྩོམ་རིག་གམ་རྩོམ་རིག་རྣལ་མ་ལ་ཀློག་མཁན་མང་པོ་ཡོད་མེད་ཀྱི་ཚོད་བགམ་ཐུ་མོ་ཞིག་ཀྱང་རེད་འདོད།

  གནའ་དང་མའི་ཆུ་ངོགས་གཏམ་རྒྱུད་དང་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད། ཐོག་ཁང་དམར་པོའི་རྨི་ལམ་སོགས་རྩོམ་རིང་ཕལ་ཆེར་ཞིག་ད་ཚོད་བརྙན་ལམ་དུ་ཐོན་པ་མ་ཟད། རྣམ་པ་འདྲ་མིན་དང་འཁྲབ་སྟངས་སྣ་ཚོགས་ཀྱིས་ཡང་ནས་ཡང་དུ་ཐོན། དུས་ཚོད་ཐུང་ངུའི་ནང་ལ་བལྟ་ཐུབ་པ་དང་། ཡི་གེ་ཤེས་མི་ཤེས་ཀྱང་བྱེད་མི་དགོས་པ། བརྙན་ཡོལ་ཆེན་པོའི་ངོས་ནས་བརྙན་སྤུས་ཡག་ཐག་ཆོད་པས་བལྟ་ཆོག་པ་སོགས་ཀྱིས་རྩོམ་དང་གློག་བརྙན་གཉིས་ལས་གློག་བརྙན་ལ་དགའ་མཁན་མང་བ་དང་། སྒྱུ་རྩལ་གློག་བརྙན་གྱིས་ཨོ་སི་ཁའི་བྱ་དགའ་སོགས་དང་སྦྲེལ་ཏེ་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པར་ལམ་ཆེན་བཤངས་ཡོད་པ་དང་། ཚོང་ལས་གློག་བརྙན་གྱིས་ནི་ཐད་ཀར་ཁེ་སྤོགས་ཁུར་ཡོད་པ་སྟེ། དཔལ་འབྱོར་ལྟེ་བ་ཡིན་པའི་དུས་རབས་འདིར་ཚོང་ལས་གློག་བརྙན་གྱི་འདྲེན་ཤུགས་ལའང་མཐའ་ཞིག་མེད། དེས་ན་དེང་སང་ནི་དྲྭ་རྒྱའི་དུས་རབས་དང་འཁྲབ་གཞུང་གི་དུས་རབས། གློག་བརྙན་གྱི་དུས་རབས་དང་གློག་བརྙན་རིང་མོའི་དུས་རབས། གན་རྒྱ་ཕར་འཇོག་ཚུར་འཇོག་གི་དུས་རབས་ཤིག་བཅས་ཡིན་པས། ཡིག་ཐོག་རྩོམ་རིག་ནི་གནའ་དང་མ་ལྟ་བུའི་འཁྲུག་པོ་ཞིག་མིན་ལ། ཡིག་ཐོག་རྩོམ་རིག་གིས་སྔོན་ཆད་ཡིན་ན་ཁལ་འགའ་རེ་ཁྱག་པ་ཡིན་མོད། ད་ཚོད་ཡིན་ན་ཁལ་དེ་དག་པར་དང་བརྙན་དང་སྒྲ་སོགས་ཀྱིས་ཁྱེར་ཚར་ལ། ཡི་གེ་དང་བསྡུར་ན་སྒྲ་བརྙན་པར་སོགས་ནི་མཐུ་བཙན་ལ་ཁུངས་བཙུན་པས་ཀྱང་ཡིན་རྒྱུ་རེད།

  ཆགས་སྡང་དང་དགའ་སྡུག་མཚོན་པ་ལའང་ཡི་གེ་ལས་ཀྱང་གློག་བརྙན་སྔོན་དུ་ཤོར་ཡོད་པ་འདྲ་བོ་ཞིག་ཆགས་ཡོད། ཡི་གེ་ལ་བརྟེན་ནས་ཀྱང་མགོ་མཇུག་ན་ཡོད་པ། མཇུག་མགོ་ན་ཡོད་པ། སྒྱུ་འཕྲུལ་དང་རོལ་རྩེད་ཀྱི་ཤེད་ཆེ་བ་རེ་འབྲི་མི་ཐུབ་པ་མིན་མོད། དེ་འདྲ་གློག་བརྙན་སོགས་ཀྱིས་ཀྱང་ནུས་པ་ཡིན་པས། ད་ཚོད་ཡིག་ཐོག་རྩོམ་རིག་ནི་ཅུང་ཟད་མཐའ་ཁ་འདྲ་ཞིག་ལ་ཕུད་མེད་དམ་སྙམ།

  ཡིན་ནའང་ལར་ཡི་གེ་ནི་སྒྱུ་རྩལ་ཕལ་ཆེར་ལ་འབྲེལ་བ་ཡོད་ཅིང་། གློག་བརྙན་སོགས་ཀྱི་ཐོག་མའི་འཁྲབ་གཞུང་དུའང་ཡི་གེ་དགོས་ཤིང་། དྲྭ་བ་ལའང་ཡི་གེ་རང་མེད་ཐབས་མེད། དེས་ན་ཇི་སྲིད་ཡི་གེ་མ་འཇིག་བར་ཡི་གེའི་རྩོམ་རིག་ཀྱང་གཏན་མེད་དུ་རང་འགྲོ་མི་སྲིད་པས། ང་ཚོ་ཡི་གེའི་རྩོམ་རིག་ལ་འཇུག་མཁན་དག་གིས་རྩོམ་སྐད་བཞུན་མོ་དང་འཇེབས་པོ་འབའ་ཞིག་ལ་ཁེན་ནས། མི་ཚོའི་དུས་ཚོད་ལའང་མི་གནོད་པ། འཚོ་བ་དང་ཡང་ཁ་མ་བྲལ་བ། བབས་ཆགས་ལ་ལྡེམ་ཤུགས་ཀྱང་མཆིས་པའི་མང་ཚོད་ཉུང་ཚོད་ཟིན་པ་རེ་བྲི་གལ་མི་ཆེའམ་སྙམ།

