༄༅།།ཞང་འཇིགས་མེད་ཐེག་མཆོག་བསྟན་འཛིན་རིན་པོ་ཆེའི་སྐུ་གསུང་ཐུགས་ལ་ཆེ་བ་བརྗོད་པའི་སྙན་ངག་བྱ་དཀའ་བ་ཨའི་དབྱངས་ངེས་པ་བཞུགས་སོ།།

༡
ཀ་དག་རབ་འབྱམས་མཚན་བཟང་བསྟན་ལ་མངའ།།
གདམས་ངག་རབ་མང་བསྟན་དང་གང་ལ་མཁས།།
ཡང་དག་སྐྱབས་གནས་རྩ་བ་མངའ་བ་དཔལ།།
ཁྱབ་བདག་བླ་མ་དྲན་པས་དད་ཕྱག་འཚལ།།
༢
དཀའ་ཡང་མ་བཞག་རང་འགན་ཕྲག་ལ་འབྱར།།
བསྔགས་ཀྱང་མ་དགའ་རང་ག་དམའ་ས་ནས།།
ད་མ་འདས་ལ་ས་དང་གནམ་མཐའ་བར།།
ཕྱག་ལས་ཞབས་ནས་བཅགས་པར་མ་མཚར་རམ།།
༣
བྱང་ཁ་ནམ་བརྒྱད་གྲགས་པ་རྒྱས་ས་ན།།
ཐམས་ཅད་བྱམས་དང་དད་པ་རབ་མངའ་བ།།
རྣམ་དག་བསྟན་པ་རབ་མཛད་ཚངས་པ་ལྷ།།
དཔལ་ལྡན་བླ་མ་དག་ལས་ཁྱད་པར་འཕགས།།
༤
གདམས་ངག་རབ་ཟབ་འཕགས་པ་དམ་པ་ལགས།།
ལས་འབྲས་ལྟ་བ་རྣམ་གཞག་གཞལ་བྱར་དྲངས།།
སངས་རྒྱས་བསྟན་པ་མངའ་བདག་རྒྱལ་ཚབ་པ།།
ཚངས་ལྷ་གྲགས་དབང་མཚན་ཅན་བླ་མ་ལགས།།
༥
འཇམ་དབྱངས་ཐབས་མཁས་རྣམ་པར་རྒྱལ་མཛད་བ།།
སྐལ་ལྡན་རང་གཞན་ལས་ངན་རབ་སྤངས་ནས།།
ད་ལྟར་བཀའ་དབང་རགས་ལ་ཞལ་མཇལ་བ།།
བསམ་ན་དབང་ཐང་མངའ་བས་ཉམས་དགའ་བ།།
༦
ལས་ངན་བག་ཆགས་ཐམས་ཅད་རབ་སྤངས་པས།།
གཞན་ཕན་ཐབས་མང་གྲགས་པ་མཁའ་ཁྱབ་ནས།།
དབང་དང་གདམས་ངག་མཐའ་དག་ཉམས་བླངས་མཛད།།
དག་པ་སར་གནས་ཚད་ལྡན་བླ་མ་ལགས།།
༧
བདག་ལྟ་ཉན་རང་སྣང་ཙམ་ཆགས་སྡང་བྲལ།།
ཡང་དག་ཐར་ལམ་འབད་པ་འགྲན་ཟླ་བྲལ།
ཟག་བཅས་གནས་ལས་ཐར་བས་ངན་དང་བྲལ།།
བྱས་པ་ཉམས་སྣང་འཆར་པས་རྫས་དང་བྲལ།།
༨
གཞས་ཡས་དར་ཟབ་དད་རྫས་སྐད་སྙན་དང་།།
ལྟ་ངན་ཕངས་སྣ་ང་རྒྱལ་གྲགས་པར་ཆགས།།
བདག་འབྲས་རང་ལ་རགས་ཐབས་འབད་པ་བཅས།།
བསགས་པ་མཐར་འཛད་ནམ་ཡང་སྤང་བྱར་གདམས།།
༩
དམ་ཉམས་ཡ་མ་བརླ་དང་བྲལ་མཛད་ལ།།
