གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱི་དཔེ་དབྱིབས་གསར་བ་དང་སྨྲ་བརྗོད་གསར་བ།༡

2014-01-12 13:51:00 ཡང་རེན་ཅིན། ཀློག་གྲངས། མཆན ཡོད།

    ༡༩༦༡ལོར<<དམག་ཁྲིམས་ཨང་ཉེར་གཉིས་པ>>མི་ཡུལ་དུ་བལྟམས་པ་དེ། ཨ་རིའི་སྒྲུང་གཏམ་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱི་དུས་རིམ་དུ་བསྐྱོད་པའི་རྟགས་མཚན་ཞིག་ཏུ་གྱུར། ལོ་ངོ་བཞི་བཅུ་ལྷག་གི་རྗེས་སུ་རྗོ་སེ་ཧྥུ·ཧེ་ལཱེརགྱིས<<ཆེས་མཐའ་མཇུག་གི་བརྙན་ཡོལ>>ཞེས་པའི་སྒྲུང་གཏམ་མུ་རྩོམ་བྱས། ཁོང་གི་སྒྲུང་གཏམ་ཕྱི་མ་ལ་སྔ་མ་ལྟ་བུའི་དགའ་བསུ་ཆེར་ཐོབ་མེད་ན་ཡང་རྗོ་སེ་ཧྥུ·ཧེ་ལཱེར་གྱིས་ཨ་རིའི་རྩོམ་རིག་གར་སྟེགས་སྟེང་ཁ་མཚར་ནག་པོ(Black humer  黑色幽默)ཅེས་པའི་རྩོམ་རིག་གི་གྲུབ་མཐའ་གསར་བ་ཞིག་སྤེལ། དེས་ཨ་རིའི་སྒྲུང་གཏམ་མུན་དོང་ནས་རྒུད་སྐྱོབ་མཛད་དེ་འཕེལ་རྒྱས་གསར་བ་ཞིག་གི་ལམ་ཁ་ཡངས་པོར་ཕྱེས་པར་འདོད། ཁོང༡༩༩༩ལོར་མི་ཡུལ་དང་ཞལ་གྱེས་ན་ཡང་། ཁོང་གིས་སྲོལ་བཏོད་པའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱི་གསོན་ཤུགས་སྔར་ལས་རྒྱས་ཏེ་རྩོམ་རིག་གར་སྟེགས་སྟེང་དཔེ་དབྱིབས་གསར་བ་དང་སྨྲ་བརྗོད་གསར་བ་མང་དུ་ཐོན་པ་བརྒྱུད་གྲུབ་མཐའ་དེ་ག་ཁོ་ལག་རྫོགས་པར་མངོན།
  ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཐོན་དངོས་ཤིག་ལགས་ལ། དུས་རབས༢༠བའི་ལོ་རབས༦༠བར་རྒྱལ་ནང་གི་འགལ་བ་རྣོ་ངར་ཅན་དུ་གྱུར་བའི་རྟགས་མཚན་གལ་ཆེན་ཞིག་ཀྱང་ཡིན། དེང་རབས་ཕྱི་མའི་རིང་ལུགས་ནི་དུས་སྐབས་དེའི་ནུབ་ཕྱོགས་ཀྱི་བསམ་བློའི་རླབས་རྒྱུན་གཙོ་བོ་སྟེ། ཏི་ལེ་ཏ་དང་ཧྥུ་ཁི། ལིས་ཨའོ་ཐཱ་ངྷི་བཅས་ཀྱིས་འདིའི་ཐད་དཔྱད་བརྗོད་མང་དུ་གནང་། ད་དུང་ཨ་རིའི་མཚན་ཉིད་རིག་པ་བ་གྲགས་ཅན་རྡན་ཉི་པེར་དང་འཇར་མན་གྱི་མཚན་ཉིད་རིག་པ་བ་གྲགས་ཅན་ཧུ་པེ་མ་སཱར་བར་རིག་པའི་བརྒལ་བརྟག་ཀྱང་མཛད། ཨ་རིའི་རྩོམ་རིག་དཔྱད་བརྗོད་མཁན་རྗེམ་སོནདང་ཧྭ་སང་། ཨ་ལ་ཁི། སི་ཕན་ནོ་སི། ད་དུང་ཧོ་ལན་རྒྱལ་ཁབ་ཀྱི་མཁས་དབང་ཧྥོ་ཁེ་མཱ་སོགས་ཀྱིས་ཀྱང་དེང་རབས་ཕྱི་མའི་རིང་ལུགས་དང་རིག་གནས་རྩོམ་རིག་བར་གྱི་འབྲེལ་བ་དང་སྒྱུ་རྩལ་ཀྱི་བཞེངས་བསྐྲུན་ཐད་དགོངས་དོན་གསར་བ་མང་པོ་བཏོན། ལྷག་པར་དུ་རྗེམ་སོན་ནས་དེང་རབས་ཕྱི་མའི་རིང་ལུགས་ནི་དུས་རབས་འདིའི་མཇུག་གི་མ་རྩ་རིང་ལུགས་ཀྱི་གཏན་ཚིགས་དང་གསོན་ཤུགས་ཉིད་ལྟེ་བ་དང་རིང་དུ་གྱེས་པའི་རིག་གནས་སྟེང་གི་ལྡོག་གཟུགས་ཤིག་ཡིན་པར་འདོད་ལ། དཔེ་དབྱིབས་རྟིང་མའི་སྙོམས་གཞོག་དང་ལོ་རྒྱུས་འདུ་ཤེས་ཀྱི་ཡལ་བོར། དཀྱིལ་སྙིང་རང་བཞིན་གྱི་ཕྱི་སྣུར། བར་ཐག་གི་ཚོར་བའི་སྲབ་འགྱུར་སོགས་ཁྱད་ཆོས་གཙོ་བོར་བཤད། དབྱི་ཧ་པུ་ཧྭ་སང་གི<<