                                    ༢༠༡༨ ༩ ༢༨

                                   ༈ ཡང་བསྐྱར་རྩོམ་སྐད་ཀྱི་འཕར་རྩ་དང་སྡོད་རྩ་གླེང་བ།

  ལར་ནང་དོན་ཟབ་མིན་ནི་དོན་དག་གཞན་ཞིག་རེད་མ་གཏོགས། རྩོམ་སྐད་ནི“རྩོམ་རབ་ལན་གཅིག་གིས་གོ”ཞེས་པ་དེ་རང“རྩ་བའི་རྩ་དོན”འདྲ་བོར་བཟུང་ན་ནོར་ཡོད་པ་མ་རེད། དགེ་འདུན་ཆོས་འཕེལ་གྱིས་ཀྱང་རྩ་དོན་དེ་འདྲ་ཞིག་ལ་འཇུས་ནས་རྩོམ་སྣ་ཚོགས་བརྒྱབ་ཡོད་པ་རེད། དགེ་ཆོས་ཀྱི་རྩོམ་སྐོར་ཞིག་དམའ་འབྲིང་གི་བསླབ་དེབ་ཏུའང་བདམས་ཡོད་ལ། ཁོའི་ཀ་རྩོམ་དེ་ཚོ་སློབ་ཆུང་སློབ་མས་ཀྱང་བདེ་བླག་ཏུ་གོ་ཐུབ། ཁོའི་འདོད་པའི་བསྟན་བཅོས་ལས་ཕྱུགས་རྫི་ཚོས་ཀྱང་གང་འཚམ་རེའི་དོན་རྟོགས་ཁར་བཀོལ་ཡང་ནུས་ཀྱི་ཡོད། ཆག་ལོའི་བདེ་སྨོན་གོ་དྲགས་ཞེས་དགེ་ཆོས་རང་གིས་ཀྱང་རབ་ཏུ་སྙན་ཚོད་དུ་འཛིན་ཁར། རྩོམ་རྒྱག་ན་འདི་འདྲ་རྒྱག་དགོས་ཞེས་ཀྱང་སྐུལ་གྲབས་བྱས་ཡོད་དོ།།

  རྩོམ་གོ་བདེ་མ་ཞིག་ཡོང་བ་ལ་འཚོ་བའི་ནང་གི་རྒྱུན་སྤྱོད་ཀྱི་སྐད་ཆ་དག་རིས་སུ་འབོར་མི་ཉན་ལ། གལ་སྲིད་རྒྱུགས་ཆེ་ཚེ་སྦྲགས་སྐད་དམ་གཡར་བརྡ་ཡིན་རུང་ཆེས་རྩ་ཆེན་དུ་འཛིན་དགོས། དགེ་ཆོས་ཀྱི<<རྒྱ་གར་གྱི་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག>>ཏུ་རེལ་ལི་དང་མོ་ཊར་དང་མེ་ལི་ཞེས་པ་སོགས་ཀྱང་འདང་རྒྱག་མེད་པར་སྤྱད་ཡོད་ལ། དེ་དག་བོད་མིང་ཞིག་གིས་བརྗོད་པར་དགེ་ཆོས་ཀྱིས་དཀའ་རྒྱུ་ཅང་ཡོད་ལེ་མ་རེད་མོད། གཟས་ནས་མ་བརྗོད་པ་ལ་མ་བརྗོད་པའི་གནད་ཅིག་ཡོད་པ་རེད། དེ་ནི་ད་ལྟའི་རྩོམ་འབྲི་བ་ཚོས་ཀྱང་ཤེས་ན་བཟང་བ་རེད་འདོད།

  བོད་ཀྱི་མཁས་པ་མང་པོའི་གསུང་དུ“བརྡ་རྙིང་དང་མངོན་བརྗོད་སོགས་ཀྱིས་མ་བཅིངས་པར་བྲིས”ཞེས་རྩོམ་ཁ་གསལ་ཞིག་འབྲི་བར་ཅིས་ཀྱང་དམིགས་པ་རྩེ་གཅིག་ཏུ་གཏད་ཡོད་མོད། རྩོམ་པའི་ཡོན་ཏན་ཡོད་མེད་ཀྱིས་བྲིས་ཚར་རྗེས་གོ་མི་གོ་ཅི་རིགས་ཤིག་ཆགས་པའང་ཤིན་ཏུ་རྒྱུན་ལྡན་ཞིག་རེད། ཨ་ལགས་དོར་ཞིས“ལ་ལའི་ཚིག་སྦྱོར་ཆུ་དྭངས་ཉ་མོ་བཞིན། །ལ་ལའི་ཚིག་སྦྱོར་ཆུ་རྙོག་རྡོ་མི་མཐོང་། །གབ་ཚིག་ལྟ་བུའི་དགོས་པ་གཞན་མེད་ན། །སྔ་མ་ཡོན་ཏན་ཕྱི་མ་སྐྱོན་དུ་བལྟ། །”ཞེས་ཐལ་ཟིན་པ་ནང་བཞིན། སྤྱིར་བཏང་རྩོམ་ཞེས་པ་ཀུན་གྱིས་གོ་ཐུབ་པ་ཞིག་དགོས་ངེས་ཅན་ཡིན་ནོ།།