ཐ་མལ་བསྟན་དགྲ་དག་ལ་རབ་སྡང་ནས།།
བསླབ་གནས་ལྔ་ལ་བླ་ལྷག་འབད་མཁན་པ།།
ས་ལམ་སངས་རྒྱས་མངའ་བ་ཨ་ཞང་ཙམ།།
༡༠
རྣམ་པར་ཐར་མཛད་ལྔ་ལྡན་གསང་བསྔགས་འཆང་།།
གཞན་ཕན་ལྷག་བསམ་དད་ལྡན་འབངས་རྣམས་བསྐྱངས།།
དགྲ་ལྷ་དབང་རྒྱལ་གར་དང་རྣམ་ཐར་བསྐྱངས།།
ཁྱད་པར་གངས་ཅན་ཕ་སྐད་བསྟན་པ་བསྐྱངས།།
༡༡
ད་ལྟར་ངན་ལ་སང་གནངས་བར་ཆད་མང་།།
ལས་ངན་བསགས་ལ་ཕྲ་མ་བྱས་ལ་དགའ།།
མ་དག་འབྱམས་པ་ཐམས་ཅད་ཕག་ལྟར་ལྷགས།།
ལམ་དང་ཐར་པ་གནང་མཛད་ཟླ་བ་ལགས།།
༡༢
ཞལ་རས་དྭངས་བ་མཐའ་དག་རང་མདངས་དཀར།།
བསམ་གཏན་ཡངས་པ་མཐའ་དག་བདག་ཆགས་བྲལ།།
སྤྱན་རས་ལྔ་པ་མཐའ་དག་དང་བ་བསྙལ།།
གང་གནང་ལས་རྣམས་རབ་བརྟས་ལྷ་རྣམས་དགའ།།
༡༣
ངག་འཆལ་བལྟ་ངན་མ་གནང་བླངས་པ་བརྣབ།།
ངན་པ་རབ་ངན་ལས་ལམ་སྤངས་པ་གདམས།།
གཏང་བྱ་བསམ་གཏན་དཀའ་བ་རྣམ་རྒྱལ་བཅས།།
ཕར་མཐའ་གྲངས་ལྡན་བརྒལ་བ་དམ་པར་གདམས།།
༡༤
རྒྱལ་བ་རྒྱལ་ཚབ་རྒྱལ་བསྟན་རྒྱལ་མཚན་བ།།
ཟབ་ཡང་གཏང་རག་བླ་མ་འཇམ་དཔལ་དབྱངས།།
གང་ལ་མཚན་ཅན་བཏགས་པས་མངའ་ཐང་རྒྱས།།
ཡན་ལག་ཚང་བ་སྣང་གསལ་སྨག་ནག་བསལ།།
༡༥
སྔ་རབས་མཁས་མང་དག་ལས་ཞབས་མང་གཏད།།
སྙན་ངག་སྐར་དང་གར་བཅས་གནས་ལྔ་དང་།།
སྒྲ་དང་ནང་བཅས་གཏན་ཡང་གནས་ལྔ་བསླབས།།
ཁྱད་པར་གསང་སྔགས་བསྟན་པ་མངའ་དབང་ཁྱབ།།
༡༦
བཟང་ངན་སྣང་བ་སྣ་མང་ལས་རྣམས་ལ།།
མ་གསང་དག་པ་རབ་འབྱམས་གསལ་ན་ཡང་།།
མཐའ་ཡས་ལམ་དང་ཐབས་ལ་དབང་བཙན་པས།།
ཉམས་ཆག་བདག་ལ་བྱམས་དང་རྟག་ལྟ་མཛད།།
༡༧
པད་དཀར་འཆང་བ་རང་རྣམ་གསན་པ་རྨད།།
ཡ་མཚན་སྙན་གྲགས་རྒྱལ་རྔ་སྒྲ་དབྱངས་སྙན།།
གང་ལ་སྤྱན་ལས་སྣང་བ་རང་ཤར་པས།།
ཆ་ལམ་སྐལ་བར་བསགས་ཀྱང་མྱ་ངན་ཡལ།།
༡༨
ཡབ་གཙང་མ་ཧ་བ་ལང་བགྲང་ལས་བལྟམས།།
ཡ་མཚན་རབ་ཆགས་ཐམས་ཅད་མར་ལ་གཏམས།།
འཕགས་མས་ཞལ་ནས་ལྟས་ལ་དཔགས་པ་ན།།
བྱང་པ་སྐྱབས་གནས་རྟགས་མཚན་ཟང་མར་བསྟན།།
༡༩
ཡབ་ལས་མནལ་ལམ་ལྟས་མཚན་བཟང་བ་གང་།།
ཨ་མར་ལྟས་དང་ཡ་མཚན་སྔར་ལྟར་ཚང་།།
སངས་རྒྱས་བསྟན་པ་དམ་པར་དབང་མངའ་བ།།
བྱ་བཏང་གྲྭ་པས་སྣང་བ་མདངས་དཀར་བརྫངས།།
༢༠
བལྟམས་པ་ཁྱད་འཕགས་བསྟན་རྒྱལ་བྱང་སར་བལྟམས།།
མདངས་ལྡན་འཇའ་དཀར་གནམ་ལ་འཆར་བ་དང་།།
འཇམ་མངའ་སྦྲང་ཆར་ས་ལ་འབབ་པ་བཅས།།
ཡ་མཚན་བལྟམས་རྟགས་ཆ་ཤས་བཤད་ཙམ་གདའ།།
༢༡
སྐབས་འཕྲལ་ངན་པས་མཚང་ལ་སྤྱང་མཚན་བཏགས།།
རྒྱབ་ལ་གཡའ་མ་བཀལ་པས་རྨ་ཡང་ཆགས།།
བྲན་གནས་གྱར་ཡང་ཉམ་ང་ག་ལ་འཚལ།།
མ་རྨད་འཕགས་པ་དམ་པར་ལྷ་ཕྱག་འཚལ།།
༢༢
བསྟན་དང་གཞལ་བྱར་བ་དན་རབ་བརྟན་པ།།
ཕན་མཛད་མ་ཧ་བྱམས་ལྡན་སྨྲ་མཁས་ཅན།།
བདག་ཅག་རྒྱན་ཅན་དགའ་བ་སྤྲད་མཁས་པ།
རྒྱལ་བསྟན་པད་ཚལ་གདན་ལས་ཕམ་ཕབ་གནང་།།
༢༣
འཕགས་པ་མཁའ་ཁྱབ་གླགས་སྐབས་རྨང་ནས་བྲལ།།
དཔག་ཡས་རབ་འབྱམས་གཞན་ཕན་གད་རྒྱངས་མངའ།།
བཟང་པ་རྩ་ལག་ངན་རྣམས་ཆམ་ལ་ཕབ།།
བདག་ཅག་ཆགས་བྲལ་བླ་མར་དང་བ་གནས།།
༢༤
ཉ་གང་ཟླ་བ་ལྟར་མངའ་མཛད་པ་གང་།།
ཟད་དང་མཐའ་ལ་ནམ་ཞར་བྲལ་པས་དགའ།།
ཟག་བཅས་གཡར་མ་མཐའ་ལ་མ་བཏབ་བར།།
ལས་འབྲས་བསམ་ལ་ཞལ་དམ་ག་ལ་འགལ།།
༢༥
ལྔ་བརྒྱ་ཐ་མ་མཐའ་ལ་ལྷགས་པ་ན།།
བསྟན་ལ་མཚང་བཏགས་ལས་ལ་སྤངས་པ་དང་།།
ག་ནས་བལྟས་ཀྱང་ཉམས་དམན་ཐན་པ་འདྲ།།
སྐྱབས་ས་དྲན་ས་རྐྱང་བ་བླ་མ་ལགས།།
༢༦
འཆད་ན་བསྟན་དང་གང་ལ་མཁས་པ་དང་།།
རྩ་བར་གདམས་པར་ཤར་བ་ཕྱག་བསྟར་ཟབ།།
སྙན་ངག་རྒྱན་ལ་མཁས་པ་ངག་དཔལ་ཅན།།
བག་ཡངས་མངའ་བ་བླ་མ་དམ་པར་བསྔགས།།
༢༧
གསང་སྔགས་འཆང་བ་མདའ་ལྔ་བ་དང་བྲལ།།