དེང་རབས་ཕྱི་མའི་ཁ་ཕྱོགས་འགྱུར་མཚམས>>(༡༩༨༧)ཞེས་པའི་དེབ་ནང་རྩོམ་རིག་ཁྱབ་ཁོངས་ཁྲོད་ཀྱི་དེང་རབས་ཕྱི་མའི་རིང་ལུགས་དང་དེང་རབས་རིང་ལུགས་གཉིས་ཀྱི་ཁྱད་གཤིས་ཐད་མ་ལག་རང་བཞིན་སྒོས་གསེད་འགྲོལ་མཛད་དེ། དེང་རབས་ཕྱི་མའི་རིང་ལུགས་ཀྱི་རྩ་དོན་གཉིས་སྟེ་གཏན་ཁེལ་མིན་པའི་རང་བཞིན་དང་ནང་ཁོངས་ཅན་གྱི་རང་བཞིན་གཉིས་གསལ་སྟོན་མཛད། དེང་རབས་གྲུབ་མཐའ་ཕྱི་མའི་སྒྱུ་རྩལ་ནི་རྒྱུ་འགུལ་རང་བཞིན་གྱི་སྒྱུ་རྩལ་རྣམ་གྲངས་ཤིག་སྟེ་རྩོམ་ཆོས་ཀྱི་བསྐྱར་མའི་ཚབ་ཞུགས་ཁྲོད་དུ་དོན་སྙིང་གསར་བ་རེ་འབུས་ཡོང་སྲིད། དེ་ཉིད་རྩོམ་རིག་སྣང་ཚུལ་ཁོ་ན་ཞིག་མ་ཡིན་པར་དེང་རབས་ཕྱི་མའི་དོན་སྙིང་དང་ལྡན་པའི་བྱ་དངོས་ཡོད་དོ་ཅོག་གི་ཐུན་མོང་ཁྱད་ཆོས་ཤིག་ཏུ་གྲུབ།
  འཛམ་གླིང་རང་བཞིན་གྱི་བསམ་བློའི་རླབས་རྒྱུན་ལྟར། ཡོ་རོབ་དང་ཨ་རིའི་དེང་རབས་ཕྱི་མའི་རིང་ལུགས་ཀྱི་ཆེས་མཚར་བའི་ཁྱད་ཆོས་ནི་རྒྱལ་མཚམས་དང་རིག་ཚན་ལས་རིང་དུ་བརྒལ་ཏེ། འཛུགས་སྐྲུན་རིག་པ་ནས་སྒྱུ་རྩལ་དང་རོལ་མོ། རྩོམ་རིག་ནས་ལོ་རྒྱུས། སྤྱི་ཚོགས་ཚན་རིག་ནས་རང་བྱུང་ཚན་རིག་སོགས་རིག་ཚན་ཀུན་པོར་མ་ཁྱབ་ས་ཕལ་ཆེར་མེད། རྒྱལ་ཁབ་ཀྱི་ཕྱོགས་ནས་ཀྱང་རྒྱབ་ཁབ་གཅིག་དང་རིག་གནས་གཅིག་གི་རྒྱ་ལས་འགོངས་ཏེ་མེ་གླིང་བྱང་མ་དང་ཡོ་རོབ་ནུབ་མ། དབྱི་སི་ལེམ་དང་ཉི་ཧོང་སོགས་སུ་འབྱམས་ཡོད་པ་མ་ཟད། ཚད་དྲག་པོའི་སྒོ་ནས་ཨ་རིའི་མཚན་ཉིད་རིག་པ་དང་ལྷའི་རིག་པ། ཚན་རིག་དང་སེམས་ཁམས་རིག་པ། ཆབ་སྲིད་རིག་པ་དང་མཛེས་རིག རྩོམ་རིག་དགག་སྒྲུབ་སོགས་སྤྱི་ཚོགས་འཚོ་བའི་ཟུར་མང་པོར་གདོང་གཏུག་བརྒྱབ་འདུག ཉེ་བའི་ལོ་འདི་འགར་དེང་རབས་ཕྱི་མའི་རིང་ལུགས་ཀྱི་གཞུང་ལུགས་ཐད་བརྒལ་བརྟག་རེ་ཞིག་འཇགས་པར་གྱུར་ན་ཡང་། དེང་རབས་ཕྱི་མའི་རིང་ལུགས་ཅན་གྱི་སྒྲུང་གཏམ་སྟོབས་ཆེན་པོས་གསར་རྩོམ་མཛད་པས། རྩོམ་པ་པོ་གྲགས་ཅན་དང་བརྩམས་ཆོས་གྲགས་ཆེན་མང་དུ་བྱུང་ལ་ཁོ་ཚོའི་སྒྱུ་རྩལ་ལམ་བུའི་ཐོག་གི་འཚོལ་སྙེག་དང་ཚོད་ལྟ། གསར་གཏོད་ཀྱི་བློ་སྤོབས་ཀྱིས་འཛམ་གླིང་ཡོངས་ཀྱི་རྩོམ་མཁན་དག་གི་གློ་ཁུགས་དྲངས་ཡོད་དོ།།
  གོང་དུ་འཆད་ཟིན་པ་ལྟར་ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་དུས་རིམ་གཉིས་སུ་དབྱེ་ཆོག་སྟེ། དུས་རབས༢༠བའི་ལོ་རབས༦༠བའི་ཁ་མཚར་ནག་པོའི་སྒྲུང་གཏམ་དང་ལོ་རབས༧༠བ་ནས་ད་བར་གྱི་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གཉིས་སོ། དེ་གཉིས་སོ་སོར་རབས་དང་པོ་དང་རབས་གཉིས་པའི་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་ཞེས་འབོད། རབས་གཉིས་པོས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་ཨ་རིའི་སྤྱི་ཚོགས་ཀྱི་ལོ་རྒྱུས་དུས་སྐབས་མི་འདྲ་བའི་ནང་གི་ངོ་གདོང་མི་འདྲ་བ་དག་ཚུར་སྣང་བྱས་འདུག