བོད་ཁུལ་གློག་བརྙན་གྱི་རླབས་རྒྱུན་གསར་མའི་གནས་བབས་དང་མ་འོངས་པའི་བསམ་གཞིག

【བཅར་འདྲི་བྱ་ཡུལ་ངོ་སྤྲོད】 ཟོན་ཐར་རྒྱལ་ནི༡༩༧༤ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་འབའ་རྫོང་དུ་སྐྱེས། མཚོ་སྔོན་དགེ་ཐོན་སློབ་གླིང་ནས་རི་མོ་ཆེད་ལས་དང་པེ་ཅིན་གློག་བརྙན་སློབ་གླིང་ནས་བརྙན་ལེན་ཕྱོགས་ལ་ཟབ་སྦྱོང་བྱས་མྱོང་། ༢༠༠༥ལོར་པད་མ་ཚེ་བརྟན་གྱི《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དང་། ༢༠༠༧ལོའི་གློག་བརྙན《འཚོལ》གཉིས་ཀྱི་མཛེས་རིས་པའི་འགན་ཁུར་ཞིང་། ༢༠༡༡ལོར་གློག་བརྙན《ཁྱི་རྒན》གྱི་མཛེས་རིས་དང་བརྙན་ལེན་པའི་འགན་འཁུར། ལོ་དེར་ཁོས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཐོག་མ《དབུས་ལམ་གྱི་ཉི་མ》ཡང་ཕབ་སྐྲུན་བྱས། གློག་བརྙན་འདི་ནི་ན་གཞོན་ཞིག་གིས་རང་གི་ཨ་མ་སྟབས་མ་ལེགས་པར་བསད་པའི་གཏམ་རྒྱུད་གཞི་བྱས་ཏེ་ཁོའི་ནང་སེམས་ཀྱི་འགྱོད་བཤགས་དང་ཐར་བའི་གོ་རིམ་མཚོན་པར་བྱས་ཡོད། ༢༠༡༥ལོར་ཁོའི་གློག་བརྙན་གཉིས་པ《གཙང་བོ》པེར་ལིན(Berlin)རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་དུ་གཟིགས་འབུལ་བྱས། འདི་ནི་ཁོང་གི་གློག་བརྙན་དག་ལས་ད་སྔ་དཔྱད་བརྗོད་པས་གདེང་འཇོག་བྱས་པ་མཐོ་ཤོས་དེ་ཡིན། ༢༠༡༨ལོར་རྒྱལ་རོང་སྐད་ཀྱི་གློག་བརྙན《ང་ཡི་ཆང་གསོལ་རོགས》གཟུགས་འབུལ་གནང་ཞིང་། ལོ་དེར《ལྷ་མོ་དང་སྐལ་བྷེ》ཡང་ཕབ་སྐྲུན་བྱས། ༢༠༢༡ལོར་མ་དངུལ་སྒོར་ཁྲི་སུམ་སྟོང་ཅན་གྱི《ཟུར་ལྟ་བ》[1]ཕབ་སྐྲུན་བྱས།
ཁོང་གི་གློག་བརྙན་དག་ནི་ཚོན་ཁ་སྣུམ་པོ་མིན་པ་དང་བརྙན་མིག་རིང་བོ(长镜头)ཡི་ལག་ཐབས་སྤྱད་ནས་དངོས་ཡོད་འཚོ་བའི་བདེན་སྣང་མཚོན་པར་བྱས་ཡོད་ཅིང་། ཁོང་གི་རྩོམ་རིག་བློ་སྦྱོང་དང་བརྙན་རིས་ཀྱི་བཀོད་འདོམ་ཁྲོད་དུ་མི་རིགས་ཤིག་གི་ཞི་བ་དང་དྭངས་གཙང་། བབས་ཆགས། ལྷོད་པའི་རང་བཞིན་མངོན་པར་བྱས་ཡོད།
བཅར་འདྲི་དངོས།
བཅར་འདྲི་བ། འཁྲབ་ཁྲིད་པ་བདེ་མོ། ཉེ་ཆར་རྒན་ལགས་ཀྱིས་གློག་བརྙན་ཕྱོགས་ཀྱི་ལས་ཀ་གང་ཞིག་གནང་གིན་ཡོད།
ཟོན་ཐར་རྒྱལ། ད་བར་མཚོ་སྔོན་ནས་ཕབ་སྐྲུན་བྱ་རྩིས་ཡོད་པའི་གློག་བརྙན་གསར་བ་ཞིག་ལ་གྲ་སྒྲིག་བྱེད་བཞིན་ཡོད། ཟླ་བཞི་བའི་མགོར་མགོ་བརྩམ་འུ་ཐུབ་བལྟ་བཞིན་ཡོད་མོད། བར་ཆད་ཅུང་ཟད་འདུག
བཅར་འདྲི་བ། ཁྱོད་ཀྱིས་སློབ་ཆེན་འགྲིམ་སྒང་རི་མོ་སྦྱངས་མྱོང་ཞིང་། རྗེས་ནས་ནུབ་གླིང་གི་རི་མོར་ཡང་སྦྱང་བ་ཡོད་མཁན་ཞིག་རེད། རི་མོ་ཡིས་ཁྱོད་ཀྱི་གློག་བརྙན་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཡོད།
ཟོན་ཐར་རྒྱལ། དེ་ངས་གསལ་བོ་ཞིག་མི་ཤེས་མོད། ཀློག་པ་པོས་ཁ་ཤས་ཀྱིས་ངའི་འཁྲབ་གཞུང་ལ་ལྟ་བའི་བརྒྱུད་རིམ་ཁྲོད་དུ་རིས་ངོས་ཀྱི་ཚོར་བ(画面感) འདུག་ཅེས་བཤད་མཁན་ཡོད་པས། ཕལ་ཆེར་འདི་ངས་རི་མོ་སྦྱངས་པའི་ཤུགས་རྐྱེན་ཡིན་སྲིད་ངེས།
བཅར་འདྲི་བ། ཁྱོད་ཀྱིས་གློག་བརྙན་སློབ་སྦྱོང་བྱེད་སྐབས་བོད་ཁུལ་གྱི་ས་གནས་ཕལ་ཆེ་བར་གློག་བརྙན་དར་མེད་པས། སྐབས་དེར་རིག་གནས་གསར་བ་ཞིག་སྦྱོང་དུས་རེ་དོགས་ཅི་འདྲ་འདུག
ཟོན་ཐར་རྒྱལ། ཐོག་མར་པད་མ་[2]གློག་བརྙན་སྦྱོང་གི་སོང་བ་རེད། ངེད་གཉིས་གྲོགས་པོ་ཡིན་པས་ཁོ་རང་བརྒྱུད་ནས་ངས་ཀྱང་པེ་ཅིན་དུ་གློག་བརྙན་གྱི་བརྙན་ལེན་སྐོར་སྦྱོང་བ་བྱས་པ་ཡིན། སྐབས་དེར་ངེད་གཉིས་ཀྱིས་ཤེས་ཚོད་ཡིན་ན། བོད་ཁུལ་དུ་གློག་བརྙན་སྦྱངས་མྱོང་མཁན་ཤིན་ཏུ་ཉུང་ཞིང་། ལྷ་ས་རུ་གློག་བརྙན་སྦྱངས་མྱོང་མཁན་མི་གཅིག་ནས་གཉིས་ཙམ་འདུག ཡིན་ཡང་། ཁོ་ཚོ་མཐར་ཕྱིན་རྗེས་མུ་མཐུད་ནས་གློག་བརྙན་གྱི་བྱ་བར་ཞུགས་མི་འདུག