གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆིག་ལབ་ཁག་གཉིས།

2011-11-29 14:59:00 དམར་པོ། ཀློག་གྲངས། མཆན ཡོད།

                              ཆིག་ལབ།  ༡
                                        
                               ༡
    མདང་དགོང་གྲོགས་པོ་གཉིས་དང་མཉམ་དུ་སྤྲོ་སྐྱིད་གླིང་ཞིག་ཏུ་ཨེ་བཟི་རེལ་གྱི་འཁྲབ་ཁྲིད་པNati Baratzཡིས་འཁྲབ་པའི«ཆུང་སྲིད་འཁྲུལ་བྲལ»༼Unmistaken Buddha ༽ཞེས་པའི་དངོས་བཤུས་གློག་བརྙན་དེར་བལྟར་ཆས་པ་ཡིན། པར་རིས་ཀྱི་གཡོ་བསྐྱོམས་དང་གཏམ་རྒྱུད་ཀྱི་གོ་བསྐོན་རང་བཞིན། མི་སྣའི་གདོད་ནས་སད་པའི་དག་སྣང་། གློག་བརྙན་གྱི་མགོ་ནས་མཇུག་བར་སྒྱུ་འཕྲུལ་ལམ་དད་ཞེན་ཞིག་ལྟར་འཕྱོ་གྱིན་པའི་མི་རིགས་རང་མཚན་པའི་ཆོས་དག་གིས་བརླན་གཤེར་གྱི་ཐིགས་པ་འགའ་ཡང་མཁུར་ངོས་ནས་འགྲིལ་ཙམ་བྱུང་། གློག་བཀར་ཐེངས་དེར་རང་ལ་བྱབས་ཁྲུས་ཐེངས་ཤིག་བྱས་སོང་སྙམ་པའི་བློ་བདེ་བག་ཕེབས་ཤིག་བྱུང་བས་སེམས་པ་དགའ་བས་མི་ནོན་པ་ཞིག་བྱུང་ན་ཡང་། རྒྱ་མི་དེ་ཚོས་བགྲོ་གླེང་བྱ་ཞེས་ཡར་བཤད་མར་བཤད་གསེར་ཉ་རྡོ་ཐོག་ཏུ་བཞག་པ་ལྟ་བུ་ཞིག་བྱ་ཚུལ་ལས། མཐུན་ཐབས་མེད་པའི་འདུ་ཤེས་སྟེང་གི་གཡང་གཟར་དང་། འདྲིས་ཆ་མེད་པའི་རིག་གནས་སྟེང་གི་མུ་སྟེགས། རོལ་མྱོང་གི་ཆུ་ཚད་མེད་པའི་སྒྱུ་རྩལ་གྱི་ཕྲ་ཕུང་ཤི་བོ་དེ་དག་མཐོང་མུར་ལོགས་ན་ཡོད་པ་འདི་ཚོར་ཞེ་མེར་མེར་ཞིག་བྱུང་ཞིང་། དེ་མུར་ཡར་ལངས་དེ་སྒོར་བུད་པ་དེ་ནི་ཁོ་ཚོར་བརྒྱབ་པའི་གཟུགས་མེད་ཀྱི་འགྲམ་ལྕག་ཅིག་གོ
                                ༢
   དེ་རིང༢༠༡༡ལོའི«གངས་རྒྱན་མེ་ཏོག»དེབ༣པ་དེ་མཐོང་བས། བམ་ཀློག་ཐེངས་ཤིག་བྱས་པས་བལྟས་དང་མ་བལྟས་ཁྱད་མི་འདུག་སྙམ་པ་ཞིག་བྱུང་། ལྷག་ཏུ་སྙན་ངག་སྐྱོན་བརྗོད་ཀྱི་སྐོར་ལ་ཞེ་ཐག་པ་ནས་ཁོ་ཆད་པ་ཞིག་བྱུང་སྟེ། སླར་ཡང་སྙན་ངག་ཐུང་ཐུང་ག་གེ་མོར་ཕྲན་དཔྱད་བྱ་བ་ལྟ་བུས་ཁྱབ་འདུག ཕྲན་དཔྱད་བྱ་བ་འདི་བདུད་ལྷ་རྒྱལ་གྱི«རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་དཔྱད་པ»ཞེས་པས་འཕྲོས་སོང་བ་ལྟ་བུ་ཞིག་ཏུ་མངོན་ལ། དེ་ཙམ་མ་ཟད་དེང་ཡང་ཕྲན་དཔྱད་ཀྱི་སོ་ན་གནས་འདུག་པ་ནི་དཔྱད་བརྗོད་པ་ཚོའི་སྒྱིད་ལུག་དང་ཤེས་མེད་ཀྱི་ཆ་གཙོ་བོ་ཞིག་རེད། ཕྲན་དཔྱད་ཡང་བོད་ཕྲུག་དག་གིས་བཟོ་བཞིན་པའི་བརྙན་ཐུང་འགའ་དང་འདྲ་བར་གཏམ་རྒྱུད་ཀྱི་བོངས་ཆེན་པོ་གོང་བུ་གཅིག་ཏུ་བསྡུ་མ་ཐུབ་པར་གཅལ་དུ་བཀྲམ་པ། ལྷུག་བརྗོད་དང་རྣམ་སྟངས་གང་ཐད་ནས་ཀྱང་བལྟ་རི་བ་མེད་པར་པར་རིས་ཀྱི་རྩེད་མོ་ཙམ་དུ་སོང་འདུག་པ་གཉིས་ཁྱིམ་མཚེས་སུ་སོང་བས། ཕྲན་དཔྱད་ཡིན་པ་གཞིར་བཅས  ༡༽དོན་གྱི་གནད་ཀ་ཕྲ་ལམ་མེར་སྟོན་ཐུབ་པའི་ཚིག་རྐང་མེད་པ།  ༢༽མགོ་བཙུགས་མ་ཐག་ནས〝བོད་ཀྱི་རྩོམ་རིག་ནི… … … …〞ཞེས་བསྐལ་བ་ཡ་ཐོག་ཅིག་ནས་འཆད་པའི་གྲབས་གཤམས་པ།  ༣༽སྙན་ངག་གི་སྒྲིག་གཞི་བཀྲོལ་བ་དང་བརྡ་ཆད་ཀྱི་ལག་ཐབས་མེད་པར་བག་ཆགས་བརྗོད་པའི་དཔྱད་པ་གཏོང་ཚུལ་དུ་སོང་བ།  ༤༽སྙན་ངག་རྐྱང་བ་རྩོམ་ཆོས་ཁེར་ཚུགས་སུ་བལྟས་ཏེ་ཐུབ་ཚོད་ལྟ་བུ་ཞིག་བྱས་པ་སོགས་མདོར་ན་བྲིས་བཏང་ན་ཚང་མ་མིག་ཆུའོ།།
                                ༣
   ཁ་སང་དེ་རིང་འཚོ་བའི་ན་གཞོན་མང་ཤོས་ཤིག་གིས«མཚོ་སྔོན་བོད་ཡིག་གསར་འགྱུར»ཞེས་པ་ཞིག་གོ་མྱོང་མེད་ངེས། མྱོང་ཀྱང་རྩོམ་མང་པོ་ཀློག་ཡོད་མཁན་མེད་ངེས། ངས་བཤད་དེ་དེ་ནི་གྱོང་གུན་གནམ་གྱིས་ཀྱང་གསབ་མི་ཐུབ་པ་ཞིག་གོ ཧཱུྃ་ཆེན་ཚགས་པར་འདི་ཉིད་ཀྱི་རྩོམ་སྒྲིག་པར་བསྡད་པ་ནས〝རིག་རྩལ་གཞོགས་བཀོད〞སོགས་ལེ་ཚན་བཟོས་ཏེ་བོད་ཀྱི་རྩོམ་རིག་གི་ཞིང་ས་གཤིན་པོ་ཞིག་ཏུ་བཅོས་འདུག