བསམ་བློ་དང་སྒྱུ་རྩལ་མཚོན་ཐབས་ཐད་ནས་སྤྱི་གཤིས་ཆགས་ཡོད་མོད་མི་འདྲ་སའི་ཆ་ཡང་ཡོད། ད་རག་བར་རབས་དང་པོའི་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་མཁན་དག་ལས་ལ་ཤས་གཤེགས་སོང་། ལ་ཤས་ཀྱིས་ད་དུང་ཡང་གསར་རྩོམ་གྱི་སྨྱུག་ཁ་མ་ལྷོད་པར་ཡོད་པས་ཁོ་ཚོའི་བརྩམས་ཆོས་དག་ཀྱང་ནང་དོན་ནས་རྣམ་པའི་ཐད་རྟོག་འཇུག་གསར་བ་འབྱུང་གིན་འདུག གལ་ཏེ་རབས་དང་པོའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་དེ་གྲུབ་མཐའ་ཕྱི་མའི་་སྒྲུང་གཏམ་དང་འབྲེལ་ལམ་གཏན་ཆད་དུ་གྱུར་སོང་ཚེ། རབས་གཉིས་པའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱིས་ཧྥ་རན་སིའི་སྔོན་བསྐྱོད་གྲུབ་མཐའི་སྒྱུ་རྩལ་མཚོན་ཐབས་ལ་དཔེ་འགྲེ་བྱེད་སྲིད། གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་ཉིད་དུས་རབས༢༠བའི་ལོ་རབས༦༠བའི་དུས་མགོར་འཕེལ་རྒྱས་བྱུང་བ་ནས་ད་རག་བར། ལོ་རབས༦༠བ་དང༧༠བའི་འཕེལ་རྒྱས་རྩེར་སོན་གྱི་ལམ་ཐག་རིང་མོར། རབས་གཉིས་པའི་དེང་རབས་གྲུབ་མཐའ་ཕྱི་མའི་རྩོམ་པ་པོ་དག་དགུང་གྲངས་བདུན་ཅུ་ལྷག་བཞེས་ན་ཡང་ད་དུང་གསར་རྩོམ་གྱི་འབབ་རྒྱུན་མ་ཆད་པར་ཡོད། རབས་གཉིས་པོར་འཐུས་ཚབ་རང་བཞིན་གྱི་རྩོམ་པ་པོ་སྐད་གྲགས་ཆོད་པ་སྐོར་ཞིག་བྱུང་ཡོད་དེ་དཔེར་ན། རྗོ་སེ་ཧྥུ·ཧེ་ལྰེར། E.L.ཌྷོ་ཁད་ཐྲོ། རཱོ་བྷེར་ཐྲི་ཁཱོ་བེར། དྷོན•ཏེ་ལི་ལཱོ། ཁུར་ཐྲི•བོན་ནེ་གྷི་ཐ། ཐོ་མ་སི·ཕེན་ཆོན། རྗོན·པར་སི། ལའོ་རིས•ཨན་དྷེ་སོན། རཱོ་པེར་ཐི·ཨོ་པི་རེན། རྗོན·ཧའོ་ཁེ་སི། དྷོ་ནཱ་ཏི•བྷར་སཱེམ། ལྦེ་ལཱེམ·གྷ་ཏིས། བོ་ལཱ་ཏི་མིར•ན་བྷོ་ཀོབ་སོགས་བྱོན། ཁོ་ཚོས་དུས་རབས༢༠བའི་དུས་སྨད་རིང་ཨ་རིའི་རྩོམ་རིག་ལོ་རྒྱུས་ཐོག་གོ་གནས་འགངས་ཆེན་བཟུང་། ལྷག་པར་དུ་ཨ་རིའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་སྟེ་དཔེར་ན་མི་རྒྱུད་ནག་པོའི་རྩོམ་རིག་དང་ཡ་ཧུ་ཏྰ་པ་མི་རིགས་ཀྱི་རྩོམ་རིག ཡ་གླིང་རྒྱུད་པའི་རྩོམ་རིག་བཅས་མཐའ་འཁོབ་ནས་ལྟེ་དབུས་སུ་བགྲོད་པར་སྐུལ་འདེད་ཆེན་པོ་མཛད། དེའི་རྐྱེན་གྱིས། ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་བརྩམས་ཆོས་དང་རྩོམ་མཁན་དག་ལ་ངེས་ཤེས་ལེགས་པོར་འདྲོངས་སོང་ཚེ། དུས་རབས༢༠བའི་ཨ་རིའི་རྩོམ་རིག་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་ཕྱར་བ་གྲུ་འདེགས་ཀྱི་བྱེད་ནུས་ཐོན་ཡོང་།
 
            གཅིག