རྒྱུ་མཚན། སྐབས་དེར་ཨང་ཀིའི་བརྙན་ཆས(数码摄影)ཀྱི་ཁོར་ཡུག་མེད་ས་ཞིག་ནས་ལག་ལེན་བྱེད་དཀའ་བས་རྒྱུན་མ་འཁྱོངས་པ་ཡིན་ངེས། རྗེས་སུ་གདུགས་དཀར་ཚེ་རིང་ཡང་ཡོང་ཞིང་། དེ་ནས་བོད་ཁུལ་དུ་གློག་བརྙན་གྱི་ཆེད་ལས་སྦྱོང་མཁན་དང་དེའི་ཕྱོགས་ཀྱི་ལས་ཀ་ལས་མཁན་ཇེ་མང་དུ་སོང་བ་རེད། སྤྱིར་སྐབས་དེར་གློག་བརྙན་ནི་ང་ཚོར་མཚོན་ན་བར་ཐག་རིང་བས། བོད་ཡིག་སྦྱོང་མཁན་གྱི་སློབ་མ་དག་མཐར་ཕྱིན་རྗེས་དགེ་རྒན་ཞིག་དང་གཞུང་ཞབས་པ་ཞིག་བྱ་རྒྱུ་ལས་རང་གི་དགའ་ཕྱོགས་དང་མདུན་ལམ་སྙེག་མཁན་ཉུང་ཉུང་ཡིན། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》གློག་བརྙན་དུས་ཆེན་དུ་ཞུགས་པ་དང་རྒྱལ་ཡོངས་ནས་གཟིགས་འབུལ་བྱས་པས། གཞོན་སྐྱེས་མང་བོ་ཞིག་ལ་གློག་བརྙན་ཕྱོགས་སུ་རེ་བ་ཡོད་པའི་སྣང་ཚུལ་བྱིན་པ་རེད། ང་ལ་མཚོན་ནའང་གློག་བརྙན་ལ་དགའ་བ་པད་མས་ཤེས་པས། ཁོང་གི་སྐུལ་སློང་འོག་སློབ་སྦྱོང་ལ་སོང་བ་ཡིན། ཐོག་མར་པེ་ཅིན་ལ་སོང་མ་མྱོང་བས་དཀའ་ངལ་བྱུང་། ཟླ་གཅིག་འགོར་རྗེས་རང་ལ་ཡིད་ཆེས་སྐྱེས་ཤིང་གོམ་པ་དེ་སྤོས་པ་འགྲིག་འདུག་བསམ་སོང་། རྒྱུ་མཚན། ངས་དགེ་རྒན་དང་གཞུང་ཞབས་པའི་བྱ་བ་ལས་མྱོང་བ་ཡིན། དེ་དག་གི་བརྒྱུད་རིམ་ནི་འཚོ་བ་རོལ་ཐབས་ཙམ་ལས་རང་གི་དགའ་ཕྱོགས་ལ་བརྩི་འཇོག་བྱེད་པ་ཞིག་མ་རེད། འོན་ཀྱང་། གློག་བརྙན་སློབ་གྲྭའི་ནང་དུ་སོང་ན་རང་གི་དགའ་ཕྱོགས་རེད། སྡུག་ཡོད་ཀྱང་ནང་དོན་ཡོད་པར་འདོད།
བཅར་འདྲི་བ། ཁྱོད་ཀྱིས་གློག་བརྙན་སློབ་གླིང་ནས་བརྙན་ལེན་སྐོར་གྱི་སློབ་སྦྱོང་གི་བརྒྱུད་རིམ་ནི་ཇི་འདྲ་ཞིག་ཡིན།
ཟོན་ཐར་རྒྱལ། ཐོག་མར་གློག་བརྙན་སློབ་གླིང་དུ་དེ་ལྟ་བུའི་ཆེད་ལས་དང་ཚན་ཁག་མང་བོ་ཞིག་ལ་རང་ངོས་ནས་རྒྱུས་ལོན་མེད། ཡིན་ནའང་། པེ་ཅིན་ལ་སོང་ནས་པད་མ་ལ་གང་ཞིག་སྦྱང་ན་བཟང་བར་དྲིས་པས། ཁོས་ཁྱོད་ཀྱིས་བརྙན་ལེན་སྡེ་ཁག་ནང་སློབ་སྦྱོང་བྱོས་དང་མཐར་ཕྱིན་རྗེས་འུ་གཉིས་ཀྱིས་མཉམ་འབྲེལ་བྱ་ཆོག་ཟེར། ཁོང་གི་སྐུལ་སློང་འོག་བརྙན་ལེན་སྡེ་ཁག་ནང་ལོ་གཅིག་རིང་ཟབ་སྦྱོང་བྱས་ཤིང་། ཞོར་དུ་རྩོམ་རིག་སྡེ་ཁག་ཏུ་པད་མ་དང་མཉམ་དུ་ལོ་གཅིག་ལ་རྩོམ་རིག་གི་སྐོར་སྦྱོང་བ་བྱས་པ་ཡིན། དེའི་སྐབས་དཀའ་ཁག་མང་བོར་ཐུག་མྱོང་། སྤྱིར་དཀའ་ཁག་ལ་ཐུག་རྒྱུ་དེ་རྒྱུན་ལྡན་ཞིག་རེད་མོད། ཡིན་ནའང་། ལམ་དེ་ལྟ་བུ་ཞིག་བདམ་པའི་ཚེ། དཀའ་ཁག་ཡོད་ཀྱང་སེམས་སྐྱིད་པོ་རེད། རང་གི་དགའ་ཕྱོགས་ཤིག་ལ་བརྩོན་པ་བྱ་རྒྱུ་དེ་གཙོ་བོ་རེད། གལ་ཏེ་དེ་ལྟ་བུའི་ལས་ཀ་ནི་རང་གི་དགའ་ཕྱོགས་མིན་ཚེ་དཀའ་ཁག་ལ་འཕྲད་དུས་སྡུག་ཁུར་དུ་ལེན་མི་ཐུབ་པ་ཞིག་རེད།
བཅར་འདྲི་བ། ༢༠༠༥ལོར་ཁྱོད་ཀྱིས་རྒན་པད་མ་ཚེ་བརྟན་གྱི་དངོས་བཤུས་གློག་བརྙན《ཆེས་མཐའ་མཇུག་གི་སེར་སྲུང་བ》ཡི་བརྙན་ལེན་འགན་འཁུར་ཞིང་། རིམ་གྱིས་མཉམ་དུ་གློག་བརྙན་ལས་ཀ་མང་བོ་ལས་མྱོང་བས། ཁྱོད་ལ་མཚོན་ན་ཁོ་དང་མཉམ་འབྲེལ་ཁྲོད་ཀྱི་མྱོང་བ་ཡག་ཤོས་དེ་གང་རེད།
ཟོན་ཐར་རྒྱལ། པད་མ་ངེད་གཉིས་ནི་ས་ཕྱོགས་གཅིག་གི་མི་ཡིན་པས། གློག་བརྙན་སློབ་གྲྭར་མ་སོང་གོང་ནས་རྩོམ་རིག་གི་ཚོགས་འདུ་འགར་མཉམ་ཞུགས་བྱས་པས་ཕན་ཚུན་ལ་རྒྱུས་ཇེ་ཡོད་དུ་བྱིན་ཞིང་། རྗེས་ནས་ངེད་གཉིས་ཀྱིས་མཉམ་འབྲེལ་བྱས་པའི་གློག་བརྙན་ཐོག་མ་ནི《ཆེས་མཐའ་མཇུག་གི་སེར་སྲུང་བ》 ཞེས་པ་དེ་ཡིན། དེ་དུས་ང་ལ་མཚོན་ན་བརྙན་ལེན་གྱི་གཞུང་ལུགས་སྦྱངས་ཡོད་རུང་། ལག་ལེན་གྱི་ཆ་ནས་བྱང་ཆ་ཡག་པོ་མི་འདུག པད་མ་ནི་ངའི་བློས་ཐུབ་ཀྱི་གྲོགས་པོ་དང་དགེ་རྒན་ཡིན་ཞེས་བཤད་ནའང་ཆོག་སྟེ། ང་ལམ་དེར་འཇུག་མཁན་དང་དེའི་ཕྱོགས་ཀྱི་བསམ་བློ་བརྗེ་རེས་བྱེད་ས་ཁོ་རང་ཡིན། སྤྱིར་མི་སུ་དང་སུ་ཞིག་ཡིན་རུང་ནར་སོན་གྱི་གོ་རིམ་དུ་ངེས་པར་དུ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཞིག་དགོས་ཤིང་། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》གྱི་འཁྲབ་གཞུང་ཇི་ལྟར་བྲིས་པ་དང་བརྒྱུད་རིམ་ཁྲོད་དཀའ་ངལ་ཅི་ལ་ཐུག་པ། ཇི་ལྟར་སེལ་བ། མཇུག་འབྲས་ཇི་ལྟར་འོངས་པ་སོགས་ངས་ཤེས་པ་རེད། དེ་དང་མཉམ་དུ་བྱ་བ་ལས་པའི་བརྒྱུད་རིམ་ནི་ང་ལ་མཚོན་ན་སྐབས་དེར་སྡུག་ཡོད་པ་ཞིག་ཏུ་མཐོང་ལ། ཁོ་མཚོན་ནའང་དེ་ལྟར་རེད། ཡིན་ནའང་། ད་བར་འདང་བརྒྱབ་ན་དེ་དུས་ནི་སེམས་ཤིན་ཏུ་སྐྱིད་དུས་དང་རིན་ཐང་ཡོད་པའི་དུས་ཤིག་རེད།
