དགེ་ཆོས་ཡབ་སྲས་ཀྱི་སྙན་རྩོམ་སྔོན་གླེང་།

བེ་རི་འཇིགས་མེད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-01-22

           བྱུང་བ་སྤྱི་བཤད།
དུར་སར་གཟིམས་པའི་མེས་པོའི་བླ་སྲོག་ལ།།
རྣམ་ཤེས་གསོན་པོ་འཇུག་པའི་རྒྱུ་ལམ་སྟེ།།
ལུས་ཟུངས་དྭངས་མའི་ཁྲག་གི་རྒྱུ་བ་ཡིས།།
གསོན་ཤུགས་ནུས་པ་ནམ་ཡང་འཕར་གྱུར་ཅིག།
   རྩོམ་རིག་ནི་མིའི་བླ་སྲོག་ལ་ཞུགས་པའི་ཟུངས་ཁྲག་གི་དྭངས་མ་དེ་ཡིན་ཞིང་། རྒྱལ་ཁབ་དང་མི་རིགས་སུ་ཞིག་ལ་རང་རྐང་འཕེར་བའི་རྩོམ་རིག་གི་ཤེས་བྱ་མེད་ན། དེ་ནི་བླ་སྲོག་ལ་ཟུངས་ཁྲག་གི་རྒྱུ་བ་མེད་པའི་ཐོ་ཡོར་དང་མཚུངས་པས། དེ་ལ་རྣམ་ཤེས་ཀྱི་རྒྱུ་བ་འཛུལ་བའི་གསོན་ཤུགས་ནམ་ཡང་འཕར་མི་སྲིད། རང་རེ་མེས་པོ་ཚོའི་འཚོ་བའི་གསོན་ཤུགས་ལ་རྩོམ་རིག་གི་ཟུངས་ཁྲག་རྒྱུ་བ་ནི། ལོ་རྒྱུས་ཀྱི་ཀྱོག་མཚམས་རིང་བས་ལོ་ཟླ་ཞག་དུས་ཀྱི་དུས་མཚམས་འདི་ནས་ཞེས་ཁ་གསལ་གཏིང་གསལ་ཞིག་བརྗོད་པ་མི་ནུས་མོད། མི་ལོ་སྟོང་ཕྲག་དུ་མའི་སྔ་རོལ་ནས་བྱུང་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ནི་ཅིས་ཅང་ཚོད་དཔོག་ནུས། མེས་པོའི་སེམས་ཁམས་དང་ལྷན་ཅིག་ཏུ་འགྲོག་པའི་རང་བྱུང་ངག་གི་འདུ་བྱེད་ལ་སྒྱུ་རྩལ་གྱི་གསོན་ཉམས་ཞུགས་པ་ནས་གདོད་མའི་བོད་ཀྱི་རྩོམ་རིག་གི་མྱུ་གུ་འབུས་ཤིང་། མིང་གི་ཐ་སྙད་ཀྱི་གདོང་འབག་མེད་ནའང་། དོན་གྱི་རྩོམ་རིག་གི་མྱུ་གུ་འབུས་སའི་འདབ་མ་དང་ལོ་མ་གང་སར་གྱེས་པར་མ་ཟད། མགུར་གླུ་དང་། ལོ་རྒྱུས་སོགས་ཀྱི་གླེགས་བམ་བསྐྲུན་པའང་ཉུང་ཉུང་མིན། ངག་གི་འདུ་བྱེད་དང་སྒྱུ་རྩལ་གྱི་འགྱུར་ཁུག་དེ་རིགས་ལ་ཕྱིས་ཀྱི་རྩོམ་རིག་དཔྱད་བརྗོད་པ་ཚོས་ “གདོད་མའི་རྩོམ་རིག” གི་ཐ་སྙད་དང་ཆོ་ལོ་ཕུལ།
  སྤྱི་ལོའི་དུས་རབས་བདུན་པ་ནས་བཟུང་རྒྱ་ཁ་སྤུ་ཅན་གྱི་གཙུག་ལག་བོད་བསྒྱུར་གྱི་མགོ་འཛུགས་བྱས་པ་ནས། དུས་རབས་བརྒྱད་པའི་ནང་འཕགས་བོད་སྐད་གཉིས་ཤན་སྦྱར་གྱི་བརྡ་སྤྲོད་རིག་པའི་སྲོལ་རྒྱུན་གྱི་རྐང་པ་བརྟན་པོ་ཚུགས་པ་ནས། རྒྱ་གར་བའི་སེམས་ཁམས་མཚོན་པའི་ངག་གི་འདུ་བྱེད་ཀྱི་སྒྱུ་རྩལ་ཡང་མེ་དང་དྲོད་ཀྱི་དཔེ་ལྟར་ནང་ཆོས་དང་ལྷན་ཅིག་ཏུ་གངས་སུལ་དུ་སིམ་པའི་མགོ་འཛུགས་བྱས། ལྷག་པར་དུས་རབས་བཅུ་གཉིས་ནས་རྒྱ་གར་བའི་སྔོན་བྱོན་མི་ལོ་སྟོང་ཕྲག་ཡར་སྔོན་ནས་བྱུང་བའི་ངག་གི་སྒྱུ་རྩལ་ལ་གཞན་དྲིངས་མི་འཇོག་པའི་མཁས་པ་མང་པོའི་ཉམས་མྱོང་དང་ལེགས་བཤད་ཕྱོགས་བསྡོམས་བྱས་པའི་རྩོམ་རིག་གི་གཞུང་ལུགས་མེ་ལོང་མ་བོད་བསྒྱུར་བྱས་ཏེ། བོད་རང་གི་སྙན་འགྲེལ་གསར་རྩོམ་དང་འཆད་ཉན་གྱི་སྲོལ་རྒྱུན་ཚུགས། འཇམ་མགོན་ས་པཎ་ཁུ་ཚན་དང་ཤོང་དཔང་ཡབ་སྲས། ཞ་ལུ་དཔོན་སློབ་སོགས་ཀྱི་བཀའ་དྲིན་ལས་ལུས་རྒྱན་སྲོག་གསུམ་གྱི་སྒྲོམ་གཞི་ལྡན་པའི་འཕགས་ཡུལ་བའི་སྙན་ངག་གི་རྩོམ་སྲོལ་ཆེས་ཆེར་དར་བ་དེ་ལ་ཕྱིས་ཀྱི་རྩོམ་རིག་དཔྱད་བརྗོད་པ་ཚོས། “སྲོལ་རྒྱུན་སྙན་ངག” ཅེས་འདོགས་པར་བྱེད།
