གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྦྲང་ཆར་རྩོམ་རིག་བྱ་དགའ། ཚིག་དྲུག ། བསམ་བློ་བཅུ་གཉིས།

2018-04-15 13:12:54 བྱམས་ཕྲུག ཀློག་གྲངས། མཆན ཡོད།

         ལག་རྩལ་དང་འབྲེལ་བའི་ཆ་འཕྲིན་གསར་འབྱེད་ཀྱི་རིག་པའི་ཐད་ནས་ང་ཚོའི་བསམ་པ་རྩིངས་ལ་སྤྱོད་པ་རགས་པས། གང་ཡིན་ཡང་ཞིབ་ཆ་དང་མ་ལག་འཐུས་ཚང་གི་རྣམ་པ་ཞིག་ཏུ་ཡོང་གི་མེད་པ་འདིས་རྒྱུན་པར་བྲེད་ཤ་སློང་ཡོང་ན་ཡང་། གནས་སྐབས་ཙམ་ལ་ཐབས་མེད་པ་འདྲ་སྟེ། ང་ཚོ་གཞར་ཡང་ཞིབ་ཆ་དང་ལས་ཆུང་ངུའི་རིགས། དྲ་རྒྱ་དང་དབང་ཤུགས། ཐོབ་ཐང་དང་འདུ་ཤེས་འཛིན་སྟངས། བདག་དབང་དང་དུས་བསྟུན་སོགས་དེང་གི་རིག་པའི་ཁོ་ལག་ཏུ་གྱུར་པ་དག་ལ་ནི་བློ་མི་འཇུག་པས་ད་རུང་ལོ་མང་པོའི་རིང་ལ་ཡག་པོ་ཞིག་ཡོང་རྒྱུ་མིན་པ་འདྲ་འདུག །

        ཉེ་བའི་ཆར། དྲ་བའི་སྒང་དུ་ཤར་རེར་རྒྱུག་གིན་པའི་སྐབས་དགུ་པའི་སྦྲང་ཆར་རྩོམ་རིག་བྱ་དགར་འདེམས་ཤོག་འཕེན་པའི་བྱེད་སྒོ་འདི་ཡང་དེ་ག་རང་སྟེ།  ང་ནོར་མེད་ན། འདི་ནི་ཐེངས་དང་པོར་སྦྲང་ཆར་རྩོམ་རིག་བྱ་དགའི་འདེམ་དབང་ལས་དབང་ཆ་ཆུང་ངུ་ཞིག་ཏཱ་རིན་མི་ཆེན་ཚོ་མི་དགའ་སའི དྲ་འབུ  ཚོའི་ལག་ཏུ་སྤྲད་པ་ཡིན། འདིས་ཆེས་མ་མཐའ་ཡང་སྔ་མ་དག་ནང་ལྟར་གྱི་བྱ་དགའི་རྗེས་ཀྱི་མི་ཁ་ཅུང་ཙམ་བཟློག་སྲིད་པ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལས་ཤིག་ཏུ་མཐོང་བས། སྦྲང་ཆར་ཚང་གི་ཤེས་རབ་དང་ལྡན་པའི་བྱེད་ཕྱོགས་ཤིག་ཏུ་ངོས་བཟུང་ཡོད། རེད་དེ། ད་སྔའི་གནས་ཚུལ་དག་ཏུ།  འདེམ་ཤོག་གི་རིག་པའི་གྲ་གྲུ་དག་བེད་སྤྱད་པ་འཐུས་མི་ཚང་ལ་མི་ཞིབ་པས་ན།  འདི་རྐྱེན་བྱས་ཏེ། དྲ་འབུ་ཚོས་ད་རེབ་ཀྱི་བྱ་དགའི་རྗེས་ནས་མི་ཁ་སྒྲུབ་བྱེད་དང་ལྡན་པ་ཞིག་སློང་མི་སྲིད་པའི་ངེས་པ་ཅི་ཡང་མེད་པས། སྣང་ཚུལ་འདི་ལྟ་བུ་ལ་ང་ཚོས་བརྗོད་པའི་འཇིག་རྟེན་ལྷ་རེའི་གམ་ན་འདྲེ་རེ་ཟེར་བ་དེས་མཚོན་ཚོག་སྙམ། འོན་ཏེ། དྲན་ཚུལ་ནི་འགྲིག་འདུག་པས། ངས་ནི་བསྟོད་ར་འཐེན་པ་ཡིན། རེད་དེ། ལས་འདིའི་རིགས་ལ་ལག་རྩལ་མཁོ། སྨྱན་སྟེགས་མཁོ། བདེན་པ་མཁོ་ལ་མ་ལག་རང་བཞིན་མཁོ། ལྷག་ཏུ་ཡང་སྨིན་པའི་བློ་དང་ཡངས་པའི་མིག་རྒྱ་མཁོ་བས། དེ་ལྟར་མ་ཡོང་ཚེ། མངར་བསིལ་འཇམ་ཡངས་དྭངས་གཙང་ཞིག་ཡོང་དཀའ་བས། ཐོག་མར་ཆ་རྐྱེན་འདི་དག་རང་སྟེང་ནས་ཚང་དུ་འཇུག་རྒྱུ་སྔོན་འགྲོའི་ལས་ཤིན་ཏུ་གལ་ཆེ་བ་ཞིག་མ་རེད་དམ།