བཅར་འདྲི་བ། ཁྱོད་ཀྱིས་གློག་བརྙན《ཁྱི་རྒན》གྱི་བརྙན་ལེན་པའི་འགན་འཁུར་ཞིང་། སྤྱིར་སྲོག་ཆགས་དང་བྱིས་པའི་འཁྲབ་སྟོན་ནི་དཀའ་ས་ཆེན་པོ་ཞིག་ཡིན་པས། གློག་བརྙན་འདིའི་ནང་དུ་ཁྱི་ཡིས་འཁྲབ་སྟོན་བྱེད་པར་ཁྱོད་ཅག་དཀའ་ཁག་ལ་འཕྲད་ཡོད་དམ།
ཟོན་ཐར་རྒྱལ། གློག་བརྙན《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ལའང་ཡོང་སྒོ་མང་བོ་ཞིག་མ་ལོན། ལྷག་པར《འཚོལ》ལ་མཚོན་ནའང་འགྲོ་གྲོན་མང་བོ་བཏང་ཞིང་མ་རྩ་ཕྱིར་ལེན་པར་དཀའ་ངལ་ལ་ཐུག་མོད། འབའ་རྫོང་རྨ་བྱང་ཞང་ནས《ཁྱི་རྒན》ཕབ་སྐྲུན་བྱེད་དུས་ལས་མི་ཉུང་ཞིང་འགྲོ་གྲོན་ཆུང་བ། ལག་ཆར་མཚོན་ན་ཡང་ཧ་ཅང་ཞན་པས་ད་བར་གྱི་དྲ་རྒྱའི་ཐད་གཏོང་གི་ཆ་རྐྱེན་ཡང་ང་ཚོ་དང་བསྡུར་ན་བཟང་རྒྱུ་རེད། ང་ཚོར་བརྙན་ལེན་སྤྱད་གཅིག་དང་གློག་འོད(灯光)གཉིས་མ་གཏོགས་མེད། བརྒྱུད་རིམ་དེའི་ཁྲོད་དུ་མི་ཡང་བཅུ་ཁ་ཞིག་ལས་མེད་པས། རང་ཉིད་ལ་མཚོན་ན་བརྗེད་དཀའ་བ་ཞིག་ཡིན་ཞིང་། པད་མས་ཀྱང་གློག་བརྙན《ཁྱི་རྒན》ལ་མཚོན་ན་གློག་བརྙན་གཞན་དག་ལས་ཕབ་སྐྲུན་གྱི་ལས་ཀ་ཡང་མོ་དང་ཡོང་སྒོ་བཟང་བ་དེ་རེད་ཅེས་རྒྱུན་དུ་བཤད་ཡོང་། དེའི་སྟབས་ཀྱིས་ཕབ་སྐྲུན་གྱི་བརྒྱུད་རིམ་དུ་མཚམས་མཚམས་སུ་བརྙན་མིག་ཏུ་ཉི་འོད་དགོས་ཚེ་ཉི་མར་སྒུག ངལ་གསོས། ཞོ་འཐུང་། གཉིད་དགོས་དུས་གཉིད། དེ་ལྟར་ཕབ་སྐྲུན་ལེགས་འགྲུབ་བྱུང་བ་རེད། རང་ཉིད་ལ་མཚོན་ན་དེ་དུས་ཁྱི་ལ་ཇི་ལྟར་འཁྲབ་ཏུ་བཅུག་པ་ཅང་བཤད་རྒྱུ་མེད་མོད། སྐབས་དེའི་ཁྱི་རྒན་ལ་འཁྲབ་རྒྱུ་མང་བོ་མེད་ལ། ཟ་མ་མང་བོ་བྱིན་ནས་རྗེས་འདེད་དུ་བཅུག་པ་ཡིན། རྒྱ་ནང་ལ་མཚོན་ན་སྲོག་ཆགས་ཀྱི་འཁྲབ་ཁྲིད་པ་ཡོད་པ་རེད། འཁྲབ་ཁྲིད་པས་རེ་བ་བཏོན་ཚེ་སྲོག་ཆགས་ཀྱི་འཁྲབ་ཚན་དེ་འགྲུབ་ཏུ་འཇུག་ངེས་མོད། ང་ཚོས་ཟ་མ་བྱིན་ནས་ཡར་ཁྲིད་མར་ཁྲིད་བྱས་པ་ཡིན།
བཅར་འདྲི་བ། ༢༠༡༡ལོར་ཁྱོད་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཐོག་མ《དབུས་ལམ་གྱི་ཉི་མ》 འགྲུབ་པས། ཁྱོད་རང་བརྙན་ལེན་པ་ཞིག་ནས་འཁྲབ་ཁྲིད་པའི་ལས་སུ་ཞུགས་པའི་སེམས་ཤུགས་དེ་རྐྱེན་གང་ལ་ཐུག་ཡོད།
ཟོན་ཐར་རྒྱལ། ཐོག་མར་ང་རང་འཁྲབ་ཁྲིད་བྱ་རྒྱུའི་དམིགས་འདུན་མེད། པད་མ་ལ་མཉམ་འབྲེལ་བྱེད་པའི་བརྒྱུད་རིམ་ཁྲོད། པད་མ་ཡིས་གློག་བརྙན་གཅིག་ཕབ་སྐྲུན་བྱས་རྗེས་ལོ་གཉིས་གསུམ་ཞིག་ལ་བརྙན་ཕབ་གྱི་བྱ་བ་མེད་པས། བརྙན་ལེན་པ་ཞིག་གིས་ལོ་གཉིས་གསུམ་རིང་སྒུག་ནས་འདུག་རྒྱུ་དཀའ་མོ་རེད། དེའི་རྐྱེན་གྱིས་རྒྱའི་འཁྲབ་ཁྲིད་པ་སྐོར་ཞིག་ལ་མཉམ་འབྲེལ་བྱས་མྱོང་། དེ་དུས་ངོ་མ་བཤད་ན་མཉམ་འབྲེལ་བརྒྱུད་རིམ་དེ་ཡག་པོ་མ་བྱུང་། ཡང་གཅིག་བཤད་ན་ཁོ་ཚོ་ལ་འཁྲབ་ཁྲིད་པའི་འཇོན་ཐང་དེ་མེད་པ་འདྲ། འཆུག་ཡོད་ཀྱང་འཁྲབ་ཁྲིད་པའི་ཁར་མ་ཉན་དུས་ཐབས་མི་འདུག དེའི་འོག་ནས་གཏམ་རྒྱུད《དབུས་ལམ་གྱི་ཉི་མ》བྲིས་པ་ཡིན་ཞིང་། མ་དངུལ་གཏོང་མཁན་ཞིག་ཀྱང་གློ་བུར་དུ་བྱུང་པས། ཕབ་སྐྲུན་བྱས་པའི་བརྒྱུད་རིམ་ཁྲོད་དུ་དཀའ་ཁག་ཆེན་པོར་མ་འཕྲད།
བཅར་འདྲི་བ། ཁྱོད་ཀྱི་ཐོག་མའི་གློག་བརྙན(处女作)དེ་གཏམ་རྒྱུད་འདི་ལྟ་བུ་ཞིག་ཕབ་སྐྲུན་བྱེད་པའི་དགོས་པ་དེ་གང་ཡིན།