  བསྒྱུར་ཆོག་ལུགས་དང་བསྒྱུར་རྒྱུ་ཡོད་མིན་གྱི་ཆ་ནས་བཤད་ན། མའོ་ཙེ་ཏུང་དང་ཀྲུང་དབྱང་ཞེས་པའང་བོད་སྐད་ལ་བསྒྱུར་རང་ལོས་ཐུབ་མོད། བསྒྱུར་མི་དགོས་པས་ན་མ་བསྒྱུར་བ་རེད། བསམ་ཤེས་ན་དེ་ཡང་སྐད་ཡིག་གི་གསོས་གཅིག་ཡིན་པ་རེད། བརྡ་གཞུང་དུ་བྱེད་འབྲེལ་སོགས་ཀྱི་དགོས་པ་དང་བཀོལ་སྟངས་ཁག་བཤད་ཡོད་པ་ནི་འགངས་ཆེ་ནའང་། བྱེད་འབྲེལ་མི་དགོས་སའམ་མི་མངོན་ས་ཡང་མང་ཙམ་མཆིས་པ་ཡིན། དེ་རིགས་ད་སྔའི་བརྡ་གཞུང་དུ་གསལ་ཁ་ཐོན་མེད་མོད་ཕྱིས་སུ་མ་ཐོན་ས་མི་འགྲོ་བའི་ཚོད་ཅིག་ཡིན། དཔེར་ན། “བླ་མ་མཁྱེན”ཞེས་པ་བོད་པ་སྤྱིས་གོ་ཡང་གོ་ལ་སྤྱོད་ཀྱང་སྤྱོད་བཞིན་པ་ཞིག་ཡིན་མོད། བརྡ་གཞུང་ལྟར་ན་སྐབས་འདིའི་བླ་མ་ནི་མཁྱེན་པ་པོ་ཡིན་ནམ་མཁྱེན་བྱ་ཡིན་ཞེས་དོགས་པ་འགའ་བཀོལ་ནས་དོགས་སེལ་འགའ་ཡང་བྲི་ཆོག་ཁར། “བླ་མ་ཡིས་མཁྱེན”ཞེས་ཕྲིས་ཤིག་ཀྱང་ཟེར་ལས་ཆེ་མོད། དགོས་པ་མེད་ཁར་རྫབ་ཅིག་བསྐྱལ་བ་ལས་མ་འདས་ཏེ། གཞུང་ལུགས་ནི་ཚད་ཡོད་པ་ཞིག་རེད། སྐད་ཆའི་ཉམས་དང་འགྱུར་བ་ནི་ཚད་མེད་པ་ཞིག་རེད། ཚད་ཡོད་ཅིག་གིས་ཚད་མེད་ཅིག་ལ་ཁ་བཀོད་པ་འཐེན་པ་ནི་ཅུང་ཟད་དཀའ་མོ་ཞིག་ཡིན་པ་རེད།

  ཡོད་ཚད་ལ་གཅིག་གྱུར་བྱས་པ་ཡིན་ཞེས་ཧམ་ཐལ་ཆེ་རྒྱུ་ཡང་མེད། “དབང་ཆ་སྒེར་སྡེམ།”“དབང་ཆ་སྒེར་སྡོམ།”“ཐུགས་སུན།”“ཐུགས་བསུན།”“འཇེམ་ཐང་།”“འཇོན་ཐང་།”ཞེས་པ་སོགས་ལའང་ཡངས་དོག་གི་ཟུར་མང་པོ་འདེད་རྒྱུ་ཡོད་པས། ག་ལེར་སྤྱོད་ཀྱིན་སྤྱོད་ཀྱིན་བལྟས་པས་ཆོག་པ་ཡིན་ནོ།།

  ཡང་འཇུག་ཡོད་མེད་དང་དབྱངས་ཡིག་འདོགས་མིན་གྱི་འདྲ་ཡང་འདྲ་ལ་འདྲ་ཡང་མི་འདྲ་བ་དེ་ཚོར་འགྲིག་ཐག་ནོར་ཐག་ལམ་སེང་གཅོད་རྒྱུ་ཟེར་ནའང་ལས་སླ་མོ་ཞིག་མིན། དཔེར་ན། ༡ ཐུ་མི་ས་འབོ་ར། ༢ ཐུ་མི་སམྦྷོཊ། ༣ ཐོན་མི་སམྦྷ་དྲ། ༤ ཐོན་མི་སམ་བྷོ་ཊ། ༡ ཐུ་མི། ༢ ཐོན་མི། ༡ ཡར་ལུང་གཙང་པོ། ༢ ཡར་ལུངས་གཙང་པོ། ༣ ཡར་ཀླུང་གཙང་པོ། ༤ ཡར་ཀླུངས་གཙང་པོ། ༡ སྙན་ངག ༢ སྙན་དངགས། ༡ ན་ལེན་དྲ། ༢ ནཱ་ལེནྡྲ། ༣ ན་ལེན་ཏྲ། ༡ ཚེ་ཏན་ཞབས་དྲུང་། ༢ ཚེ་བརྟན་ཞབས་དྲུང་། ༡ གསེར་རྟ་བླ་རུང་། ༢ གསེར་ཐང་བླ་རུང་། ཞེས་པ་སོགས་ནི་ཅི་བདེར་སྤྱད་པས་འཐུས་ཏེ། བསམ་རྒྱུ་མེད་པའི་དག་ཆ་ངོ་མ་ཞིག་དགོས་ཟེར་ནས་ཀི་བཏབ་ན་ནི་ཁག་པོ་ཡིན་པ་རེད། ཚིག་འཁྲི་བྱས་ཏེ་བརྡ་རྙིང་གིས་སྐྲག་འཕུད་པ་ནི་ཡག་པོ་ཞིག་མིན་པ་ཕུད། སྐད་ཆའི་ཕ་མ་བུ་ཚ་ནི་ངང་གིས་འཕྲད་འགྲོ་བ་ཞིག་ཡིན་པ་ལས་བཙན་ཤེད་ཀྱིས་སྦྱར་ན་ནི་སྙིང་པོ་ཅི་ཡང་མེད་ལུགས་ཀྱང་ཤེས་དགོས་སོ།།

  རྒྱ་སྐད་ཀྱིས“卡”ཟེར་བ་དེ་ལ། དབུས་གདངས་ཀྱིས“གཱ”ཟེར་བ་རེད། ཨམ་གདངས་ཀྱིས“ཁཱ”ཟེར་བ་རེད། དོན་གྱིས་གང་འགྲིག་པ་རེད་ཟེར་ནའང་ལབ་ཚོད་ཡོད་པ་མ་རེད། ཡིན་ནའང་ལྷ་ས་པ་ཚོས“གཱ”ཞེས་པ་དེ་གསར་འགྱུར་དུའང་བྲིས་འདུག སྒྲུང་རིང་དུའང་སྤྱད་འདུག དཔྱད་རྩོམ་དུ་ཡང་བཀོལ་འདུག འོན་ཀྱང་ཨ་མདོ་པ་ཚོས་ནི་ད་དུང་འཐེན་འཐེན་ཐོགས་ཐོགས་བྱས་ནས་སྐབས་རེར་འཛིན་བྱང་ཟེར་གྱིན་ཡོད། ལན་རེར་བྱང་བུ་ཟེར་གྱིན་ཡོད། མཚམས་རེར་ཁཱ་ཡང་ཟེར་གྱིན་ཡོད། སྐད་ཆ་བཀོལ་སྤྱོད་ལ་སྤོབས་པ་ཞིག་ཀྱང་དགོས་པ་འདྲ། ད་ཚོད་ལྷ་སར་ཐོན་ན་གཱ་ཞེས་པ་དེ་སུས་ཀྱང་གོ་བའི་བརྡ་རིགས་སྙིང་ཉེ་བ་ཞིག་ཆགས་འདུག་ཨང་།

  ངག་ཐོག་གི་ཆུ་ཀློང་ནས་བཞུར་བ་ཡིག་ཐོག་གི་ཡུར་བར་ཐོན་གྱི་ཡོད་ལ། ཡུར་བ་གཤོང་བ་ནི་སྐད་ཆའི་འཛུགས་སྐྲུན་ནམ་བཟོ་སྐྲུན་གྱི་བྱ་བ་ཡིན་པས། སྐད་རིགས་སྣ་མང་ལས་མཆེད་པའི་གསོན་ཤུགས་ཕལ་ཆེར་དང་ལེན་བྱེད་དགོས་ཏེ། “སྲིད་ཇུས་ཁྱིམ་ཚང་སོ་སོར་སྐྱེལ་བ”ཞེས་པའི“སྐྱེལ་བ”དེར་འདང་ཞིག་རྒྱོབས་དང་། མི་མང་པོ་ཞིག་གི་སེམས་ལ“སྐྱེལ་བ”ཞེས་པ་གཟུགས་ཅན་ལས་གཟུགས་མེད་ལ་སྦྱོར་ས་འགྲོ་མིན་ལ་ཚོད་ལྟ་ཡང་བྱས་མྱོང་ཡོད་རྒྱུ་མ་རེད། འོན་ཀྱང་ཞིབ་ཏུ་བསམ་བློ་བཏང་ན“སྲིད་ཇུས་ཁྱིམ་ཚང་སོ་སོར་སྐྱེལ་བ”ཞེས་པའི་སྟེང་ནས་འགལ་བ་ཞིག་མི་རྙེད་པ་མ་ཟད། ཚོར་བ་གསར་བ་ཞིག་དང་བྲོ་བ་ཁ་ཁ་ཞིག་རྙེད་རྒྱུ་ཡོད་པ་རེད། སྐད་ཆ་ནི་འདི་ལྟར་འཕེལ་ཞིང་རྒྱས་ཀྱི་ཡོད་པ་མ་རེད་དམ།