  ཨ་རིའི་སྒྲུང་གཏམ་དེང་རབས་ཕྱི་མའི་ཐེམ་སྐས་སྟེང་སླེབས་དུས། འགྱུར་ལྡོག་མངོན་གསལ་བྱུང་སྟེ་རྩོམ་རིག་སྒྱུ་རྩལ་གྱི་མཚམས་ཐིག་མག་མོག་ཅན་ཏུ་གྱུར། དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱིས་སྒྱུ་རྩལ་དང་དངོས་ཡོད་བར་གྱི་བར་ཐག་བསྟུངས་ཡོད་ལ། རྩོམ་ལུས་ཁག་བར་གྱི་སྲོལ་རྒྱུན་མཚམས་ཐིག་ཀྱང་ཧྲིལ་གྱིས་བཅད་ཡོད། ད་དུང་ཡང་སྒྱུ་རྩལ་རིགས་གཞན་ཁག་གི་སྲོལ་རྒྱུན་མཚམས་ཐིག་ལས་ཀྱང་འཕུར་མཆོངས་མཛད་དེ་སྒྱུ་རྩལ་ཁྱབ་ཁོངས་ཁྲོད་ཀྱི་ས་ལམ་གསར་བ་ཞིག་ཏུ་བསྙེགས། དེ་དང་དེ་བཞིན་དེང་རབས་ཕྱི་མའི་རིང་ལུགས་ཀྱི་མཁའ་དབུགས་འོག ཨ་རིའི་སྒྲུང་གཏམ་ལ་སྲོལ་རྒྱུན་དང་མི་འདྲ་བའི་གསར་རྩོམ་དཔེ་དབྱིབས་མང་དུ་བྱུང་ཡོད་དེ།
           དང་པོ།  དངོས་ཡོད་དང་རྟོག་བཟོ་བར་གྱི་མཐུན་སྡེབ།
  ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་ནི་རྩོམ་མཁན་སྒེར་ཁོ་ནའི་རྟོག་བཏགས་དང་རྟོག་བཟོའི་ཐོན་དངོས་ཤིག་མ་ཡིན་པར། དངོས་ཡོད་དང་རྟོག་བཟོའི་བར་གྱི་མཐུན་སྡེབ་ལྷུ་འགྲིག་པའི་སྒོ་ནས་ཐོན་པར་བྱས། ལོ་རྒྱུས་མི་སྣ་དང་ལོ་རྒྱུས་དོན་རྐྱེན་དག་བསྐྱར་མར་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱི་ནང་རོལ་དུ་འདྲེ་པ་འདི་ཉིད་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཏུ་འཁུམས། རྩོམ་མཁན་ཚོས་བལྟས་ན་རྩོམ་རིག་ནི་མི་རང་གི་འདོད་ཚུལ་ལྟར་རྟོག་བཏགས་ཀྱི་དངོས་ཡོད་འཇིག་རྟེན་ཞིག་བློས་བསླངས་བྱེད་པའི་རང་རིག་ཅིག་དང་། ལོ་རྒྱུས་དང་གསར་འགྱུར་ནི་དེ་དང་མི་འདྲ་བར་དོན་རྐྱེན་དངོས་ཟིན་ཐོར་བཀོད་པ་ལགས་པས་ཕྱི་དོན་ཞིག་ཡིན་པར་འདོད། དེ་བས་ཁོ་ཚོས་ཕྱོགས་གཅིག་ནས་སྲོལ་རྒྱུན་གྱི་དངོས་ཡོད་རིང་ལུགས་ལ་དོགས་གཞི་འཕེན་ལ། ཕྱོགས་གཅིག་ནས་ལོ་རྒྱུས་དང་གསར་འགྱུར་དག་རང་གི་བརྩམས་ཆོས་སུ་དྲིལ་སྟེ༼ལོ་རྒྱུས་ལ་ཡང་བསྐྱར་ཚད་མཇལ༽རྒྱུ་དེ་ཁོ་ཚོའི་མོས་ཕྱོགས་གཙོ་བོར་གྱུར། E·L·ཌྷོ་ཁད་ཐྲོཡི<<ལཱ་ཁེ་ཐེམ་དུས་རབས>>(༡༩༧༥)ནང་ཁྱིམ་ཚང་མི་འདྲ་བའི་མི་སྣ་གསུམ་གྱི་གཏམ་རྒྱུད་རྟོག་བཟོ་བྱས་པས་མི་ཚད། དུས་རབས༢༠བའི་དུས་མགོའི་རླངས་འཁོར་མཁན་པོ་ཧྥུ་ཐི་དང་སེམས་ཁམས་རིག་པ་མཁན་ཧྥི་རེའུ་དྷི། སྒྱུ་མ་མཁན་པོ་ཧི་ཏེ་ཉི། ཨོ་སི་ཁྲུ་རི་ཡའི་སྐུ་སྲས་སོགས་མི་དངོས་དོན་དངོས་ཁག་བརྩམས་ཆོས་ནང་བཅུག་པ་བརྒྱུད་རྩོམ་པ་པོས་རྟོག་བཟོ་བྱས་པའི་ཡ་ཧུ་དཱ་པའི་རིགས་རྒྱུད་སྤར་མ། མི་ནག་དང་འབྱོར་འབྲིང་གྲལ་རིམ་གྱི་མི་རྒྱུད་དཀར་པོ་སོགས་དང་མཉམ་པོར་གར་སྟེགས་གཅིག་གི་སྟེང་འཁྲབ་སྟོན་བྱེད་དུ་བཅུག་ནས་འཁྲུག་ཆེན་དང་པོའི་སྔོན་གྱི་ཨ་རིའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཆེན་པོ་བཀྲམ་སྟོན་མཛད་ཡོད།