ཟོན་ཐར་རྒྱལ། འཁྲབ་གཞུང་ཞིག་བྲིས་རྗེས་མ་དངུལ་གཏོང་མཁན་བྱུང་བའི་རྐྱེན་གྱིས་ཡིན། ཕབ་སྐྲུན་འགྲུབ་རྗེས་བརྙན་ལེན་གྱི་ལས་ཀར་ཞུགས་བསམ་དུས། 《དབུས་ལམ་གྱི་ཉི་མར》 འབྲས་བུ་ཡག་པོ་ཐོབ་ཅིང་། རྒྱལ་ཁབ་ལྔ་བཅུ་ལྷག་གི་གདན་ཞུའི་ཡི་གེ་འབྱོར་སོང་བས། མཉམ་འབྲེལ་བྱས་མྱོང་བའི་རྒྱའི་འཁྲབ་ཁྲིད་པ་དག་གིས་ཀྱང་མཉམ་འབྲེལ་བྱེད་པའི་བརྡ་མ་ཡོང་གཤིས་བརྙན་ལེན་གྱི་ལས་ཀ་བསྐྱུར་ནས་འཁྲབ་ཁྲིད་པ་བྱེད་དགོས་བྱུང་། ཐོག་མའི་དུས་སུ་པད་མ་དང་མཉམ་འབྲེལ་བྱེད་པའི་བརྒྱུད་རིམ་ཁྲོད་ནས་ཁོས་དཀའ་ཁག་མང་བོ་མྱོང་བ་མཐོང་བས་དཀའ་སྡུག་དེ་ལ་ཅུང་ཟད་སྐྲག་ཅིང་དངོས་གནས་ཁག་པོ་རེད་བསམ་མྱོང་། འོན་ཀྱང་། པད་མ་དངོས་ནས་མི་སྡུག་རུས་ཅན་དང་བརྩོན་འགྲུས་ཅན་ཞིག་རེད། སྤྱིར་འཁྲབ་ཁྲིད་པ་ནི་ལས་ཚེགས་ལྕི་མོའི་ལས་རིགས་ཤིག་ཡིན་མོད། ང་རང་ལྷོད་པོ་བྱེད་རྒྱུར་དགའ་བས་སྤྲོ་བ་མི་འདུག ངས་སྔོན་མ་ནས་ཐོག་མའི་གློག་བརྙན་ཞིག་ཕབ་སྐྲུན་བྱེད་འདོད་ཀྱང་སྐྱེས་མ་མྱོང་། འོན་ཀྱང་། ང་རང་ཐབས་མེད་པར་འཁྲབ་ཁྲིད་པ་བྱ་རྒྱུའི་ལམ་དེར་ཞུགས་པ་ཡིན། རྗེས་སུ་ཚང་མས་ང་རང་དེའི་ཕྱོགས་ན་འཇོན་ཐང་ཡོད་རབས་བཤད་མོད། ངས་རང་ཉིད་ལ་འཇོན་ཐང་ཞིག་ཡོད་མེད་ཤེས་ཀྱིན་མེད།
བཅར་འདྲི་བ། འཁྲབ་ཁྲིད་པ་ནི་གློག་བརྙན་གྱི་ཆེད་ལས་སོ་སོར་བྱང་ཆ་ལྡན་དགོས་པ་མ་ཟད། འཚོ་བའི་ཁྲོད་ལའང་རྒྱུས་མངའ་དགོས་པ་ཞིག་ཡིན་པས། ཐོག་མའི་སྐབས་སུ་དཀའ་ཁག་མང་བོར་འཕྲད་ཡོད་དམ།
ཟོན་ཐར་རྒྱལ། རེད། འཚོ་བར་རྒྱུས་མངའ་ཡོད་རྒྱུ་ནི་གལ་ཆེན་ཞིག་རེད། དཀའ་ཁག་ལ་ངོས་འཛིན་སྟངས་དེ་མི་གཅིག་པས། གཞན་གྱིས་ངས་འཁྲབ་གཞུང་བྲིས་ནས་བསྡད་ཚེ་དཀའ་སྡུག་མྱོང་བར་འདོད་ངེས་རེད། ང་ལ་མཚོན་ན་དེའི་བརྒྱུད་རིམ་ནི་བདེ་སྐྱིད་ལྡན་པ་ཞིག་རེད། དཀའ་ཁག་གཙོ་བོ་ནི་མ་དངུལ་འབོར་ཆེན་བཏང་རྗེས་མ་དངུལ་ཕྱིར་ཇི་ལྟར་ལེན་རྒྱུ་དེ་རེད།
བཅར་འདྲི་བ། སྤྱིར་གློག་བརྙན་ནི་དངོས་ཡོད་བསྐྱར་མཚོན(再现)གྱི་སྒོ་ནས་མཚོན་དགོས་པ་ཞིག་ཀྱང་མིན་པས། གློག་བརྙན《དབུས་ལམ་གྱི་ཉི་མའི》ཁྲོད་ཀྱི་མི་སྣ་གཙོ་བོ་ཉི་མའི་ཨ་མ་ཤི་དུས་ནི་དགུན་གཞུང་ཞིག་རེད་ལ། གནམ་ངོ་དྭངས་པའི་སྐབས་སུ་ཆར་བ་བབས་པ་དེ་དངོས་འབྲི(写实)དང་ཡིད་བརྙན(意境)གྱི་མཚོན་ཐབས་ཤིག་ཡིན་ནམ། ཡང་ན་སྐབས་དེའི་ཁྱོད་ཀྱི་མ་འདང་ས་ཞིག་ཡིན།
ཟོན་ཐར་རྒྱལ། སྤྱིར《དབུས་ལམ་གྱི་ཉི་མའི་》ནང་གི་མཚོན་ཐབས་དེ་དངོས་འབྲི་ཡིན། ཆར་བ་དེ་དགུན་ཁ་ཞིག་ལ་གནམ་འབབ་ཏུ་འཇུག་དགོས་བྱུང་བས་དགུན་འཁྱགས་ནང་མེ་གསོད་རླངས་འཁོར(消防车)ཞིག་ཁྲིད་ཡོང་ནས། ཆར་ལྟ་བུ་ཞིག་འབབ་ཏུ་བཅུག་པ་ཡིན་མོད། ཆར་བབས་པ་དེའང་དབྱར་ཆར་གྱི་ཚུགས་ཀ་དེ་ལྟ་བུ་ཞིག་མིན། འོན་ཀྱང་། མ་དངུལ་གྱི་རྐྱེན་གྱིས་ཡག་པོ་ཞིག་མ་ཡོང་ཞིང་། རྗེས་སུ་སྒྲིག་སྦྱོར་སྐབས་གནམ་ངོའི་ཚོན་རྩིར་ཡང་མ་དངུལ་མེད་པས་ཞིབ་མོ་ཞིག་སྒྲིག་སར་མ་སོང་།
བཅར་འདྲི་བ། རྗེས་སུ་གློག་བརྙན་འདི་ལ་ལྟ་སྐབས་ཁྱོད་ཉིད་ལ་མཚོན་ན་རང་ཉིད་ཀྱི་མི་འདང་ས་དང་ལེགས་པའི་ཆ་དེ་གང་རེད།
ཟོན་ཐར་རྒྱལ། གློག་བརྙན་དང་པོར་མཚོན་ན་འབྲས་བུ་བཟང་བར་འདོད། གློག་བརྙན་འདིར་མ་དངུལ་ཁྲི་བདུན་ཅུ་ཡོད་ཅིང་། དེ་དུས་མ་དངུལ་བསགས་སྣེ་བྱེད་མ་ཤེས་པས་དཀའ་ཁག་ཅུང་ཟད་ལ་འཕྲད། སྒྲིག་སྦྱོར་བྱེད་པའི་སྐབས་སུ་སྒོར་མོས་མ་འདང་བས་གནམ་ངོ་སོགས་འགྲིག་མེད་པ་ཤེས་མོད། ཐབས་གཞན་མི་འདུག ཡིན་ནའང་། དེ་དུས་བཟང་བ་ཞིག་ལ་རང་ཉིད་ལ་སྤོབས་པ་ཆེན་པོ་འདུག་ཅིང་། གློག་བརྙན་ཕབ་སྐྲུན་བྱེད་དུས་སུའང་དཔའ་དང་ཚོར་བ་རྣལ་མ(纯粹感)དེ་འདུག དེ་མིན་གློག་བརྙན་ཆེད་ལས་ལ་སྦྱང་བ་ཡག་པོ་བྱས་རྗེས་ཕབ་སྐྲུན་བྱེད་སྐབས་འཁྲབ་གཞུང་དང་བརྙན་ལེན་སོགས་ལ་བསམ་བློ་ལེགས་པོ་གཏོང་རྒྱུ་མང་སོང་ཚེ། ཁུར་བོ་དང་གནོན་ཤུགས་ལྕི་འགྲོ་ལ་གོམ་པ་སྤོ་བར་ཤུགས་མི་འདུག་པ་ལྟ་བུའི་སྣང་ཚུལ་ང་ལ་མ་བྱུང་བས་སྐབས་དེའི་ངའི་ལེགས་ཆ་རུ་བསམ།