དུས་སྐབས་དེའི་རྩོམ་འབྲི་བ་ཕལ་ཆེར་ཀྱང་ལྗང་བུ་ནས་མགོ་བརྩམས་ཏེ་ལོ་རབས་དྲུག་ཅུ་བ་དང་བདུན་ཅུ་བའི་ནང་སྐྱེ་ཞིང་འཚར་བའི་མི་དག་སྟེ་ཁོ་ཚོས་རིང་ལུགས་ཤིག་ཤོད་པ་ལས་ཚོར་བ་ཞིག་བྲིས་འདུག་ལ། སྟ་གྲི་ཞིག་ཐོགས་པ་ལས་རྒྱང་མཐོང་ཞིག་ཐོགས་འདུག་པས་ཁོ་ཚོའི་དུས་སྐབས་ཀྱི་རྩོམ་ལ་བལྟས་ན«སྦྲང་ཆར»དང«གངས་རྒྱན་མེ་ཏོག» «ཟླ་ཟེར»སོགས་ནི་གསོན་ཤུགས་དང་ཤ་སྟོབས་མེད་པའི་ཨེ་ཐེ༼ET༽རེ་རེ་དང་ཅིས་མི་འདྲ།
    ཨོ། ཧཱུྃ་ཆེན་ནི་སྟག་ཕྲུག་ཅིག་རེད་ལ་ནམ་ཞིག་བོད་ཀྱི་གཟེངས་ཐོན་རྩོམ་སྒྲིག་པ་ཞིག་གདམ་དགོས་ཚེ་དེ་ནི་ཁོ་ལ་གནང་དགོས་པ་འདུག་གོ
                                                2011/10/25

                           ཆིག་ལབ༢
                                            
                                ༡
  ན་ནིང་གི་ལོར་ཁོ་བོ་པེ་ཅིན་སློབ་ཆེན་དུ་ལོ་གཅིག་རིང་རྩོམ་རིག་དང་འབྲེལ་བའི་སློབ་ཁྲིད་མང་དག་ཅིག་ལ་ཞུགས་མྱོང་། ཁོ་ཚོའི་སློབ་ཁྲིད་དེ་ཤེས་བྱ་མང་པོའི་ཧྲག་བསྒྲིགས་ཐེངས་ཤིག་དང་འདྲ་བར། སློབ་ཁྲིད་དུས་ཚོད་གཉིས་ཁོ་ནའི་ཡུན་ལ་ཡང་ཞི་བདེ་རྒྱ་མཚོ་ཕར་བརྒལ་ཚུར་བརྒལ། སློབ་ཁང་ནང་ནས་ཕྱི། ཁྲིད་སྟེགས་སྟེང་ནས་འོག་སོགས་བེ་ཅོན་ཞོན་པའི་ཧལ་པོ་ཐྲེ་རེ་རེ་དང་འདྲ་བར་ཡར་རྒྱུགས་མར་རྒྱུགས་ལྟ་བུ་ཞིག་བྱས་ཡོང་། སློབ་དཔོན་ཆེན་པོའི་མིང་བྱང་དེ་མཚམས་རེར་མདུག་ཅོག་སྟེང་ཤེད་ཀྱིས་གླན་ནས་སློབ་མ་ཚོར་སྐྲག་ལྟ་བུ་ཞིག་བསླངས་ཡོང་ལ། ས་སྨྱུག་གི་རྡུལ་སྙིགས་དྭངས་རྗེས་སྡོམ་ཚིག་མཁྲེགས་པོ་རེ་ཡང་སྐྱག་པ་སྐམ་པོ་ཞིག་ལྟར་ཤུལ་དུ་བསྐྱུར་འདུག༼སློབ་མ་ལ་ལས་དེའི་སྟེང་ཁ་ཤེད་ཀྱིས་གདངས་འདུག༽ ཆེད་ལས་ལ་འབྱིངས་འདུག་པས་ཁྱོད་ལ་ཤེས་བྱ་མང་པོ་ཞིག་སྤྲོད་ཡོང་བ་མ་ཟད་སློབ་ཁྲིད་གྲོལ་རྗེས་ཁྱོད་ལ་རང་ཉིད་སློབ་གྲྭའི་ནང་ཤོང་གིན་མི་འདུག་སྙམ་པའི་འཁྲུལ་སྣང་རྡོག་རྡོག་རེ་བྱིན་ཡོང་བས་མགོ་བོ་ཡང་འབུར་ཤེལ་ནང་བཞག་པ་བཞིན་ལྡབ་འགའི་ཇེ་ཆེར་བུད་འགྲོ ད་དུང་དགའ་ས་ཞིག་ལ་ཁོ་ཚོས་སློབ་ཁྲིད་ཀྱི་ཞོར་ནས་གློག་བརྙན་མང་པོ་ངོ་སྤྲོད་པ་དང་མྱོང་ཚོར་བརྗོད་པ་སྟེ། མདོར་ན་ཁོ་ཚོས་མིག་ཤེལ་ཏུའུ་དགུ་བརྒྱ་གྱོན་པའི་སློབ་མ་དེ་ཚོར་སྒྱུ་མའི་ཟློས་གར་ལྟ་བུ་ཞིག་འཁྲབ་ཏེ་དུས་ཚོད་གཉིས་ཀྱང་སེ་གོལ་གཏོགས་པའི་ཡུན་ཙམ་དུ་བསྒྱུར་ཐུབ་པ་བསམ་ན། བོད་ཀྱི་དགེ་རྒན་ཚོའི་སློབ་ཁྲིད་སྟེང་བོད་ཕྲུག་མང་པོ་ཡིད་སུན་ཏེ་གཉིད་ལོག་རྒྱག་གིན་པ་འདི་ལ་ཁབ་ལྟ་བུ་ཞིག་རྒྱག་དགོས་ཚེ། རྒྱའི་དགེ་རྒན་འདི་ཚོའི་འཁྲབ་རྩལ་གྱི་ཕྱེ་མའི་སྨན་རྫས་འདི་ཚོ་ནང་དུ་བསྲེས་པའི་དགོས་པ་འདུག
                                ༢
  ས་འོག་ལྕགས་ལམ་ནང་ནས་མགྲིན་པ་གཡས་དཀྱོགས་གཡོན་དཀྱོགས་ཤིག་བྱས་ན་ཡང་། Iphoneབཟུང་མེད་མཁན་ཕལ་ཆེར་མི་འདུག ཞིས་ཏན་དང་ལྦང་ཧྥོ་ཅིན་སོགས་སུ་འཆམ་འཆམ་སྒོས་མིག་ཟུང་མདུན་དང་རྒྱབ་གང་རུང་དུ་བཞག་ན་ཡང་། ཚོང་རྟགས་གྲགས་ཅན་གྱི་གོན་པ་གྱོན་མེད་མཁན་ཞིག་ཕལ་ཆེར་མི་འདུག མི་ཚང་མ་གསར་འགྱུར་དང་རྒྱུགས་ཆེ་ཤོས་དེར་དགའ་བོ་ཡོད་པ་ལས། ཁོ་ཚོས་གོ་རིམ་དེར་བསམ་བློ་གཏོང་གིན་མེད་པ་ཡིན་ནམ། དཔེར་ན་ས་བཅུ་ལམ་ལྔ་ལྟ་བུ། ཧུ ཧུ གྲོང་ཁྱེར་ནང་གི་མི་ཚོ་མྱུར་ཚད་ལ་དཔེ་མི་སྲིད་པའི་དགའ་བོ་འདུག ཁོ་ཚོ་ལྡེམ་ཤིང་དུ་སྡོད་པ་ལས་རྐང་བ་སྤོ་རྒྱུར་རྔམ་ལ། དེ་ལས་ལྕགས་རྟ་དང་དེ་ལས་སྤྱི་སྤྱོད་རླངས་འཁོར། དེ་ལས་ས་འོག་ལྕགས་ལམ་དང་དེ་ལས་འཇེབ་འཁོར། འདི་ནི་ཕྱི་དོན་གྱི་སྟེང་ནས་བརྗོད་པར་བསམ་ན། རང་རིག་གི་ངོས་ནས་ཀྱང་བག་ཕེབས་པོར་སྡོད་མི་བཟོད་པ། ཁེར་རྐྱང་དང་ལྷིང་འཇགས་བསྲན་མི་ཐུབ་པ། སེམས་བྱུང་གི་མཐའ་གཉིས་སུ་ལྷུང་སླ་བ་སོགས་ཅི་རིགས་ཡོད་པས། འདི་ལས་བསྐྱེད་དེ་ནད་གཞི་གསར་པ་མང་པོ་ཞིག་ཀྱང་མི་རེ་རེས་ཕྱིར་འཕོ་བཞིན་འདུག