བསམ་པ་སྤྲས་བྲལ་མཚན་མར་ལྟ་བ་ཟད།།
དལ་བརྒྱད་རང་གཞན་ལྔ་ཚང་འཁང་པ་འགགས།
ཡང་དག་ཟབ་ལམ་བསྟན་པ་འཕགས་པ་ལགས།།
༢༨
སྨྲ་ངན་ཝ་སྤྱང་དག་ཀྱང་ཕམ་མཛད་ནས།།
རབ་བརྟན་ཁ་ལྔ་པ་འདྲ་རྔམ་སྟབས་གནས།།
མྱ་ངམ་ཐང་ལས་ཐར་མཛད་སྦྲང་ཆར་ཕབ།།
བསགས་རྒྱབ་རྟ་ལྗང་ཅན་ལ་དད་ཕྱག་འཚལ།།
༢༩
རབ་དགའ་པ་དང་སྦྱང་དཀའ་བ་བཅས་ལ།།
ས་རྣམས་ཐམས་ཅད་ཆད་བྲལ་མངའ་བ་རྨད།།
རྣམ་པར་དག་དང་ལམ་ལྔ་དབང་ལྡན་པས།།
ལམ་སྣ་དྲངས་མཛད་དཀར་གསལ་ཟླ་བ་ལགས།།
༣༠
མཛད་པ་མཐའ་ཡས་རྟ་བབས་ཀ་བ་ཅན།།
སྣང་བ་མཐའ་ཡས་ཕ་ལམ་རང་མདངས་ཅན།།
བསླབ་པ་མཐའ་ཡས་ཆར་བསྩལ་རྔ་ཡབ་ཅན།།
དཀར་ནག་ཟངས་ཐལ་བལྟ་བ་སྤྱན་ཡངས་ཅན།།
༣༡
མྱ་ངན་ལས་འདས་ཐར་ལམ་བསྟན་པ་གང་།།
བདག་ལྟ་བྲལ་པ་དྲན་བཞག་ཡང་དག་དང་།།
རྐང་པ་འཕགས་ལམ་ཡན་ལག་བརྒྱད་པ་བཅས།།
ཡང་ཡང་དྲན་ལ་རྟག་གནས་རྣམ་པར་དག །
༣༢
དང་བ་མངའ་ལ་ང་རྒྱལ་སྨད་པ་དང་།།
མཉམ་པ་དག་ལ་ཆགས་སྡང་འགྲན་པ་དང་།།
དམན་པ་དག་ལ་བརྙས་ཐབས་བྱས་པ་བཅས།།
བསམ་པ་ཉམས་པར་ལས་ལ་སྤངས་པར་འཚལ།།
༣༣
རང་ཅག་བླ་མ་རྣམས་ལ་དམའ་བཏབ་དང་།།
ཧམ་པ་བག་བྲལ་བྱ་བར་སྤྱད་པ་དང་།།
གཞན་ལ་དཔལ་ཆ་ཚང་པས་སྡང་བ་བཅས།།
རྣམ་དཀར་ལས་རྣམས་འཛད་པས་སྤངས་པར་འཚལ།།
༣༤
ཉལ་དང་མནལ་ལ་མྱངས་པ་མང་པ་དང་།།
སྒལ་རལ་སྣང་བ་འཆལ་དང་ངན་ལ་ཆགས།།
ངག་འཁྱལ་གཏམ་དང་རྐྱང་ཟླ་ཟད་ལ་དགའ །།
བྱ་བ་ཉམས་པར་གནས་ལ་འབྲལ་པར་འཚལ།།
༣༥
རྒྱལ་བཞག་ཇག་དང་མང་ལ་བལྟ་བ་དང་།།
མཚན་ལ་འཁྱམས་དང་ཆང་དང་ཟས་ལ་ཆགས།།
བག་དང་མ་ལྡན་བྱ་བར་བསྐྱངས་ལ་དགའ།།
གྲགས་པ་ཉམས་པར་གདམས་པས་དག་པར་འཚལ།།
༣༦
གཡའ་དག་སྣམ་སྦྱར་བླ་མཐང་རྣམ་མངའ་མནབས།།
རྒྱལ་བ་འཆང་པ་གསང་བདག་རྩལ་སྣང་ཤར།།