བཅར་འདྲི་བ། གློག་བརྙན《གཙང་བོ》ནི་སྐབས༦༥བའི་པེར་ལིན་རྒྱལ་སྤྱིའི་གློག་བརྙན་གྱི་གསར་ཐོན་སྡེའི་“ཆུ་ཤེལ་དོམ”གྱི་འོས་མིང་དུ་ཚུད་པ་དེས་གློག་བརྙན་སྒྱུ་རྩལ་གྱི་ཆུ་ཚད་ངེས་ཅན་ལ་ཐོན་པའི་མངོན་རྟགས་ཤིག་རེད། ཁྱོད་ལ་མཚོན་ན་གློག་བརྙན་འདིའི་མགོ་མཇུག་བར་གསུམ་དུ་བརྗེད་དཀའ་བ་དེ་གང་རེད།
ཟོན་ཐར་རྒྱལ། གློག་བརྙན་དུས་སྟོན་གྱི་སྡེ་ཚན་དེ་ནི་ལོ་ན་ཆུང་བའི་བྱིས་པས་གཙོ་འཁྲབ་བྱས་པའི་སྡེ་ཚན་ཞིག་རེད། གློག་བརྙན་འདི་ང་ལ་མཚོན་ན་ང་རང་བརྙན་ལེན་པ་ཞིག་ནས་འཁྲབ་ཁྲིད་པ་ཞིག་བྱེད་པའི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་ཡིན། གློག་བརྙན་འདི་ལོ་གསུམ་ཙམ་ལ་སྒྲིག་སྦྱོར་དང་ཕབ་སྐྲུན་བྱས་ཤིང་། བརྗེད་རྒྱུ་མེད་པ་དེ་འཁྲབ་གཞུང་དང་འཁྲབ་ཁྲིད་བྱས་པའི་སློབ་སྦྱོང་གི་བརྒྱུད་རིམ་དེ་དང་། གློག་བརྙན་འདི་ཕབ་སྐྲུན་བྱེད་དུས་དབྱངས་ཅན་ལྷ་མོར་ལོ་གསུམ་རིང་ལ་འགྱུར་བ་ཆེན་པོ་མ་བྱུང་བས་གློག་བརྙན་ལ་མཐུན་རྐྱེན་ཡག་པོ་སྦྱར་བ་དེ་རེད། གློག་བརྙན་སྒྱུ་རྩལ་གྱི་ཆུ་ཚད་ངེས་ཅན་ཅེས་ན་མི་ཤེས་མོད། གང་ལྟར། ད་བར་ནངས་ཀར་ཕྱིར་འཁོར་ནས་འདང་བརྒྱབས་ན་གློག་བརྙན་དཔྱད་བརྗོད་པས་ངའི་གློག་བརྙན་དག་ལས་གདེང་འཇོག་ཆེ་ཤོས་དེ《གཙང་བོ》ཡིན་ཞིང་། གློག་བརྙན་འདིའི་ནང་དུ་འཁྲབ་གཞུང་དང་འཁྲབ་སྟོན་པའི་ལྷོད་ཤ་དེ་འདུག་ཅེས་དཔྱད་མཁན་ཡང་ཡོད་པས། ལོ་འདི་དག་ལ་དཔྱད་བརྗོད་པས《གཙང་བོ》ཡང་ཡང་གླེང་གིན་འདུག གློག་བརྙན་གྱི་འཁྲབ་ཁྲིད་པ་ཞིག་ལག་ཆགས་པའི་བརྒྱུད་རིམ་ལ་མཚོན་ནའང་གློག་བརྙན་དང་བོ་དང་གཉིས་པ་དེ་གཙོ་བོ་ཞིག་ཡིན་པར་བཤད་ཅིང་། དང་བོ་ནི་རྒྱན་སྐུགས་པ་དང་འདྲ་མོད། གློག་བརྙན་གཉིས་པ་ལས་ཁོའི་ཆུ་ཚད་དང་གློག་བརྙན་གྱི་མ་འོངས་པའང་མཐོང་ཐུབ་ཅེས་ཟེར་ཚུལ་འདུག འོན་ཀྱང་། ངས་སྐབས་དེར་གློག་བརྙན་འདི་ཕབ་སྐྲུན་བྱེད་དུས་སྐད་ཆ་འདི་ལྟ་བུ་གོ་མ་མྱོང་ཡང་། གློག་བརྙན་འདི་ལ་དཔྱད་བརྗོད་པ་དག་གིས་གཏམ་རྒྱུད་ཀྱི་ཟབ་ཚད་དང་ལྷོད་ཤ་སོགས་ཡོད་ཚུལ་བཤད་ཡོང་།
བཅར་འདྲི་བ། གློག་བརྙན《ང་ཡི་ཆང་གསོལ་རོགས》ཀྱི་གཏམ་རྒྱུད་དེའང་དབུས་མཇལ་ལ་འགྲོ་བ་བརྗོད་གཞིར་བཟུང་འདུག་ཅིང་། 《དབུས་ལམ་གྱི་ཉི་མ》དང་འདྲ་བའི་ཆ་ཡོད་པས་གཏམ་རྒྱུད་འདི་གཉིས་ཀྱི་བརྡོལ་ཤེས(灵感)དེ་ཇི་ལྟར་སྐྱེས་པ་ཡིན།
ཟོན་ཐར་རྒྱལ། 《ང་ཡི་ཆང་གསོལ་རོགས》ཀྱི་འཁྲབ་གཞུང་ཐོག་མར་བཀྲ་ཤིས་ཟླ་བས་བྲིས་པ་རེད། མི་ཞིག་གིས་འཁྲབ་གཞུང་དེ་གློག་བརྙན་དུ་ཕབ་སྐྲུན་བྱེད་པར་ང་རང་འཁྲབ་ཁྲིད་བྱེད་རོགས་ཞེས་ཟེར་བར། ངས་འཁྲབ་གཞུང་ལ་བལྟས་རྗེས་འཁྲབ་གཞུང་ཅུང་འགྲིག་མི་འདུག་པས། འཁྲབ་ཁྲིད་བྱ་དགོས་ཚེ་འཁྲབ་གཞུང་ཞུ་དག་བྱེད་པའི་དབང་ཆ་ང་ལ་སྟེར་དགོས་པར་བཤད། ཁོས་བཀྲ་ཤིས་ཟླ་བར་དྲིས་པར། ངས་འཁྲབ་ཁྲིད་བྱ་ཚེ་གནད་དོན་མེད་པས་ཞུ་དག་བྱ་ཆོག་ཟེར། ཐོག་མར་ཁོའི་བྲིས་པའི་རྨང་གཞིའི་སྟེང་ཞུ་དག་ཅིག་བྱེད་བསམ་མོད། ངེད་གཉིས་ཀྱི་སྐད་ཆའི་བརྡ་སྤྲོད(语法)སྟངས་མི་གཅིག་པས། ངས་གཏམ་རྒྱུད་དེ་གཞིར་བཟུང་ནས་འཁྲབ་གཞུང་གསར་བ་ཞིག་ཉིན་ཉི་ཤུ་ལྷག་ལ་བྲིས་པ་ཡིན། བཀྲ་ཤིས་ཟླ་བས་བྲིས་པ་ནི་ལྷ་སར་འགྲོ་མཁན་ཞིག་ལ་བྱིས་པ་ཞིག་སྐྱེས་པ་དང་བོང་བུ་དེ་མ་གཏོགས་མི་འདུག ངས་བྱིས་པ་སྣག་རློན་ཞིག་ཡོད་པ་མེད་པར་བཅོས་ཤིང་། ཁྱོ་ག་ཐོག་མ་ཤི་སོང་བ་ཞིག་ལ་བཅོས་སྒྲིག་བྱས་ནས་ཕབ་སྐྲུན་བྱས་པ་ཡིན།
