གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀུའུ་ཁྲིན་གྱི་སྙན་ངག་འགའ།

2016-01-18 15:59:45 བྱམས་ཕྲུག ཀློག་གྲངས། མཆན ཡོད།


                 ཟླ་བ་དང་སྐར་མའི་ཡོང་ཁུངས།

ཡལ་གས་བར་སྣང་གཙབ་ཧྲལ་བྱ་འདོད་ན་ཡང
ཁུང་བུ་ཆུང་ངུ་འགའ་ལས་དབྲལ་ཐུབ་མ་སོང
དེ་ལས་སྟོང་ཁམས་ཀྱི་འོད་ཐིག་རེ་ཟགས་ཡོང
མི་ཚོས་དེ་ལ་ཟླ་བ་དང་སྐར་མར་འབོད

                  དུད་ཁུང་།

དུད་ཁུང་ནི་བདེ་ཐང་དུ་ཡར་འགྲེངས་པའི་གྱད་མི་ཞིག་དང་འདྲ་བོ་འདུག
སྒྲོན་ཞུས་ཁེངས་པའི་ས་གཞིར་བཙའ་བཞིན
དུད་རྩ་ཡང་ཡང་རྔུབ་ཏེ
སུས་ཀྱང་རྟོགས་མི་སྲིད་པའི་དོན་ཞིག་ལ་མནོ་བསམ་བགྱི
མིང་མེད་པའི་མེ་ཏོག་ཆུང་ཆུང་།

 རྩྭ་ལྡུམ་དག
བོར་ཟིན་པའི་སྒྲོག་གུ་རེ་རེ་དང་འདྲ་བར
ལམ་འགྲམ་དུ་ཐོར་རེ་བར་བཀྲམ
དེ་ལ་ལུག་མིག་མེ་ཏོག་ལྟར་གྱི་གསེར་མདོག་གི་སྐྲ་ལོ་འཇིལ་ལི་བ་མེད་ལ
ཤིང་པད་མའི་ཡིད་འཕྲོག་པའི་བྱད་བཞིན་ཀྱང་མེད

 དེ་ལ
དྲི་བསུང་བག་ཙམ་དཔྱིད་ཀ་དྲོན་མོར་བསྟིམས་ཀྱིན་པའི་མེ་ཏོག་ཆུང་ངུ་དང
རིད་ཅིང་གཉོམ་དུང་ངེའི་འདབ་མ་ཁར་ཁེར་ལས་ཅི་ཡང་མེད

 ངའི་སྙན་ངག་ཀྱང་མིང་མེད་པའི་མེ་ཏོག་ཆུང་ཆུང་འདི་དང་འདྲ་སྟེ
དུས་ཀྱི་ཆར་རླུང་ཁྲོད
ཁ་ཁུ་སིམ་མེའི་མི་ཡུལ་དུ  བག་ཆུང་ངུས་བཞད་འདུག

                    སྐད་ཆེན་པོས་སྟོང་ཁམས་ལ་འདྲི་རྒྱུར།

དགུ་ཚིགས་ཀྱི་གོམ་སྟབས་བར་སྣང་དུ་ཡུན་གྱིས་བསྒྱུར
ནག་རོག་གེའི་ས་གཞིས་སྒྲ་ཅི་ཡང་འཁྲོལ་མ་སོང
སྐར་ཚོགས་ཀྱིས་མིག་ཟུང་རྡེབ་ཙམ་རྡེབ་ཙམ་བྱས
སུ་ཞིག་ལ་ཅི་ཞིག་སྨྲ་འདོད་པའམ་འདྲི་འདོད་པ་བཞིན

ཀྱེ
གླང་རྫིས་སྐྱོ་ངག་དབྱངས་སུ་བཀུག
ཐགས་མོའི་མིག་ཆུ་གཙང་བོར་གྲུབ
ཨ་མ་ཕྱིར་མི་ལོག་པ་ཅིའི་ཕྱིར   ཅིའི་ཕྱིར
ངས་སྐད་ཆེན་པོས་སྟོང་ཁམས་ལ་འདི་ལྟར་འདྲི་འདོད

