ཇིང་གེར་རྒྱལ་བོས་འཛམ་གླིང་གི་ཡང་རྩེ་བཅུ་གཉིས་བསྐྲུན་པ།

པཱོར་ཇུན.སྦྱིན་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-11-09

ཇིང་གེར་རྒྱལ་པོས་ལོ་རྒྱུས་སྟེང་གཟི་བྱིན་འབར་བའི་བྱས་རྗེས་མང་དུ་བསྐྲུན་ཡོད་ཅིང་།འདིར་སྒྲིག་པ་པོས་རྒྱལ་ཁབ་སོ་སོའི་མཁས་པ་རྣམས་ཀྱི་ཞིབ་འཇུག་འབྲས་བུ་གཞིར་བཟུང་ནས།༼འཛམ་གླིང་གི་ཡང་རྩེ་བཅུ་གཉིས་༽སུ་བསྡུས་པ་ཡིན།

       ༼དང་པོ༽འཛམ་གླིང་སྟེང་ས་ཁོངས་ཆེས་ཆེ་བའི་བཙན་རྒྱལ་བཙུགས་པ།
   ཐེམ་ཆེན་གྱིས་ལོ་ངོ་ཉི་ཤུ་ལྷག་རིང་གི་དམར་འཛིང་གཡུལ་འཁྲུག་བརྒྱུད་ནས་དགྲ་བོ་ཀུན་ལས་རྣམ་པར་རྒྱལ་ཞིང་། ཚོ་ཁག་སོ་སོ་དབང་དུ་བསྡུས་ཏེ་སོག་པོའི་མཐོ་སྒང་དང་བྱེ་ཐང་དང་རྩྭ་ཐང་ཡོངས་རྫོགས་ཁོང་གི་དར་ཆའི་འོག་ཏུ་གཅིག་གྱུར་བྱས་སོ།ཉི་མ་དེ་ནས་བཟུང་སྟེ་ཁོང་གིས་རང་གི་བུ་རབས་ཚ་རྒྱུད་ཁྲིད་ནས་གཞི་ཁྱོན་ཆེ་བའི་མཐའ་འདུལ་གཡུལ་འཐབ་མུ་འབྲེལ་དུ་བསླངས་ཤིང་།དམག་རྟའི་རྨིག་ལྕགས་གར་སླེབས་ས་རུ་དགྲ་བོ་རྡུལ་ཏུ་བརླགས་ཅིང་འཚུབ་མ་འཁོར་བའམ་ཉིང་རྡུལ་མཚོན་ཆ་འགས་པ་ལྟ་བུའི་སྟོབས་ཀྱིས་ཡོ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཡོངས་རྫོགས་ཁེབས་ཏེ་སྔ་གཞུག་ཏུ་རྒྱལ་ཁབ་བཞི་བཅུ་ལྷག་དང་མི་རིགས་བདུན་བརྒྱ་ལྷག་སོག་པོ་བཙན་རྒྱལ་ཆེན་པོའི་མངའ་འོག་ཏུ་བསྡུས།ཁོང་གི་བུ་བརྒྱུད་ཀྱིས་སོག་པོ་བཙན་རྒྱལ་དང་ཚ་ཧི་ཐེ་ཧན་རྒྱལ་ཁབ་ཡེས་ཨར་ཧན་རྒྱལ་ཅིན་ཀྲང་ཧན་རྒྱལ་ཁབ་དེ་མིན་ཕྱིས་སུ་བྱུང་བའི་ཐེ་མུར་ཧན་རྒྱལ་ཁབ་བཙུགས་ཤིང་།ཧ་ལམ་ཨེ་ཤ་ཡ་དང་ཡོ་རོབ་ཀྱི་མང་ཆེ་ཤོས་སོག་པོ་བཙན་རྒྱལ་ཆེན་པོའི་མངའ་ཁོངས་སུ་གྱུར་ཏེ།
   ཡུལ་གྲུ་ཕ་མཐའ་མི་མངོན་ཞིམ་ཉི་མ་ནུབ་པའི་རྒྱལ་རབས་ཁམས་ཆེན་པོ་ཞིག་སྟེ་རྩྭ་ཐང་གི་བཙན་རྒྱལ་བཙུགས་པ་དང་སྐམ་ས་ཆེན་པོའི་བཙན་རྒྱལ་ཞེས་ཀྱང་འབོད་དོ།དེའི་ས་ཁོངས་ཆེ་བ་ནི་སྔར་མ་བྱུང་ལ་ཕྱིས་ཀྱང་འབྱུང་མི་སྲིད་པ་དང་ས་ཁོངས་ཀྱི་ཆེ་ཆུང་དོན་དམ་པར་ག་ཙམ་མཆིས་ཞེ་ན་ད་ལྟའི་བར་དུ་སྔར་བཞིན་ལྐོག་གྱུར་གྱི་གནས་ཞིག་གོ།འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཆར་བཀོད་པ་ལྟར་ན་སྐབས་དེའི་ས་ཁོངས་ཀྱི་ཆེ་ཆུང་ནི་སྤྱི་ལེ་རྒྱ་དཔངས་གྲུ་བཞི་མ་བྱེ་བ་གསུམ་ཙམ་སྟེ་ད་ལྟའི་ཀྲུང་གོའི་ས་ཁྱོན་གྱི་ལྡབ་གསུམ་ལྷག་གོ།དེ་ལ་ཤར་ནས་ཀོ་རེ་ཡའི་ཕྱེད་གླིང་དང་ནུབ་པོ་ལན་དང་ཞོང་ཡ་ལིས་ལ་བརྟོལ་པ་དང་བྱང་ནས་ཧེ་པོ་ལིས་ཡའི་ཨུ་རི་སུའི་རྒྱལ་ཕྲན་དག་དང་ལྷོར་བཀྲ་བ་དཀྱིལ་ལྷོ་མའི་ཕྱེད་གླིང་དུ་སླེབས་ཏེ་བྱང་ཐིག་15