གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁུ་རོ་སུན་ཅིའི་སྒྲུང་ཐུང་ཁག་བཞི།

2014-12-20 12:34:39 ཁུ་རོ་སུན་ཅི། ཀློག་གྲངས། མཆན ཡོད།

              
              རྐུན་མས་བཞག་པའི་ཡི་གེ།
       
  སོར་མོས་དལ་ལྷོད་ལྷོད་ཀྱིས་སྒོ་གླེགས་ཕར་གཏད་པ་ན། གནམ་ཆུས་ཞན་པའི་སྒོ་ལུང་ནི་བག་ཆུས་མ་ལུས་ཡོངས་སུ་བྱུགས་པ་དང་འདྲ་བར། སྒྲ་ཅི་ཡང་གྲག་རྒྱུ་མ་བྱུང་།
  སྒོ་ཆེན་ནས་མདུན་སྒོའི་བར་གོམ་པ་འགའ་ལས་མེད་ལ། སྲང་འགྲམ་གློག་སྒྲོན་གྱི་འོད་ཐིག་ཁྱིམ་མཚེས་ཚང་གི་སྡོང་རྒན་གྱིས་བསྒྲིབས་པས་འདི་གར་ནག་རོག་གེར་འདུག ཁོ་ག་ལེར་ཙོག་སྟེ་ཟྭ་རྒན་འདི་འབྱེད་ཐབས་ལ་བསམ་བློ་བཏང། ཏག་ཏག་དུས་འདི་ནི་གཞན་པའི་ཁྱིམ་དུ་འཛུལ་སྐབས་ཀྱི་བློ་རྩ་ཆེས་མི་བརྟན་དུས་སྟེ། སུ་ཞིག་གིས་མིག་ཟུང་བགྲད་དེ་བལྟས་འདུག་ངེས་བསམ་ཞིང་བསམ་ན་ཁོའི་སྒལ་གཞུང་ནས་འཁྱག་རླུང་ཤུར་ཤུར་ལྡང་འོངས།
  དེ་རིང་གི་ཟྭ་རྒན་འདིའི་ཁ་གཙེ་རྐྱང་མིན་སྟེ། སྤྱིར་བཏང་ཡིན་ན་ལག་ཆ་སྤྱད་ནས་ཐེངས་འགའ་གསུར་དེ་ཤུགས་ཕུད་ཙམ་གྱིས་འབྱེད་ཐུབ་མོད། ཟྭ་རྒན་འདིར་གསུར་བ་དང་བསལ་བ་སོགས་གང་བྱེད་ཀྱང་འབྱེད་ཡོང་བའི་ལྟས་ཙམ་ཡང་མེད་རྐྱེན། དེ་ནི་དཔུང་གཤར་བའི་དམག་དཔོན་ཞིག་ལ་གདོང་གཏོད་པ་དང་འདྲ་འདུག་སྙམ་ཞིང་སེམས་པ་འཁྱག་སིབ་སིབ་ཏུ་གྱུར།
  ཁོས་ཟྭ་འདི་དང་འཐབ་རེས་འགའ་བྱས་རྗེས། གློ་བུར་ཁོང་དགོད་ཅིག་ཤོར།
  མ་གཞི་ཟྭ་འདི་གཏན་ནས་བརྒྱབ་མི་འདུག
  ཁོའི་ཚོད་དཔག་ལྟར་ན་ཁང་བདག་ཕྱིར་ལོག་མི་སྲིད་ཆེ་ལ། དེ་ཡང་ཁྱབ་མི་འདུག ཁོ་སེམས་ཆུང་གོམ་ཆུང་གིས་ནང་དུ་སོང་བ་ན་གློ་བུར་དུ་སྲ་མཁྲེགས་ཅན་གྱི་དངོས་པོ་ཞིག་གི་སྟེང་སྤོས་པ་དང་ཁོ་འགྱེལ་ལ་ཁད་དུ་བཏང་ན་ཡང་ཁོས་དབུགས་ཧལ་གྱིས་བསྡམས། ནག་རོག་རོག་གི་ཁང་བའི་ནང་སྔར་བཞིན་ལྷིང་འཇགས་སེར་འདུག