བཅར་འདྲི་བ། སྤྱིར་གློག་བརྙན་རང་སྟེང་གི་མཛེས་པ་ལ་ཁེན་དྲགས་ན་ལྟ་མཁན་མང་བོའི་བློ་ལ་འཚམ་མི་འཚམ་ཅི་རིགས་ཡོད་པས། ད་སྔ་ཁྱོད་ཀྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན་ཕལ་ཆེར་ལྔ་ལྷག་ཡོད་ལ། འདི་དག་ཕབ་སྐྲུན་གནང་སྐབས་ལྟ་མཁན་གྱི་འདོད་བློ་ལ་བསམ་གཞིག་བཏང་ཡོད་དམ།
ཟོན་ཐར་རྒྱལ། སྤྱིར་ང་ཚོའི་གློག་བརྙན་འདི་དག་འགྲོ་གྲོན་ཆུང་བ་རེད། གློག་བརྙན་ཐོག་མ་ཕབ་སྐྲུན་བྱེད་སྐབས་ལྟ་མཁན་སོགས་ལ་བསམ་བློ་བཏང་ན་ཁུར་བོ་ལྕི་འགྲོ་བས་ཚང་མ་ནུས་མིན་མི་ཤེས་མོད། འོན་ཀྱང་། གཞོན་སྐྱེས་འཁྲབ་ཁྲིད་པ་ཞིག་གིས་ལྟད་མོ་བའི་འདོད་བློ་དང་སྒྱུ་རྩལ་གྱི་ཚད་གཞི་མཐོན་པོ་ཞིག་ཕབ་སྐྲུན་བྱ་རྒྱུ་ནི་དཀའ་མོ་རེད། དེའི་སྟབས་ཀྱིས་སྒྱུ་རྩལ་གྱི་ཆ་ལ་ནུས་པ་བཏོན་པ་ལས་ལྟ་མཁན་གྱི་འདོད་བློ་ལ་བསམ་བློ་བཏང་མེད། གློག་བརྙན་ནི་རི་མོ་དང་རྩོམ་རིག་སོགས་དང་མི་འདྲ་བས་འགྲོ་གྲོན་མང་པོ་གཏོང་དགོས་ཤིང་། རྗེས་མར་འགྲོ་གྲོན་ཇེ་ཆེར་སོང་ཚེ་ལྟ་མཁན་གྱི་འདོད་བློ་ལའང་བསམ་གཞིག་གཏོང་དགོས་ལ། དེ་ལྟར་མ་བྱས་ཚེ་གློག་བརྙན་ལ་བཏང་བའི་མ་རྩའང་ཕྱིར་མི་ཡོང་བས། རྗེས་མར་དེའི་ཕྱོགས་ལའང་བསམ་བློ་གཏོང་དགོས།
བཅར་འདྲི་བ། གློག་བརྙན་ལམ་ཁར་ཁྱོད་ཉིད་ལ་ཤུགས་རྐྱེན་ཆེས་ཆེ་བའི་འཁྲབ་ཁྲིད་པ་སུ་སུ་ཡིན།
ཟོན་ཐར་རྒྱལ། སྤྱིར་ཤུགས་རྐྱེན་ཐེབས་པའི་འཁྲབ་ཁྲིད་པ་སུ་སུ་རེད་ཅེས་ན་ལོ་རབས་དང་ལོ་ངོ་མི་འདྲ་བའི་འཁྲབ་ཁྲིད་པའི་ཤུགས་རྐྱེན་ཡོད་པས་བཤད་དཀའ་མོད། ཤུགས་རྐྱེན་ཆེས་ཆེ་ཤོས་དེ་པད་མ་ཡིན་ངེས་ལ། གློག་བརྙན་ལམ་ཁར་འགྲོ་རྒྱུ་དེའང་པད་མའི་སྐུལ་སློང་ཡིན། དེ་དུས་ད་བར་གྱི་དྲ་རྒྱའི་དུས་རབས་དང་མི་འདྲ་བས། ས་གནས་འདི་འདྲ་ཞིག་ནས་གློག་བརྙན་ལེགས་པོ་ནི་ཇི་ལྟ་བུ་ཞིག་ཡིན་པ་ཤེས་མི་ཐུབ་ཅིང་ཚད་མར་འཛིན་ས་ཞིག་ཀྱང་ཡོད་པ་མ་རེད། འོན་ཀྱང་། གློག་བརྙན་སློབ་གླིང་ལ་སོང་རྗེས་གང་ཞིག་གློག་བརྙན་རྒྱུ་སྤུས་ཅན་ཡིན་པར་བརྡར་ཤ་གཅོད་ཐུབ་པ་བྱུང་ཞིང་། འཁྲབ་ཁྲིད་པ་སྐད་གྲགས་ཅན་དག་གི་གློག་བརྙན་མང་པོར་ལྟ་ཐུབ་སོང་བས་མིག་རྒྱ་དང་བློ་རྒྱ་བསྐྱེད་བྱུང་། རྗེས་སུ་པད་མ་དང་མཉམ་འབྲེལ་བྱེད་དུས་ངེད་གཉིས་ཀྱི་སྒྱུ་རྩལ་ལྟ་བ་ལ་མི་འདྲ་ས་འདུག་ཅིང་། དེའི་དབང་གིས《ཁྱི་རྒན》ཕབ་སྐྲུན་བྱེད་པའི་བརྒྱུད་རིམ་དུ་ངེད་གཉིས་ཀྱིས་རྩོད་པ་བྱས་པ་དེས་མཐའ་འཁོར་གྱི་མིའང་བདེ་བོ་བཟོས་མེད་ཚུལ་རྗེས་ནས་བཤད་རྒྱུ་འདུག
བཅར་འདྲི་བ། ཁྱོད་ཀྱི་བརྩམས་ཆོས་དག་གི་ཁྲོད་ནས་འགྲོ་གྲོན་ཆེས་ཆེ་ཤོས་ཀྱི་གློག་བརྙན་དེ་གང་ཡིན་པ་དང་མ་དངུལ་ཐད་དཀའ་ཁག་བྱུང་ཡོད་དམ།
ཟོན་ཐར་རྒྱལ། ད་སྔའི་གློག་བརྙན་བརྩམས་ཆོས་ནང་དུ་འགྲོ་གྲོན་ཆེས་ཆེ་ཤོས་བཏང་བ་དེ༢༠༢༡ལོར་ཕབ་སྐྲུན་བྱས་པའི་《ཟུར་ལྟ་བ》ཡིན་ཞིང་། མ་རྩར་སྒོར་ཁྲི་སྟོང་གསུམ་ལྷག་བཏང་ཟིན་མོད། གློག་བརྙན་དེ་ད་དུང་གཟིགས་འབུལ་བྱས་མེད། ངའི་བོད་སྐད་གློག་བརྙན་ལས《ང་ཡི་ཆང་གསོལ་རོགས》ལ་ཕབ་སྐྲུན་འགྲོ་གྲོན་ཁྲི་ལྔ་བརྒྱ་ལྷག་དང་། ཁྱབ་བསྒྲགས་དང་བཅས་ན་ཁྲི་བདུན་བརྒྱ་བརྒྱད་བརྒྱ་ལྷག་བཏང་ཟིན་པས། དཀའ་ཁག་དང་གནོན་ཤུགས་ཆེན་པོ་ནི་གློག་བརྙན་ལ་འགྲོ་གྲོན་བཏང་རྗེས་མ་དངུལ་ཕྱིར་ཇི་ལྟར་ལེན་རྒྱུ་དེ་རེད།
བཅར་འདྲི་བ། ལོ་རབས་བརྒྱད་ཅུ་ནས་དགུ་བཅུའི་བར་ནི་ཀྲུང་གོའི་གློག་བརྙན་གྱི་གསེར་མདོག་དུས་རབས་སུ་ངོས་འཛིན་གྱིན་ཡོད་ལ། དེ་དང་བསྡུར་ན་དེང་སྐབས་སྤྱི་ཚོགས་སུ་གློག་བརྙན་དེ་ཙམ་རྒྱུགས་མི་ཆེ་བས། མ་འོངས་པའི་གློག་བརྙན་གྱི་ལམ་ཁ་ལ་ཁྱོད་ཀྱིས་ཇི་ལྟར་བསམ་གཞིག་གནང་གིན་ཡོད།