—60དང་ཤར་ཐིག་15—130བར་དུ་གནས་ཨུ་རི་སུའི་མཁས་པ་ཆེན་པོ་པ་ཐོར་ཏེས་བཤད་རྒྱུར་ཇིང་གེར་རྒྱལ་པོའི་བཙན་རྒྱལ་བཙུགས་པ་ལ་ཕྱོགས་གཅིག་ནས་བཤད་ན་ནི་འཛམ་བུའི་གླིང་འདིར་འགྲན་ཟླ་མེད་པའི་དོན་ཞིག་སྟེ།ཨེ་ཤ་ཡའི་ཤར་མཐའ་དང་ཨེ་ཤ་ཡ་ལྷོ་མའི་དཔལ་ཡོན་རྒྱལ་ཁབ་མཐའ་དག་རྒྱལ་རབས་གཅིག་གི་སྲིད་དབང་འོག་ཏུ་གཅིག་ཏུ་བསྡུས་བ་ནི་སྔར་མ་བྱུང་ཞིང་ཕྱིས་མི་འབྱུང་བའི་དོན་ཞིག་ཡིན།དེ་བས་ཁོང་ལ་༼འཛམ་གླིང་འདུལ་བ་བོ་༽ཞེས་ལོ་རྒྱུས་དེབ་ཐེར་ཏུ་བཀོད་དོ།བཙན་རྒྱལ་འདིའི་གཞི་ཁྱོན་ལོ་རྒྱུས་སྟེང་དོ་ཟླར་རུང་བའི་རྒྱལ་ཁབ་ཅིག་མ་བྱུང་ལ།ཡོ་རོབ་དང་ཨ་རིའི་མི་རྣམས་ཀྱིས་བསྔགས་བརྗོད་ཚད་མེད་བྱེད་པའི་དབང་སྡུད་མཁན་ཡ་ལིས་ཧྲན་ཏ་བཙན་རྒྱལ་ཆེན་པོའི་མ་ཆིས་ཏོན་སྐྱ་དམག་མདུང་ཐོགས་ཀྱི་རུ་དཔུང་དང་རའོ་མའི་དམག་གི་རལ་གྲི་ནཱ་ཕོ་ལོན་གྱི་སྒྱོགས་ཆེན་སོགས་སླེབས་པའི་ས་འཚམས་ལས་ཆེས་ཆེར་རིང་དུ་བརྒལ་ཏེ་ཡེ་ཤུས་ཆོས་ལུགས་རིག་གནས་དང་དབྱི་སི་ལན་ཆོས་ལུགས་ཀྱི་རིག་གནས་དེ་མིན་པའི་རིག་གནས་གཞན་དག་བཅས་ཐད་ཀར་དུ་ངོ་ཐུག་པའི་ས་ཁམས་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་བསྐྲུན།ཤར་ནུབ་ཀྱི་བགྲོད་ལམ་བགེགས་མེད་ཤར་རྒྱུགས་ཏུ་གྱུར་བས།༼མཚོ་བཞི་གླིང་ལྔ་ཁྱིམ་གཅིག༽དང་༼རྒྱལ་མཚམས་མཐའ་དབུས་མེད༽པར་གྱུར་ཁེ་ན་ཏའི་མཁས་པ་སི་ཐོབ་ལིས་ཨ་ཐ་སིས༼འཛམ་གླིང་ལོ་རྒྱུས༽ཁྲོད་བཤད་རྒྱུར༼སྲིད་དབང་ཞིག་ཡོ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཆེན་པོ་འཕྲེད་དུ་བཅད་པ་ནི་ལོ་རྒྱུས་སྟེང་ཐེངས་དང་པོ་དང་ཐེངས་གཉིས་པ་ཉག་གཅིག་ཀྱང་ཡིན༽ཞེས་དང་ཉི་ཧོང་གི་མཁས་པ་ཐེ་ཐེན་སན་ལང་གིས་བཤད་རྒྱུར༼སོག་པོ་མི་རིགས་རླབས་ཆེན་མཛད་རྗེས་ལ་བལྟས་ན།མི་ལོ་600ཡི་ནང་ཚུན་ལ་ས་ཁོངས་ཆེན་པོ་སྟོབས་ཀྱིས་བཟུང་བ་མཚར་དུ་ཆེ་བསྐལ་བ་སར་ཆགས་པ་ནས་བཟུང་སྟེ་དཔའ་རྒོད་ཇི་འདྲའི་མང་པོ་ཞིག་གིས་སྐམ་ས་ཆེན་པོ་བཀབ་འོངས་པ་རྟོགས་དཀའ་ཞིང་།ལོ་རྒྱུས་བྱུང་བ་ནས་བཟུང་སྟེ་མི་དབང་ས་སྐྱོང་ཇི་འདྲའི་མང་པོས་རྒྱལ་ཁབ་དབང་དུ་བསྡུས་པའི་མཐའ་མི་དཔོག།འོན་ཀྱང་གཞི་ཁྱོན་གྱི་ཆེ་ཆུང་དང་ས་ཁུངས་ཀྱི་རྒྱ་ཁྱོན་ལ་ཇིང་གེར་རྒྱལ་བོའི་དོ་ཟླར་རུང་བ་གཅིག་ཀྱང་མ་བྱུང་༽ཞེས་དང་ཨ་རིའི་ཚན་རིག་གླིང་གི་མཚན་འཛིན་ཡོན་ཧྲི་ཅེ་ཁི་ཧྥ་ས་ཆེབ་ཏིས་བཤད་རྒྱུར༼ཇིང་གེར་རྒྱལ་བོས་འཛམ་གླིང་གི་ས་ཁྲ་སྒྱུར་བཅོས་བྱས་ཤིང་།སྐབས་དེའི་ཡོ་རོབ་དང་ཨེ་ཤ་ཡའི་གླིང་ཆེན་གཉིས་ནི་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་ཕྲན་མང་པོ་ཞིག་གིས་བཟུང་ཡོད་ལ།ཇིང་གེར་རྒྱལ་པོས་དེ་ཚོ་གཅིག་གྱུར་བྱས་ཏེ་ད་ལྟ་ང་ཚོས་ས་ཁྲ་ངོས་ནས་མཐོང་ཐུབ་པའི་རྒྱལ་ཁབ་གྱི་ས་དབྱིབས་ལྟ་བུར་ཆགས་སུ་བཅུག༽ཞེས་གསུངས་ཡོད།