  ཁོས་གློག་སྒར་རྐང་བའི་སར་བཀར་བ་ན། མ་གཞི་སྟེང་དུ་སྤོས་སོང་བ་ནི་མཐོ་སྟེགས་ལྷམ་ནག་པོ་ཞིག་རེད་ལ། ཡ་གཅིག་སྒོའི་འགྲམ་ན་གཡུག་འདུག དེ་ཙམ་གྱིས་མི་ཚད་པར་རྡོ་གཅལ་ངོས་ཡོངས་སུ་ཕོ་མོའི་ལྷམ་གཅལ་དུ་བཀྲམ་འདུག ཁོས་འབྲོ་བའི་ཚེ་ལམ་ཡངས་པོར་ཡོང་ཆེད་ལྷམ་འདི་ཚང་མ་སྟར་གཅིག་ཏུ་བསྒྲིགས་ཙ་ན། ཏག་ཏག་མི་ཆེན་གྱི་ལྷམ་ཆ༡༣ཡོད་འདུག
  པང་གཅལ་བཏིངས་འདུག་པའི་ཁྱམས་རར་ཡང་འདྲུད་ལྷམ་ལ་ལ་ཤར་དུ་གཡུགས་འདུག་ལ་ཁ་ཤས་ནུབ་ཏུ་འཕངས་འདུག གཡས་ལོག་གཡོན་ལོག་བྱས་པ་དག་ཀྱང་འབྲོ་བའི་ཚེ་ཐོགས་མི་འགྲོ་ཆེད་ལྷམ་འཇོག་སའི་ཆ་སྒམ་སྟེང་སྟར་རིང་བོར་བསྒྲིགས།
  མལ་ཤག་ནི་དེ་ལས་ཀྱང་རྫོབ་ཏེ། ཚགས་པར་ཁ་བསྒྱངས་འདུག་པ་འགའ་མལ་ཁྲིའི་སྒང་བཀྲམ་ཞིང་། ཚ་ཐབ་སྟེང་སྤྱད་ཟིན་པའི་དཀར་ཡོལ་དང་ཐེར་མས་བཀང་འདུག་ལ། དུ་ཐལ་གསོག་གཞོང་དུ་དུ་སྣེས་བཀང་ཞིང་། ད་དུང་འབོ་ཡ་གཅིག་དང་ཀུ་ཤུ་ཟ་འཕྲོ་གཅིག ཆ་མི་ཚང་བའི་གོས་སྒྲོམ་སོགས།
  ཁོའི་བསམ་པར་དངོས་སུ་ལག་མ་འགུལ་གོང་འདི་དག་ལེགས་པོར་ཐེངས་ཤིག་བསྒྲིག་དགོས་པར་འདོད་དེ་ལག་ཞིབ་མོ་དང་ཟོར་ཡང་མོས་ལས་མགོ་བརྩམས། དཀར་བཅས་སོགས་གཡོས་ཁང་དུ་སྐྱེལ་སྐབས། ཆུ་རྫིང་དེ་ཡང་ཉོག་དྲགས་པས་བཀྲུ་བའི་མགོ་བརྩམས། དེ་མུར་གོས་འཁྲུད་ཆས་ཀྱི་སྒོ་ཕྱེས་ཏེ་སྙེས་འབོལ་དང་འབོ། རྔུལ་ལེན་སོགས་ནང་དུ་བརྫངས། འཁྲུས་གཞོང་ནང་གི་གསོག་ནས་ཅི་ཙམ་ལོན་པ་ཡང་དཔག་དཀའ་བའི་ཆུ་རྙོག་ཕྱིར་ཕུད། འབྱར་རྫས་ཀྱིས་གཡོས་འདུག་པའི་རྡོ་གཅལ་ཀྱང་བཀྲུ་བཤལ་བྱས།
  གད་བདར་བྱེད་པར་དུས་ཚོད་རིང་པོ་ཞིག་བཏང་བས་ད་ནི་རྐུ་བྱ་བའི་དུས་ཚོད་ཀྱང་ལྷག་མི་འདུག ཁོས་ཕྱིས་ནས་འོད་ཀྲིག་ཀྲིག་བྱེད་ཀྱིན་པའི་མདུག་ཅོག་སྟེང་ཁྲོ་འབར་འབར་གྱིས་ཤོག་དྲིལ་ཞིག་བཞག
  “བདག་ཡག་པོ་ཞིག་བྱ་རོགས། རྫོབ་དྲགས་པས་ངའི་རྐུ་འདོད་ཀྱི་འདུན་པ་ཡང་འཕྲོག་སོང་། རྐུན་མ་ནས།”
  ཉིན་གཉིས་པར། ཁོས་ཅི་ཡང་མ་ཡིན་ཁུལ་གྱིས་ཁྱིམ་ཚང་དེའི་སྒོ་འགྲམ་བརྒྱུད་ནས་འགྲོ་སྐབས། འཕྲིན་སྒམ་སྟེང་ཡི་གེ་འགའ་བྲིས་འདུག
  “ཁྱེད་ཀྱིས་གད་བདར་བྱེད་པར་བཀའ་དྲིན་ཞུ། རྒྱུན་ཏུ་ཡོང་བར་དགའ་བསུ་ཞུའོ།། ཆུང་མ་རྐུར་ཤོར་བའི་མི་ཞིག་གིས།”

             བདེ་སྐྱིད་ལྡན་པའི་མཚན་མོ།
 
  ནམ་གུང་དུ་ཁ་པར་གྱི་སྒྲ་གྲག་བྱུང་།
  ཁོས་ལུས་སྟོད་མྱུག་ཙམ་གྱིས་སྙེས་འགྲམ་གྱི་དུས་ཚོད་ལ་ལྟ་དུས། ཆུ་ཚོད༢དང་སྐར་མ༣༠ལོན་འདུག མུན་ནག་གི་ཁྲོད་ནས་ཨང་གྲངས་ཤར་ཡོད་པའི་ཆུ་ཚོད་གཞོང་བ་དེས་འོད་སྔོ་ཀྲིག་གེ་བ་ཞིག་འཕྲོས་འདུག
 “སྐབས་འདི་ཙམ་དུ་ད་དུང་ཡང་ཁ་པར་ཡོང་དོན་ཅི་ཡིན་ནམ”
  ཁོས་འགྲམ་གྱི་ཉལ་ཐུལ་སྟེང་ཙོག་བསྡད་པའི་ཆུང་མར་དེ་སྐབ་ལབ།
  “ངོ་མ་གསོན་པོར་འདྲེ་མཐོང་བ་རེད་འདུག” ཆུང་མ་བློ་མི་བདེ་བའི་ངང་ནས་དེ་སྐད་ལབ།
  “ང་སོང་ནས་ལེན”
  ཁོས་བཤད་ཞོར་དུ་སྟེགས་སྒྲོན་བཀར་ཙ་ན་མལ་ཤག་ཏུ་གློ་བུར་བའི་གློག་འོད་འཇམ་པོ་ཞིག་གིས་ཁྱབ། ཆུང་མའི་ཁ་གཏད་དུ་བྱིས་པས་ལུས་པོ་བཀུམ་ཏེ་མལ་ཐུལ་ནང་གཉིད་སྐྱིད་པོ་ཞིག་ལོག་འདུག ཁོ་མགྲོན་བསུ་ཁང་དུ་ཕྱིན་ཅིང་། མལ་ཤག་ལས་གསེག་ཡོང་བའི་འོད་མདངས་ཀྱི་ཁྲོད་ནས་ཁ་པར་ཡར་བླངས།
  “ཀྭ་ཡེ། ཁྱོད་ནི ××× ཡིན་ནམ།”
  ཁོར་ཁ་གྲག་ལོང་ཀྱང་མ་བྱིན་པར་ཁ་པར་ལས་མི་ཆ་མེད་ཅིག་གི་སྐད་གྲག་བྱུང་།
  “ཡིན”
  ཁོས་དངས་འདར་གློ་བུར་བ་ཞིག་རྒྱག་ཞོར་འཚུབ་ཆ་འདྲེས་མས་ལན་བཏབ།
  “དེ་ན་བཟང་གི ངས་ཁྱོད་ལ་དྲང་མོར་བཤད། ངས་ཁྱོད་ཀྱི་བྱིས་པ་བཟུང་ཡོད། ད་སྐབས་ངའི་འདི་ན་ཡོད” ཁོ་ཧོན་འཐོར་ཞིང་། ཁ་ཕྱིར་འཁོར་ཏེ་མལ་ཤག་ནང་ལྟ་ཞོར་བཤད་ཁ་པར་ལག་པས་བཏུམས་ཏེ། ཆུང་མར་བྱིས་པ་ཡོད་མེད་གསལ་བོར་ལྟ་རུ་བཅུག
  “ཁྱོད་ཀྱི་འདི་ཅི་རེད། བྱིས་པ་འདིར་གཉིད་འདུག་པ་མ་ཡིན་ནམ”
  ཆུང་མའི་ཨ་ལན་གོ་རྗེས། ཁོས་ཁ་པར་ཡར་བཏེགས་ནས།
  “ཝ་ཡེ ཁྱོད་ཀྱི་ཨང་གྲངས་ནོར་ཡོད་ས་རེད། ངེད་ཚང་གི་བྱིས་པ་ཁྱིམ་དུ་གཉིད་ལོག་འདུག”
  “ཡིན་ན་ཡང་ཁྱོད་དངོས་གནས ××× ཡིན་ནམ” ཕ་རོལ་བོས་བབ་ཆགས་པའི་སྒོ་ནས“དེ་ན་འགྲིག་འདུག གཏན་ནས་འཕྱུག་མེད། གལ་ཏེ་ཁྱོད་ཀྱིས་རང་གི་བྱིས་པར་གཅེས་བསམ་ན། སྐར་མ་གསུམ་གྱི་རྗེས་སུ་སྒོར་མོ་འཁྱེར་ཏེ་དཀྱོག་ལམ་ཟུར་གྱི་གློག་སྡོང་འགྲམ་དུ་ཤོག”
  “རང་གི་བྱིས་པར་ལོས་གཅེས། ཡིན་ན་ཡང་ཁོ་དངོས་གནས་ཁྱིམ་དུ་འདུག… …”
  “འཆལ་གཏམ་མ་བཤད། འདི་ནས་ཐག་རིང་པོ་མི་འདུག ཁྱོད་ཀྱིས་རེམ་པོར་འཇའ་སྒོར་སྟོང་ལྔ་འདིར་ཁྱེར་ནས་ཤོག ཅི་རེད། སྒོར་མོ་འདི་ཙམ་ཡང་འཁྱེར་ཡོང་མི་ཐུབ་བམ”
  “འཇའ་སྒོར་སྟོང་ལྔ་ཅང་མ་རེད……”
  ཕ་རོལ་བོས་ཁ་པར་སྒོ་གཏན་པས་སྐད་ཆའི་མཇུག་བསྡུ་ཁོམ་ཡང་མ་བྱུང་།
  ཐེ་ཚོམ་དང་ཞེ་སྡང་འགྲན་པ་བཞིན་སྐྱེས་ཞོར་ཁོས་གོས་གྱོན་ཞིང་གློ་ཁུག་ནས་འཇའ་སྒོར་ལྔ་སྟོང་ཅན་ཞིག་ལག་ཏུ་བླངས།
  “ཉེན་རྟོག་པར་གཏུག་ན་རེད” འོན་ཀྱང་ཁོས་ཆུང་མའི་སྐད་ཆར་དང་དོད་སྤུ་ཙམ་ཡང་མི་བྱ་བར།“ང་རེམ་པོར་ཕྱིར་ཡོང”ཞེས་བཤད་ཞོར་དུ་སྒོ་ཆེན་ཕྱེས།
  ཁོ་སྲང་དུ་ཐོན་ཙ་ན། དཀྱོག་ལམ་ཟུར་གྱི་གློག་སྡོང་འགྲམ་དུ་དངོས་གནས་ཡང་ཅི་བྱེད་འདི་བྱེད་མེད་པའི་མི་གཟུགས་ཐུང་ཞིག་ཡོད་པ་མཐོང་།
  “འདི་ག་རེ་བྱས་སོང་བ་རེད། ངའི་བྱིས་པ་དངོས་གནས་ཁྱིམ་དུ་གཉིད་ལོག་ཡོད།”
  བཤད་ཞོར་དུ་ཁོ་ག་ལེར་མི་དེའི་ཉེ་སར་བཅར་བ་དང་མི་དེས་ཀྱང་མགོ་བོ་དལ་མོར་ཡར་བཀྱགས།
  “རེད་དམ། དེ་ན་འགྲིག་འདུག བདེ་སྐྱིན་ལྡན་པའི་ཁྱིམ་ཚང་ཞིག་རེད་ཨང”
  “དེ་ན་ཐོག་མར……”
  “བདེ་སྐྱིད་འདི་ལྟ་བུ་འཇའ་སྒོར་སྟོང་ལྔས་ཉོ་ཐུབ་ན། གོང་ཁེ་དྲགས་པར་མི་འདོད་དམ”
  མི་དེས་ལག་པ་ཕར་བརྐྱངས་ནས་འཇའ་སྒོར་སྟོང་ལྔ་ཅན་དེ་ཕ་རོལ་བོའི་ལག་ནང་དུ་གཏད། དེ་དང་ཆབས་ཅིག་ཁོས་བརྒྱ་ལ་འཇའ་སྒོར་སྟོང་ལྔ་ཡང་གོང་ཁེ་དྲགས་སོང་བར་སྙམ།

              ཆར་གདུགས།

  གློག་སྒུལ་རླངས་འཁོར་ལས་ཕྱི་རོལ་དུ་ལྟ་དུས། ཆར་བ་ནི་དེ་དར་སྐུད་ཕྲ་མོ་ཞིག་དང་འདྲ་ནའང་། པ་སེ་བཤེར་སར་ཐོན་དུས་འབབ་ཚད་ཆེར་སོང་སྟེ་དྲག་ཆར་རང་དུ་གྱུར། ཁོས་དགའ་ཀྲོག་ཀྲོག་གིས་སྣུམ་ལམ་ཐོག་ན་འཕྱོ་ཙམ་འཕྱོ་ཙམ་བྱེད་བཞིན་པའི་དུང་མདོག་གི་ཆར་ཆུའི་མེ་ཏོག་ལ་ལྟ་བཞིན། ལས་ཀ་གྲོལ་སྐབས་གཞུང་སྒྲུབ་ཁང་གི་བུ་མོ་དེའི་ཁར་ཉན་ནས་ཆར་གདུགས་ཐོགས་ཡོང་བ་ནི་དངོས་གནས་ཤེས་རབ་དང་ལྡན་པའི་བྱ་བ་ཞིག་རེད་ཨང་སྙམ།
  འབབ་ཚིགས་ཀྱི་བྱ་འདབ་འོག་ཏུ་ཆར་གདུགས་བཟུང་མེད་མཁན་ཚོས་འཚང་ཁ་རྒྱག་གིན་འདུག “སྡིག་གྱོང” ཁོས་ངག་ཤུབ་བུས་དེ་སྐད་ཟེར་ཞོར་ལྟེབས་འདུག་པའི་གདུགས་བརྒྱངས།
  ཁོས་ཆར་ཞོད་ཁྲོད་གོམ་པ་སྤོས་མ་སྤོས་ཙམ་དུ། འཁང་ཉམས་ཀྱིས་གནམ་ངོར་བལྟས་འདུག་པའི་བུ་མོ་ཉམ་ཐག་པ་ཞིག་མཐོང་། མོའི་སྐྱེས་གཟུགས་མཛེས་ལ་འཕྱོར་བས་ཆར་གྱིས་བརླན་ཚེ་ཞི་མི་འགྲོའང་སྙམ།
  “གལ་ཏེ་ཆོག་ན། འུ་གཉིས་མཉམ་དུ་འགྲོ”
  ཁོས་སྐད་ཆ་འདི་བཤད་སྐབས། སེམས་ནས་གཅིག་ཏུ་ན་ཁ་ཕྱོགས་ལྡོག་འདུག་ཀྱང་མོ་སྐྱེལ་འགྲོ་བའི་སེམས་ཐག་བཅད། མོས་ཚམ་ཚོམ་ཅུང་ཙམ་བྱེད་བཞིན། ཐུགས་རྒྱལ་མ་བཞེངས་ཟེར་ཞོར་མགོ་བོ་སྒུར། མོའི་སྐད་ངག་ནི་དེ་འདྲའི་རྣར་འཇེབས་པ་ཞིག
   “ཅུང་ཙམ་ནང་དུ་གཅོར། དེ་མིན་ན་རློན་རྒྱུ་རེད”
  ཁོས་དེ་སྐད་བཤད་པ་ན། མོས་གཡས་ལག་ཡང་ཟོར་ལྡན་པའི་སྒོ་ནས་ཁོའི་གདུགས་བཟུང་འདུག་པའི་ལག་ངར་སྟེང་བཞག་པས། བདེ་འབོལ་འབོལ་གྱི་ཚོར་བ་ཞིག་གོས་ཕུར་བརྟོལ་ནས་སླེབས་པས་ཁོ་ལ་སྨྲ་བསམ་བརྗོད་འདས་ཀྱི་སྐྱིད་སྣང་ཁྱད་པར་བ་ཞིག་བྱིན། མོ་འགྲོ་ས་དེ་ཁོའི་ཁྱིམ་ལས་ཀྱང་རིང་མོད། ཁོས་ང་ཡང་ས་དེར་འགྲོ་དགོས་ཞེས་ལན་བཏབ།
  ཆུང་མ་འཚུབ་ལོང་ལོང་གིས་གདུགས་ནག་པོ་ཞིག་ཕུབ་སྟེ་སྔོན་ནས་ཐོན།
  “ད་མ་འགྲིག”དེ་ལྟར་བསམ་ཞོར་གདུགས་གསེག་ཏུ་བཅུག་ནས་ཁོ་དང་བུ་མོ་དེ་གཉིས་ཀྱི་ལུས་གཡོགས་ཤིང་། ཆུང་མ་དང་དཔུང་བ་འདྲུད་བཞིན་གྱེས།
  གལ་ཏེ་མོ་ང་བསུ་རུ་ཡོང་བ་ཡིན་ཚེ་དངོས་གནས་སེམས་ནས་བདེ་མོ་ཞིག་མ་རེད་སྙམ་དུས། ཁོའི་འཁྲིག་མའི་སྟེང་གི་བདེ་སྣང་གིས་སེམས་མི་སྐྱིད་པའི་རྒྱུ་ཡོད་ཚད་ཡང་བསིལ་རླུང་གིས་འཇག་རྩྭ་སྒུལ་བ་ལྟར་སྤུར།
  བུ་མོའི་ལག་པ་ལྷོད་མི་ཡོང་ཆེད་ཁོས་ལག་ངར་དམ་པོར་ལུས་ལ་སྦྱར། བུ་མོ་དེས་ཀྱང་ཁོའི་གྲུ་ཁུགས་ཤེད་ཀྱིས་འཐམས། ཁོས་མགོ་བོ་བཀྱགས་ཏེ་ལན་བུའི་དྲི་ངད་སྣོམ་པར་བརྩམས་པ་ན། མོས་ཀྱང་མགོ་བོ་ཁོའི་ཕྲག་ཁར་བསྙེས།
  “ཨ་ཙི། མ་འགྲིག ངས་དངོས་པོ་ཞིག་བརྗེད་འདུག”
  མོས་གློ་བུར་ཁོའི་ལག་ངར་ནས་བཟུང་། མ་གཞི་མོས་ཤོག་ཁུག་ཅིག་འབབ་ཚིགས་ཀྱི་རྐུབ་སྟེགས་སྟེང་ནས་བརྗེད་སོང་། མཉམ་འདུག་གི་དུས་ཚོད་ཅི་ཙམ་རིང་ན་དེ་ལས་བཟང་བར་འདོད་དེ། ཁོས་འགྲོ་ཟེར་ཞིང་ཁ་ཕྱིར་འཁོར་ཏེ་མེ་འཁོར་འབབ་ཚིགས་ཕྱོགས་སུ་གོམ་སྟབས་བསྒྱུར།
  ཁོས་གསེག་འདུག་པའི་གདུགས་འོག་ནས་གཟབ་གཟབ་སྒོས་མདུན་ཐད་དུ་བལྟས་ནས་སོང་། ལམ་སྐེད་ཙམ་དུ་སླེབས་དུས། གདུགས་ནག་ཅིག་གི་འོག་ཏུ་མི་གཉིས་སྒོང་སྒོང་ནས་ཁ་གཏད་དུ་ཡོང་གིན་འདུག ཁོས་གདུགས་འོག་གི་བུ་མོ་དེས་འགྱིག་དཀར་པོའི་ལྷམ་ཞིག་གྱོན་འདུག་པ་ཤེས།
  གདུགས་གཉིས་འཕྲད་མ་དབུར་གྱིས་སོ་སོར་གྱེས། གདུགས་ནག་ཕར་ཡོལ་ཙ་ན། ཁོས་ཁ་ཕྱིར་དཀྱོགས་ཏེ་ལྟ་དུས་གདུགས་འོག་གི་བུ་མོ་དེའི་མགོ་བོ་མི་དེའི་ཕྲག་པར་བསྙེས་འདུག རྒྱབ་གཟུགས་ལས་ཁོས་བུ་མོ་དེ་རང་གི་ཆུང་མ་ཡིན་པར་སེམས་ཐག་བཅད་ཅིང་། གློ་བུར་གོམ་མཚམས་བཞག
  “ག་རེ་བྱས་སོང”མོས་དེ་ལྟར་དྲིས།
  “ལྷམ་ནང་ཆུ་བླུགས་སོང”
  ཁོའི་ལྷམ་ཏག་ཏག་ཕྱི་ནང་མེད་པར་བརླན་འདུག ད་ནི་ཁ་ཕྱོགས་གང་སར་འགྲོ་དགོས་པའང་མི་ཤེས་པར་གྱུར། རྒྱང་དུ་ཡལ་བའི་གདུགས་ནག་འོག་ནས་དུང་མདོག་གི་བཞིན་རས་སྒོར་མོ་ཞིག་ཕྱིར་འཁོར་ཏེ་འདི་གར་དལ་བུས་བསྐྱོད།

              བདེ་སྐྱིད་ལྡན་པའི་སྐྱེས་སྐར།

  “ལྟོས། མི་ཞིག་གིས་ཁྱོད་ལ་ལག་སྐྱེས་བཏེགས་ཡོང་འདུག”
  སྒོའི་ཕྱིར་ཁོ་རང་བསུ་རུ་ཡོང་བའི་ཆུང་མས“ཁྱོད་བུད་ཡོང་ངམ”མ་ལབ་གོང་གློ་བུར་དུ་སྐད་ཆ་དེ་འདྲ་ཞིག་སྒོར་ཕྱུངས། ཁོས་སྐེད་པ་སྒུར་དེ་ལྷམ་ཕུད་པ་དང་ལྟ་ཕྱོགས་ཤིག་གིས་ལྷམ་འཇོག་སའི་སྒྲོམ་ནང་དུ་མེ་ཏོག་ཚོམ་ཅིག་ཡོད་པ་མཐོང་།
  “ཨོ།  མེ་ཏོག་འདི་མཛེས་པ་ལའང་། ཕལ་ཆེར་ཡཱང་ལན་ཡིན་པ་འདྲ། གང་ནས་ཐོན་འོངས་པ་རེད།”
  ཁོས་དེ་སྐད་ལན་འདེབས་ཞོར་ད་ནི་ལྟས་ལེགས་མ་སོང་སྙམ།
  “མ་ཤེས། ང་ཕྱི་རོལ་དུ་ཆས་ཤུལ་ནས་མེ་ཏོག་ཚོང་ཁང་གིས་བསྐྱལ་ཡོང་བ་རེད། ང་མེད་པས་ཁྱིམ་མཚེས་ཚང་དུ་བཅོལ་འདུག”
  ཆུང་མའི་མིག་མདངས་ལ་བྱོལ་བཞིན་ཁོས་མེ་ཏོག་དེར་ཞིབ་ལྟ་བྱས། སྨྱུག་ཕྲན་ཞིག་གིས་སྐྱོར་མ་བརྒྱབ་པའི་གཞུང་རྟ་མཉེན་ལྕུག་ལྡན་པ་དེའི་སྟེང་ན་མེ་ཏོག་གློ་ཁ་གསུམ་བཞད་འདུག་ལ། ལོགས་ཀྱི་གཞུང་རྟ་དེའི་མགོ་ན་རྒྱགས་དུད་དུད་ཀྱི་མེ་ཏོག་གི་གང་བུ་གློ་སྐྱ་གཉིས་བསྣར་འདུག འདབ་ལོ་སྐམ་པོ་འགའ་ལྗིད་ཏིག་གེར་གཞོང་བའི་མཐར་བབས་ཡོད་པས་བལྟས་ཚོད་ཀྱིས་མེ་ཏོག་ཧྲིལ་བོ་དམར་རྗེན་རྗེན་དུ་མཐོང་།
  “ཟུར་ན་བྱང་བུ་ཞིག་ཀྱང་འདུག”
  ཆུང་མས་དེ་ལྟར་ཟེར་ཞོར་བྱང་བུ་བླངས། སྟེང་དུ“ཁྱོད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ། ང་སྔར་བཞིན་ཁྱོད་ལ་དུངས”ཞེས་བྲིས་འདུག  གདོང་གི་འགྱུར་བ་ཆུང་མས་མཐོང་མི་ཡོང་ཆེད་ཁོས་ལྷམ་ཡོད་སར་ཁ་གཏད་ནས་བསྡད།
   “འདི་སུས་སྐྱེལ་ཡོང་བ་རེད”
  “ཨ་ཁ། ངས་ཀྱང་དྲན་མི་འདུག”
  “དེ་ན་མཚར་བ་ལ”
  ཁོ་རང་ཐང་དུ་ཙོག་འདུག་ཅིང་། ཆུང་མས་ཐག་ཐག་གི་གོམ་སྒྲ་གཡོས་ཁང་ཕྱོགས་སུ་བསྒྱུར།
  ལྟས་ངན་འདིས་ངའི་སྡུག་གཏན་ནས་ཚོར་མི་འདུག་སྙམ་ཞིང་ཁོང་ཁྲོའི་མེ་ལྕེ་ཞིག་ཁོའི་སྙིང་གར་དྲག་ཏུ་འཕྱུར།
  ཆུང་མས་རྒུན་ཆང་དམ་བེ་གང་ཁ་འབྱེད་ཞོར་ཁོའི་སྐྱེས་སྐར་ལ་སྐྱེམས་ཆང་བཏེགས། བྱིས་པ་གཉིད་ཁུགས་སུ་བཅུག་རྗེས། ཁོ་རང་གཉིས་མལ་ཁང་ནང་ཁ་གཏད་དུ་ཙོག་ཅིང་། གང་ནས་འཕུར་ཡོང་བ་མི་ཤེས་པའི་མེ་ཏོག་རྫ་བུམ་དེས་གྲང་ལ་གྲིམ་པའི་མཁའ་དབུགས་ཤིག་འདི་གར་སྐྱིལ་འདུག་པས་ཁོ་ཆུང་མའི་མིག་མདངས་ལ་གཞའ་དགོས་པ་ཞིག་ཏུ་བཏང་།
  “འདི་ལྟར་བསྡད་ན་དངོས་གནས་མི་བདེ་བ་འདུག ཁྱོས་འདང་རྒྱོབས་དང་ཅི་ཡང་དྲན་མི་ཡོང་ངམ”
  ཆུང་མས་རྟིང་འདྲི་བྱས་པས། ཁོས་ཀྱང་ཚིག་སྔ་གཞུག་མཐུད་བཞིན“རོགས་ལོ་སྔོན་མ་དེས་བསྐྱལ་ཡོང་བ་ཡིན་ལོས་ཆེ”ཞེས་ངག་འདར་འདར་གྱིས་བཤད།
  “རོགས་ལོ་སུ། ངས་སྔོན་ཆད་མ་ཐོས་པ་ཅི་རེད”
  ཆུང་མའི་གདོང་བ་གློ་བུར་ཁོའི་སར་དཀྱོགས།
  “ཁྱོད་མ་འཚབ། ཁྱོད་ཀྱིས་དྲན་པའི་འབྲེལ་བ་དེ་འདྲ་ཞིག་གཏན་ནས་མིན།”
  “ངས་ཇི་ལྟར་དྲན་པ་ཁྱོད་ཀྱིས་ཤེས་སམ”
   ཆུང་མའི་མིག་མཐའ་མཆི་མས་བཟུང་འདུག་པ་ཚོར་རྗེས། ཁོ་གློ་བུར་ཅི་བྱ་གཏོལ་མེད་དང་གང་བྱེད་འདི་བྱེད་མེད་པར་གྱུར་ཅིང་། ད་མ་འགྲིག སྔོན་ནས་གསང་བསྡད་པས་མ་འགྲིག ཚང་མ་མེ་ཏོག་ཚོམ་བུ་དེས་དྲངས་ཡོང་བའི་ཆག་སྒོ་དང་གོ་འཛོལ་རེད། ངས་ད་མར་འཕེན་འཇོག་སྙམ་ཞིང་། དལ་བྲེལ་མེད་པར་ཡང་ལངས་གྲབས་བྱེད་བཞིན་པའི་སྒང་། མིག་མཐར་མཆི་མ་གོ་རོ་རོར་འཁྱིལ་འདུག་པའི་ཆུང་མས་ངག་གཉོམ་པོས།
  “ངས་ཀུ་རེ་རྩེད་པ་མིན། ཁྱོད་ཀྱིས་ངའི་ཡིག་གཟུགས་ཀྱང་གཏན་ནས་ངོས་ཟིན་གྱིན་མི་འདུག… …”

བྱམས་ཕྲུག་གིས་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།