 འདི་ལྟ་བུའི་དོན་དངོས་དང་རྟོག་བཟོ་དེ་སྒྲུང་གཏམ་ནང་དུ་མཐུན་ལེགས་པར་བསྡེབས་པའི་མཚོན་ཐབས་ཀྱིས་རྩོམ་པ་པོས་དོན་དངོས་དང་ཆབ་སྲིད་ལ་དོ་ཁུར་གྱི་སེམས་ཁམས་བསྟན་ཡོད། དཔེར་ན་རཱོ་བྷེར་ཐྲི་ཁཱོ་བེརགྱི<<མང་བྱིངས་ཀྱི་ཁོང་ཁྲོའི་མེ་ལྕེ>>(༡༩༧༧)ཞེས་པར་ཨ་རིའི་ཙུང་ཐུང་སྔོན་མ་ཉི་ཁེ་སུང་སྒྲུང་གཏམ་གྱི་ལྷུག་བརྗོད་པ་གཙོ་བོར་བཞག་སྟེ། རྟོག་བཟོ་ཡི་བྱུང་རིམ་བརྒྱུད་ཉི་ཁེ་སུང་གི་གཞོན་ནུའི་དུས་ནས་ཕོ་བྲང་དཀར་པོར་གཞིས་ཆགས་པའི་དོན་དངོས་བརྒྱུད་རིམ་བར་བཅུག་མཛད་དེ། མངོན་ཆུང་གི་སྒོ་ནས་དུས་རབས༢༠བའི་ལོ་རབས༥༠བར་མཱེ་ཁ་ཟིའི་རིང་ལུགས(Mccarthyism)ཀྱིས་ཚན་རིག་པ་ལའོ་པཱོ་སིན་བཟའ་ཟླ་གཉིས་ལ་གོད་ཆག་བཟོས་པར་དགག་སྒྲུབ་དང་འཕྱ་སྨོད་མཛད། དྷོན•ཏེ་ལི་ལཱོཡི<<རྒྱ་ཐུར་སྐར་ཚོམ>>(༡༩༨༨)ལས་ཨ་རིའི་ཙུང་ཐུང་ཁིན་ནེ་ཏཱི་ལྐོག་གསོད་བྱེད་པའི་དོན་རྐྱེན་དེ་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཁང(CIA)གི་མངག་མིའི་ཇུས་འགོད་དང་འབྲེལ་བར་བྱས་ཏེ། ལྐོག་གསོད་པ་ཨོ་སི་ལྦར་ཏི་ནི་རྩོམ་པ་པོའི་སློབ་འབྲིང་གི་སློབ་གྲོགས་ཡིན་པའི་དོན་དངོས་དེ་ཡང་སྒྲུང་གཏམ་གྱི་བྱུང་རིམ་ནང་གསབ་འཇུག་བྱས་རྐྱེན། བལྟས་ཚོད་ཀྱིས་ཀློག་པ་པོར་སྙིང་ཉེ་ཉེ་དང་བདེན་ཅོག་ཅོག་གི་ཚོར་བ་སྟེར་བར་བྱེད་པས། ཙུང་ཐུང་སྔོན་མ་ལིས་ཀིན་དང་བྷུ་ཞི་རྒན་པ་གཉིས་ཀྱིས་ཀྱང་སྒྲུང་གཏམ་དེར་བལྟས་ཚར་དུས་ཁོང་ཁྲོས་རྐང་རྡབ་ལག་རྡབ་བྱེད་བཞིན༼མི་རིགས་ཀྱི་རྐང་འདྲེན༽ཞེས་དམོད་བོར་བར་ཡང་ཁག་ག་ལ་ཡོད། རྒྱུ་དེར་རྐྱེན་བྱས་ནས་སྲིད་ཕྱོགས་དང་རྩོམ་མཁན་བར་རྩོད་ཉོག་བྱུང་བ་ལ། རྗེས་སུ་ལིས་ཀིན་དང་བྷུ་ཞི་རྒན་པ་གཉིས་ཀྱིས་མི་སྨྲ་བའི་རྟུལ་ཞུགས་བཟུང་བས་ད་བཟོད་རྩོད་ཉོག་རང་འདུམས་སུ་གྱུར།
 <<མང་བྱིངས་ཀྱི་ཁོང་ཁྲོའི་མེ་ལྕེ>>སོགས་སྒྲུང་གཏམ་ལ་རྒྱུན་པར་སྒྲུང་གཏམ་ཆུང་ངུའམ་སྒྲུང་གཏམ་གྱི་སྒྲུང་གཏམ་ཟེར། དེས་དངོས་ཡོད་ཀྱི་ཟོག་རྫུ་དང་རྟོག་བཏགས་ཀྱི་ཟོག་རྫུ་གཉིས་ཀློག་པ་པོའི་མིག་སྔར་བཤམས་སྟོན་མཛད་དེ་བདག་ཉིད་ལད་ཟློས་སྒོས་བདག་ཉིད་ཀྱི་ཟོག་རྫུ་མངོན་པར་བསྟན། མཚོན་ཐབས་རིགས་འདིས་སུན་འབྱིན་གྱི་མཚོན་ཤུགས་བློར་མི་ཤོང་བའི་ཚད་དུ་སྐྱེལ་ཐུབ་པས་ཀློག་པ་པོའི་ཡིད་ཀྱི་དང་བ་ཅིག་ཅར་ཏུ་འདྲེན།
          གཉིས་པ། ཚན་འཕྲུལ་དང་རྟོག་བཟོ་བར་གྱི་མཐུན་སྡེབ།
 བརྙན་འཕྲིན་དང་དྲ་ཚིགས་ཀྱི་ཁྱབ་རྒྱ་ཇེ་ཆེར་སོང་བ་དང་སྦྲགས། རྩོམ་ལུས་སྣ་ཚོགས་ཀྱི་བེམ་པོའི་ལུས་ལ་ཡང་དུས་རབས་གསར་བའི་སྲོག་ཞུགས་ཏེ་སྔོན་ཆད་དེང་རབས་གྲུབ་མཐས་རྒྱང་དུ་འཕངས་པའི་ཚན་འཕྲུལ་སྒྲུང་གཏམ་ཡང་དཔེ་ཁྲོམ་ཐོག་ཏུ་རླུང་རྟ་འཕེལ་བའི་གཞིར་གྱུར། མི་དང་འཕྲུལ་ཆས། མི་དང་སྲོག་ཆགས་བར་གྱི་འབྲེལ་བའི་ལྷུག་བརྗོད་ལ་དེང་རབས་གྲུབ་མཐའ་ཕྱི་མའི་རྩོམ་མཁན་དག་གིས་སྨྱུག་རྩེ་གཏད་པས་ཚན་འཕྲུལ་དེ་ཉིད་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱི་ནང་རིམ་དུ་སིམ་ཞིང་། རྟོགས་བརྗོད་དང་ལོ་རྒྱུས་བྱུང་བ་དངོས་དང་མཉམ་དུ་ཚགས་དམ་པའི་མ་ལག་རང་བཞིན་ཅན་ཏུ་ཆགས་པས། དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱི་དཔེ་དབྱིབས་གསར་བ་ཞིག་ཏུ་གྱུར།