  དུས་རབས་ཉི་ཤུ་ལོ་རབས་བརྒྱད་ཅུའི་ནང་། ནུབ་ཕྱོགས་གྷི་རི་སི་ནས་ཨ་རབ་དང་ལན་ཊི་རིམ་པར་བརྒྱུད་དེ་དུས་རབས་བཅུ་དགུ་པའི་ནང་ངག་གི་སྒྱུ་རྩལ་གསར་པའི་གློག་འོད་གསར་དུ་མཆེད་པའི་ནུབ་ཕྱོགས་པའི་རྩོམ་རིག་གསར་པ་དཀྱིལ་ཤར་ཨི་ཤི་ཡའི་ཁོངས་ཀྱི་རྒྱ་ནག་ཏུ་དར་ཁྱབ་བྱུང་བ་ལས་བརྒྱུད་པ། བོད་ཀྱི་དུས་རབས་གཞོན་སྐྱེས་བོད་རྒྱ་སྐད་ཡིག་གཉིས་ལྡན་མི་ཉུང་བ་ཞིག་གི་ཀླད་པ་དང་སེམས་ཁམས་ལ་འཛུལ་བའི་རྩོམ་རིག་གསར་པ་ཞིག་ཀྱང་བྱུང་བ་དེ་དག་ལ། དེང་གི་དཔྱད་བརྗོད་པ་ཚོས “རང་མོས་རྩོམ་རིག” ཏུ་འདོད་པ་སྟེ། ཡབ་མེས་ཀྱི་ཞབས་རྗེས་འཁོད་པའི་གངས་སུལ་གྱི་ཞིང་ ཁམས་འདིར་སྨྲ་བ་ངག་གི་འདུ་བྱེད་ལ་སྒྱུ་རྩལ་གྱི་གསོན་ཉམས་ལྡན་པའི་རྩོམ་རིག་གི་སྙན་ངག་ལ་རིགས་མི་འདྲ་བ་གསུམ་དུ་གྱེས།
ཐོན་མི་ནས་རྔོག་ལོ་དང་། རྔོག་ལོ་ནས་ས་པཎ་བར་གྱི་རྩོམ་རིག་གི་ཁ་ཕྱོགས་དང་། ས་སཎ་ནས་ཞང་ཞུང་དང་ཞང་ཞུང་ནས་དགེ་ཆོས་བར་གྱི་རྩོམ་རིག་གི་ཁ་ཕྱོགས། དགེ་ཆོས་ནས་རག་ར་དང་། རག་ར་ནས་དེ་རིང་བར་གྱི་རྩོམ་རིག་གི་ཁ་ཕྱོགས་ཏེ། གངས་ཅན་པའི་ངག་རིག་གི་སྒྱུ་རྩལ་ལ་དབྱར་ཀའི་འཇའ་རིས་དང་སྟོན་ཀའི་གཙང་ཆུ་བཞིན། ལྟ་ན་མཛེས་ཤིང་མྱོང་ན་ཞིམ་པོའི་བྱུང་རིམ་དང་ཁྱད་ཆོས་རེ་རེ་བཞིན་གླེང་ན་མི་ཚེ་འདིས་འདང་ཐབས་མེད། དུས་རབས་ཉི་ཤུ་པའི་ནང་། འཛམ་གླིང་ཤར་ནུབ་ཀྱི་འཁྲུགས་ཆེན་དང་། ར་སྟག་དོན་རྐྱེན་གྱི་སྐྱོ་གར་ཁྲོད། གངས་ཅན་པའི་ཆོས་སྲིད་རླུང་ཁྲོད་ཀྱི་མར་མེ་དང་། སྟོན་མཇུག་གི་མེ་ཏོག་ལྟར་ཆགས་པའི་ནམ་དུས་དེར། ཆོས་རིག་སྲོལ་རྒྱུན་གྱི་བླ་སྲོག་ལ་ཟུངས་ཁྲག་གི་སྣོན་མར་འདེབས་མཁན་སྐྱེས་བུ་ཁྱད་པ་བ་ཡང་མི་ཉུང་བ་ཞིག་བྱུང་བའི་ཁྲོད་ནས། བོད་ཀྱི་རྩོམ་རིག་གི་བླ་སྲོག་ལ་ཟུངས་ཁྲག་གི་སྣོན་མ་འདེབས་མཁན་ནི་དགེ་ཆོས་ཡབ་སྲས་གསུམ་ཡིན་ཟེར་ན་ཆོག

           དགེ་ཆོས་ཡབ་སྲས་ཀྱི་ལེགས་རྩོམ་ལ་ལྟ་བ།
  དགེ་འདུན་ཆོས་འཕེལ་ནི། ཕྱི་ནང་གསར་རྙིང་ཆོས་ལུགས་ལྟ་གྲུབ་ཀུན་ལ་མཐོང་ཐོས་ཀྱི་བག་ཆགས་ཟབ་ཅིང་། རྟོག་གེ་རིག་པའི་བློ་རྩལ་རྣོ་བས་ཕྱི་ནང་གང་དུའང་མི་འཛུལ་པའི་རིག་རྒོད་ཅིག་ཀྱང་ཡིན་ལ། ནག་ཆང་འཆལ་སྤྱོད་དང་གང་དྲན་དཔྱོད་བརྗོད་ཀྱི་རང་དབང་ལ་དགའ་བའི་དུས་རབས་པ་ཞིག་ཀྱང་ཡིན། ནོར་ལྷའི་ཕོག་ཐུག་འོག་ནས་ཀླད་པའི་ཁྱད་ནོར་མང་པོ་ཞིག་མིའི་བེད་སྤྱོད་འོག་ཚུད་པའི་སྐྱོ་གར་འཁྲབ་སྟོན་པ་ཞིག་ཀྱང་ཡིན་ལ། སེམས་ཁམས་ལ་སྟངས་འཛིན་ཀྱི་ནུས་ཤུགས་མེད་པས་དག་ཞིང་དང་དམྱལ་ཁམས་འདྲ་བའི་གཞང་ཁང་དང་བཙོན་ཁང་འདྲ་མིན་ཉུལ་བའི་སྐྱེས་བུ་ཡ་མཚན་ཅན་ཞིག་ཀྱང་ཡིན། གནའ་ཤུལ་དང་ཡིག་རྒན་དུ་མའི་ཁོག་པ་བསྔོགས་ནས་མེས་པོའི་ཞབས་རྗེས་རེ་རེ་བཞིན་དེབ་ཐེར་དུ་འགོད་པའི་ལོ་རྒྱུས་སྨྲ་བ་ཞིག་ཡིན་ལ། གཞལ་བྱའི་གནས་གསུམ་ལ་གཏན་ཚིགས་གསུམ་གྱི་ཆེ་ཤེལ་འཛུགས་ནས་ཕྲ་རགས་བཟོ་དབྱིབས་ཀྱི་སྤུ་རིས་འབྱེད་པའི་བསམ་བློ་བ་ཞིག་ཀྱང་ཡིན། ལེགས་སྦྱར་དང་བོད་སྐད་སྨྲ་བའི་འབབ་སྟེགས་ལྡན་ལ་ནུབ་གླིང་མགོ་སེར་དང་ཤར་གླིང་མགོ་ནག་གཉིས་ཀའི་སྐད་ཡིག་ཤེས་པའི་ངག་གི་འདུ་བྱེད་ལྷུག་པར་གྲོལ་བའི་ལོ་ཙཱ་བ་ཞིག་ཀྱང་ཡིན། སྒྱུ་རྩལ་དང་ཚོར་བ་བརྡར་བའི་རྩོམ་པ་པོ་ཞིག་ཡིན་ལ་རྟོག་འཆར་དང་དངོས་ཡོད་འདྲེས་པའི་ངག་རྩལ་ལ་ཚིག་རྒྱན་དང་སྡེབ་སྦྱོར་ལེགས་པའི་སྙན་ངག་པ་ཞིག་ཀྱང་ཡིན། རྒྱལ་མཐའ་རིག་པས་བསྐོར་བའི་འགྲུལ་བཞུད་པ་ཞིག་ཀྱང་ཡིན་ལ་ནུབ་བོད་ལེགས་བཅོས་པའི་ངོ་ལོག་པ་ཞིག་ཀྱང་ཡིན། ཐུབ་པའི་བཅས་མཚམས་དཔྲལ་བའི་གྲྭ་ལོག་ཅིག་ཡིན་ལ། གསར་རྙིང་གང་དུའང་མི་ཐེ་བའི་ལྟ་ལོག་ཅིག་ཀྱང་ཡིན།
