གཉུག་མའི་ཕོ་བྲང་ཉུལ་བའི་ཐོལ་གླུ།(ཞར་བཀོད་གཉིས་ཡོད)
རི་ཚོགས་དག་ཀྱང་ཁ་བའི་གོས་ཀྱིས་དཀྲིས། །
སྟོན་ཤིང་ལོ་མ་བསིལ་རླུང་ཟས་སུ་གྱུར། །
ད་དུང་སྟོང་པར་ལུས་པའི་ནང་སེམས་ཉིད། །
ཧ་ཅང་དྭངས་གཙང་ཡིན་པ་མ་མཐོང་མོད། །
འཚོ་བའི་གཞུང་རྟ་ཡིན་པའི་ཡིག་འབྲུ་དག །
ད་ལྟ་གཞི་ནས་བོར་བའི་ཚུལ་བསམ་ན། །
ཨ་འཐས་སྒྱུ་མའི་རྫོང་འདི་མཚར་རོ་སྙམ། །
འཇམ་མཉེན་སོར་མོའི་རྩེ་ནས་པདྨོ་ཡིས། །
སྙིང་ལ་རེག་ཙམ་བྱས་པའི་རྗེས་འབྲས་སུ། །
འཚོ་བའི་སྙིང་དོན་རྟོགས་པའི་བརྡ་ཐབས་ཀྱིས། །
སྒྱུ་མའི་རི་དྭགས་རྙི་ཡིས་ཟིན་པར་མཚར། །
གདོས་བཅས་ཐོ་ཡོར་འབྱུང་བཞིར་ཐིམ་པའི་དུས། །
མཚར་འཛིན་བྱིས་པ་ལྟ་བུའི་ནང་སེམས་འདི། །
ཕྱག་སོར་པདྨོའི་མདངས་ལ་འཁྱུད་པར་སྨོན། །
ལུས་ཕྲ་རི་དྭགས་མིག་ཅན་འཇོ་སྒེག་མའི། །
ཤིན་ཏུ་ཡིད་འོང་དགའ་བའི་ཉམས་འགྱུར་གྱིས། །
བདེ་ཆེན་བདེ་བའི་རོལ་མོ་འབྱམས་སུ་ཀླས། །
ཡུལ་སྣང་མཉམ་དུ་འདྲེས་པའི་བདེ་ཚོར་གྱིས། །
རེ་སྨོན་ལས་ཀྱི་མདུད་པ་ལྷོད་སྙམ་ནས། །
མེ་ལོང་རྡུལ་གྱིས་གོས་པའི་མདུན་ངོས་སུ། །
ཤིན་ཏུ་སྲབ་པའི་དར་དཀར་ཡོལ་བ་འགེབ། །
དབྱིངས་ཀྱི་ལྷ་ཚོགས་སྣང་བའི་རྒྱ་ལས་གྲོལ། །
རྐང་གདུབ་སིལ་སིལ་ཁོ་བོའི་མགྲོན་དུ་སླེབ། །
ཁྱེའུ་ཆུང་ལོ་བརྒྱད་གར་ལ་རྩེན་པའི་མོད། །
སྣང་ཚོར་མཐའ་དག་བདེ་བའི་ཉམས་ཀྱིས་འཁྱུད། །
འདི་ན་གཉུག་མ་གཤིས་ཀྱི་ཁྱེའུ་ཆུང་ཉིད། །
སྔགས་སྐྱེས་བདེ་ཆེན་ཌཱ་ཀིའི་གསང་ལམ་ནས། །
འཇའ་ལུས་འོད་སྐུར་གྲོལ་བའི་དངོས་གྲུབ་བརྙེས། །
རྟེན་འབྱུང་རིག་པའི་ཆོ་རོལ་ཅིར་ཡང་ངོམ་དུས། །
ཀུན་རྟོག་སེམས་ཀྱི་འཆར་སྒོ་གསལ་གསལ་འདྲ་ཡང་། །
འཇོ་སྒེག་གར་གྱིས་འགྱིང་བའི་སྟོང་གཟུགས་མོད་པོ། །
འཆར་ཚུལ་བློ་ལས་འདས་པའི་ཚུལ་ལ་བསམ་ན། །
སྣང་ཞེན་འཁྲུལ་བས་བསླད་པའི་འདུ་ཤེས་ཀོག་པོའི། །