ཟོན་ཐར་རྒྱལ། ལོ་རབས་བརྒྱད་ཅུར་མཚོན་ན་ཀྲུང་གོའི་གློག་བརྙན་གྱི་གལ་ཆེ་བའི་དུས་རབས་ཤིག་ཡིན་ཞིང་། མི་སྒེར་གྱི་བསམ་བློ་གློག་བརྙན་ཁྲོད་དུ་མངོན་པར་བྱས་འདུག ད་ལྟ་བསམ་བློ་བཏང་ན། མ་འོངས་པའི་གློག་བརྙན་གྱི་ལམ་ཁ་དེ་བཤད་རྒྱུར་དཀའ་མོ་ཞིག་རེད། ལ་ལས་གློག་བརྙན་འཇིག་རྒྱུ་རེད་ཟེར་མཁན་ཡང་ཡོད་མོད། ང་ལ་མཚོན་ན་མ་འོངས་པའི་གློག་བརྙན་གྱི་ལམ་ཁར་སེམས་ཁུར་བྱེད་ཀྱིན་མེད་པས། ངས་གཙོ་བོ་རང་གི་མདུན་གྱི་བྱ་བར་ཤུགས་བརྒྱབ་ནས་བསྒྲུབ་བཞིན་ཡོད།
བཅར་འདྲི་བ། བོད་ཀྱི་ན་གཞོན་གློག་བརྙན་འཁྲབ་ཁྲིད་ཀྱི་སྡེ་རུ་ལོ་འདི་དག་ལ་གློག་བརྙན་ཆེད་ལས་ཡིན་མིན་ཅི་རིགས་ཀྱིས་གློག་བརྙན་ཕབ་སྐྲུན་བྱེད་པར་ཁྱོད་ཀྱིས་དོ་སྣང་བྱེད་ཀྱིན་ཡོད་དམ། འདིའི་ཐད་ལ་བསམ་ཚུལ་ཅི་འདྲ་འདུག
ཟོན་ཐར་རྒྱལ། པད་མའི་ཤུགས་རྐྱེན་གྱིས་བོད་དུ་གློག་བརྙན་ལ་དགའ་ཕྱོགས་སམ་དེའི་ཕྱོགས་ལ་བརྩོན་པ་བྱེད་མཁན་ཇེ་མང་དང་དཔུང་སྡེ་ཇེ་ཆེར་གྱུར་བ་དེ་ནི་སྣང་ཚུལ་བཟང་བོ་ཞིག་རེད། འོན་ཀྱང་། ད་དུང་མི་བཟང་ས་དང་མི་འདང་ས། ཆད་ལྷག་ཡོད་སའང་འདུག གཅིག་ནི་ཚང་མས་གློག་བརྙན་ཕབ་སྐྲུན་གྱི་རིགས་དབྱེ་དེ་སྒྱུ་རྩལ་གཅིག་པུར་ཕྱོགས་བཞིན་འདུག སྤྱིར་གློག་བརྙན་འཕེལ་སྟངས་དེ་ལྟར་ཆིག་རྐྱང་ཅན་དུ་སོང་ན་འགྲིག་གིན་མེད་པར་སྙམ་པས། སྣ་མང་རང་བཞིན་ནམ་རིགས་དབྱེ་མི་འདྲ་བ་ཕབ་སྐྲུན་བྱས་ན་བཟང་བར་འདོད། སྒྱུ་རྩལ་གློག་བརྙན་ཕབ་སྐྲུན་བྱ་ཚེ་རིག་གནས་ཀྱི་རྨང་གཞི་བཟང་བོ་དགོས་གཤིས། དེང་སྐབས་ཀྱི་གཞོན་སྐྱེས་དག་གི་བརྩམས་ཆོས་ལ་རྩོམ་རིག་དང་མཛེས་དཔྱོད་ཀྱི་ལྟ་བ་སོགས་ནས་ཆད་ལྷག་ཡོད་པའི་སྣང་བ་སྟེར། གཉིས་པ་ནི། གློག་བརྙན་ལ་དགའ་བ་དང་འཁྲབ་ཁྲིད་པ་ཞིག་བྱེད་འདོད་གཉིས་མི་འདྲ་བས། འཁྲབ་ཁྲིད་པའི་མིང་ཙམ་ལ་དགའ་བ་ཡིན་ནམ་གློག་བརྙན་ལ་དགའ་བ་ཡིན་པར་རང་ཉིད་ལ་ཚང་རྩིས་བྱེད་རྒྱུ་དང་རང་ངོ་ཤེས་ཟིན་པ་ཞིག་ཀྱང་བྱེད་དགོས་པར་སེམས། ལ་ལ་ཞིག་འཁྲབ་ཁྲིད་པའི་མིང་དེ་ལ་སྤྲོ་བ་ཡོད་པ་མ་གཏོགས། གློག་བརྙན་རང་སྟེང་གི་མཛེས་པ་ལ་དུངས་པ་ཡོད་པ་མཐོང་མི་ཐུབ་པ་ཞིག་རེད་ལ། འདི་དག་ཐམས་ཅད་སྤྱི་མཐུན་གྱི་སྣང་ཚུལ་ཞིག་ཀྱང་རེད།
བཅར་འདྲི་བ། གློག་བརྙན་ཆེད་ལས་སྦྱངས་མ་མྱོང་བ་དག་གི་བརྩམས་ཆོས་ལ་ལག་རྩལ་གྱི་ཕྱོགས་ནས་ཞན་ཆ་ཆེན་པོ་ལྡན་པས། མིག་སྔའི་གསར་སྐྱེས་གློག་བརྙན་ཕབ་སྐྲུན་བྱེད་མཁན་གྱིས་འཁྲབ་གཞུང་དང་ལག་རྩལ་གཉིས་ལས་གང་ལ་ཤུགས་རྒྱག་དགོས་པར་འདོད།
ཟོན་ཐར་རྒྱལ། སྤྱིར་ད་བར་ནངས་ཀའི་གློག་བརྙན་ལ་ལག་རྩལ་ཡང་གཙོ་བོ་ཡིན་མོད། ངས་བལྟས་ན་ལག་རྩལ་ལས་བསམ་བློའི་ཁྱོན་ན་གཏམ་རྒྱུད་ཅི་ཡོད་པ་དང་། དེ་ཇི་ལྟར་ལྷུག་བརྗོད་བྱེད་རྒྱུ་གཙོ་བོ་རེད། དེ་ཡང་གོང་དུ་བཤད་པ་བཞིན་རིག་གནས་ཀྱི་རྨང་གཞི་དང་འབྲེལ་འདུག ད་ལྟ་འཁྲབ་གཞུང་ཞིག་བྲིས་ཀྱང་ནན་ཏན་མི་བྱེད་པར་བྲིས་མ་ཐག་ཞུ་དག་ཐེངས་གཅིག་གཉིས་ཙམ་ཡང་མི་བྱེད་པར། མྱུར་མོར་ཕབ་སྐྲུན་བྱེད་རྒྱུར་རྔམས་པ་དེ་འགྲིག་མི་འདུག་བསམ་སོང་། སྤྱིར་འཁྲབ་གཞུང་འབྲི་སྐབས་འགྲོ་གྲོན་མི་དགོས་པས་ནན་ཏན་བྱ་དགོས་སྐབས་ཡིན་ཞིང་། བྲིས་ཚར་རྗེས་དུས་ཚོད་མང་པོའི་ནང་གཞན་ལ་སྟོན་པའམ། ཡང་ན་བསམ་འཆར་བསྡུ་ལེན་དང་ཞུ་དག་ཡང་ཡང་བྱས་ན་བཟང་བ་རེད། འཁྲབ་གཞུང་ནི་གློག་བརྙན་ལ་མཚོན་ན་ཆེས་གལ་ཆེ་ས་དེ་ཡིན་པས། ད་བར་ཚང་མ་ཕབ་སྐྲུན་བྱེད་རྒྱུ་དེར་རྔམ་པའི་ཚོར་བ་ཞིག་འདུག བརྙན་ལེན་གྱི་ལག་རྩལ་ནི་མ་དངུལ་ཡོད་ཚེ་ཡག་པོ་ཡོང་ཞིང་། གཙོ་བོ་འཁྲབ་ཁྲིད་པའི་ལག་རྩལ་དེ་གལ་ཆེན་རེད། འཁྲབ་ཁྲིད་པའི་ལག་རྩལ་ཡིན་ན་འཁྲབ་གཞུང་རང་གིས་འབྲི་ཤེས་དགོས་ལ། དེ་ལྟར་བྱས་ཚེ་གཏམ་རྒྱུད་ཀྱི་སྤྱི་ཁོག་དང་སྒལ་ཚིགས་རྙེད་ཐུབ། གཏམ་རྒྱུད་ལ་ལ་ཞིག་ལ་སྒལ་ཚིགས་དེ་མེད་པས་ཐད་ཀར་ཕབ་སྐྲུན་བྱེད་རྒྱུ་ནི་སྣང་ཚུལ་མི་བཟང་བ་ཞིག་ཏུ་འདོད།