ཁོང་གིས་བརྩམས་པའི་ལེགས་བཤད་ནི། ཉུང་ཉུང་མིན་ལ་ཆུང་ཆུང་ནི་དེ་བས་མིན། རང་ཉིད་ཀྱི་བྱ་སྤྱོད་དང་ཡུལ་དུས་ཀྱི་གནས་བབ་འོག་ནས་གསེར་རྡོག་ལས་རིན་ཐང་ཆེ་བའི་རྩོམ་ཆོས་མང་པོ་ཞིག ཁྲ་གླག་དང་འཕྲད་པའི་བྱ་སྤུ་བཞིན་གང་སར་འཐོར་བ་རྣམས་ལས། ཕྱིས་ནས་རྙེད་སོན་བྱུང་བ་རྣམས་ཕྱོགས་བསྡུས་བྱས་པའི་དེབ་ཕྲེང་ཡང་། རྒྱལ་ཁབ་ཕྱི་ནང་དང་གཞིས་བྱེས་གང་ས་ནས་དཔར་བཞིན་འཆིས་པའི་ཁྲོད་ནས། 《འདུ་འབྲལ་སྙིང་པོ་མེད་པར་རྟོགས་པའི་གླུ》དང་།《བླ་བྲང་ལ་བསྐུར་བའི་ཀ་རྩོམ》།《ཨ་མཆོད་ཀྱི་ལོ་རྒྱུས་ཀ་རྩོམ》།  《ཕལ་སྐད་གསོང་པོར་བརྗོད་པའི་ཀ་རྩོམ》།  《བཙོན་ནས་ཧོར་ཁང་ལ་གནང་བའི་མགུར》།  《མི་རྟག་པ་དྲན་པའི་མགུར》།  《རྒྱལ་ཁམས་བསྐོར་བའི་སྣང་ཚུལ》།  《སྙིང་པོའི་ལྷ་ཆོས་བྱེད་པར་གདམས་པ》བཅས་རྩོམ་ཚན་བརྒྱད་པོ་འདི་དག་ནི། སྔ་རབས་མཁས་པའི་སྲོལ་རྒྱུན་གྱི་འགྲོས་དང་ལྡན་ལ། དེང་རབས་མིའི་སེམས་ཁམས་ཀྱི་ཕྱོགས་དང་འཐུན་པ། དམ་པའི་ཆོས་དང་འཐུན་ལ་འཇིག་རྟེན་མི་ལ་རན་པ། སྤྲང་པོས་གསེར་རྒྱན་འདོགས་པ་དང་། ཕྱུག་པོས་ལྭ་ཧྲུལ་གོན་པ་ལྟ་བུའི་མི་འཚམས་པའི་ཚིག་རྒྱན་ཀྱིས་མ་སླད་པ། བྱིས་པ་རྟ་ལ་སྐྱོན་པ་དང་། རྒན་ཁོག་ཤིང་ལ་འཛེགས་པ་ལྟ་བུའི་ལྕི་ཡང་སྒྲིག་སྟངས་མི་མཉམ་པའི་སྡེབ་སྦྱོར་གྱིས་མ་སྤྲས་པ། ར་ལུག་བསྲེས་པ་དང་གསེར་བྱེ་འདྲེས་པ་ལྟ་བུའི་གྲོང་ཚིག་དང་མངོན་བརྗོད་མ་བསྲེས་པར། ཚིག་གི་རྒྱན་སྤྲས་ཉུང་བས་བབ་ཆག་པ། སྡེབ་སྦྱོར་གྱི་བགྲོས་དམ་ལྷོད་རན་པས་གོ་བདེ་ལ་ཉན་སླ་བ། མངོན་བརྗོད་ཀྱི་རྒྱས་སྤྲོས་མེད་པར་འཇིག་རྟེན་ཕལ་པས་བཀླག་ནའང་གོ་ནུས་ལ་ཉན་སྤྲོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། ཁྱད་ཆོས་དེ་དག་གི་གཞི་རྩ་ནི་རྩོམ་པ་པོའི་ངག་རིག་ལ་དམིགས་བསལ་པའི་སྒྱུ་རྩལ་ལྡན་པས་ཡིན་ལ། གསལ་པོ་བཤད་ན་སྡེབ་སྦྱོར་རིག་པའི་རྣམ་བཞག་འཇིག་རྟེན་ཕལ་བ་དང་ཁ་ཐག་ཉེ་ལ། དམ་པའི་སྲོལ་རྒྱུན་དང་རྒྱངས་ཐག་མི་རིང་བའི་སྒོ་ནས། དཔེ་མཚོན་ཕལ་ཆེ་བ་མི་དམངས་ཕལ་པའི་སྤྱི་ཚོགས་འཚོ་བ་དང་འབྲེལ་བ་ཟབ་པས་མཐོ་དམན་དྲག་ཞན་སུ་འདྲ་ཞིག་གིས་ཀློག་ནའང་ངག་ལ་བདེ་ཞིང་། བསམ་ན་སེམས་ལ་འཇེབས་པ། ཉན་ན་རྣ་ལ་སྙན་པའི་ཁྱད་ཆོས་དེ་དག་རང་བྱུང་ཆུ་འབབ་བཞིན་འཇོ་འོང་། བརྗོད་བྱའི་དོན་གྱི་ཐོག་ནས་བཤད་ན། རྩོམ་པ་པོ་མདོ་སྔགས་ཐ་སྙད་རིག་གནས་དང་བཅས་པའི་ཐོག །དུས་རབས་རིག་གསར་ལའང་ལྟ་བའི་མིག་ཟུང་ལྡན་པས། ལྟ་གྲུབ་འཛིན་མཚམས་ཇི་ལྟར་ཡིན་ཡང་མཐོང་ཐོས་དཔྱོད་པའི་བློ་གྲོས་གཞན་ལས་ཟབ་གསལ་མྱུར་གསུམ་གྱི་སྒོ་ནས་འབུར་དུ་ཐོན་པས། གནའ་དུས་ཤེས་བྱ་གང་ལའང་། འགལ་བཟློས་ལོག་འཁྲུལ་གྱི་ཉེས་བཤད་མེད་པར་མཁས་པ་དང་། བསམ་བློ་བ་ཕལ་ཆེ་བ་མགུ་བ་སྐྱེད་པའི་ལེགས་བཤད་ཀྱི་བྲོ་བ་མངར་བའི་ཁྱད་ཆོས་ཀྱང་རང་བཞིན་གྱིས་འབུར་དུ་འཐོན།
  གོ་འཇོ་ཨ་ཕོ་ལྷ་ཆུང་ནི་གོ་འཇོ་ལ་སྐྱེས་ཤིང་ཀ་ཐོག་ཏུ་ཆོས་སྒོར་ཞུགས། ཐ་སྙད་གཙུག་ལག་གི་མིག་ཟུང་ཕྱེས། གཞུང་ཆེན་བཅུ་གསུམ་གྱི་བག་ཆགས་སད། ན་ཚོད་ཀྱི་འཕེལ་རླབས་དང་བསྟུན་ནས་འབྲི་ཆུ་སྔོན་པོ་འཕྲེད་དུ་བཅད། དབུས་ལྗོངས་ཞིང་ཁམས་པང་དུ་བླངས། ངུར་སྨྲིག་གི་འདྲ་འབག་ཚར་བུར་དབྲལ། སྡོམ་པའི་བཅས་མཚམས་ལ་གྱེས་མཇལ་ཞུས། ཀ་ལོག་སྦུག་དང་ལྷ་སའི་བར་ལ་ཚོང་འགྲུལ་གྱི་ཚོར་བ་བསྐྱལ། འཇིག་རྟེན་ཚོར་བའི་སྣང་བརྙན་ལ་ཚད་ཐིག་གཞལ། སྤྱི་ཚོགས་འཚོ་བའི་འབབ་སྟེགས་ལ་