རང་རྒྱལ་དགྲ་ལས་རྣམ་པར་རྒྱལ་མཛད་མཁན།།
བསམ་པ་སྒམ་པ་ཐ་དད་སངས་རྒྱས་ཞབས།།
༣༧
སྤྲང་ལ་ཟས་དང་མནར་ལས་བསྐྱབས་པ་དང་།།
སྒྲ་བརྒྱ་པ་ལ་རྨ་བྱ་དགའ་བ་ལྟར་།།
དགྲ་སྤྲས་ཐམས་ཅད་བྱང་པ་བླ་མ་ལ།།
ཐལ་སྦྱར་དད་པས་ཡང་ཡང་བླངས་པར་བྱ།།
༣༨
ཐམས་ཅད་བསྐྱབ་པ་བླ་མ་ཁྱད་པར་ཅན།།
བྱ་བ་སྤངས་ནས་བསྟན་ལ་ཕན་པར་འབད།།
རྒྱ་ཡན་བྲལ་བ་དཔྱད་མཁས་འཐད་པ་ཅན།།
རྣམ་པར་དག་ལ་མཚན་བཟང་ཕྱག་རྒྱ་བ།།
༣༩
ནམ་མཁས་གར་ཁྱབ་ཕ་མས་ཁྱབ་པ་ལ།།
ས་ལ་གནས་པ་ཐམས་ཅད་ཕ་མ་བས།།
ཉམས་ཐག་སྐྱབས་བྲལ་མཛད་པ་མཐའ་ནས་བསྐྱངས།།
བྱམས་དང་ཕན་བཏགས་གནང་བ་བླ་མར་འཐད།།
༤༠
རབ་བཀྲ་པད་མ་འདབ་བརྒྱ་བཞད་པ་ལ།།
ཙན་དན་མ་ལ་ཡ་ངད་ལྡང་བ་ལྟར།།
གདམས་དང་མན་ངག་སྙན་ལ་རབ་ཟབ་པས།།
སྣ་མང་དད་ལྡན་ཡང་ཡང་གནས་པ་མཚར།།
༤༡
སྐྲག་ལས་བསྐྱབས་པ་ལྷ་དང་དམ་ཅན་འགབ།།
བསྔལ་ཆར་བསལ་མཛད་དབང་དང་ཐབས་ལ་མཛའ།།
ཟག་བཅས་འདམ་ལས་བསྒྲལ་བ་ཡ་མཚན་ཅན།།
བསགས་སྦྱངས་བཤགས་བསྡམ་མངའ་ལ་དཔྲལ་ཕྱག་འཚལ།།
༤༢
བཙས་པ་ཐམས་ཅད་མཐའ་མར་ལྔ་ལམ་དང་།།
ཕྲད་པ་ཐམས་ཅད་མཐའ་མར་འབྲལ་བ་གང་།།
བསགས་པ་ཐམས་ཅད་མཐའ་མར་ཟད་པ་བཅས།།
ད་ལ་སྐལ་བ་ཕྲ་བས་བླ་མ་དྲན།།
༤༣
ལས་ལ་ངན་སྤངས་མཚན་དང་བྱད་བཟང་རྒྱན།།
ངག་ལ་ངན་སྤངས་བྱ་བ་མཐའ་དག་བྱང་།།
སྐད་ལ་ངན་སྤངས་ཚངས་དབྱངས་ལས་ཀྱང་སྙན།།
མཚང་བྲལ་དཔལ་འབར་སྐར་མ་མ་ལ་ཡ།།
༤༤
ཀརྨ་རྒྱས་པ་ཟབ་ཡངས་བསྟན་མཛད་མཁན།།
འབད་པ་རྦ་རླབས་ངང་ལས་རབ་གནས་ནས།།
གང་ལ་ཕན་བཏགས་ཟླ་བྲལ་དར་ཡ་ཀན།།
གང་ལ་མཉམ་པར་བཞག་པ་འཕགས་པ་ལྷ།།
༤༥
ཉ་རྒྱས་ཟླ་བ་མཁའ་ལ་འཕགས་པ་དང་།།
མཚན་བཟང་བླ་མར་གདན་སར་མཇལ་པ་བཅས།།
གནམ་ས་ཐག་ལ་ཁྱད་པར་མངའ་བ་ལས།།