           ༼གཉིས་པ༽འགྲོ་བ་མིའི་ལོ་རྒྱུས་སྟེང་གི་གཞི་ཁྱོན་ཆེས་ཆེ་བའི་གཡུལ་འཁྲུག་བསླངས་པ།
   ཇིང་གེར་རྒྱལ་པོས་བསླངས་པའི་དམག་འཁྲུག་གི་གཞི་ཁྱོན་ཆེ་བ་དང་ཁྱབ་ཁོངས་ཡངས་པ་ལྟ་བུ་ལོ་རྒྱུས་སྟེང་མ་བྱུང་བ་ཞིག་ཡིན།ཁོང་འཇིག་རྟེན་དུ་མི་ལོ་66ལ་བཞུགས་ཤིང་མི་ཚེ་གང་བོར་རྟ་རྒྱབ་དང་མ་བྲལ་ཞིང་གཡུལ་ས་དང་མ་བྲལ།ཁོ་ནི་འཛམ་གླིང་སྟེང་རྟར་ཞོན་ནས་མཐའ་འདུལ་གྱི་ལམ་ཐག་རིང་བོར་བསྐྱོད་པའི་མི་ཡིན།སོག་པོའི་རྟ་དམག་གི་རྨིག་ལྕགས་ཀྱིས་ཞི་བདེ་རྒྱ་མཚོ་ཆེན་པོ་ནས་ས་དཀྱིལ་རྒྱ་མཚོ་བར་གྱི་གཙང་བོ་དང་མཚེའུ་མཐའ་དག་གི་ཆུ་ཡི་ཟེགས་མ་མཁའ་ལ་གཏོར་བར་བྱས།སོག་པོ་བཙན་རྒྱལ་དར་ལ་བདོ་བའི་སྐབས་སུ་ཁ་བའི་གོས་དཀར་གྱིས་བཏུམས་པའི་ཧེ་པོ་ལིས་ཡའི་འཁྱགས་སྒང་ནས་རྒྱ་གར་ཚ་བའི་ཐང་གཞོངས་བར་དང་།ཡོ་ནན་གྱི་འབྲས་ཞིང་ནས་ཞོང་ཡ་ལིས་ཀྱི་གྲོ་ཞིང་བར།ཁྲོ་ཞན་ནས་པར་གན་བར་ཀུན་ཏུ་བཙན་རྒྱལ་གྱི་སྟོབས་ཀྱིས་ཁྱབ་པར་བྱས།ཇིང་གེར་རྒྱལ་བོ་དང་ཁོང་གི་རྒྱུད་འཛིན་པ་རྣམས་ཀྱིས་མྱུར་མགྱོགས་རླུང་གི་ཤུགས་ལྡན་གྱི་རྟ་དམག་ལ་བརྟེན་ནས་རྒྱང་ཐག་རིང་བོར་རུ་དཔུང་འདྲེན་པའི་ཚེ་ན་དམག་རྟ་འི་ར་མིག་པས་བཅགས་པའི་སའི་ཁྱོན་ནི་ལེ་བར་སོགས་ཀྱིས་བརྩི་མི་ནུས་པར་འཕྲེད་ཐིག་དང་བྱང་ཐིག་གིས་གཞལ་བར་བྱེད་དོ།ཁོང་ལ་རྟ་དམག་འབུམ་གཉིས་ཙམ་མ་གཏོགས་མེད་ཀྱང་སྔར་བྱུང་མ་མྱོང་བའི་གཡལ་ཆེན་བཤམས་པ་དང་།འཛམ་གླིང་སྟེང་སྟོབས་ཀྱི་ཡང་རྩེར་འཕགས་པའི་མྱུར་མགྱོགས་རྟ་དམག་སྤྱད་ནས་དཔལ་འབྱོར་དང་རིག་གནས་ཅུང་དར་ཆེ་ཞིང་མི་གྲངས་བྱེ་བ་དུ་མ་འདུས་ཤིང་དམག་རྟ་འབུམ་ཕྲག་དུ་མ་དང་ས་ཡ་དུ་མ་འཛོམས་པའི་ཅིན་རྒྱལ་ཁབ་དང་སུང་ལྷོ་མ་ཧྭ་ལ་ཙི་མོ་བཅས་ལས་རྣམ་པར་རྒྱལ།༼ཐེམ་ཆེན་ཐེ་མུར་དམག་གཞུང༽ཞེས་པའི་དེབ་ཀྱི་འགོ་བརྗོད་རྩོམ་མཁན་ཏེ་ཨུ་རུ་སུའི་སྔ་དུས་ཀྱི་དམག་དོན་མཁས་པ་ཁི་ལེ་ཅིན་གྱིས་བཤད་རྒྱུར།འཛམ་གླིང་ལོ་རྒྱུས་ལ་བལྟས་ཚེ་དམག་ཤུགས་ཤུན་ཏུ་ཐུང་ཐུང༼སྤྱི་ལོ་1207—1227ལོ༽ནང་དུ་ས་ཁྱོན་མཐའ་ཡས་པ་བདག་གིར་བཟུང་ཤིང་མི་འབོར་དེ་འདྲའི་མང་པོ་དབང་དུ་བསྡུ་བ་ནི་ཇིང་གེར་རྒྱལ་བོའི་དུས་སྐབས་ཀྱི་ད་དན་པ་དང་ཐེ་མུར་དུས་སྐབས་ཀྱི་ཡ་ཞིས་ཡ་དཀྱིལ་མའི་མི་མ་གཏོགས་བསྐལ་བ་སར་ཆགས་པ་ནས་བྱུང་མ་མྱོང་།དེ་བས་དུས་རབས་གཅིག་གི་གནམ་གྱི་སྲས་པོ་ཞེས་འབོད་དོ། ཧྭ་ལ་ཙི་མོར་ནུབ་འདུལ་བྱེད་པའི་གཡུལ་འཁྲུག་ནི་ཇིང་གེར་རྒྱལ་པོས་ཡོ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཆེན་པོ་དབང་དུ་སྡུད་པའི་དམག་འཁྲུག་ཐེངས་དང་པོ་ཡིན་ལ་དམག་འཐབ་འདི་ནི་ལམ་ཐག་ཆེས་རིང་ཞིང་དམག་ཤུགས་ཆེས་ཆེ་བ་དང་གཞི་ཁྱོན་ཆེས་ཆེ་བའང་ཡིན།གཡུལ་འཐབ་ཆེན་པོ་འདི་ཡིས་ཇིང་གེར་རྒྱལ་པོ་འཛམ་གླིང་གི་ཆབ་སྲིད་གར་སྟེགས་སུ་དེད་པ་རེད།དམག་དོན་བསམ་བློ་རྟོག་འཇུག་པ་ཧྲན་གྱིས་བཤད་པ་ལྟར་ན།ཇིང་གེར་རྒཡལ་པོས་ཧྭ་ལ་ཙི་མོ་རྒྱལ་ཁབ་ལ་ནུབ་འདུལ་བྱེད་སྐབས།སོག་དམག་གིས་དཀའ་ཚེགས་ཆེན་པོ་གདོང་གིས་བསུས་ཏེ་མི་ཡུལ་ལ་ངོ་མཚར་བའི་བྱས་རྗེས་གསུམ་བསྐྲུན་པ་སྟེ་ཀྲུའུ་ཁྲི་དང་ཀྲི་པེས་རུ་དཔུང་ཁྲིད་ནས་དཀའ་སྡུག་གྲངས་མེད་སྤྱད་དེ་འཛམ་གླིང་གི་བགྲོད་པར་དཀའ་བའི་ལམ་ཕ་མིར་མཐོ་སྒང་དང་ཐེན་ཧྲན་རི་བོ་བརྒལ་བ་ཁོ་ཚོས་མཐོ་ཚད་ལ་རྨིས་སྟོང་ཕྲག་ཁ་ཤས་མཆིས་པའི་ཕ་མུར་མཐོ་སྒང་དང་གངས་དཀར་གྱི་ས་འཛིན་སྟེང་ཁངས་གསོག་མི་ཚད་ལྟར་ཟབ་པ་དང་མཁའ་རླུང་ཤུན་ཏུ་དཀོན་པའི་ཡུལ་གྲུ་རུ།རྟའི་རྨིག་པའང་འཁྱག་པས་རེངས་པར་འགྱུར་པའི་གྲང་ངར་བཟོད་གླགས་མི་ནུས་པའི་ཁྲོད་དུ་བློ་ཡུལ་ལས་འགོངས་པའི་ངང་ནས་ལྷོ་ཕྱོགས་ནས་ཧྭ་ལ་ཙི་མོའི་རྒྱལ་ཁབ་བསྐོར་བ།གཉིས་ནི་ཇིང་གེར་རྒྱལ་བོ་དང་ཐོ་ལེས་མཐའ་འདུལ་གཙོ་ཤུགས་དམག་ཁྲི་11གི་རུ་སྣེ་འཁྲིད་དེ་ཅི་ཞིར་ཁོམ་བྱེ་ཐང་ཆེན་པོ་བརྒལ་བ།བྱེ་ཐང་དེ་ནི་ཚངས་ཐིག་ལེ་བར་བརྒྱ་ཕྲག་དུ་མའི་ནང་ཚུན་ལ་མི་མེད་པའི་མྱ་ངན་ཐང་ཆེན་པོ་སྟེ་སུའང་ལམ་མི་ཐར་བར་ཀུན་གྱིས་ཁས་ལེན་པའི་རང་བྱུང་གི་འགག་སྒོ་ཡིན་པ་ལ། སོག་དམག་རྣམས་ཀྱིས་ཡོངས་སུ་བརྟོལ་ཏེ་ཧྭ་ལ་ཙི་མོ་དང་ཧོལ་ཧྲན་དང་དབྱི་རག་བཅས་བར་གྱི་འབྲེལ་ཐག་བཅད་ནས།ནུབ་ལྷོའི་ཕྱོགས་ནས་ཧྭ་ལ་ཙི་མོ་བསྐོར་ཏེ་ཧྲ་མོ་ཁི་མོ་ཧངས་སངས་བར་བྱས་པ།གསུམ་ནི་དམག་དཔོན་སུའུ་པུའུ་ཐེ་དང་ཀྲི་པེ་གཉིས་ཀྱིས་སོག་དམག་ཁྲི་3གྱི་སྣེ་འཁྲིད་དེ།ལིས་ཧེ་དང་ཧིས་ཧེ་བར་བརྒྱུད་ནས་བྱང་དུ་བསྐྱོད་དེ།གཙང་བོའི་བཞུར་རྒྱུན་དྲག་པོ་བཅད་ཅིང་གཡང་རོང་ཟབ་མོ་བརྒྱུད་ནས་ཧྲ་མོ་ཁི་མོ་རྗེས་འདེད་བྱེད་པའི་ཚེ་ན།ཕན་ཀྲབ་ནས་ཨམ་ཁྲ་འཕྲེད་དུ་བརྒལ་བ་ལ་གཟིངས་མེད་པར་སྡོང་བའི་ཡལ་ག་ཀོ་བས་བཏུམས་ནས་རྐྱལ་བ་ལས་ཤིང་མཚོན་ཆ་རྣམས་རྐྱལ་བའི་ཁུད་དུ་བསྡུས།རྐྱལ་བ་སྐེད་པར་བཏགས།ལག་པས་རྟའི་རྔོག་མའམ་རྔ་མར་འཇུས་ནས་ཆུ་བོ་བརྒལ་ཞིང་ཐོགས་པ་མེད་པར་ཧོལ་ཧྲན་དུ་དམག་བརྒྱབ་ཏེ་ཧྲ་མོ་ཁུ་མོ་མ་ཟིན་ཙམ་བྱུང་།ཇིང་གེར་རྒྱལ་བོས་ཡོ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཆེན་པོར་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་གཡུལ་འཁྲུག་བྱས་ཏེ་རྒྱལ་ཁབ་བཅུ་ཕྲག་དུ་མ་དབང་དུ་བསྡུས་པ་དང་།སོག་པོའི་ཧན་རྒྱལ་ཁབ་བཙིགས་པ་ཡང་གཞི་ཁྱོན་ཆེན་པོའི་ནུབ་འདུལ་ཐེངས་གསུམ་གྱི་ཐོན་དངོས་ཡིན།སྐབས་དེའི་གཡུལ་འཐབ་ཀྱི་དུས་ཡུན་རིང་བ་དང་གཞི་ཁྱོན་ཆེ་བ་ནི་འཛམ་གླིང་སྟེང་སྙན་གྲགས་ཆེས་ཆེ་བའི་དམག་སྤྱི་ཁེ་ས་དང་ཡ་ལིས་ཧྲན་ཏ་ནཱ་ཕོ་ལོན་སོགས་ཀྱང་ཆ་ཙམ་ཡང་བསྒྲུན་དུ་མ་མཆིས་སོ།ད་ལྟ་ནུབ་ཕྱོགས་ཀྱི་ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་དུས་རབས་བཅུ་གསུམ་པ་ནི་སོག་པོའི་དུས་རབས་ཡིན་ཞེས་བསྔགས་པའང་དོན་དུ་གཡུལ་འཐབ་འདིའི་འཛམ་གླིང་རང་བཞིན་གྱི་གཞི་ཁྱོན་ལ་གཞིགས་ཏེ་སྨྲས་པའོ། །                                       
 
           ༼གསུམ་པ༽འཛམ་གླིང་སྟེང་ཆེས་ཐོག་མར་སྐྱེལ་འདྲེན་འབྲེལ་ལམ་མ་ལག་བཙུགས་པ།
   ཇིང་གེར་རྒྱལ་པོ་ནི་ལོ་རྒྱུས་ཐོག་ཆེས་ཐོག་མར་སྐྱེལ་འདྲེན་འབྲེལ་ལམ་མ་ལག་འཛུགས་མཁན་ཡིན་ལ།དེ་ཡང་སོག་པོའི་རྟ་ཟམ་ཞེས་འཇིག་རྟེན་དུ་སྐད་གྲགས་ཆོད་པའི་བརྡ་འཕྲིན་འབྲེལ་ལམ་མ་ལག་དེ་ཡིན།སོག་དམག་གིས་དབང་དུ་བསྡུས་པའི་ས་ཁོངས་མུ་མཐའ་བྲལ་ཞིང་མཐའ་འདུལ་དམག་དཔུང་དང་རུ་སྒར་ཆེན་པོའི་བར་གྱི་བརྡ་འཕྲིན་འབྲེལ་ལམ་གེགས་མེད་དུ་རྒྱུ་བར་བྱ་ཆེད།ཇིང་གེར་རྒྱལ་པོས་མིང་ལ༼བང་ཆེན་མདའ་མོའི་ཤུགས་ལྡན༽དུ་འབོད་པའི་འཛམ་གླིང་སྟེང་ཆེས་བཟང་ཞིང་ཆེས་མྱུར་བའི་བརྡ་འཕྲིན་དམག་དཔུང་འཛུགས་གྲུབ་བྱས།དམག་དཔུང་འདིས་སྦྱོང་བརྡར་ལེགས་པོ་ཐོབ་ཡོད་ཅིང་ཇིང་གེར་རྒྱལ་པོའི་རྔོན་ཁྱི་བཞིའི་ཡ་གྱལ་ཀྲི་པི་ལེས་ཐད་ཀར་དུ་བཀོད་འདོམས་བྱེད།ཁོ་ཚོའི་ལམ་བརྒྱུད་དུ་བཙུགས་ཡཡོད་པའི་རྟ་ཟམ་དག་ལ་བརྟེན་ནས་ཉིན་རེར་ལེ་བར་བརྒྱ་ཕྲག་དུ་མ་བསྐྱོད།གནས་ཚུལ་ཛ་དྲག་དང་འཕྲད་དུས་ཉིན་མཚན་ཁ་མཐུད་ནས་བསྐྱོད་ཅིང་རྟ་བརྗེ་བ་ལས་མི་མི་བརྗེ་བར།དུས་ཐོག་ཏུ་རྒྱལ་བོ་ཆེན་པོའི་བཀའ་བརྡ་རུ་དཔུང་སོ་སོར་བསྒྲགས་པ་དང་།དེ་ནས་གཡུལ་སའི་དམག་འཐབ་ཀྱི་གནས་ཚུལ་འཁྱེར་ནས་ཆེས་མཐོ་བའི་བཀོད་འདོམས་པུའུ་ལ་བརྒྱུད་ཞུ་བྱས་ཏེ།གསང་འཕྲིན་དུས་ཐོག་ཏུ་སྐྱེལ་འབྱོར་དང་དམག་འཁྲུག་ལ་རྒྱལ་ཁ་ལོན་པར་ཁག་ཐེག་བྱས་པ་རེད།༼ཇིང་གེར་རྒྱལ་པོའི་གཡལ་འཐབ་ལོ་རྒྱུས༽ཀྱི་རྩོམ་པ་པོ་ཉི་ཧོང་གི་མཁས་པ་ཀྲུང་ཞོ་ལུའུ་ཀྲང་གིས་བཤད་རྒྱུར།སྐབས་དེར་ལིས་ཧེ་ཡི་གཡུལ་ས་ནས་སོག་པོའི་ཁི་ལུའུ་ལུན་ཆུ་བོའི་བར་དུ་ཉིན་40ཡི་དུས་ཡུན་ནང་ཐོན་པར་བྱས་ཞེས་སོ།ཇིང་གེར་རྒྱལ་པོས་བཙུགས་པའི་གླིང་ཆེན་ཡོ་རོབ་དང་ཨེ་ཤ་ཡ་བར་གྱི་གེགས་མེད་སྲུང་སྐྱོབ་ལྡན་པའི་སྐྱེལ་འདྲེན་ལམ་ཐིག་དང་བརྡ་འཕྲིན་འབྲེལ་ལམ་ལམ་ཐིག་ཡོད་པ་ནས་བཟུང་སྟེ།ཕན་ཚུན་གྱི་ས་འཚམས་མཐའ་དག་ཤུལ་མེད་དུ་བཏང་ཤིང་།འཐུས་སྒོ་ཚང་བའི་རྟ་ཟམ་མ་ལག་ཞིག་གིས་མཐའ་དབུས་མེད་པའི་ས་ཁོངས་ཆེན་པོ་འདིའི་ཆ་ཤས་ཐམས་ཅད་ཕན་ཚུན་གཅིག་ཏུ་སྦྲེལ་བར་བྱས།ཚོང་བ་དང་ཕོ་ཉ་ལ་སོག་པོ་བཙན་རྒྱལ་གྱིས་བཀྲམ་པའི་རྟ་ཟམ་ལམ་ཡིག་ཡོད་པའི་ཚེ་ན་ལམ་བར་བགེགས་རྐྱེན་ཅི་ཡང་མེད་ལ།༼ལེ་བར་སྟོང་དུ་བསྐྱོད་ཚེ་ཁྱིམ་གྱི་སླས་སུ་ཡོད་པ་འདྲ།ལེ་བར་ཁྲི་རུ་བསྐྱོད་ཚེ་ཁྱིམ་མཚེས་སྒོ་ཁར་འབྱོར་འདྲ༽ཟེར་བ་ལྟར་རོ།ལོ་རྒྱུས་ཡིག་ཆར་བཀོད་པ་ལྟར་ན་སོག་པོའི་ཡོན་གྱི་སྐབས་སུ་རྟ་ཟམ་1383ཡོད་ལ་དེའི་རམ་འདེགས་ཀྱི་ཚུལ་དུ་ལེ་བར་20རེའི་མཚམས་སུ་མྱུར་སྐྱེལ་ཁང་རེ་བཙུགས་ཡོད།དེ་བས་དམག་ལམ་ཨེ་ཤ་ཡ་ནས་ཡོ་རོབ་གླིང་གཉིས་སུ་རྒྱང་ཐག་གིས་ཆོད་ཀྱང་།༼བརྡ་འཕྲིན་རྒྱུ་ལམ་བདེ་བླག་མྱུར་བགྲོད་དང་ནངས་ཀྱི་བཀའ་བརྡ་ཕྱི་དྲོ་ངེས་པར་འབྱོར་བར་བྱས།ཨ་མེ་རི་ཁའི༼ཝ་ཤིན་ཐོན་སྦྲགས་སྲིད་ཚགས་པར༽དུ་བཤད་རྒྱུར།དྲ་རྒྱ་མ་བྱུང་བའི་ལོ་ངོ་བདུན་བརྒྱ་ལྷག་གི་ཡར་སྔོན་དུ་ཇིང་གེར་རྒྱལ་བོས་འཛམ་གླིང་ཧྲིལ་བོའི་བརྡ་འཕྲིན་བརྗེ་རེས་ཀྱི་སྒོ་གླེགས་བྱས།ཞེས་ཏེ།དེ་ལྟ་ན་འདི་ལྟར་བརྗོད་ཆོག་སྟེ།ཇིང་གེར་རྒྱལ་བོས་བཙུགས་པའི་བརྡ་འཕྲིན་དྲ་འབྲེལ་མ་ལག་ནི་ད་ལྟའི་གློག་རྡུལ་བརྡ་འཕྲིན་དྲ་བའི་མངལ་གྱི་དུས་སྐབས་ཡིན།ལྷོ་ཀོ་རི་ཡ་ནས་པར་དུ་བསྐྲུན་པའི༼ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་མི་སྣ༽ཞེས་པའི་དེབ་ཏུ།༼ཇིང་གེར་རྒྱལ་བོའི་ཅང་ཤེས་རྟ་ཟམ་ནི་སྐབས་དེའི་བརྡ་འཕྲིན་ལས་རིགས་ཁྲོད་ཆེས་ལེགས་ཅིང་ཆེས་འགྱོགས་པ་ཅན་ཡིན་ལ།ད་ལྟར་སྤྱོད་པའི་དབྱིན་ཐིར་དྲ་བའི་སྔོན་འགྲོའི་རོལ་དབྱངས་ལྟ་བུ་ཡིན༽ཞེས་དང་ཨ་མེ་རི་ཁའི་རྣམ་ཐར་རྩོམ་མཁན་གྲགས་ཅན་ཧ་ལོ་ཏི.ལམ་གྱིས་༼འདི་ནི་འགྲོ་བ་མིའི་རིགས་བར་གྱི་ཆེས་དཀྱེལ་ཡངས་ཤིང་སྒོ་འབྱེད་ཀྱི་ལག་འཇུ་ཐེངས་ཤིག་ཡིན༽ཞེས་བརྗོད་དོ། །                                                                                                              
           ༼བཞི་བ༽དམག་དོན་སྒྱུ་རྩལ་དེ་གྲང་བའི་མཚོན་ཆའི་དུས་རབས་ཀྱི་ཡང་རྩེར་དེད་པ།