 ཁུར་ཐྲི•བོན་ནེ་གྷི་ཐའི་སྒྲུང་རིང<<བཤས་ར་ཨང་རྟགས་ལྔ་བ>>ནི་ཚབ་མཚོན་ཞིག་སྟེ། སྒྲུང་གཏམ་གྱི་མི་སྣ་གཙོ་བོ་པིས་ལཱི༡༩༦༧ལོར་འཕུར་སྡེར་གྱིས་འཇུས་ཏེ་སྐར་མ་ཨང༥༤༡སྟེང་གི་སྲོག་ཆགས་གླིང་གར་འགྲེམས་སྟོན་མཛད་ན་ཡང་ཁོའི་སེམས་ཤུགས་གཏན་ནས་མ་འཆག་པར། གནས་དེའི་བྱམས་བརྩེས་ཁེངས་པའི་མི་དག་ལས་དུས་ཚོད་ཀྱི་འདུ་ཤེས་སོགས་ཤེས་བྱ་སྣ་ཚོགས་པར་སྦྱངས་བརྩོན་བྱས། ཁོ་རང་ཚོར་འཕྲུལ་གྱི་ཀློང་ནས་ཕྱིར་ཡོང་དུས་ཉ་བ་རྒན་པོ་ཞིག་ཏུ་གྱུར། དེ་ལས་སད་ཙ་ན་གཉེན་སྟོན་ཐོག་གི་མག་གསར་ཏུ་གྱུར། ཅང་མ་འགོར་བར་ཆུང་མ་ཚེ་ལས་འདས། ཁོ་རང༡༩༥༥ལོའི་སྒོ་ནང་དུ་འཛུལ་ནས༡༩༤༡ལོའི་སྒོ་ནས་ཕྱིར་ཐོན། སླར་ཡང་སྒོ་འདིར་ཕྱིར་འཛུལ་དུས་༡༩༦༣ལོར་ཐོན་ཡོད་པ་ཤེས། ཁོས་སྐྱེ་འཆི་མང་དུ་མཐོང་བར་ཤོད་ལ། ད་དུང་རང་གི་སྐྱེ་འཆིའི་བར་གྱི་བྱ་བ་མང་པོར་ཅི་འདོད་དུ་ཞུགས་ཆོག་པར་བཤད། མཇུག་མཐར་དུས་ཚོད་རེངས་འཁུམ་གྱི་ནད་ཕོག་ཏེ་འབབ་ཚུགས་རྗེས་མའི་ས་ཕྱོགས་ཚོད་འཛིན་བྱེད་མི་ཐུབ་པ་ཞིག་ཏུ་གྱུར།
 བུད་མེད་རྩོམ་མཁན་ཨུ་སེ་ལཱ·ལེ་ཀིནགྱིས་མོའི་སྒྲུང་གཏམ་གྱི་ཚན་འཕྲུལ་གྲུབ་ཆར་ཀྲུང་གོའི་ཏོའོ་ལུགས་བསམ་བློ་བཅུག་འདུག མོ་རང་ལའོ་ཙིའི<<ཀུན་སྤྱོད་གསུང་རབ>>ལ་སྤྲོ་བ་ཆེན་པོ་ཡོད། མོའི<<སྐམ་མཚོ་ཁག་གསུམ་ཅན>>ཞེས་པར་ན་ཆུང་གཞོན་ནུ་རྣམས་ཀྱི་སེམས་ཁམས་འཚར་ལོངས་ཀྱི་གཏམ་རྒྱུད་བཤད་ཡོད་པ་དེར་ཏོའོ་ལུགས་པའི་བསམ་བློའི་བག་ཆགས་མཐུག་པོར་ཡོད། ད་དུང་ཡང་མོའི་སྒྲུང་རིང<<མུན་ནག་གི་གཡས་ལག>>ཅེས་པར་བུད་མེད་རིང་ལུགས་ལས་འགུལ་གྱི་རླབས་རྒྱུན་སྐབས་གཉིས་པ་འཕྱུར་བར་སྐུལ་འདེད་དང་ཤུགས་བརྒྱབ་འདུག
 ཨ་རི་བཟོ་ལས་ཅན་ཏུ་གྱུར་བའི་དུས་རབས་ཕྱི་མའི་ནང་། ཚན་འཕྲུལ་སྒྲུང་གཏམ་དང་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གཉིས་ཕན་ཚུན་ཤུགས་རྐྱེན་ཐེབས་རེས་དང་ཕན་ཚུན་གཞོག་འདེགས་བྱེད་རེས་སྒོས་ཚན་འཕྲུལ་སྒྲུང་གཏམ་ཉིད་དེང་རབས་ཕྱི་མའི་རིང་ལུགས་སུ་བསྐྱོད་མགོ་བརྩམས་ཏེ། དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་རེ་འགའ་ཚན་འཕྲུལ་སྒྲུང་གཏམ་ཅན་དུ་གྱུར། དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་དག་གི་ཕྱིར་མཚོན་གྱི་ཚད་རིམ་འདྲ་མི་འདྲ་མང་ན་ཡང་འཕེལ་རྒྱས་ཀྱི་ལམ་ཁ་ཡངས་པོར་མཐོང་ཡོད་པ་དཔེར་ན། ཏེ་ལི་ལཱོ་ཡི<<ལཱ་ཐ་ནའི་སྐར་མ>>དང་ཆན་ཕེན་གྱི<<ཀུན་ལྡན་འགུག་ཤུགས་ཀྱི་འཇའ་ཚོན>> པ་ལེ་སིའི<<སྐར་མ་གསར་བའི་འཇེབ་འཁོར>>སོགས་ལས། ཚན་འཕྲུལ་དང་རྟོག་བཏགས་བར་གྱི་མཐུན་སྡེབ་དེ་ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱི་ཁྱད་ཆོས་གཞན་གཅིག་ཡིན་པར་བཤད་ཡོད།