ཁྱད་གཞན་ཡང་ཡང་བཙལ་ཡང་ངལ་བ་ལྡན།།
༤༦
དཔག་དཀའ་བླ་མས་མཛད་པ་གང་བསྐྱངས་བ།།
གཞལ་བྱ་མཐའ་བྲལ་ནམ་མཁའ་ཡངས་བས་པ།།
གང་དང་འདྲ་ལ་གཞན་ཡང་སྣང་པ་དག །
གནའ་ད་གང་ལ་མངའ་ན་ཟླ་ལ་འགབ།།
༤༧
བཙས་རྒ་ན་འདས་བསྔལ་ཆར་རབ་མྱངས་ནས།།
འཕྲལ་ནས་གནས་ཐབས་འགའ་ལ་འབད་ན་ཡང་།།
ལས་ལས་ཐ་དད་ཁམས་ལ་སྣ་མང་བལྟམས།།
སྐྱབས་གནས་བླ་མ་དྲན་ནས་ཡང་ཡང་བརྒྱལ།།
༤༨
མཁའ་གནས་ཟླ་བས་སྨག་ནག་མཐའ་ལ་འཕངས།།
དཔལ་ལྡན་བླ་མས་ཉམས་ཐག་ཐར་ལམ་བསྟན།།
ཟླ་བ་སྐར་མ་ཡང་ན་ནམ་མཁའ་ལ།།
ཡང་ཡང་འདྲ་བ་མཁས་མཛངས་བླ་མ་ལགས།།
༤༩
མཛད་རྒྱས་འཕགས་པ་གང་ལ་མང་ན་ཡང་།།
གཞན་རྒྱལ་བླ་མར་འགྲན་ཟླ་ག་ལ་མངའ།།
ལྷ་ལམ་སྣང་ལྡན་སྐར་ཕྲན་མཚར་ན་ཡང་།།
ཚ་ལྡན་ཟླ་ལ་གང་བཙལ་མཐར་ཚབ་བྲལ།།
༥༠
གང་ཟག་ཧམ་པས་ཤ་ཁྲག་ཟ་བ་དང་།།
ཟག་བཅས་ལྷག་མས་ལས་འབྲས་གཡང་ལ་བཏབ།།
གང་ལ་གཏད་ཀྱང་ཉམས་པས་ཐར་བ་བྲལ།།
སྣང་བ་སྨག་ལ་ཆས་པས་བསྐྱབ་པར་འཚལ།།
༥༡
སར་བཞད་ཀད་ཛ་ལ་ལྟར་མདངས་བཟང་བ།།
མཚག་བཟང་མཛད་པ་རྣམ་རྒྱལ་བླ་མ་ལ།།
མཇལ་པས་སྤྱན་ཆབ་མང་བ་མཛད་པས་ན།།
ང་ཡང་ཡང་དག་མྱ་ངན་འདའ་བར་འཚལ།།
༥༢
མཚལ་ལས་དམར་བ་ནམ་བཟའ་རང་མདངས་ཅན།།
སྣང་ལས་བཀྲ་བ་སྤྱན་ལ་སྐར་མ་ཤར།།
མཁའ་ལས་ཡངས་པ་བྱ་གཞག་ཟླ་བ་རྒྱས།།
མཚན་སྨྲས་ཙམ་ལས་མྱ་ངན་སངས་པར་གདའ།།
༥༣
གངས་ཅན་མཁས་རྣམས་དགའ་བ་རབ་བརྟས་སྤྱད།།
རྟག་པར་རང་སྣང་རྣམ་པར་སད་བྱས་ནས།།
གང་དང་གཡའ་བྲལ་རྣམ་དག་ཤྰཀྱ་དང་།།
ཁྱད་པར་འདྲ་བ་གཞན་ལ་མངའ་བ་བྲལ།།
༥༤
དབྱངས་ལྡན་རྒྱན་ཅན་པ་ནས་པད་མ་ཚལ།།
གནས་པ་ལྟར་ལས་བླ་མར་ཕྱག་འཚལ་པས།།
དམ་པས་བསྐལ་ཡང་མཛའ་བས་མ་བཏང་ལྟར།།
རྒྱན་ཅན་པ་དག་པད་མ་ཚལ་ལ་གནས།།
༥༥