བསམ་གཞིག་གི་རྐང་རྗེས་ཕབ། བོད་རྒྱའི་འཐབ་རྩོད་ལ་རྒྱངས་ཤེལ་གྱི་ལྟད་མོར་ཅེར། ལྟ་གྲུབ་ཀྱི་ཁ་ཕྱོགས་ལ་རྟོག་འཆར་གྱི་ས་མཚམས་དབྱེ། སྐྱིད་སྡུག་གི་སྔས་མགོ་མི་ཡུལ་བཅས། ས་ཕག་དུས་འགྱུར་གྱི་རྗེས་ནས་ཚེ་ལྷག་གི་རྡོག་སྣེ་ཡབ་མེས་ཀྱི་གཞུང་ལམ་ལ་སྤོས་པའི་བསམ་བློ་དང་། རྩོམ་པ་པོ། སྙན་ངག་པ་ཞིག་ཀྱང་ཡིན། ཁོང་གིས་བརྩམས་ཆོས་གང་རྙེད་ཕྱོགས་བསྡོམས་བྱས་པའི་དཔེ་ཐུང་གླེགས་བམ་ཆུང་ངུ་ཞིག་བོད་གཞུང་དཔེ་མཛོད་ཀྱིས་དཔེ་སྐྲུན་བྱས་པ་དེའི་ཁྲོད་ནས། ད་ལམ་སྐབས་སུ་བབ་པའི་《སེམས་དཔའ་ཆེན་པོ་གན་དྷི》ཞེས་པའི་སྙན་རྩོམ་འདི་ནི་ཡང་མེས་པོ་ཚོའི་ཞབས་རྗེས་བསྙེགས་པའི་སྲོལ་རྒྱུན་གྱི་རྩོམ་རིག་ཆེས་ཚད་མཐོའི་རང་བཞིན་ལྡན་པ་ཞིག་སྟེ། ཚིག་སྦྱོར་གྱི་སྒྱུ་རྩལ་ཐོག་ནས་བཤད་ན། དཔག་བསམ་འཁྲི་ཤིང་དང་། སྤྲིན་གྱི་ཕོ་ཉ། སྐྱེས་རབས་སོ་བཞི་པ་ལྟ་བུའི་འཕགས་ཡུལ་གྱི་སྙན་ངག་མཁན་ཚོའི་སྒྱུ་རྩལ་ལ་དོ་ཟླ་ཆོག་པར་སྣང་ཞིང་། ས་པཎ་ཀུན་དགའ་རྒྱལ་མཚན་དང་། རིན་སྤུང་ངག་དབང་འཇིགས་གྲགས། ཞང་ཞུང་ཆོས་དབང་གྲགས་པ། ཞྭ་དམར་ཆོས་གྲགས་རྒྱ་མཚོ་དང་། ཞྭ་ནག་པ་ཆོས་དབྱིངས་རྡོ་རྗེ། དུས་ཕྱི་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ལྟ་བུའི་དབྱངས་ཅན་མགྲིན་མཚོར་ཞུགས་པའི་བོད་ཀྱི་སྙན་ངག་པ་ཚོའི་སྒྱུ་རྩལ་གྱི་ཉམས་དང་ཁོག་འདྲ་བ་རྒྱ་གར་ཤར་པའི་ལུགས་ཀྱི་རྩོམ་གཤིས་དང་མཐུན་པར། ཚིག་སྡུད་མང་ཞིང་སྡེབ་སྦྱོར་དམ་པ། བརྗིད་ཉམས་ཆེ་ལ་སྙན་ཆ་དོད་པའི་ཁྱད་ཆོས་འབུར་དུ་འཐོན། བརྗོད་བྱ་དོན་གྱི་ཆ་ནས་ཀྱང་། རྩོམ་པ་པོ་བརྡ་སྤྲོད་ཐ་སྙད་ཙམ་མིན་པར་གསུང་རབ་ལའང་ངེས་ཆ་ཆེ་བའི་སྒང་། སྟོད་སྨད་ཀྱི་རྒྱལ་ཁམས་དང་། སྤྱི་ཚོགས་ཀྱི་གནས་བབ་དུ་མར་མཐོང་ཐོས་ཉམས་མྱོང་གཞན་ལས་ཆེ་བས། བརྗོད་གཞིའི་ཁོག་ཡངས་ཤིང་། བརྗོད་དོན་འབྲེལ་ཆགས་པ། བསྟན་དོན་ཁ་གསལ་ལ་སྒྲུབ་བྱེད་ཁོག་བཙན་པ། ཚོར་བའི་ཉམས་མྱོང་དང་ཁ་ཐག་ཉེ་ཞིང་ཡུལ་དུས་གནས་བབ་དང་ཁུག་ནང་ཁུག་རྒྱག་ལྟ་བུའི་ལྷུ་ལག་འགྲིགས་པས། སྙན་ཆ་དོད་ལ་ཆེས་གསོན་ཉམས་ཆེ་བའི་ཁྱད་ཆོས་རང་བཞིན་གྱིས་འབུར་དུ་འཐོན་འོང་།
  རག་ར་སྤྲུལ་པའི་སྐུ་ཐུབ་བསྟན་ཆོས་དར་ནི། རིགས་རུས་མངོན་པར་མཐོ་བ་བཀྲས་མཐོང་གི་གདུང་ལས་མདོ་ཁམས་ཆབ་མདོའི་ཁུལ་དུ་བལྟམས། དབུས་ལྗོངས་གདན་ས་འབྲས་སྤུངས་དང་སྨད་རྒྱུད་དུ་མདོ་སྔགས་ལ་དཔྱིས་ཕྱིན་པའི་སློབ་མཐར་སོན། དགེ་ཆོས་སོགས་ཀྱི་དྲུང་ནས་སྒྲ་སྙན་སྡེབ་སྦྱོར་དང་། རྟོགས་བརྗོད་རྣམ་ཐར་བཅས་ལའང་གཞན་དྲིང་མི་འཇོག་པའི་གསན་བསམ་གནང་། འཕགས་པའི་ཡུལ་ནས་ལེགས་སྦྱར་དང་ཧིན་ཡིག་ཀྱང་བསླབས། སྐུ་ཚེ་མཐར་འཇུག་  སུ་ཛི་ལན་ཊ་  ལ་བསྐྱལ། ཆོས་རིག་ལོ་རྒྱུས་དང་བརྡ་སྤྲོད་རྩོམ་རིག་ཅི་རིགས་པའི་གླེགས་བམ་ཡང་མི་ཉུང་བ་ཞིག་འཇིག་རྟེན་འདིར་བཞག་པའི་ཁྲོད་ནས། ད་ལྟར་སྐབས་སུ་བབ་པ་《ཁུ་ནུ་བླ་མ་རིན་པོ་ཆེའི་མཛད་པ》ནི་རྗོད་བྱེད་ཚིག་སྦྱོར་ཐད་འཕགས་ཡུལ་མཁས་པའི་སྙན་གཞུང་བོད་བསྒྱུར་བྱས་པ་དང་འདྲ་བ་ལས་བོད་རང་གིས་རྩོམ་པའི་བཟོ་དང་མི་འདྲ་བ་ཀརྨ་པ་རང་བྱུང་རྡོ་རྗེའི་སངས་རྒྱས་ཀྱི་རྣམ་ཐར་དང་ཕྱོགས་འདྲ་བ། འཇམ་མགོན་ས་པཎ་དང་། རྗེ་ཙོང་ཁ་པ། པཎ་ཆེན་དགེ་འདུན་གྲུབ་པའི་སྙན་ངག་དག་དང་མཚུངས་པ་རྒྱ་གར་ལྷོ་པའི་ལུགས་ཀྱི་རྩོམ་སྒྲོས་ལྟར་ཚིག་གི་