           གསུམ་པ།  སྒྲུང་གཏམ་དང་སྙན་ངག ཟློས་གར། འཕྲིན་ཡིག་བཅས་བར་གྱི་མཐུན་སྡེབ།
   ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་དེ་སྲོལ་རྒྱུན་སྒྲུང་གཏམ་དང་མི་འདྲ་བར། རྩོམ་ལུས་ལས་བརྒལ་བའི་སྒྱུ་རྩལ་གསར་རྩོམ་ཞིག་ཏུ་གྱུར། དཔེར་ན<<མང་བྱིངས་ཀྱི་ཁོང་ཁྲོའི་མེ་ལྕེ>>ནང་དུ་སྙན་ངག་ལྔ་བཅུ་ལྷག་དང་ལའོ་སིན་པྰོ་བཟའ་ཟླའི<<མིའི་རྩིས་ཐང་མཁོ་འཚོང་བྱ་གི་མིན>>ཞེས་པའི་གཞས་གཏོང་ཟློས་གར་གསབ་འཇུག་བྱས་འདུག སྔོན་ཆད་ཀྱི་སྒྲུང་གཏམ་དག་ཏུ་སྙན་ངག་འགའ་རེ་བར་འཅུག་གནང་བ་རྒྱུན་ལྡན་དུ་སེམས་ཆོག་མོད་འདི་འདྲའི་རྩོམ་ལུས་ལས་བརྒལ་བའི་རྣམ་པ་མང་པོ་བར་བཅུག་མཛད་པ་མང་དུ་མེད། དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱི་རྩོམ་ཆོས་རྙོག་འཛིང་ཆེ་ལ་འཁྲུག་ཆ་དོད་པོར་སྣང་། ན་བྷོ་ཀོབཀྱི<<མག་མོག་གི་མེ་སོན>>རུ་ཞཱིན་ཏེའི་སྙན་ངག་དང་ཅིན་པོ་ཐེའི་མཆན་འགྲེལ། འཁྲབ་འབྱེད་གཏམ་རྒྱུད་ཁྲོད་ཀྱི་གཏམ་རྒྱུད་སོགས་ཀྱི་ལམ་ནས་ན་བྷོ་ཀོབ་ཀྱི་ཚོད་འདས་དངོས་ཡོད་མཚོན་འདུག
  འདི་ལྟའི་རྩོམ་ལུས་ལས་བརྒལ་བའི་གཞི་གྲུབ་སྒྲུང་གཏམ་གྱི་རྩོམ་ཆོས་ལ་མཚམས་རེར་རྩོམ་རིག་གཞུང་ལུགས་ཀྱི་སྣེ་སྟོན་ཐོབ་སྲིད་དེ་དཔེར་ན། ཐོ་ཉིས•མོ་རཱི་སོནགྱི<<སྔོ་ལྟེམས་མེའི་མིག་ཟུང>>ཏུ། ཀློག་པ་པོའི་ཚུར་སྣང་སྨྲ་བའི་མཛུབ་སྟོན་ལས། དུས་བཞིའི་འཁོར་འགྲོས་ཀྱིས་སྒྲུང་གཏམ་གྱི་སྒྲོམ་གཞི་གྲུབ་པར་བྱས། སྒྲུང་གཏམ་གྱི་མགོར་སློབ་ཆུང་སློབ་དེབ་ཁྲོད་ཀྱི་དུམ་མཚམས་གཅིག་ཡང་བསྐོར་བསྐྱར་སྐོར་སྒོས་ལན་གྲངས་གསུམ་དུ་བཀོད་རྗེས་ཚེག་དང་ཤད། ཚིག་གི་སྒྲིག་རིམ་སོགས་མགོ་མཇུག་འཆོལ་བར་བཏང་འདུག གཞོན་ནུ་མ་ཞིག་གིས་ལུག་མིག་མེ་ཏོག་ཚེ་རིང་མ་བཏབ་ཚར་ཡང་འབྲས་བུ་མ་སྨིན་པའི་གཏམ་རྒྱུད། མི་ནག་གཞོན་ནུ་མ་ཕེ་ཁ་ལཱར་ཨ་ཕའི་མངལ་ཆགས་པའི་གཏམ་རྒྱུད་སོགས་བརྗོད་པ་བརྒྱུད། སྒྲུང་གཏམ་གྱི༼སྟོན་ཀའི༽ཁག་ཏུ་རྟ་ཁ་དཀྱུས་འདུག འདི་གསུམ་པོར་བལྟས་ཚོད་ཀྱིས་འབྲེལ་བ་ཆེར་མོད་པ་འདྲ་མོད། དོན་དུ་རྩོམ་པ་པོས་ཕེ་ཁ་ལཱའི་འཚོ་བར་དོ་ཁུར་ཡོང་བར་བྱ་ཕྱིར་གཟས་ནས་བཀོད་སྒྲིག་བྱས་པ་སྟེ་ཀློག་པ་པོར་རྟོག་པ་འགྱུ་སའི་ཀློང་ཁམས་ཡངས་པོར་ཕྱེས། སྒྲུང་གཏམ་གྱི་བྱུང་རིམ་སྟོན→དགུན→དཔྱིད→དབྱར་ལྟར་བསྒྲིགས་ཡོད་ལ་ས་བཅད་རེ་རེར་མི་སྣ་རེ་ཞིབ་འབྲི་བྱས་འདུག་ཅིང་ས་བཅད་གཞུག་མར་སྐྱོ་གར་གྱི་རྣམ་པས་ཁ་བརྡ་མཛད་ཡོད། ཕེ་ཁ་ལཱས་རང་ལ་མི་རྒྱུད་དཀར་པོའི་གཞོན་ནུ་མའི་མིག་ཟུང་སྔོན་པོ་དང་ཆ་འདྲ་བའི་བྱིས་པ་ཞིག་བཙས་ན་སྙམ་མོད། མོར་བྱིས་པ་བཙས་ནས་ཅང་མ་འགོར་བར་ལྔ་ལམ་འགྲིམ་སོང་བས་རེ་འདུན་ཡོད་ཚད་སོག་མའི་ཕོན་ཐག་བཞིན་ཆད་པར་གྱུར། མོ་དང་འབྲེལ་ཡོད་ཀྱི་བཤད་ཡམས་དང་ལྐོག་ལབ་དིར་དིར་ཀྱང་གྲོང་བརྡལ་གྱི་ག་ས་གང་དུ་ཁྱབ། མི་ཁའི་འཕྱ་སྨོད་དང་བརྙས་བཅོས་ཀྱིས་མོ་རང་སྨྱོ་རུ་བཅུག…… རྩོམ་ལུས་ལས་བརྒལ་བའི་སྒྲིག་གཞིའི་ཁྱད་མཚར་གྱིས་སྒྲུང་གཏམ་གྱི་སྒྱུ་རྩལ་ལ་སྔར་མེད་ཀྱི་གཟི་མདངས་བསྣན་པ་རེད།
             བཞི་བ།  སྒྲུང་གཏམ་དང་སྒྲུང་གཏམ་མ་ཡིན་པའི་བར་གྱི་མཐུན་སྡེབ།
  ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱིས་སྒྲུང་གཏམ་དང་སྙན་ངག ཟློས་གར་བར་གྱི་བར་གྱང་བརྟོལ་ཡོད་པ་མ་ཟད། སྲོལ་རྒྱུན་གྱི་སྒྲུང་གཏམ་དང་སྒྲུང་གཏམ་མ་ཡིན་པའི་བར་གྱི་མཚམས་ཁོངས་ལས་ཀྱང་ཐོད་བརྒལ་བྱུང་། <<མང་བྱིངས་ཀྱི་ཁོང་ཁྲོའི་མེ་ལྕེ>>ཞེས་པར་ད་དུང་གསར་འགྱུར་བརྡ་ཁྱབ་དང་སྐབས་དོན་དྲས་ཤོག གླུ་གཞས<<ནུབ་པ་མེད་པའི་སྐར་མའི་དར་ཆ>>སོགས་ཀྱང་སྨྲས་འདུག འདི་འདྲའི་ཐོད་བརྒལ་རང་བཞིན་དེ་སྒྲུང་གཏམ་འབྲིང་གྲས་དང་ཐུང་གྲས་སུ་ཡང་རིམ་པར་མཐོང་རྒྱུ་བྱུང་།
 དྷོན•ཏེ་ལི་ལཱོ་ཡི་སྒྲུང་རིང<<དཀར་བོང་བོང་གི་འཛེར་སྒྲ>>ཞེས་པར་ཚོང་ར་དང་བརྙན་འཕྲིན། ཡུལ་སྐོར། སྨན་རྫས་རིགས་ཀྱི་བརྡ་ཁྱབ་མང་པོས་མིར་གཙེས་དྲགས་པས། མི་སྣ་གཙོ་བོ་སློབ་དཔོན་ཆེན་མོ་རྗེ་ཁཱི་ཡིས་བུ་མོའི་རྨི་ལམ་དུ་ཡང་བརྙན་འཕྲིན་ནང་གི་བརྡ་ཁྱབ་དག་གཉིད་བཤད་བྱེད་ཀྱིན་པ་ཚོར་ཐུབ་ལ། རྩོམ་པ་པོས་ཚོང་རའི་བརྡ་ཁྱབ་དག་གི་སུན་གཙེར་ཁྲོད་རྗེ་ཁཱི་བཟའ་མི་གང་བོས་ཉི་མ་འཁྱོལ་ཐབས་བྱེད་ཀྱིན་པའི་འཚོ་བ་བྲིས་པ་བརྒྱུད། འཛད་སྤྱོད་རིག་གནས་རིང་ལུགས་ཀྱིས་མིའི་རྣམ་རིག་དང་འཚོ་བར་རྨ་ཁ་བཟོ་བཞིན་པའི་ཡ་ང་བའི་སྐྱོ་གར་རྗེན་པོར་བསྟན་འདུག
 ནོར་མན·མའི་ལེར་གྱི་སྒྲུང་རིང<<གཤེད་མའི་རྒྱང་གླུ>>(༡༩༧༩)ཞེས་པར་ཉེས་ཅན་ཇིར་མཱོ་དང་གཞན་བར་གྱི་སྤྲིངས་ཡིག ཁྲིམས་ཁང་གི་བདེན་དཔང་། དཔང་མིའི་ལྷུག་བཤད། རྩོམ་པ་པོས་ད་དུང་འབྲེལ་ཡོད་ཀྱི་མི་སྣ་བརྒྱ་ལྷག་ལ་བཅར་འདྲི་བྱས་པའི་ཟིན་ཐོ་བཅས་བསྡུ་སྒྲིག་མཛད་འདུག ཁོའི་གསར་འགྱུར་གསར་བ་ལྟ་བུའི་རྟོག་བཟོ་འདི་དག་འཚོ་བ་དང་ཐག་ཉེར་བཅར་ཡོད། རྩོམ་པ་པོས་མི་དངོས་དོན་དངོས་སྟེ་སྒྲུང་གཏམ་མ་ཡིན་པའི་གྲུབ་ཆ་འདི་དག་བེད་སྤྱད་ནས་ཉེས་ཅན་ཇིར་མྰོ་ཡི་བག་ཉལ་འདུ་ཤེས་དང་སྤྱི་ཚོགས་ཁོར་ཡུག་གིས་བྱིན་པའི་རུལ་བསླད་སྔོག་འདོན་བྱས་འདུག་ཅིང་། འདིས་བརྩམས་ཆོས་ཉིད་གཤེད་མ་ཇིར་མཱོ་ཡི་མི་ཚེའི་རྣམ་ཐར་བརྗོད་པའི་སྒྲུང་གཏམ་རིང་བོ་ཞིག་ཏུ་བཏང་འདུག་གོ།
 
                   ༼བྱམས་ཕྲུག་གིས་བསྒྱུར༽
 
              (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།