ཀྱེ
ཟླ་བ་ནི་བར་སྣང་དུ་བཀལ་བའི་མེ་ལོང་འོད་པོ་ཆེ་བཞིན
འགུལ་ཙམ་འགུལ་ཙམ་གྱིས
སྐབས་རེར་འགྲོ་ལ་སྐབས་རེར་སྡོད
ངས་མེ་ལོང་ལས་ཨ་མའི་གཟུགས་བརྙན་མཐོང་སོང་བ་འདྲ་སྟེ
སྒྲོན་འོག་ཏུ་མོས་ང་ལ་འཕྲིན་ཡིན་འབྲི་བཞིན་འདུག … …

                             གལ་ཏེ།

གལ་ཏེ
ཅོང་བརྡ་གྲག་སོང་ན
བྱ་སྤུས་ང་རང་དུར་དུ་སྦ་རོགས
ངས་མཚན་སྨག་གི་ཀློང་ནས་གཤོག་པ་ཆ་གཅིག་བསྒྲིགས་ཏེ
ཞེ་འཁྲེང་སའི་མེས་རྒྱལ་གྱི་བར་སྣང་དུ
མུ་མཐུད་དུ་གཤོག་འགྱུར་བྱ་འདོད

                            སྐར་ཆེམ།

སྟོང་ཁམས་ཀྱི་སྙིང་ཁར  སྐར་ཆེམ་ཞིག་འབར་མྱོང
བཀྲག་མདངས་ཀྱི་མེ་འོད་ལས  མེ་སྟག་གི་ཚ་ཚ་སྤྲོས
དེ་ཚོ་འཕུར་ཞིང་འཕྲོས་བཞིན  སྐར་ཚོམ་མང་པོར་མེ་ཁ་གསོས

 ཚོམ་བུ་ཐ་མ་དེ་འདབ་མ་བར་སྣང་དུ་གཡེང་བ་བཞིན་འབར་ནས་ཚར
ཡིན་ན་ཡང
འོད་ཟེར་མ་ཞི་ལ་མུན་ནག་གི་རྔམ་སེམས་ཀྱང་ཞལ་བར་བྱས
འབར་བཞིན་པའི་དགུ་ཚིགས་སྟོང་ཕྲག་གིས་ཁོའི་ཚེ་སྲོག་གི་མུ་བསྐྱངས

                        ཨན་དྷེར་སེན་ལ།1

གསེར་མདོག་གི་བྱེ་ཟགས་ཀྱིས
ཁྱོད་ཀྱི་བྱིས་སྒྲུང་དེད་ཅིང་བསྣུབས
ད་དུང་ངའི་ཤེས་མེད་ཀྱི་དགོད་ཁ་དང་མིག་ཆུ
འོན་ཀྱང
དེ་དག་ཡོད་ཚད་ནི་ས་བོན་རྡོག་གཅིག་སྟེ
དུར་དུ་སྦས་རྗེས་གསོན་ཤུགས་ཀྱིས་བརྟས་ཡོང་བར་ང་ལ་ཡིད་ཆེས་ཡོད

ང་ཕྱིར་ཐོན་དུས
སྨིན་མ་དང་སྐྲ་ལོ་ཁ་བས་གཡོགས་ཤིང
བྱེ་ཐང་ཀྱང་ལྗང་ནེམ་ནེམ་གྱི་འཇིག་རྟེན་ཞིག་ཏུ་གྲུབ་འདུག
མེ་ཏོག་དང་ཟིལ་བའི་ཧྲག་བར་ནས
ངས་རྐང་མལ་ཐེངས་ཤིག་གསོས་ཏེ
བྱིས་དུས་བོར་སོང་བའི་བརྩེ་བ་དག་ཡང་བསྐྱར་བཙལ་ཡོང