བརྗོད་པ་འཇམ་ལ་གོ་བདེ་བ། སྡེབ་སྦྱོར་ལྷོད་ཅིང་ཚིག་སྦྱོར་སྙན་པ། ཀློག་བདེ་ལ་ཉན་སྤྲོ་བ། ཁ་གསལ་ལ་གཏིང་རིང་བའི་ངག་གི་སྒྱུ་རྩལ་གྱི་ཁྱད་ཆོས་ངང་གིས་ཐོན་འོང་ཞིང་། ད་དུང་དགེ་ཆོས་ཀྱི་རྩོམ་གཤིས་ཀྱང་སྐབས་འགར་འདྲེས་འོང་བ་སོགས་རྩོམ་རིག་ལ་གོམས་འདྲིས་ཡོད་པའི་མི་ཞིག་གིས་ལྟ་བ་དང་ཉན་པ་ཙམ་གྱིས་ཤེས་ངེས་ཡིན། བརྗོད་བྱའི་ཁོག་སྒྲིགས་སྟངས་ཀྱི་ཐད་ནས་བཤད་ན། རྩོམ་པ་པོ་མདོ་སྔགས་གསུང་རབ་ལ་གདེངས་ཐོབ་པའི་ལྷ་རམས་དང་སྔགས་རམས་ཀྱི་རྟོགས་པ་སྔོན་སོང་ཡིན་པས་བཤད་མ་དགོས་པའི་ཐོག །གཙུག་ལག་ཐ་སྙད་ཀྱི་གནས་ལའང་དུས་རབས་དེའི་ནང་སུས་ཀྱང་འགྲན་དུ་མེད་པའི་སེང་གེ་སྲབ་མེད་ཅིག་ཡིན་པར་མ་ཟད། སྐུ་ཚེའི་རྒྱུད་རིམ་ནང་། དཔོན་ས་དང་བླ་ས། མཐོ་ས་དང་དམན་ས། དགྲ་ས་དང་དམག་ས། གཞིས་ས་དང་བྱེས་ས། གྲྭ་ས་དང་སྐྱ་ས། ཕ་ས་དང་བུ་ས། རིམ་པར་བརྒྱུད་མྱོང་བའི་ཚོར་བའི་ཉམས་མྱོང་གཞན་ལས་ལྡབ་མང་པོས་ཕྱུག་པའི་ཆ་རྐྱེན་ལྡན་སྟབས། ཁུ་ནུ་བླ་མའི་སྐུ་ཚེའི་རིགས་རུས་ཀྱི་གནས་བབ་ནས་གསུང་རབ་དགོངས་འགྲེལ་དང་ཐ་སྙད་རིག་གནས་ཚུལ་ལ་སློབ་བརྩོན་ཇི་ལྟར་བྱ་རིམ་དང་ཐོས་དོན་སྒྲུབ་ལ་གཞོལ་བ་དང་། སྒོམ་སྟོབས་ཉོན་མོངས་ཆུང་བ་ནས་འཕྲིན་ལས་འོད་སྣང་འཕྲོ་བའི་རྒྱུད་རིམ་རེ་རེ་བཞིན། དངུལ་གྱི་མཆོད་རྟེན་ལ་གསེར་གྱི་ཕྲ་འཚག་དང་། བཻཌཱུརྱའི་པི་ཝང་ལ་ཏུང་སྐུད་ཀྱི་བརྒྱུད་ཐག་བཞིན་ལྟ་ན་སྤྲོ་ཞིང་ཉན་ན་སྙན་པའི་བརྗོད་གཞི་ཟབ་ལ་རྒྱ་ཆེ་བ་དང་། གོང་འོག་འཚམ་ལ་བང་རིམ་འབྲེལ་ཆགས་པ་བཅས་ཀྱི་ཁྱད་ཆོས་ལྡན།
  དགེ་ཆོས་ཡབ་སྲས་ཀྱི་གསུང་རྩོམ་སྙན་ངག་འདི་དག་ལ་སྒྱུ་རྩལ་གྱི་ཁྱད་ཆོས་ཙམ་མ་ཟད། མཛེས་དཔྱོད་ཀྱི་རིན་ཐང་གླེང་ནའང་གླེང་རིན་ཆོག་པའི་གནས་ཚོད་ཆེས་ཆེར་མཐོན་པོ་ལྡན་པའང་བཤད་ག་ལ་དགོས། དེ་ཡང་མཛེས་དཔྱོད་ནི། པོ་ལན་གྱི་མཛེས་རིག་མཁས་པ་ཨིནགྷརཊན་གྱིས།  སྒྱུ་རྩལ་གྱི་རིན་ཐང་ནི། རྩོམ་ཡིག་དེ་ཉིད་ཀྱི་ཁྲོད་དུ་གནས་ཤིང་མངོན་པའི་ཆོས་ཤིག་དང་། མཛེས་དཔྱོད་ཀྱི་རིན་ཐང་ནི་ཀློག་མཁན་གྱིས་རྩོམ་ཡིག་ལ་མཛེས་དཔྱོད་ཀྱི་བློས་ལྟ་ཀློག་སྐབས་གཞི་ནས་མངོན་གྱི་ཡོད་པར་འདོད། ཅེས་པ་ལྟར།   སྒྱུ་རྩལ་ནི་རྩོམ་པ་པོའི་ངོས་ནས་འབུར་དུ་ཐོན་པའི་ཉམས་དང་འགྱུར་གྱི་རྣམ་པ་ལ་གོ་དགོས་པ་དང་། མཛེས་དཔྱོད་ནི་ཀློག་པ་པོའི་སེམས་ཚོར་གྱི་སྣང་བརྙན་ལ་གོ་དགོས་པས།  དེས་ན། ཁོང་རྣམ་པའི་ལེགས་རྩོམ་སྙན་ངག་འདི་དག་ལ་མཛེས་དཔྱོད་ཀྱི་རིན་ཐང་ཇི་ཙམ་ལྡན་མིན་ནི། “རྟ་ཕོ་རྟ་རའི་ནང་དུ་བཏགས་ན་ཉོ་མཁན་གྱིས་གོང་ཚོད་རྒྱག་འོང་” བའི་དཔེ་ལྟར། ཀློག་པ་པོ་ཚོ་རང་རང་གི་བསམ་བློའི་རྣམ་དཔྱོད་དང་ལྟ་བའི་ཁ་ཕྱོགས་ལ་བརྟེན་ནས་ཐག་གཅོད་དང་འགྲེལ་བརྗོད་གནང་རྒྱུ་ལས། ཁོ་བོས་ “འབྲོག་པ་ལས་ཁ་པས་གལ་ཆེ” བའི་དཔེ་ལྟར་ཞུ་འདོད་མེད།
སྲོལ་རྒྱུན་དགོས་མེད་དུ་ལྟ་བའི་འཁྲུལ་སེལ་འགའ་ཞིག
  དེང་སང་སྲོལ་རྒྱུན་ལ་རྗེས་ལུས་དང་འཁྲུལ་བ། ཕན་མེད་དང་གད་སྙིགས་འཛིན་མཁན་མང་ཆེ་ཤས་ཤིག་ནི། བསམ་བློའི་ན་མ་སོན་གོང་ནས་གཞན་ལ་འགྲམ་ཆུ་ལྡང་པ། རང་གི་གཅེས་ནོར་དང་གཞན་གྱི་གད་སྙིགས་གོ་ནོར་མཁན། སྔ་རབས་མེས་པོ་ཚོ་རྡོག་རྫིས་གཏོང་ཐུབ་ན་འཇོན་པོ་དང༌། དེང་རབས་ནལ་ཕྲུག་པང་དུ་བླངས་ན་དཔའ་བོ་ཡིན་སྣང་ཤར་མཁན། དེ་དང་དེ་དག་ཁག་གཅིག་གི་བྱིས་བློའི་འཆར་སྒོ་ནང༌། རང་ཉིད་དང་རང་ཉིད་ཀྱི་མི་རིགས་འདི་འཛམ་གླིང་ནང་ཆེས་རྗེས་ལུས་དང་ཆེས་མུན་ནག་གི་གནས་སུ་ལྷུང་ཡོད་ཤག་དང༌། ནུབ་ཕྱོགས་པའི་སྤྱི་ཚོགས་གནས་བབ་དང་ལྟ་གྲུབ་བྱ་སྤྱད་ཡོངས་རྫོགས་ཆེས་སྔོན་ཐོན་དང༌། ཆེས་མཛེས་སྡུག་ལྡན་པའི་ཁོར་ཡུག་ཅིག་ཏུ་ངོས་འཛིན་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། ཁོང་ཅག་གིས་འགྲམ་ཆུ་ལྡང་ས་དང་ཡིད་སྨོན་བྱེད་ས་ཡང་ནུབ་ཕྱོགས་པའི་བྱ་སྤྱད་ཁོ་ནར་ཡིན། དེ་དག་གི་ནང་ནས་ཁ་ཅིག །བོད་ཀྱི་སྲོལ་རྒྱུན་ནི་དུས་ཚོད་བརྒལ་ཟིན་པའི་རིག་གཞུང་རྙིང་པ་ཡིན་པས་དུས་རབས་འདིར་ཕན་ཐོགས་མེད་ཟེར། ལ་ལ་ནི། མི་རིགས་དང་རྒྱལ་ཁབ་གཞན་ནས་བསྒྱུར་བའི་རིག་གཞུང་ཡིན་པས་རང་གི་རིག་གཞུང་མིན། དེས་ན་མི་རིགས་རང་ཉིད་ལ་འཚམ་པོ་མེད་ཟེར། དེ་དག་ནི་རང་ཉིད་ཀྱི་ཤེས་ཚད་དང་ཉམས་མྱོང་གི་ན་མ་སོན་པའི་རྣམ་པ་ཕྱིར་མངོན་བྱེད་ཙམ་ལས། དོན་དངོས་ཐོག་ཚུལ་གསུམ་གྲུབ་པའི་གཏན་ཚིགས་ཡང་དག་ཅིག་ཀྱང་མེད། རིག་གཞུང་རྙིང་པའི་ནང་དུས་རབས་གསར་པ་དང་མི་འཚམ་པའི་རིགས་རེ་གཉིས་ཡོད་པ་དེ་རིགས་དོར་ན་ལོས་འགྲིགས། དེ་ཉིད་རྒྱུ་མཚན་དུ་བྱས་ནས་རིག་གཞུང་རྙིང་པ་ཡོངས་རྫོགས་དོར་དགོས་པའི་རྒྱུ་མཚན་ག་ལ་ཡོད། ལྟོས་དང༌། བོད་ཀྱི་སྨན་རྩིས་གཅིག་པུར་མཚོན་ནའང་རིག་གནས་གསར་བརྗེའི་སྐབས་ཀྱང་སྒོ་རྒྱག་མ་ཐུབ་པའི་ཕན་ཐོགས་བརྗེན་པ་ཁ་ཐུག་ར་འཕྲོད་ཐུབ་པ་ཡོང་གི་ཡོད་པ་དེ་རིགས། མའོ་ཙེ་ཏུང་ལས་ཀྱང་འཇོན་པའི་ཕོ་རྒོད་ཅིག་མ་སྐྱེས་བར་དུ་བསྟོར་བཅོམ་ཐུབ་ཐབསམེད་ལ། རིག་གཞུང་རྙིང་པས་དུས་རབས་གསར་པར་ཕན་ཐོགས་མེད་པ་དེ་བས་སྒྲུབ་མི་ཐུབ། མི་རིགས་དང་རྒྱལ་ཁབ་གཞན་ནས་བསྒྱུར་བའི་རིག་གཞུང་ཡང༌། མི་རིགས་རང་སྐད་དུ་བསྒྱུར་ནས་བེད་སྤྱོད་ངེས་ཅན་སོང་རྗེས། མི་རིགས་རང་གི་རིག་གཞུང་དུ་ངོས་འཛིན་མི་ཞུ་ཐུ་མེད་ཡིན་པ་དང༌། མི་རིགས་རང་ཉིད་ལ་ཕན་ཐོགས་ལྡན་ན་གཞན་ནས་བསྒྱུར་ཡང་དེ་ལ་སྡང་ཟུག་དགོས་དོན་གང་ཡང་མེད།
  བྷེ་ཇམ་རྒྱལ་ཁབ་ནང་སྤྱི་ལོ་ ༢༠༡༠ ནས་བོད་ཀྱི་ནང་ཆོས་རྒྱལ་ཡོངས་སློབ་ཚན་གྱི་ནང་དུ་བཞག་རྒྱུ་གཏན་འབེབས་སྔ་ས་ནས་བྱས་འདུག་པ་ང་རང་དེ་བར་ཡོད་དུས་དངོས་སུ་ཐོས། ཡར་རྒྱས་སོང་ནས་ཡུན་རིང་ཟིན་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཀྱང༌། རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་བསམ་བློ་དང་གནས་སྟངས་ལ་ཕན་ཐོགས་ཡོད་ན། རིག་གཞུང་རྙིང་པ་དང་མི་རིགས་གཞན་གྱི་སྐད་ཡིག་ནས་བསྒྱུར་པ་རྒྱུ་མཚན་དུ་བྱས་ནས་འགོག་རྐྱེན་གནང་གི་མི་འདུག་པ་མ་ཟད། གསར་འཛུགས་དང་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་གདིང་གི་འདུག
  ཨི་ཊ་ལི་རྒྱལ་ས་རོམ་དུ་ནུབ་ཕྱོགས་པའི་རིག་གཞུང་རྙིང་པའི་ཁུངས་གཏུགས་ས་ལ་ཊིན་སྐད་ཡིག་གི་དཔེ་མཛོད་ཁང་ཆེན་པོ་ཞིག་ཡུབ་སྒོར་ས་ཡ་མང་པོ་འགྲོ་འགྲེམས་གཏོང་ནས་འཛུགས་འདུག་པ་མ་ཟད། ཁུལ་དེ་རང་དུ་ལ་ཊིན་སྐད་ཡིག་གི་སློབ་གྲྭ་ཡོད་པ་དང༌། ལ་ཊིན་སྐད་ཡིག་གི་ཐོག་ནས་ཞིབ་འཇུག་སློབ་མ་ཐོན་མཁན་ཡང་ད་བར་ཡོང་དང་ཡོང་བཞིན་པ་རེད། དེ་ཚོར་རིག་གཞུང་རྙིང་པ་དང་དུས་ཚོད་བརྒལ་ཟིན་པ་རྒྱུ་མཚན་དུ་བཟུང་ནས་སྡུག་སྐད་རྒྱག་མཁན་མི་འདུག་ལ། ལ་ཊིན་སྐད་ཡིག་ཨི་ཊ་ལི་རང་སྐད་མིན་པས་ཆོ་མེད་དུ་རྩི་མཁན་མེད་པ་མ་ཟད། དེའི་སློབ་ཐོན་པ་ཚོར་དམིགས་བསལ་གྱི་རིག་གཞུང་རྙིང་པའི་མཁས་དབང་ཞེས་མཐོང་ཆེན་གནང་གི་འདུག་པ་དེ་དག་རང་རེའི་རྐྱལ་སྟོང་ཚོས་མཐོང་ཐོས་བྱུང་མྱོང་ཡོད་མི་སྲིད།