དབྱིངས་རིག་མ་བུ་འདྲེས་པའི་སེམས་ཀྱི་ཆོས་ཉིད། །
འཆར་ཡན་སྟོང་འདང་ཁྲོད་ནས་མཐོང་བར་དཀའ་འོ། །
མི་མེད་དབེན་པའི་རི་ནས་སྐྱིད་གླུ་སིང་སིང་། །
རྩྭ་སྐྱ་རླུང་གིས་སྒུལ་བའི་ལྷགས་རླུང་ཁྲོད་ནས། །
ནང་སེམས་ཞི་བའི་མལ་ན་ཏིང་འཛིན་ཟས་ཀྱིས། །
གཞོམ་མེད་རྡོ་རྗེའི་རྩལ་ལ་རང་དབང་འབྱོར་ཞིང་། །
སྣང་སེམས་བརྡ་རུ་ཤར་བའི་བས་མཐའི་དྲང་སྲོང་། །
བདག་སེམས་ཤིན་ཏུ་འཁྱག་པའི་ཚུལ་འདི་མཐོང་ན། །
ཐུགས་རྗེ་འོད་ཞགས་དམར་པོ་ལྷོད་པ་མ་གནང་། །
༢༠༢༥/༡༡/༡ཉིན་བྲིས།
༧རྨེ་སྤྲུལ་རིན་པོ་ཆེ་ལུང་རྟོགས་བསྟན་འཛིན་རྒྱ་མཚོའི་འཁྲུངས་སྐར་ལ་ཕུལ་བ།
རྟེན་འབྱུང་སྒྱུ་མའི་ལང་ཚོ་མ་རྙིང་ཞིང་། །
ཚོགས་གཉིས་དཔལ་གྱི་ཆུ་གཏེར་བསྲུབ་པའི་མོད། །
ཟབ་ཡངས་ཆོས་ཀྱི་དེ་ཉིད་སྟོན་མཛད་པའི། །
རྨད་བྱུང་སྤྲུལ་བའི་སྐུ་ལ་སྙིང་ནས་གུས། །
གང་གི་ལེགས་གསུང་ཆོས་ཀྱི་སྒྲ་དབྱངས་ཀྱིས། །
སྔ་འགྱུར་བསྟན་པའི་ཉི་མ་གསལ་ནུས་པའི། །
དབང་བཞིའི་ཆུ་བོ་རྫོགས་པའི་འདྲེན་པ་ཆེ། །
མཚུངས་མེད་རིགས་ཀྱི་བདག་པོའི་འཁྲུངས་སྐར་བསུ། །
ལེགས་གསུང་ཆོས་ཀྱི་སྒྲ་དབྱངས་གཡས་སུ་འཁྱིལ། །
ལེགས་བཤད་བདུད་རྩིའི་ཟེགས་མ་གཅིག་གིས་ཀྱང་། །
བགྲང་ཡས་སྐྱེ་བོའི་བློ་སྣ་འགུགས་ནུས་པའི། །
སྨྲ་བའི་མཆོག་གྱུར་ཁྱེད་ཀྱི་འཁྲུངས་སྐར་བསུ། །
ངག་ལ་དབང་འབྱོར་ངག་དབང་ལྷ་མོ་ཡིས། །
ངག་གི་དངོས་གྲུབ་བརྙེས་པའི་སྙན་ངག་མཁན། །
ངག་རིག་མགྲིན་པའི་རོལ་མོ་འཁྲོལ་མཁས་པའི། །
རྨད་བྱུང་སྒྱུ་རྩལ་མཁན་པོའི་འཁྲུངས་སྐར་བསུ། །
སྡེ་གསུམ་ཀློང་དགུའི་མཛོད་ལ་དབང་འབྱོར་ཞིང་། །
བརྒྱུད་གསུམ་རིག་འཛིན་གོང་མའི་བུ་རྒྱུད་དངོས། །
ངེས་གསང་བསྟན་པའི་རྒྱན་གཅིག་ཁྱེད་ཉིད་ཙམ། །
དོན་མཐུན་སྤྲུལ་བའི་སྐུ་ཡིས་འཁྲུངས་སྐར་བསུ། །
བཀའ་གཏེར་བསྟན་པ་རྒྱ་མཚོའི་ཟབ་གནད་ཀུན། །