   ཇིང་གེར་རྒྱལ་བོས་དམག་དཔུང་གིས་རྩ་འཛུགས་སྟོབས་ཤུགས་གཙོ་བོ་བྱས་ཤིང་།གཡུལ་འཐབ་ཀྱིས་འཐབ་རྩོད་རྣམ་པ་གཙོ་བོ་བྱས་ཏེ་འགྲོ་མིའི་གཡུལ་འཐབ་ལོ་རྒྱུས་སྟེང་སྟོབས་དང་དྲེགས་པས་སྙེམས་པའི་ཟློས་གར་གསོན་པོ་རེ་རེ་འཁྲབ་ཁྲིད་བྱས།ཁོང་གིས་འཛམ་གླིང་སྟེང་ཡང་རྩེར་སོན་པའི་སྔོན་ཐོན་མཚོན་ཆ་དང་བྱང་ཚད་ལེགས་པོ་ལྡན་པའི་རུ་དཔུང་ཅིག་བཙུགས་ཏེ།རུ་དཔུང་འདི་ནི་འཛམ་གླིང་སྟེང་འཐབ་ཤུགས་ཆེས་ཆེ་ཞིང་འཐབ་རྩལ་ཆེས་མཐོ་བ་ཅན་ཡིན་ལ།སྟོབས་ཀྱི་ཕ་མཐར་སོན་པའི་ངོ་མཚར་འབར།ཇིང་གེར་རྒྱལ་བོ་ནི་འཛམ་གླིང་དམག་དོན་ལོ་རྒྱུས་སྟེང་ཕུལ་དུ་བྱུང་བའི་ལྷན་སྐྱེས་ཀྱི་ཤེས་འཇོན་མངའ་བ་ཡིན་པ་སྨྲོས་མེད་ཡིན་ཏེ།ཁོང་གིས་དམག་དོན་བཀོད་འདོམས་སྒྱུ་རྩལ་འདོན་སྤེལ་བྱས་པ་ཁྱད་པར་འཕགས་པ་དང་སྐྱོན་དང་བྲལ་བའི་ཚད་ལ་ཐོན་པར་བྱས་ཤིང་།དམག་དོན་ཚན་རིག་ཆེས་ཆེར་དར་རྒྱས་སུ་བཏང་སྟེ་ཀྲུང་གོ་ཙམ་དུ་མ་ཟད་འཛམ་གླིང་ལ་ཤིན་ཏུ་རྩ་ཆེ་བའི་ཤུལ་ནོམ་ཞིག་བཞག་ཡོད་པ་རེད།དེ་ལ་འཛམ་གླིང་སྟེང་སྙན་གྲགས་ཆེ་བའི་དམག་དོན་མཁས་པ་ཨ་མེ་རི་ཁའི་སྐར་རིམ་ལྔ་ཅན་གྱི་དམག་དཔོན་ཧྲང་ཅང་མེ་ཁི་འ་ཟིས་༼གལ་ཏེ་གཡུལ་འཐབ་དང་འབྲེལ་བའི་ཟིན་ཐོ་{ཇིང་གེར་རྒྱལ་བོའི་གཡལ་འཐབ་ཟིན་ཐོ་ཕུད}ཐམས་ཅད་ལོ་རྒྱུས་ཁྲོད་ནས་མེད་པར་བཏང་ནས།ཇིང་གེར་རྒྱལ་བོའི་འཐབ་འཁྲུག་གནས་ཚུལ་གྱི་ཞིབ་བཀོད་ཟིན་ཐོ་ཁོ་ན་ཤུལ་ཏུ་བཞག་ཅིང་དེ་ཡང་ཉར་ཚགས་བྱས་པ་ཤིན་ཏུ་བཟང་བ་ཡིན་ན།དམག་ཞིག་ཡིན་པའི་ཆ་ནས་སྔར་བཞིན་འཛད་མཐའ་མེད་པའི་རྒྱུ་ནོར་ཡོད་ལ།ཟིན་ཐོ་དེ་དག་ཁྲོད་ནས་དམག་གིས་བཀོལ་སྤྱོད་ལྡན་པའི་ཤེས་བྱ་བླངས་ནས་འབྱུང་འགྱུར་གྱི་གཡལ་འཐབ་ལ་སྤྱོད་པའི་དམག་དཔུང་ཞིག་བསྐྲུན་ཆོག་པ་དང་།མི་རྣམས་ཧང་སངས་པར་བྱེད་པའི་གཙོ་འཛིན་{ཇིང་གེར་རྒྱལ་བོ}དེའི་མཛད་རྗེས་ཀྱིས་ལོ་རྒྱུས་སྟེང་གི་བཀོད་འདོམས་པ་མང་ཆེ་ཤོས་ཀྱི་གྲུབ་འབྲས་མག་མོག་པོར་བཟོས་ཡོད༽ཞེས་བཤད།2001ལོར་པེ་ཅིང་དཔེ་མཛོད་ཁང་དཔར་བསྐྲུན་ཁང་གིས.པར་དུ་བསྐྲུན་པའི་ཀྲུང་གོའི་གོང་མ་ཆེན་པོའི་དཔེ་ཕྲེང་ལས་{ཇིང་གེར་རྒྱ་བོ}ཞེས་པའི་སྔོན་གླེང་ཁྲོད་བཤད་རྒྱུར།༼ཇིང་གེར་རྒྱལ་བོ་ནི་ཕྱི་རབས་པས་འགྲན་ཐབས་བྲལ་བའི་གཡུལ་འཐབ་ཀྱི་ལྷན་སྐྱེས་ཤེས་རབ་ཅན་ཡིན་ཏེ་ཁོང་དགྲ་བོ་ཐུག་ཚད་ལ་འཐབ་པ་དང་འཐབ་ཚད་ཀུན་ལས་རྣམ་པར་རྒྱལ་བའི་ངོ་མཚར་བྱུང་བ་ཡིས་འགྲོ་མིའི་དམག་དོན་གྱི་ཤེས་རབ་མཐར་སོན་པར་བྱས།མི་སུ་ལྟ་བུ་ལ་དགྲ་ལྷར་འབོད་ཟེར་ན།ཇིང་གེར་རྒྱལ་བོ་ཁོ་ནའོ་༽ཞེས་སོ།དམག་དོན་སྒྱུ་རྩལ་ཐད།ཇིང་གེར་རྒྱལ་བོ་ལ་མི་གཞན་ལ་རྩ་བ་ནས་མེད་པའམ་བློར་འཆར་མི་ཐུབ་པའི་ཐབས་མཆོག་ཁྱད་པར་བ་མངའ་ལ།དེ་ཡང་འཛམ་གླིང་གི་ཨང་དང་པོ་ལྔ་རུ་འདུ།