འོན་ཀྱང་གྲོང་ཁྱེར་དུ་གད་སྙིགས་བསྡུ་གསོག་རྒྱག་མཁན་གྱི་རླངས་འཁོར་དེ་ལྟར་དུ་ནད་གཞི་འདི་རིགས་ནངས་མོར་བསྡུས་ཏེ་ཐག་རིང་དུ་དབོར་འགྲོ་མཁན་ཞིག་མེད་པས། མི་རེ་རེས་རང་གི་ནད་གཞི་བརྩིགས་རེས་དང་བཤིགས་རེས་བྱེད་ཀྱིན་འཚོ་བ་རོལ་བསྡད་ཡོད་པ་རེད། ངས་ཀྱང་སྐྱོབ་ཐབས་མེད་པའི་ཨེ་ཙེའི་ནད་ཅིག་ཁོག་ཏུ་བཟུང་སྟེ་གྱང་ངོས་ཀྱི་ལི་ཐོའི་ཤོག་བུ་དག་ལ་མིག་འབུར་ཚུགས་སུ་ཅེར་ནས་བསྡད་ཡོད།
                                 ༣
   འཇིག་རྟེན་འདི་ཙམ་མ་ཟད། མི་ཚེ་ཡང་སྒྱུ་མའི་ཟློས་གར་ཐེངས་ཤིག་ལགས་པས། མི་རེ་འགས་སྲ་འཐས་ཀྱི་བསམ་བློ་ཅག་ཅག་རེ་བཟུང་སྟེ་འཇིག་རྟེན་འདིའི་ངོ་གདོང་དུ་ཚོན་རྩི་སྣ་ཚོགས་ཚོགས་ཤིག་འབྱུག་གིན་པ་ནི་ཇི་འདྲའི་མཚར་མཚར་བོ་ཞིག་རེད་ཨང་། འདི་སྣང་གི་བསམ་བློ་ཡན་ཡན་པོ་འདི་ཡང་མིག་རྡེབ་ཙམ་གྱི་ཡུན་ལ་ཕ་རོལ་བ་ཞིག་གིས་བསླུས་ཏེ་ང་ཚོར་མིག་འཕྲུལ་དང་ཆོ་འཕྲུལ་བདེན་ཅོག་ཅོག་ལྟ་བུ་ཞིག་བསྟན་ཡོང་བས། ཁོག་གི་འདི་དང་ཁྱོད་ཀྱི་དེ་ལ་ཚད་མས་བཟུང་བའི་བློ་ཞིག་འཇོག་རྒྱུ་གཏན་ནས་མི་རྙེད་ན། སྣང་ངོ་ཅོག་ཀྱང་ལྦུ་དཀར་ཚོམ་བུ་ཞིག་དང་ཅིས་མི་འདྲ། ནངས་མོ་གཉིད་ལས་སད་སོང་བའི་བཀའ་དྲིན་ལ། འབབ་རྒྱུན་དྲག་པའི་ཆུ་རྒྱུན་འདིའི་ཁ་ནས་ང་ཚོས་རང་ཉིད་ལྦུ་དཀར་གྱི་མེ་ཏོག་རེ་རེར་བཏང་རྗེས། འབབ་རྒྱུན་བཟློག་པའི་ངར་སེམས་ཀྱིས་དཔུང་བ་བསྒྲིགས། སྐེ་རགས་བཅངས། ཨམ་གཙིགས་བསྡམས་རྒྱུ་ནི་ཡིན་ཚོད་འདུག་ན་ཡང་། སྐད་ཅིག་མའི་ཡུན་ལ་ཁྱོད་ཀྱང་ཆུའི་ཟེགས་མ་གཅིག་གིས་བཅིལ་མི་འགྲོ་བའི་ངེས་པ་ནམ་ཡང་མེད།
                                                                          2011/11/24







 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།