  ཡང་སྐད་ཆ་གསར་བ་ཁོ་ན་སྤྱོད་རྒྱུར་ཤུགས་རྒྱག་དགོས་པའང་མིན། སོ་སོའི་ཁོར་ཡུག་ལ་གང་འགྲོ་ན་དེ་རང་ལབ་ན་ཁྲིགས་སེ་ཡོད། རེལ་ལི་ཟེར་ན་འདྲ། རི་ལི་ཟེར་ན་འདྲ། དོན་གྱིས་ནི་མེ་འཁོར་རང་རེད། དེས་ན་ང་ཡོད་ས་ནས་མེ་འཁོར་ལབ་ན་ཧ་ཅང་མཛའ་ཞིང་བདེ་བ་ཞིག་ཡིན། དགེ་འདུན་ཆོས་འཕེལ་གྱི་ཁ་ལ་རྡལ་གླ་བདེ་ནའང་། ང་ཚོའི་ཁ་ལ་དྲུད་གླ་བདེ་ཙང་དྲུད་གླ་ཟེར་རྒྱུ་རེད། ཤར་གྱི་སྡེ་བའི་ལུང་ལས། གལ་ཏེ་འཇིག་རྟེན་རྣམ་འདྲེན་རྣམས། །འཇིག་རྟེན་མཐུན་པར་མི་འཇུག་ན། །སངས་རྒྱས་ཆོས་ཉིད་གང་ཡིན་དང་། །སངས་རྒྱས་སུས་ཀྱང་ཤེས་མི་འགྱུར། ། ཞེས་ཐོན་པ་ལྟར། གཞན་ནི་ལོས་ཡིན་ཏེ་བཤད་རྒྱུའི་སྐད་ཆ་དང་འདྲེན་རྒྱུའི་དཔེ་འཇོག་ཀྱང་མི་ཚོའི་ཁ་ན་བྱང་བྱང་བོར་ཡོད་པ་དང་མི་ཚོའི་ཀླད་པར་ཁྲ་ལམ་ལམ་དུ་ཡོད་པ་དེ་རིགས་མི་གཏོང་རྒྱུ་ནི་ཏན་ཏན་གཅེས་ཏེ། འབྲོག་པ་ཚོར་ཨ་རི་དང་ཉི་ཧོང་སོགས་ཀྱི་གློག་བརྙན་གྲགས་ཅན་དཔེ་རུ་དྲངས་ནས་ཅི་ཡང་ལབ་ས་འགྲོ་བ་མ་རེད། དེ་ལས་སུའུ་ཝུའུ་ཁུང་དང་ཀྲུའུ་པ་ཅེ་སོགས་ལབ་ནས་གོ་བརྡ་སྤྲད་ན་ནི་འཕྲོད་པ་རེད། སངས་རྒྱས་ཀྱིས་གདུལ་བྱའི་ཁམས་དང་མོས་པ་དང་བག་ཉལ་དང་འཚམས་པར་ཆོས་བསྟན་ཞེས་པའང་དྲང་མོར་བཤད་ན་རྟ་ཚོད་ཀྱི་སྒ་དང་ཆུ་ཚོད་ཀྱི་ཟམ་བྱས་པའི་ལོ་རྒྱུས་རང་རེད། རྩོམ་སྐད་ཀྱང་དེ་བཞིན་དུ་ཡོང་ཐུབ་ཚེ་ས་ཆོད་ཆེ་ཞིང་ནུས་པ་མངོན་གསལ་དུ་ཐོན་པར་བློ་དོགས་བྱ་མི་དགོས་སྙམ།

                                     ༢༠༡༨ ༩ ༢༩

                                   ༈ འཚོ་བའི་སྐད་ཆ་དཔྱིས་ཕྱིན་པར་མ་གོ་བའི་ཉེས་དམིགས་གླེང་བ།

  སྐད་ཆ་མང་པོ་ཞིག་གི་གོ་དོན་ནི་སྐད་ཆ་རང་ལས་བརྒལ་ཡོད་པ་མ་ཟད་ཚིག་མཛོད་ཀྱི་ཚིག་འགྲེལ་ཕྲ་མོ་ཞིག་གིས་འཆུན་ཡང་ཐུབ་ལེ་མེད། འཚོ་བའི་སྐད་ཆ་ཕལ་མོ་ཆེ་དེ་འདྲ་ཡིན་ཁར་རྩོམ་རིག་སྒྱུ་རྩལ་གྱི་སྐད་ཆ་ནི་ལྷག་ཏུ་དེ་འདྲ་རང་ཡིན། ཡིན་ཀྱང་ལོས་དགོས་ཏེ། རྩོམ་རིག་ནི་འཚོ་བ་དང་སྐྱིད་སྡུག་གལ་ཏ་མགོ་སྦྲེལ་ཡིན་པས་སོ།། “མི་ཞིག་ཤི་སོང”ཞེས་པ་དང“མགོ་ལ་སྡུག་ཡོང་བ”ཞེས་པ་གཉིས་ཀྱི་སྔ་མ་ནི་བརྡ་འཕྲོད་བྱེད་ཙམ་དང་། ཕྱི་མ་ཡིས་འཚོ་སྟངས་ཤིག་གི་གྲིབ་རིས་དང་བག་ཆགས་ཤིག་གི་ཁ་དོག་སོགས་ཁུར་ཡོད་པ་རེད།

  “མི་རང་རང་གི་ཙིག་ཚང”ཞེས་པ་དང“སྐྱེ་བོ་རེ་རེར་ཁྱིམ་ཚང་རེ་ཡོད”ཅེས་པ་གཉིས་ཀྱི་སྔ་མ་ནི། གཞུང་འགྲེལ་སོགས་སུ་སྤྱིར་བཏང་ཡོང་མི་དཔེ་ལ་གཞུང་འགྲེལ་རྩོམ་པ་པོ་ལ་ལས་གོ་ཡང་མི་གོ་སྟེ། ཁོ་ཚོས་མི་ཚོར་ཙི་གུའི་ཚང་ཞིག་གང་ན་ཡོད་ཅེས་འགལ་དམིགས་ཀྱི་རྟགས་ཀྱང་འགོད་ཁུལ་བྱེད་སྲིད་མོད། ཡིན་ནའང“མི་རང་རང་གི་ཙིག་ཚང”ཞེས་པ་དེ་འབྲོག་པའི་མི་རབས་ཧ་ཅང་མང་པོས་ལོ་ངོ་ཁྲི་སྟོང་མང་པོའི་རིང་བཤད་ཅིང་གོ་ནས་ཀྱང་ཡོང་བ་རེད་ལ། ཚིག་དུམ་དེའི་ཐོག་ཏུ་བརྩེ་དུང་གི་ས་རྡུལ་རིམ་པ་མང་པོ་དང་བག་ཉལ་གྱི་འཇིག་རྟེན་ཆེ་ཆུང་སྣ་ཚོགས་མཆིས་པས། དེའི་ཚབ་ཅིག་བཀའ་འགྱུར་དུམ་པ་བརྒྱ་མེད་བརྒྱད་ཆ་ཚང་བཀླག་ཚར་བ་བྱས་ཀྱང་རྙེད་རྒྱུ་ཡོད་པ་ཞིག་ག་ལ་ཡིན།

  དཔེ་དེ་བཞིན་དུ། ཚིག་གི་ཁོར་ཡུག་གི་དབང་གིས“ཁོ་མི་གྱོང་པོ་ཞིག་རེད”ཅེས་པ་ནི། སྐབས་རེར་གཤིས་ཀ་གྱོང་བའི་དོན་དུ་གོ་བར་འགྱུར་ལ། མཚམས་རེར་ནི་འཇོན་པོ་ཡིན་པའི་དོན་དུའང་གོ་བར་འགྱུར་རོ།།

  “རྔ་གནམ་ལ་བཏགས”ཞེས་པ་ནི་འཚོ་བའི་སྐད་ཆ་ཡིན་ལ་འཚོ་བའི་སྐད་ཆ་ནི་རྩོམ་རིག་གི་སྐད་ཆ་ཡང་ཡིན། རྔ་གནམ་ལ་འདོགས་ས་འགྲོ་འམ་སོགས་ཀྱིས་དོགས་པ་སློང་ཁུལ་བྱེད་པ་ནི་ཤེས་རློམ་དུ་ཐལ་བ་ཡིན་ལ། དེར་ཞིབ་ཆ་བཏོད་ཁུལ་གྱིས“རྔ་རྔ་ལུང་གིས་ཁང་བའི་གནམ་གཅལ་ལ་བཏགས”ཞེས་ཟེར་བ་ནི་དེ་བས་ཀྱང་རང་རློམ་དུ་ཤོར་བ་ཡིན་ནོ།།

  གནམ་ཁབ་བརྒྱབ་ཅེས་ལབ་ན་གནམ་ནས་ཁབ་ཅིག་རྒྱག་ས་མི་འགྲོ་བས་གཏིག་ཁབ་བརྒྱབ་ཟེར་དགོས་ཞེས་ལབ་མཁན་འདུག་མོད། དེས་ན་གཏིག་བཞིན་པའང་མིན་པར་འཐིག་བཞིན་པ་ཡིན་པས། འཐིག་ཁབ་བརྒྱབ་ཟེར་མི་དགོས་སམ། འོན་ཀྱང་དེ་ནི་ལྷག་ཏུ་མཁས་རློམ་དུ་སོང་བ་ཞིག་ཡིན། “དབུགས་ཐེངས་གཅིག་གིས་གླུ་ཉེར་གཉིས་བླངས”ཞེས་པའང་དུས་ཚོད་ཐུང་ངུའི་ནང་དུ་གོ་དགོས་པ་ལས། ཐད་ཀར་དབུགས་ལེན་ཐེངས་གཅིག་ཁོ་ནར་གོ་རྒྱུ་ག་ལ་ཡོད། “ངོ་འདོམ་པ་བཅོ་བརྒྱད་ལ་ཤོར”ཞེས་པ་དང“ངོ་ལ་སྡུག་རྒྱ་མ་གང་བཟུང་སྟེ”ཞེས་པ་སོགས་ཀྱང་གྲངས་ངེས་པར་བཟུང་ན་ནི་འཛིན་མཁན་རང་རང་གིས་འབྲོག་སྐད་ཀྱི་ཆེ་བ་མ་གོ་བའི་སྐྱོན་དུ་འགྲོ་བ་ཡིན་ནོ།། ལར་ད་ལྟའི་མི་རབས་འདིའི་མི་མང་པོས་སྐད་ཆའི་ལྡེམ་ཤུགས་དང་མཉེན་སྟབས་སོགས་གོམ་གང་མདུན་སྤོས་ཀྱིས་མ་སྦྱང་ཐུ་མེད་ཅིག་རེད་སྙམ།

  རྩོམ་རིག་སྒྱུ་རྩལ་གྱི་སྐད་ཆ་ནི་བརྡ་འཕྲོད་བྱེད་ཙམ་གྱིས་མི་ཡོང་བར། ཡོངས་ཁྱབ་ནས་ཆགས་སྡང་འཁོལ་བྱེད་ཅིག་དགོས་པ་རེད། སྐད་ཆ་གཅིག་ལའང་གོ་བའི་རྒྱབ་མདུན་ཤ་ཤུར་སྣ་ཚོགས་ཡོད་ཐོག་ཞིབ་ཏུ་དཔྱད་ན་ཚིག་ལས་བརྒལ་བའི་གཤིས་ཀྱི་སྐུད་པས་དང་། དེའི་ཁམས་ཤིག་གིས་རས་ལ་སྣུམ་གྱིས་ཟིན་པ་ལྟར་ཡོད་པ་དེ་རིགས་དགོས་ཤག་ཤག་རེད། དེའི་སྟབས་ཀྱིས་ལྕེ་ཐོག་ཏུ་འཇགས་ཟིན་པ་དང་སེམས་ངོས་སུ་འགོས་ཚར་བའི་མོ་ཊ་དང་རི་ལི་དང་རྐང་སྒ་རིལ་སོགས་ཀྱང་ངེས་པར་རྩོམ་དུ་དགོལ་ཤེས་པ་ཞིག་ཡོང་ན། དགོས་པ་རྒྱུ་མཚན་ཁ་ཁ་ཞིག་ཐོན་རྒྱུ་ཡོད་པ་རེད་ལ། ཤེས་ནས་སྨྲ་བ་ཚོས་དེ་ལྟར་བཀོལ་ནས་ཀྱང་བསླེབས་ཚར་ཡོད་པ་རེད་ཨང་།

  “མཐེབ་ཆི”ཞེས་པ་ཁ་སྐད་ཅིག་རེད། ཡིན་ནའང་དེ་ནི་ཆུང་ཚེ་རིང་གིས་བསྒྱུར་པའི<<བོད་མི་གསར་བརྗེ་པ་ཞིག>>སོགས་དེབ་གྲགས་ཅན་མང་པོའི་ནང་དུ་ཐོན་ཡོད། “ད་བར་དུ་ཐར་གེ་ལ་མ་གཏོགས་ཐོ་ཕྲུག་ནང་དུའང་སྡོད་མྱོང་མེད”ཅེས་པར་ཅི་ཡང་གོ་རྒྱུ་མི་འདུག་ཟེར་ལས་ཆེ་མོད། བཀྲ་ཤིས་དཔལ་ལྡན་གྱི་སྒྲུང་རིང<<ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག>>གི་མཇུག་ཏུ་ཏག་ཏག་དེ་ལྟར་བྲིས་ཡོད། “ཡོག་རེད”དང“ཡོག་མ་རེད”ཅེས་པ་ཁ་སྐད་ཅིག་རེད་ཅེས་མཐོང་ཆུང་བྱེད་མཁན་མང་མོད། མཁས་དབང་ནམ་མཁའི་ནོར་བུའི་གསུང་འབུམ་གྱི་བརྡ་རིགས་གཙོ་བོ་གཅིག་དེ་རང་རེད།

  ནག་པོ་སྐལ་བཟང་གི་སྒྲུང་རིང་ཀླུ་འབུམ་མི་རྒོད་དུ་མཚོ་སྔོན་པོའི་གཡས་གཡོན་གྱི་འབྲོག་སྐད་ཅི་བས་མང་ཞིང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་ཆོས་བཤད་གཞན་ཕན་ཉི་མ་ཡང་ལུང་སྐད་ཉི་ཚེ་བས་བཅིངས་པའི་བརྩམས་ཆོས་འཆི་བ་མེད་པ་ཞིག་རེད། རྫ་དཔལ་སྤྲུལ་གྱི་ཀུན་བཟང་བླ་མའི་ཞལ་ལུང་དུ་ཡང་ཁམས་སྐད་ཀྱི་གཏེར་ཁ་ཆེན་པོ་ཞིག་བརྡོལ་ཡོད། “ཨོ་ཧ་བྷོ”སོགས་ནི་ཨ་བུ་རིན་པོ་ཆེ་ཁོང་གི་སྙིང་ནོར་ལྟ་བུའི་ལུང་སྐད་ཡིན་ལ། གཙུག་ནོར་ལྟ་བུའི་རྩོམ་སྐད་ཀྱང་ཡིན་ནོ།།

  གླིང་སྒྲུང་ནི་མ་གཞི་ངག་ཐོག་ནས་བརྒྱུད་ཡོང་བ་ཞིག་རིམ་པས་ཡིག་ལམ་དུ་ཕབ་པ་ཡིན་པས། ལུང་སྐད་ཀྱི་རྫས་བརྒྱད་དེ་ལ་འདུ་ཞིང་། ཁ་སྐད་ཀྱི་ཚོན་བརྒྱ་དེ་རང་ལས་མཆེད་ཀྱིན་ཡོད་དོ།། འབོར་ཤོབ་ཟེར་བ་འདྲ་པོ། ཨེམ་རྗེ་ཟེར་བ་འདྲ་པོ། བྱས་ཙང་ཟེར་བ་འདྲ་པོ། ག་རེ་ཟེར་བ་འདྲ་པོ་དག་ཆེས་མང་ས་ཞིག་འཚོལ་དགོས་ཚེ། རྒྱལ་བ་རིན་པོ་ཆེའི་བཀའ་སློབ་གསུང་རྩོམ་ཁག་ནི་དེའི་རིགས་ཀྱི་གཏེར་མཛོད་ཉག་གཅིག་ཆགས་ཡོད།

  སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ཞུ་བས་ཕལ་སྐད་ཆེས་མང་པོ་ཞིག་བརྡ་གཞུང་ནང་ཡར་བཅུག་པའང་མཐོང་། བཀའ་གདམས་པའི་བླ་མ་དེ་ཚོ་དང་བཀའ་བརྒྱུད་པའི་རི་ཁྲོད་པ་དེ་ཚོ་དང་རྙིང་མ་པའི་གྲུབ་ཆེན་དེ་ཚོའི་གསུང་འབུམ་ནི་ཁ་སྐད་ལུང་སྐད་ཆེས་སྙན་ཤོས་ཡོད་ས་རྐྱང་ཡིན།

  གཙང་སྨྱོན་གྱིས་བྲིས་པའི་མི་ལ་རས་པའི་རྣམ་ཐར་དུ་ཡོད་པའི་ལུང་སྐད་འབོར་ཆེན་དེ་རིགས་ད་སྔ་ཚིག་མཛོད་དུ་བཅུག་མི་འདུག་མོད། སྙན་ཆ་ནི་རང་འཇགས་བསྡད་འདུག འདྲེན་ཤུགས་ཀྱང་རང་འཇགས་བསྡད་འདུག དེ་ཡང་འཚོ་བ་ལས་བྱུང་བ་དང་རྩོམ་རིག་ལས་བྱུང་བ། སྔར་ནས་ཡོད་པ་དང་གསར་དུ་བསྐྲུན་པ་སོགས་ཀྱི་སྐད་ཆ་གང་ཡིན་ཡང་ཚོད་ཟིན་པ། ཐིག་ཐོག་ཏུ་འགྲོ་བ། བཀོལ་བདེ་བ་ཞིག་ཏུ་འགྲོ་བར་ང་ཚོས་ཤུགས་རྒྱག་དགོས་པ་ཡིན།

  “ང་ཁྱོད་ལ་དགའ”ཞེས་པའི་ཚིག་དེ་ལམ་རིམ་ཆེན་མོའི་ནང་དུ་མེད་མོད། དེ་རུ་མེད་པ་ཙམ་གྱིས་སྐད་ཆ་མིན་པ་དང་བཀོལ་མི་རུང་བ་ཞིག་ཡོང་ཤེས་ཐབས་ཡོད་པ་མ་རེད། འཚོ་བའི་སྐད་ཆ་ནི་སྐད་རིགས་མང་པོས་བསྐྱེད་པ་ཡིན་ལ། གནའ་དེང་གཉིས་པོས་བྱས་པའང་ཡིན། འཇིག་རྟེན་གྱི་ནོར་ལུག་འཕེལ་བ་ནང་བཞིན་འཚོ་བའི་སྐད་ཆ་ཡང་རིམ་པས་འཕེལ་བཞིན་ཡོད། དེའི་སྟབས་ཀྱིས། འཚོ་བའི་སྐད་ཆ་རྩོམ་ནང་ལ་འཁྱེར་ཡོང་རྒྱུ་ནི་རིམ་པ་དང་པོ་རེད། རྩོམ་གྱི་སྐད་ཆ་ཚིག་མཛོད་དུ་བསྐྱལ་ཡོང་རྒྱུ་ནི་རིམ་པ་གཉིས་པ་རེད།

  ང་ཚོས་རིམ་པ་དང་པོ་མ་འཁྱོངས་པས་རྩོམ་སྐད་ལ་བཞུན་ཆ་ཐོན་གྱིན་མེད་ཅིང་། ང་ཚོས་རིམ་པ་གཉིས་པའང་མ་ལོ་བས་ཟ་སྐད་འཐུང་སྐད་སོགས་ཚིག་མཛོད་ནས་རྙེད་དུ་མེད་ལ། མ་རྙེད་པས་ཚི་ལེན་གྱི་ཚབ་ལ་རྔུལ་ལེན་དང་། སྤྱི་འཁོར་འབབ་ཚུགས་ཀྱི་མིང་ལ་རྟ་བབས་སོགས་བྲིས་ཏེ། གནའ་སྐད་ཁོ་ན་ཆེས་དམ་དུ་བཟུང་ནས་ཧ་ཅང་ཨུ་ཚུགས་ཀྱང་བྱེད། ཡང་ན་རོང་འབྲོག་པའི་སྐད་ཆ་སྟབས་བདེ་དག་ཀྱང་མ་གོ་བར་གོ་བ་ལོག་སྒྲུབ་ཀྱང་བྱེད། ཡང་ན་ད་སྐད་ཕྲན་ཙམ་ལས་གནའ་སྐད་ཀྱི་བྲོ་བ་འོས་འཚམས་ཀྱིས་འཁྱེར་བར་བྱང་གོམས་ཀྱང་མེད། ལྷག་པར་དུ་འཚོ་བའི་སྐད་ཆའི་འགྱུ་རིས་མ་གོ་བའི་ཉེས་དམིགས་ནི་ག་ས་གང་དུའང་མཐོང་རྒྱུ་མཆིས་སོ།།

                                                  ༢༠༡༨ ༩ ༢༨
 

རྩོམ་སྒྲིག་པ། ལྷ་སྐྱིད།

                                               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)                              

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།