ཨ་རི་བའི་དུས་རབས་མཁས་ཅན་མང་པོས་ང་ཚོ་ཨ་རི་ལ་རིག་གཞུང་ཡོད་པ་མ་རེད་ཅེས། གཉའ་ཆགས་པའི་རྣམ་པ་བསྟན་ནས་ལབ་མཁན་ཕྲན་གྱིས་གོ་མྱོང་བ་གཅིག་པོ་ཡང་ཉུང་ཉུང་མིན།
རྒྱ་གར་གྱི་གྲོང་ཁྱེར་རྙིང་ཤོས་ཝཱ་ར་ཎཱ་སི་ལེགས་སྦྱར་སློབ་གྲྭ་ཆེན་པོའི་ནང༌། ལེགས་སྦྱར་གྱི་སྐད་ཡིག་གཙོས་འཕགས་ཡུལ་གྱི་སྐད་རིགས་བཞི་དང་རིག་གནས་ལྔའི་སྲོལ་རྒྱུན་འཛིན་སྐྱོང་ད་བར་གྲ་མ་ཉམས་ཤིང་གྲུ་མ་ཞིག་པར་གནས་མུས་ཡིན་ལ། འཛིན་སྐྱོང་དེའི་ཆེད་དུ་ལོ་རེར་རྒྱ་གར་གཞུང་གིས་ཧིན་སྒོར་དུང་ཕྱུར་ལྷག་གི་འགྲོ་འགྲེམས་བཏང་དང་གཏོང་བཞིན་པ་རེད། དེའི་ཐོག་རྒྱ་གར་དབུས་གཞུང་འཛིན་སྐྱོང་དང་གྲོས་ཚོགས་སུས་ཀྱང་ད་བར་རིག་གཞུང་རྙིང་པ་དང༌། དུས་ཚོད་བརྒལ་ཟིན་པ། ཕན་ཐོགས་མེད་པ་བཅས་ཀྱི་གཏན་ཚིགས་བཀོད་ནས་འགོག་རྐྱེན་བཟོ་མཁན་བྱུང་མྱོང་མི་འདུག་ལ་ཕྱིན་ཆད་ཀྱང་ཡོང་དོགས་ཁ་ཕོ་མ་རེད། དེ་བཞིན་རྒྱ་གར་བའི་ཤེས་ཡོན་པ་སུས་ཀྱང་ཁོར་ཡུག་དེར་འགོག་རྐྱེན་བྱས་རབས་མེད་ལ་བྱས་ཀྱང་ཐུབ་ཐབས་ཡོད་པ་མ་རེད།
  ཡར་རྒྱས་འགྲོ་ཟིན་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རང་རང་གི་སྲོལ་རྒྱུན་གྱི་རིག་གཞུང་ནི་ཤིན་ཏུ་གལ་ཆེ་རྩི་བཞིན་ཡོད་པ་མ་ཟད། སྲོལ་རྒྱུན་རིག་གཞུང་ཆུང་ཚགས་ཚུན་ཆད་ཀྱང་གཅེས་ཉར་དང་རྒྱུན་འཁྱོང་བྱེད་བཞིན་ཡོད། དཔེ་མཚོན་འགའ་ཞུ་ན། ཧྥ་རན་སི་རྒྱལ་ས་པེ་རི་སི་ནང་ཁང་པ་གསར་པ་ག་འདྲ་ཞིག་བརྒྱབ་ནའང༌། ཁང་པའི་བཟོ་བཀོད་ལྷན་ཚོགས་ཀྱིས་ཧྥ་རན་སི་གནའ་བོའི་ཁང་པའི་སྒྲིག་བཀོད་གཞི་ལ་བཞག་ནས་དོ་བདག་སོ་སོའི་མ་རྩའི་འཁོས་བབ་ལ་དཔོག་པའི་ཁང་པའི་བཟོ་བཀོད་གཏན་འབེབས་བྱེད་སྲོལ་གཞི་བཟུང་གིས་ཁང་ལས་བྱེད་ཀྱི་ཡོད་པ་ལ་བརྟེན་ནས། ད་ལྟའི་དུས་རབས་ཉེར་གཅིག་པའི་སྐབས་སུ་འང་ཡུ་རོབ་སྟོབས་ཅན་རྒྱལ་ཁབ་ཧྥ་རན་སིའི་སྐད་གྲགས་ཆེས་ཆེར་ལྡན་པའི་རྒྱལ་ས་པེ་རི་སི་ནི། དུས་རབས་བཅུ་གཅིག་དང་བཅུ་གཉིས་ཡན་མན་གྱི་བཀོད་པ་དང་མཚུངས་པ་ཡོད་ལ། གྲོང་ཁྱེར་སྐད་གྲགས་ཅན་གཞན་སུས་ཀྱང་དོ་ཟླ་མི་ཆོག་པའི་བརྗིད་ཉམས་ལྡན་པ་མཐོང་ཆོས་སུ་ཡོད།
ཨི་ཊ་ལི་རྒྱལ་ས་རོམ་དུ་ཆེས་སྐད་གྲགས་ཡོད་པ་དང་ལོ་རྒྱུས་ཀྱི་འགྲེལ་བརྗོད་ཧ་ཅང་རིང་བའི་རྒྱལ་ཁང་དང༌། ལྷ་ཁང༌། དགོན་པ། རྡོ་བརྐོས་རིགས་སོགས་སྨྲོས་མེད་ཐོག མཐའ་ན་ལོ་རྒྱུས་ཀྱི་འགྲེལ་བརྗོད་ལྡན་པའི་ཁྲོམ་གཞུང་གི་རྡོ་རྩིག་ཆུང་ངུ་ཚུན་ཆད་ཀྱི་ཆ་ཤས་ཕྲ་མོ་ཙམ་རེ་ཡང་གཏོར་བཅོམ་མི་ཆོག་པར་གཅེས་ཉར་བྱེད་བཞིན་ཡོད།
  འཛམ་གླིང་ཐོག་དམངས་གཙོའི་ཨ་མར་གྲགས་པ་དབྱིན་ཇི་དམངས་གཙོའི་སྲིད་གཞུང་གི་སྲིད་འཛིན་ཁྲི་འདོན་བྱེད་ས་དབྱིན་ཇི་རྒྱལ་ཁང་ནང་གི་དེ་སྔོན་དབྱིན་ཇི་རྒྱལ་པོ་བཞུགས་སའི་ཁྲི་སྟེགས་དེ་ག་རང་ཡིན་ལ། དམ་འབུལ་བྱེད་སྐབས་ཀྱང་སྟོན་པ་ཡི་ཤུ་དཔང་དུ་བཙུགས་ནས་བྱེད་སྲོལ་ལས། རྒྱལ་ཁང་རྙིང་པ་དང་ཆོས་ལུགས་རྙིང་པ་རེད་ཅེས་སྐྱོན་འཛུགས་བྱེད་མཁན་དང་རྒོལ་རྡུང་བྱེད་མཁན་སུ་ཡང་མེད།
  དུས་རབས་བཅུ་དྲུག་པའི་ནང་བྱུང་བའི་ཤེ་སི་ཕི་ཨས་བྲིས་པའི་སྒྲུང་རྩོམ་དང༌། སྙན་ངག་རྣམས་ད་ལྟའི་བར་སྐད་རིགས་བཅུ་ཕྲག་དུ་མའི་ནང་བསྒྱུར་ནས་འཛམ་གླིང་གང་སར་ཁྱབ་བརྡལ་འགྲོ་དང་འགྲོ་བཞིན་པ་ཡིན་ལ། དབྱིན་ཇི་རང་གིས་ཀྱང་རྩོམ་རིག་དེ་རིགས་རྒྱལ་ཡོངས་སློབ་གྲྭའི་སློབ་ཚན་དུ་བཞག་པའང་ཉུང་ཉུང་མིན། ཁོང་རྒྱུན་རིང་བཞུགས་མྱོང་ས་དབྱིན་ཇི་རྒྱལ་ཁང་ནང་གི་ཁང་མིག་གཅིག་ཏུ་ཤེ་སི་ཕི་ཡ་བཞུགས་ནས་སྙན་ངག་དང་སྒྲུང་རྩོམ་མང་པོ་བྲིས་མྱོང་པ་རེད། ཅེས་ད་ལྟའང་ཆེ་མཐོང་བྱེད་པ་མ་གཏོགས། དེ་རིགས་ལ་མི་རྙིང་པ་དང༌། རྩོམ་རྙིང་པ། རྒྱལ་ཁང་རྙིང་པ་ཞེས་མཐོང་ཆུང་བྱེད་མཁན་སུ་ཡང་མེད། ངས་འདིར་ཆེད་གཉེར་གྱིས་ནུབ་ཕྱོགས་པའི་སྲོལ་རྒྱུན་དང་བྱ་སྤྱད་མང་པོ་ཞིག་ལུང་འདྲེན་དང་དཔེ་མཚོན་དུ་བགྲང་པའི་རྒྱུ་མཚན་ནི། སྲོལ་རྒྱུན་ལ་སྡང་བའི་རང་རེའི་བྱིས་པ་ན་མ་སོན་པ་ཁྱུ་གཅིག་གིས། རང་ཉིད་དང་རང་ཉིད་ཀྱི་མི་རིགས་རིག་གཞུང་དང་བཅས་པ་རྗེས་ལུས་ཡིན་པའི་རྒྱུ་མཚན་མཐའ་གཏུགས་ས་དེ། ནུབ་ཕྱོགས་པའི་བྱ་སྤྱོད་ལ་བལྟས་ནས་ཡིན་པས། འདིར་ནུབ་ཕྱོགས་པའི་གནས་སྟངས་ཀྱི་ཆ་ཤས་སྤུ་ཉག་གི་ཚད་ཙམ་རེ་གཉིས་བགྲངས་ནས་གསལ་བཤད་བྱས་པ་ཡིན།

            མཇུག་གཏམ་རགས་བསྡུས།
  ས་ཕག་དུས་འགྱུར་བྱུང་རྗེས་བྱེས་འབྱོར་བོད་ཀྱི་སྤྱི་ཚོགས་ནང་། སྐྱབས་རྗེ་ཁྲི་བྱང་བློ་བཟང་ཡེ་ཤེས་དང་འཛེ་སྨད་བསྟན་འཛིན་ཡར་རྒྱས། བདུན་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། སྨན་རི་ཡོངས་འཛིན་བསྟན་འཛིན་རྣམ་དག་སོགས། ཆོས་རིག་གཉིས་ཀའི་སྲོག་རྩ་འཛིན་པའི་སྐྱེས་ཆེན་དམ་པ་དང་སྙན་ངག་པ་ཆེན་པོ་ཡང་མི་ཉུང་བ་ཞིག་མཆིས་མོད། སྤྱི་ཚོགས་འཚོ་བའི་ནང་དངོས་སུ་ཞུགས་ནས། སྙན་ངག་གི་ན་ཆུང་མའི་བྲང་ཤ་ལ་ཤི་འཐམ་གྱིས་སྒྱུ་རྩལ་དང་མཛེས་དཔྱོད་གཉིས་ལྡན་གྱི་འབུར་དུ་ཐོན་པའི་སྙན་ངག་འབྲི་མཁན་གྱི་མཁས་པ་ནི། གོ་འཇོ་ལྷ་ཆུང་དང་། བཀྲས་མཐོང་རག་ར་ཁོང་གཉིས་གཙོ་ཆེ་བས། འདིར་རང་གཞུང་དཔེ་མཛོད་ནས་འབུར་འདོན་གནང་བ་ནི་འོས་ཤིང་རིགས་ལ། ཡུལ་དུས་འཚམས་པའི་ལེགས་རྩོམ་འདམས་བསྒྲིགས་ཀྱི་ཆ་ལག་ཅིག་ཀྱང་རེད་སྙམ། ཉི་ཟླ་སྐར་གསུམ་འདྲ་བའི་སྙན་ངག་པ་ཆེན་པོ་གསུམ་གྱི་རྩོམ་ཆོས་ལ་མགོ་གླེང་འབྲི་བའི་འོས་བབ་ཅིག་ཁོ་བོ་ལྟ་བུ་སྲིན་འབུ་མེ་འཁྱེར་ཞིག་ལ་མེད་ནའང་། ལོ་ཙཱ་བ་ཆེན་པོ་ན་ག་སངས་རྒྱས་བསྟན་དར་མཆོག་གིས་བཀའ་ཡིས་བསྐུལ་བ་དང་། ཡུལ་དུས་ཀྱིས་གཏུགས་པས་བྱ་མེད་སར་བོང་བུས་ནམ་ཚོད་བཟུང་བའི་དཔེ་ལྟར། མཛུབ་མོ་རི་སྟོན་གྱི་ཚུལ་དུ་མདོར་བསྡུས་བྲིས་ཁུལ་བྱས་པར་ལེགས་བྱས་གང་མཆིས་དགེ་བསྔོ་དང་ཉེས་པ་ལྡན་ཚད་འཐོལ་བཤགས་བཅས།
གངས་ཅན་མཁས་པའི་ཤུལ་ལམ་གནམ་གྱི་མཐོངས༎
ཉི་ཟླ་སྐར་གསུམ་འདྲ་བའི་སྙན་ངག་པས༎
རྩོམ་རིག་འོད་ཀྱིས་འཇིག་རྟེན་གསལ་བྱེད་པའི༎
རྨད་བྱུང་ཤིས་པའི་གཏམ་འདི་སྤྲོ་བ་རིགས༎
  དགེ་མིང་ཟུར་ཙམ་འདྲེན་པའི་སྙན་ངག་པ་བེ་རི་འཇིགས་མེད་ཀྱིས། གནས་མཆོག་དྲང་སྲོང་ལྷུང་བའི་ནགས་འདབས་འཕགས་བོད་མཁས་མང་ཚོགས་པའི་བསྟི་གནས། ཝཱཎ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་པོར། སྤྱི་ལོ་༢༠༡༣ཟླ་༡ཚེས་༡༥ཉིན་བྲིས་པ་དགེ་ལེགས་འཕེལ༎ །།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་ཆོས་ཡབ་སྲས་ཀྱི་སྙན་རྩོམ་སྔོན་གླེང་།

2013-01-22 བེ་རི་འཇིགས་མེད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།