   ༼ ༡ ༽འཛམ་གླིང་སྟོབས་ལྡན་ཨང་དང་པོར་རུང་བའི་མྱུར་མགྱོགས་རྟ་དམག་བཙུགས་པ།
   ཇིང་གེར་རྒྱལ་བོའི་ལེགས་འགྲུབ་ཀྱི་རྒྱུ་རྐྱེན་ལ་རྒྱལ་ཁབ་སོ་སོའི་མཁས་པ་རྣམས་ཀྱིས་བཞེད་ཚུལ་སོ་སོར་སྨྲཡང་།ཀུན་གྱིས་གཅིག་གྱུར་ཏུ་ཁས་ལེན་པ་ཞིག་ནི་མི་རྣམས་བརྗོད་ནས་ཚར་རྒྱུ་མེད་ཅིང་བསྔགས་བརྗོད་ཚད་མེད་བྱེད་པའི་སོག་པོའི་རྟ་དམག་རེད།འཐབ་རྩལ་ཐད་ནས་སོག་པོའི་རྟ་དམག་ལ་འཆར་སྒོ་ཕུན་སུམ་ཚོགས་པའི་རྟ་དམག་ཅེས་ཟེར་ཞིང་།ཁོ་ཚོར་གཡུལ་འཐབ་གསར་བ་ཤུན་ཏུ་མང་པོ་ཡོད་པས་གནམ་འོག་གི་རྟ་དམག་ཨང་དང་པོ་ཞེས་བསྔགས་པར་བྱེད།དེ་དག་གི་གོ་མཚོན་ནི་ཀོ་ཁྲབ་དང་མདའ་གཞུ། སྟེའུ།  མདུང་རྩེ་གུག་བཅས་ཡིན། ཇིང་གེར་རྒྱལ་བོ་ནི་འཛམ་གླིང་སྟེང་དམག་རྟ་ལ་བརྟེན་ནས་ལེགས་འགྲུབ་བྱུང་བའི་གཙོ་འཛིན་ཆེས་ཐོག་མ་ཡིན་ལ།ཇིང་གེར་རྒྱལ་བོའི་རྟ་དམག་གིས་གནམ་འོག་སྤ་བཀོང་བར་བྱས་པ་དང་།རྟ་དམག་དེའང་ཇིང་གེར་རྒྱལ་བོའི་དབང་གིས་དམག་དོན་ལོ་རྒྱུས་སྟེང་འོད་སྟོང་འབར་རོ།ཁོང་གིས་སོག་པོའི་སྤྱི་ཚོགས་ཕྱུགས་ཁྱུའི་རྗེས་སུ་སྙེགས་ཅིང་རི་དྭགས་རྔོན་པའི་དཔལ་འབྱོར་གཙོ་བོར་གཉེར་བའི་ཁྱད་ཆོས་དམིགས་སུ་བཟུང་ནས་སོག་པོའི་དམག་ཡོངས་རྟ་དམག་ཅན་དུ་བསྒྱུར་བ་དང་།འཇིག་རྟེན་འདིར་འགྲན་ཟླ་བྲལ་བའི་སྟོབས་ལྡན་གྱི་རྟ་དམག་འཛུགས་གྲུབ་བྱས།སོག་པོའི་རྟ་དམག་གི་མྱུར་ཚད་བློ་ཡུལ་ལས་འགོངས་ཤིང་།ཇིང་གེར་རྒྱལ་བོས་ཁྱད་ཆོས་འདི་བེད་སྤྱོད་བྱས་ཏེ་དེ་ཡང་འཐབ་འཁྲུག་ཁྲོད་ཆེས་བཟང་ཞིང་ཆེས་མྱུར་བའི་ཕར་རྒོལ་དྲག་ཆས་བྱས་ནས།སོག་པོ་རྟ་དམག་གི་ཐན་ཁེ་དཔུང་ཁག་ལྟ་བུའི་རྡབ་ཤུགས་དང་འཕྲུལ་ཆས་ཅན་གྱི་རུ་དཔུང་ལྟ་བུའི་མྱུར་བསྐྱོད་ཀྱི་འཕྲུལ་ཤུགས་ལས།ས་ཆེན་པོ་འཕྲེད་ཀྱིས་བཅད་ནས་དགྲ་བོ་ཀུན་ལས་རྣམ་པར་རྒྱལ་ལོ།ཇིང་གེར་རྒྱལ་བོ་ནི་སོག་པོའི་རྟ་དམག་གི་མེས་པོ་ཡིན་ལ།ཁོང་གིས་སོག་པོ་རྟ་དམག་གི་སྟོབས་ཤུགས་མཐའ་དང་ཕ་རོལ་དུ་སོན་པར་བྱས་ཏེ་གྲང་བའི་མཚོན་ཆའི་དུས་སྐབས་ཀྱི་ཡང་རྩེར་སོན་པར་བྱས།ཇིང་གེར་རྒྱལ་བོའི་གོང་མ་ལྷས་གནངས་པ་ལྟ་བུའི་གཡུལ་ལས་རྒྱལ་བའི་གདམས་པ་དང་གསེར་སྦྱངས་གཙོ་མ་ལྟ་བུའི་འཐབ་འཁྲུག་སྒྱུ་རྩལ་གྱིས།ཁོང་ཉིད་བརྟན་ཅིང་བརླིང་ལ་ཇུས་ཆེན་བློར་མངའ་ཞིང་།དམག་བཀོལ་མཁས་ཤིང་གཡུལ་ལས་རྣམ་པར་རྒྱལ་ལོ།ཇིང་གེར་རྒྱལ་བ་དང་ཁོང་གི་བུ་རབས་ཚ་བརྒྱུད་ཀྱི་གཟི་བྱིན་འབར་བའི་མཛད་རྗེས་ནི་སོག་པོའི་རྟ་དམག་གི་གཟི་བརྗིད་ཡིན་ནོ།  
   ༼ ༢ ༽ཐེངས་དང་པོར་འབངས་ཡོངས་དམག་ཏུ་བསྒྱུར་བ།
སོག་པོའི་མི་རྣམས་ཡར་ལངས་ནས་འགྲོ་ཐུབ་པ་ཙམ་ནས་རྟར་ཞོན་པ་དང་མདའ་འཕེན་སