གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མ་མི་མིན་མེད།

2015-03-09 10:48:32 བྱམས་ཕྲུག ཀློག་གྲངས། མཆན ཡོད།

 

ང་མ་ཡིན
ཁྱོད་ཀྱི་ཁང་མིག་ཏུ་འཕྱན་གྱིན་པའི་ཉི་རྡུལ་དེ་ཚོ
སྐག་འདུག་པའི་ལྷིང་འཇགས་དེ་དག་ཀྱང
ང་མ་ཡིན
གཡོན་ལག་ཕར་བསྙབས་པས་མེ་ཐབ་ལ་ཐོགས་ཤིང
དཀྱིལ་མཛུབ་ཚ་བེར་བེར་བཏང་སོང་བ་དེ་ང་མིན་ལ
གཡས་རྐང་མདུན་དུ་བསྲིངས་པས་ཚ་དེམ་ལ་བརྡེགས་ཤིང
ཤེལ་ལེབ་སིལ་དི་རེར་ཆག་སོང་བ་དེ་ཡང་ང་མིན

ཁྱོད་ཀྱིས་ཐ་སྙད་འདི་ཚོར་ངའི་སྐོར་རྩར་བཅད་ཀྱང
གཡས་ཉལ་གཡོན་ལོག་གིས་འགྲེ་ལྡོག་རྒྱག་རྒྱུ་ལས་ཁ་ཡ་བྱེད་མི་སྲིད
དཔེ་དེབ་ཀྱི་སྒོ་གླེགས་འདི་ཟད་རག་བར་བརྡུངས་ཀྱང
སུ་ཡིན་ཞེས་ཤོད་མཁན་ཞིག་སྒོར་འབུད་མི་སྲིད་པས
ཁྱོད་ཀྱིས་དམིགས་རྩེ་གཞན་ཞིག་ལ་གཏོད་ངེས

གློག་སྒྲོན་སྟེང་གི་གྲིབ་མའི་ལྟེབས་ཁུག
ཁང་མིག་གི་གྲུ་ལོགས་རེ་རེའི་སྡོམ་ཚང
རྐུབ་སྟེགས་ཞབས་ཀྱི་རྡུལ་ཕྲའི་བང་རིམ
ཁྱོད་ཀྱིས་དེ་དག་ཕྱི་བསློག་ནང་བསློག་བྱས་ཏེ
ངའི་རུས་མིང་གིས་ཡང་ཡང་འབོད་ངེས

མགོ་བོ་མྱུག་ཙམ་མྱུག་ཙམ་གྱིས་སྐར་ཁུང་ལ་བལྟ་སྲིད་ཅིང
ནམ་མཁའ་སྔོན་པོ་དེ་ང་རེད་བསམ་ན་ཡང་ང་ནི་ག་ལ་ཡིན
སྐབས་འདིར་ཁྲག་རྩ་གཏར་བཞིན
ཁྱོད་ཀྱིས་སྙིང་སྒོར་འདོན་ངེས
དེ་ནི་ང་ཡིན་ཤག་གིས་ཚིག་ཐག་བཅད་ན་ཡང་ང་ནི་ག་ལ་ཡིན

གྲོགས་པོ
ངས་ཁྱོད་ཀྱི་བརྩོན་འགྲུས་མིག་གིས་མཐོང་ཞིང
བརྩེ་སེམས་དག་སེམས་ཀྱིས་མྱོང་ཐུབ་ན་ཡང
ང་ནི་ཁྱོད་ཀྱི་ཁང་མིག་ཏུ་གཅར་ཐབས་མི་འདུག

རྨི་ལམ་ཐེངས་དེའི་ཁྲོད་ང་རང་གྲོག་སྦུར་ཞིག་ཏུ་གྱུར་ཚར

2012  3  15 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།