བཅར་འདྲི་བ། ནུབ་གླིང་གློག་བརྙན་གྱི་རླབས་རྒྱུན་གསར་མ་དང་བསྡུར་ན་བོད་ཁུལ་གློག་བརྙན་གྱི་རླབས་རྒྱུན་གསར་མ་ནི་ཤིན་ཏུ་ཆུང་བས། ཁྱོད་ཀྱིས་བོད་ཁུལ་གློག་བརྙན་གྱི་རླབས་རྒྱུན་གསར་མ་ལ་ཇི་ལྟར་ངོས་འཛིན་གྱིན་ཡོད།
ཟོན་ཐར་རྒྱལ། སྤྱིར་འདི་ནི་གཞུང་ལུགས་པ་དག་གི་དོན་དག་ཅིག་ཡིན་པས། ང་འཁྲབ་ཁྲིད་པ་ཞིག་གིས་འདང་རྒྱག་དགོས་པ་ཞིག་མ་རེད་མོད། ད་བར་མང་བོ་ཞིག་གིས་རླབས་རྒྱུན་གསར་བ་ཞེས་བཤད་གྱིན་ཡོད་ཀྱང་། རླབས་རྒྱུན་ཞིག་རེད་ཅེས་བཤད་ན་ངས་ཁས་དེ་ཙམ་ལེན་གྱིན་མེད་ལ། པད་མ་ཡོད་དུས་ཀྱང་བཤད་མྱོང་ཡོད། རླབས་རྒྱུན་ཞིག་ཡིན་ཚེ་གཅིག་གྱུར་གྱི་མཛེས་དཔྱོད་ལྟ་བ་སོགས་ཀྱི་དཔུང་སྡེ་དགོས་པས། ང་ཚོར་དེའི་ལད་ཟློས་རང་བཞིན་ཙམ་ཡོད་པ་ལས་རླབས་རྒྱུན་ཞིག་ཏུ་མི་འདོད།
བཅར་འདྲི་བ། གློག་བརྙན་སྦྱང་འདོད་སྐྱེས་མཁན་དག་ལ་མཚོན་ན་ཆེས་ལེགས་པའི་ལམ་ཁ་དེ་ཇི་ལྟར་བྱས་ན་འོས་པར་འདོད།
ཟོན་ཐར་རྒྱལ། གློག་བརྙན་སྦྱང་བར་ཆེད་ལས་མང་བོ་ཡོད་པས་ཆེད་ལས་བཀར་ཐུབ་རྒྱུ་གཙོ་བོ་རེད། གལ་ཏེ་འཁྲབ་ཁྲིད་པའི་ལམ་ལ་འགྲོ་ཚེ་ཐོག་མར་འཁྲབ་གཞུང་ཇི་ལྟར་འབྲི་རྒྱུ་དེ་གཙོ་ཞིང་། འཁྲབ་ཁྲིད་པ་ཞིག་གིས་འཁྲབ་གཞུང་འབྲི་མ་ཤེས་ཚེ་འཁྲབ་ཁྲིད་པ་བྱས་རུང་ཐག་རིང་བོར་འགྲོ་མི་ཐུབ་པར་བསམ། རྒྱུ་མཚན། གཏམ་རྒྱུད་ཀྱི་སྤྱི་ཁོག་གི་དོན་མ་གོ་དུས་བརྙན་ལེན་འཕྲུལ་ཆས་ནང་གཟུགས་ཤར་པ་ཙམ་གྱིས་མི་ཆོག་སྟེ། ལག་རྩལ་སོགས་ལའང་འདང་རྒྱག་རྒྱུ་མང་བོ་ཞིག་ཡོད་པས་ཕྱོགས་ཡོངས་ལ་རྒྱུས་ཡོད་པ་ཞིག་བྱ་དགོས། འཁྲབ་གཞུང་གྲལ་དག་ཅིག་འབྲི་ཤེས་པའི་རྗེས་ནས་གཙོ་བོ་བརྙན་ལེན་སྐོར་ལ་སློབ་སྦྱོང་བྱེད་དགོས་པར་འདོད།
བཅར་འདྲི་བ། ཉེ་སྔོནOpenAIཡིས་མཉེན་ཆསsora[3](ཡི་གེའི་ནང་དོན་བརྙན་དུ་བསྒྱུར་བའི་ཚན་རྩལ།) ཁྱབ་བསྒྲགས་བྱས་པ་དེས་དྲ་སྒང་དུ་གློག་བརྙན་གྱི་མ་འོངས་པར་ཤུགས་རྐྱེན་ངེས་ཅན་ཐེབས་ཚུལ་གྱི་གླེང་སློང་སྣ་ཚོགས་བྱེད་པ་ལ་བསམ་ཚུལ་ཇི་འདྲ་འདུག
ཟོན་ཐར་རྒྱལ། OpenAIདངsoraཡིས་བཟོས་པའི་བརྙན་རིགས་ཀྱི་རིས་ངོས(画面)བཟང་མོད། ཁྱོན་ཡོངས་ནས་ལེགས་པོ་ཞིག་ཡོང་བར་ད་དུང་ལོ་མང་བོ་ཞིག་འགོར་དགོས་པ་རེད། ང་ཚོས་རྒྱུན་དུ་མ་ལག་དེ་དག་བེད་སྤྱད་ནས་འཁྲབ་གཞུང་སོགས་བཅོས་ཏེ་ཚོད་ལྟ་བྱས་ན་སེམས་དང་འབྱིན་རྔུབ་ཀྱི་ཚོར་བ་སོགས་མིའི་གསོན་ཤུགས་དེ་མི་འདུག་སྙམ། ཡིན་ནའང་གཞུང་ལུགས་སོགས་དབྱེ་ཞིབ་བྱས་ན་ཡག་པོ་འདུག་པས། འདི་ཡང་དུས་ཚོད་ཀྱི་སྔ་ཕྱི་ཙམ་ལས་གློག་བརྙན་གྱི་ལམ་ཁ་གསར་བ་ཞིག་ཡིན་པར་ངེས།
བཅར་འདྲི་བ། རྒན་ལགས་ཀྱིས་བཅར་འདྲི་དང་ལེན་བྱས་པ་ལ་བཀའ་དྲིན་ཆེ་ཞུའོ།།
[རྩོམ་པ་པོ་ངོ་སྤྲོད། ] རྣམ་རྒྱལ་བཀྲ་ཤིས། མཚོ་སྔོན་རེབ་གོང་གི་མི། ༢༠༢༢ལོའི་ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་གོའི་སྐད་ཡིག་རྩོམ་རིག་སྡེ་ཁག་གི་ཞིབ་འཇུག་སློབ་མ།
[1] ༢༠༢༥ལོའི་ཟླ་༡༠བའི་ཚེས་༢༥ཉིན་གློག་བརྙན་ཁང་དུ་གཟིགས་འབུལ་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། གངས་དགའ།
[2] པད་མ་ཚེ་བརྟན། (༡༩༦༩-༢༠༢༣)བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན། འཐུས་ཚབ་བརྩམས་ཆོས་ལ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》 《ཐར་ལོ》 《གསའ》སོགས་ཡོད། བཅའ་འདྲི་འདིར་རྒན་ཟོན་ཐར་རྒྱལ་གྱིས་ཁོང་གི་མིང་ལ་པད་མ་ཟེར་བས་དེ་ལྟར་བྲིས་ཡོད་དོ། །
[3] ༢༠༢༤ལོའི་ཟླ༠༢པའི་ཚེས༡༥ལ་ཨ་རིའི་མིས་བཟོས་རིག་སྟོབས་ཞིབ་འཇུག་བཟོ་གྲྭOpenAiཡིསSoraཞེས་པའི་ཡི་གེའི་ནང་དོན་བརྙན་དུ་བསྒྱུར་བའི་ཚན་རྩལ་ཅིག་ཁྱབ་བསྒྲགས་བྱས། མཉེན་ཆས་འདིས་ཡི་གེ་ནང་དོན་ལྟར་འཇིག་རྟེན་གྱི་བྱ་དངོས་གང་མང་བསྐྱར་མཚོན་བྱེད་ཐུབ་བཞིན་ཡོད།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།