                    སྐྱེས་སྐར།

སྐྱེས་སྐར་གྱི་རྐྱེན་པས
ང་ལ་མདོག་ལྡན་དངུལ་ཁུག་ཅིག་བསྟབས་བྱུང
ང་ལ་དོང་ཙེ་མེད
གཅིག་ཏུ་ན་བྲོ་མེད་དོང་ཙེ་སིལ་མ་དེ་ཚོར་དགའ་བོ་མེད
ང་རང་གཏོས་ཆེ་བའི་ས་འབུར་དེའི་གམ་དུ་བརྒྱུགས་ནས
ང་ལ་དགའ་བའི་མེ་ཏོག་དེ་ཚོར་ལྟ་བཞིན
ང་ལ་མཛོད་ཁང་ཞིག་ཡོད
སོན་འབྲུ་ཉར་བྱེད་དུ་སྤྱོད་ཆོག་ཅེས་བཤད

དངུལ་ཁུག་ཏག་ཏག་སོན་འབྲུ་ཡིས་གཏམས་བྱུང

ལ་ལ་མིག་ཟུང་མཚར་བོ་ཞིག་དང་འདྲ་བར
ནག་ཀྲིག་གེར  ནག་ཀྲིག་གེར་བྱས
ངས་ད་དུང
སྐྲག་མི་དགོས  ངས་ཁྱོད་ཚོ་འཁྱེར་ནས་དཔྱིད་ཀའི་ཁྱིམ་དུ་འགྲོ
དེ་ག་ནས་ཁྱོད་ཚོ་ལ་ལྗང་མདོག་གི་སྟོད་གོས་ཤིག་དང
མེ་ཏོག་གིས་བརྒྱན་པའི་རས་ཞྭ་ཞིག་ཐོབ་ཐུབ་ཅེས་བཤད

ང་ལ་དངུལ་ཁུག་ཆུང་ཆུང་ཞིག་ཡོད
ང་ལ་དོང་ཙེ་མི་དགོས
མྱུ་གུ་འབུས་མི་ཤེས་པའི་དོང་ཙེ་སིལ་མ་དེ་ཚོ་མི་དགོས
སོན་འབྲུ་ཆུང་ཆུང་གིས་གཏམས་འདུག་པ་དེ་ཁོ་ན་ལས་མི་དགོས
ངས་ནི་ཁོ་ཚོའི་སྐྱེས་སྐར་ཤེས་དགོས

                        ང་ནི་ས་སྲོད་ཀྱི་བུ་ཕྲུག་ཡིན།

ང་ནི་ས་སྲོད་ཀྱི་བུ་ཕྲུག་ཡིན
སེར་ལམ་ལམ་གྱི་གནམ་ཡོལ་འོག་སད་ཅིང
སྐྱོ་འཛུམ་སྟོན་ལ་དགའ་ཀྲོག་ཀྲོག་གིས་ཆོ་ངེ་བཏོན
མཚན་མོས་གོང་བའི་འདབ་ཁ་དམའ་ཙམ་བྱས

ང་གཡོ་བཙོང་ཐེབས་སོང
ལན་གྲངས་ཅི་ཙམ་བཙོང་བ་སུ་ལ་ཡང་གསལ་ཆ་མེད
ཟླ་བ་ཁོ་ན་འཚེམ་བར་ནས་མར་འགྲིལ་ཏེ་ཁྲག་རྒྱུན་ཀྱང་ཁེགས་པར་བྱས
དེ་ནི་དོང་ཙེ་རྫུན་མ་ཞིག་ཡིན་ནམ

འདམ་བག་ལྟར་འཇམ་པའི་ལྤགས་མདོག་གིས
ངའི་སེམས་པ་དང་མིང་བྱང་བསྣུབས
སྒྲ་སྒྲོག་ལ་སྨོན་པའི་ངའི་རྣམ་ཤེས་ཉིད
རྟ་ལྕག་ཁོ་ནས་ཞིང་ཚིགས་རེ་རེ་ལྟར་བསློག་ཡོང་ངེས

བརླན་པར་བྱས་ལ་ཡང་སྐེམ་པར་བྱས
གྲོག་རོང་དྲན་པའི་ཁྲོད་རྒྱང་དུ་བསྲིངས
འོན་ཀྱང་གཡོར་གྲུས་ང་རང་རྒྱང་དུ་འཁྱེར་བར་རྩོམ
རླུང་གཡབ་གཟུགས་ཀྱི་བྱེ་མའི་གླིང་ཕྲན་དུ

མཚོ་མོས་འགྲམ་སོ་འཐོར་བའི་རླུང་ཡོར་སྤྱད་དེ
དཀར་ལ་འཇིལ་བའི་རླབས་ཀྱི་སྐྲ་ལོ་ཡང་ཡང་ཤད
ང་རང་གནམ་གྱི་ཁྲི་མུན་དུ་འཇུག་ཕྱིར
སྤྲིན་ནག་གིས་ལྕགས་སྒྲོག་བསྡོམས་ལ་བྲེལ་ཅིང་འཚུབ

དེ་ལྟར་ན་ཡང་ང་ནི་མཚན་མོར་དབང་སྟེ
བྲན་གཡོག་དང་སྒེར་ལ་དབང་བའི་རྒྱུ་ནོར་ཡིན
སོ་ཐམས་ཅད་སོའི་གདན་ལ་སྲ་ཚུགས་ཀྱིས་དབང་བ་བཞིན
ང་ཡང་བགྲུས་ཁང་དུ་ག་ལེར་ཁྲིད

ངས་དུས་ཚོད་སྒུལ་ཅིང་བསྐོར
གྲིབ་རིས་མག་མོག་ཁྲོད་མེ་ལྕེ་གཅིར་ཏེ་མནན
དེ་ཙ་ན་སའི་གོ་ལ་ཡང་མགོ་ཡོམ་འཁོར་ཏེ
དབྱངས་ཆ་མེད་ཅིག་གིས《དམ་པའི་གསུང་རབ》གྱེར་མགོ་བརྩམས

རྡོ་བ་ལྗང་གུར་བརྐོས་པའི་སྒེའུ་ཁུང་ཚོགས
བསྐྱར་མར་སོང་བར་ཤར་གཅིག་ཏུ་དྲིལ
ལམ་ཁ་ནོར་བའི་སྲིན་འབུ་མེ་འཁྱེར་ཡིན་ནམ
ངའི་མིག་ཆུར་མེ་ཁ་གསོ་མཁན་དེ

འདི་ནི་སྐར་མ་འོད་ཆེན་གྱི་མིག་འོད་རེད
དངུལ་གྱི་སོར་གདུབ་ཅིག་ལྟར་གྲུ་མོ་བཀུག
ངའི་ལྗིད་ཏིག་ཏིག་གི་མིག་ཡོལ་གཞི་ནས་ཡར་འཕགས་བྱུང
འོན་ཀྱང་མོའི་སྐྱ་མདོག་གི་མིག་སྐྱིབས་མར་འབུབ་མགོ་བརྩམས

ང་ནི་ས་སྲོད་ཀྱི་བུ་ཕྲུག་ཡིན
ཤར་གྱི་སྐྱ་རེངས་བུ་མོར་དུངས་ཀ་ཆགས་ཀྱང
ལྟ་ཙམ་ལས་བརྩེ་བ་སྒྲོན་ཐབས་མེད་དེ
མཚན་སྨག་གི་མལ་ཁྲི་ཆེན་པོ་ཞིག་བར་དུ་གནས་པས་སོ


བྱམས་ཕྲུག་གིས་༢༠༡༡ལོའི་ཡར་མར་བསྒྱུར།


1. ཏེན་མག་རྒྱལ་ཁབ་ཀྱི་བྱིས་སྒྲུང་རྩོམ་པ་པོ་ཞིག  (1805-1875) བརྩམས་ཆོས་ལ་《གོང་མའི་ན་བཟའ་གསར་བ་》དང་《འབར་ཞུན་འཚོང་བའི་བུ་མོ་》སོགས་ཡོད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།