བྱས་པ་རྟག་རྟག་འདྲ་ཡང་འཕྲལ་ནས་བརླགས།།
ཀ་ཅ་ཁ་སང་མངའ་ཡང་ད་ལྟར་འབྲལ།།
བྱད་པ་སྔ་ཞག་བཀྲ་ཡང་ཐ་མར་ཉམས།།
ཟག་བཅས་ཡང་ཡང་དྲན་པ་བླ་མས་གདམས།།
༥༦
ནམ་ལ་འདས་ནས་རང་རང་ཆས་པ་ན།།
སྤྲང་ལ་ཕལ་པ་བསམ་ནས་བརྙས་པའམ།།
གྲགས་ལ་རྒྱབ་རྩ་བསམ་ནས་ཆ་ཡང་བཅས།།
སྤྲང་ངམ་གྲགས་པར་བྲལ་བ་བླ་མས་གདམས།།
༥༧
དར་མར་གནས་ཀྱང་མཐའ་མར་རྒས་པས་ཉམས།།
རྣམ་མང་གཉན་དང་ན་ཚས་བཀྲག་མདངས་ཡལ།།
ཁ་སང་གྲགས་ལྡན་ད་ལྟར་ཐམས་ཅད་འགག །
རྣམ་དཀར་ལས་ལ་འབད་པ་བླ་མས་གདམས།།
༥༨
རྟ་འམ་ཕག་པ་བ་གླང་མངལ་བཙས་ནས།།
རང་དབང་བྲལ་ལ་ཐག་པས་བསྡམས་ནས་བསད།།
ལ་ལར་ཁལ་མང་བཀལ་ནས་སླར་ཡང་སྤྱད།།
ཐམས་ཅད་ལས་ངན་ལགས་པ་བླ་མས་གདམས།།
༥༩
གང་ལ་བླ་མར་སྤྲས་པ་བསམ་གཟས་ནས།།
མང་བར་རྒྱན་དང་བསྔགས་པ་ཙམ་ལས་གྲང་།།
ད་ནས་ཕྲ་རྒྱས་སྐད་སྙན་སྨྲ་བ་ལ།།
རང་སྣང་དད་པས་གཅམ་གསག་འབྲལ་བར་འཚལ།།
༦༠
ཐབས་ཆག་སྙན་ངག་བག་ཙམ་བརྩམས་པ་ལ།།
གཞན་འགས་སྨད་དང་འཕྱ་བ་གང་བྱས་པ།།
ལྷག་བསམ་རྣམ་པར་དག་པས་བརྩམས་པ་ན།།
བདག་ལ་འདར་དང་དམན་པ་ག་ལ་འཚལ།།
༦༡
བརྩམ་པར་བྱ་དཀའ་སྙན་ངག་མཐའ་དག་ལ།།
མཁས་རྣམས་རབ་དགའ་གཞན་རྣམས་ཡ་མཚན་གནས།།
ཁྱད་པར་མཛད་པ་རྣམ་རྒྱལ་བླ་མ་ལ།།
ནམ་ཡང་འཛད་དང་འགག་པ་ཡལ་བར་འཚལ།།
བོད་རབ་བྱུང་བཅུ་བདུན་པའི་ཁྲོ་མོ་ཤིང་ཕོ་འབྲུག་ལོའི་མཆུ་ཟླའི་ཚེས་པ་དང་པོར་དབོན་གདུ་བུའམ་པདྨ་ཡེ་ཤེས་ཀྱིས་བྱང་པའི་སྐྱབས་མགོན་འཇིགས་མེད་ཐེག་མཆོག་བསྟན་འཛིན་རིན་པོ་ཆེའི་དགུང་ལོ་རེ་གཅིག་གི་དགུང་ཀེག་ཉིན་ཤློོ་ཀ་རེ་གཅིག་ལས་གྲུབ་པའི་སྙན་ངག་འདི་སྒོ་གསུམ་ནས་ཕུལ་བ་དགེའོ།།།།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།