       འདེམ་ཤོག་འདི་དང་འབྲེལ་ནས་མཛེས་སེས་ཁ་སང་བྲིས་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་སྔོན་འགྲོ་དྲ་ཐོག་འདེམས་ཤོག་དང་འབྲེལ་ནས་ཞུ་རྒྱུའི་སྐད་ཆ་ཚིག་དྲུག་ལ་ནི་སྙིང་རྗེ་དང་བཞད་གད། མི་སྡུག་པ། དྲག་ཤུལ་གྱི་ཉམས་སོགས་ཉམས་སྣ་ཚོགས་ཀྱིས་ཁེངས་འདུག །( ཧ་ཧ་ཧུ་ཧུ། ཀྱེ་མ་ཀྱི་ཧུད། ) སྐད་ཆ་ཚིག་དྲུག་འདི་ལ་ཡང་བསྐྱར་ལྟ་དུས། ད་ལྟའི་བོད་ཀྱི་རྩོམ་རིག་གི་གནས་སྟངས་ཐད་ཀྱི་བསྡུས་གཟུགས་ལྟ་བུ་ཞིག་ཏུ་ཡང་གྱུར་འདུག་སྟེ། རྩོམ་པ་པོ་ལ་ལས་མིང་ཐོབ་རེའི་ཆེད་སྤེལ་བའི་མི་ཚངས་སྤྱོད་པ། རྩོམ་པ་པོ་དང་མཐའ་འཁོར་མི་ཚོགས་བར་གྱི་ཤ་ཁྲག་ཐད་ཀྱི་ཉེ་ས་དང་བསམ་བློའི་ཐད་ཀྱི་རིང་ས། རྩོམ་པ་པོའི་སྒྱུ་རྩལ་གྱི་འདོད་བློ་དང་དབང་ཤུགས། སྤྱི་ཚོགས་མཉམ་ཞུགས་བར་གྱི་འགལ་འབྲེལ། རྩོམ་པ་པོ་དང་རྩོམ་པ་པོ་གཞན། ཀློག་པ་པོ་དང་རྩོམ་སྒྲིག་པའི་བར་གྱི་ཕྲག་དོག་དང་སྒྱུ་རྩལ་གྱི་ཕྲ་ཕུང་ནང་དུ་སིམ་པའི་ནད་དུག །བོད་ཀྱི་དེང་རབས་རྩོམ་རིག་སྤྱི་དང་སྤྱི་ཚོགས་བར་གྱི་བར་ཐག་སོགས་རྒྱ་ཤུག་གི་ཚེར་མ་ནང་བཞིན་བསལ་ཆོག་པས་ན། རྩོམ་ཐུང་འདི་ལ་སྐར་མ་ཁ་ཤས་བེད་སྤྱད་དེ་བཀླགས་རིན་དང་ཡང་དུས་ཚོད་ཁ་ཤས་བེད་སྤྱད་དེ་འདང་རྒྱག་རིན་འདུག ། 

          དེ་དང་འབྲེལ་ནས་འདེམ་བྱའི་མིང་ཐོའི་ནང་ཡོད་པའི་རྩོམ་པ་པོ་ལ་ལས་བྱ་དགའ་ནི་དཔྱད་འདེམ་པར་དབང་བ་ལས་དྲ་ཐོག་ནས་འདི་ལྟར“ཁྱབ་སྒྲོག”བྱས་པར་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་འདུག ། དེ་ལ་འཐད་པ་མེད་དེ། རྩོམ་པ་པོས་རྩོམ་གང་བྲིས་ཚར་ནས་རྩོམ་ཡོན་བླངས་པའི་རྗེས་ནས་རྩོམ་གང་དེ་ཇི་ལྟར་འཁོར་སྐྱོན་བྱེད་མིན་དུས་དེབ་ལ་དབང་བ་རེད། གལ་ཏེ་འཁང་ར་བྱེད་རྒྱུ་ཡིན་ན། དུས་དེབ་ཚང་གིས་རྩོམ་དེ་ཡི་གེའི་གཟུགས་ཙམ་ནས་སྒྲ་སྙན་མོ་དང་གཟུགས་མཛེས་པོ།  ཡང་ན་ཤོག་བུ་ནས་གློག་རྡུལ་དང་། ཡང་ན་དཔལ་འབྱོར་གྱི་འཁོར་སྐྱོད་ཅིག ། ཡང་ན་སྒྱུ་རྩལ་གྱི་རྣམ་པ་གཞན་ལྟ་བུར་གཏོང་བའི་སྒོ་ནས་ཁྱེད་རང་གི་རྩོམ་ལ་གཤོག་པ་འཕྲོ་རིམ་འཕྲོར་མ་བཏགས་པ་དེར་འཁང་ན་འགྲིག་པ་ལས་གཞན་མེད། (ཁྱེད་རང་གི་རྩོམ་སྙན་མོ་ཞིག་འཁྱོངས་མེད་ཚེ་འདི་ལྟ་བུའི་ཞབས་ཞུ་ཡང་ཐོབ་ཐབས་མེད། )ཨ་ཁ། འདིའི་སྐོར་བཤད་དགོས་ཚེ། ཡང་རྩོམ་པ་པོ་དང་མཛད་སྤྱོད་པ། བརྩམས་ཆོས་དང་སྤྱི་ཚོགས་མ་ལག་བར་གྱི་རྙོག་དྲ་ཞིག་གི་ཁ་ཕྱེས་དགོས་འདུག་པས། ད་གནས་སྐབས་འདི་ནས་མཚམས་འཇོག ། དེ་ཙམ་བྱོས། ཇ་ཁོལ་སོང་། 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།