མ་འདྲེས་གསལ་བར་འཆད་ལ་ཟླ་བྲལ་བ། །
ཐུབ་བསྟན་གངས་དཀར་ལྷུན་པོ་མཛེས་བྱེད་པའི། །
རྒྱན་གཅིག་གངས་ཀྱི་སེངྒེའི་འཁྲུངས་སྐར་བསུ། །
ཕ་ནོར་གཏེར་གྱི་བུམ་བཟང་འདི་ཉིད་ཀྱིས། །
ཡོངས་སུ་གསོས་པས་ལུས་སྟོབས་རབ་རྒྱས་ནས། །
རྒྱལ་བསྟན་གདུགས་དཀར་འདེབས་པའི་ཀ་བ་རུ། །
ལྗོངས་འདིར་མཚན་དཔེ་བཞད་པའི་འཁྲུངས་སྐར་བསུ། །
སྔ་འགྱུར་རིག་འཛིན་བརྒྱུད་པའི་ཚོགས་གྲལ་ན། །
དབྱིངས་རིག་མ་བུ་འདྲེས་པའི་བརྡ་གླུ་སྙན། །
འགྲོ་རྣམས་སྡུག་ལས་སྐྱོབ་ཕྱིར་ནང་གསལ་ལས། །
ཕྱི་གསལ་སྤྲུལ་བའི་གར་བསྒྱུར་ལྗོངས་འདིར་བྱོན། །
ཟབ་དོན་མཐའ་དག་ཐུགས་ཀྱི་བཅུད་དུ་བསྐྱིལ། །
ཐ་སྙད་རིག་པའི་རྣམ་བཞག་པ་མ་ལུས་པར། །
བློ་གྲོས་མཁའ་ལྟར་ཡངས་བའི་དྲང་སྲོང་ཆེ། །
ས་ཆེན་མཛེས་བྱེད་ཁྱེད་ལ་སྙིང་ནས་གུས། །
གཞུང་ལུགས་གདམས་པར་ཤར་བའི་རིག་རྩལ་གྱིས། །
སྣ་ཚོགས་ཤེས་བྱའི་ཐང་ཆེན་རབ་བགྲོད་ནས། །
མཚོ་འཁྲུངས་རྒྱལ་བ་གཉིས་པའི་ལམ་བཟང་འདི། །
མི་ནུབ་སྲིད་མཐའི་བར་དུ་འཛིན་ནུས་ཤོག །
ཀུན་རྫོབ་སྒྱུ་མའི་འཇའ་རིས་མདངས་བཀྲ་ཡང་། །
དོན་དམ་གཤིས་ཀྱི་བཞུགས་ཚུལ་མ་མཐོང་བར། །
མིག་ཤེས་ཡུལ་ལ་ཞེན་པའི་ཨ་འཐས་ཀྱིས། །
གཉུག་མ་སེམས་ཀྱི་གསེབ་ལམ་མོག་པོར་བྱས། །
བེམ་ཤེས་སོ་སོར་གྱིས་པའི་ཉི་ནུབ་དེར། །
སྣ་ཚོགས་དར་གྱི་འཕྱང་འཕྲུལ་གཡོ་བཞིན་དུ། །
གནས་ཡུལ་མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་གྱིས། །
མཁའ་སྤྱོད་འོག་མིན་ཞིང་དུ་འདྲེན་པར་ཞུ། །
དབུ་སྐྱེས་ལྕང་ལོའི་བརྡ་དོན་གསར་བར་སྟོན། །
ཆོས་ཉིད་མཁའ་ལ་ཐུགས་རྗེའི་རླབས་ཀྱིས་བགྲོད། །
རིག་འཛིན་དཔའ་བོའི་གྲོང་གི་ཕོ་ཉ་མོ། །
དབྱིངས་བཞུགས་ཌཱ་ཀིའི་རྗེ་མོར་སྙིང་ནས་གུས། །
༢༠༢༥/༨/༢༣ཉིན་བྲིས།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།

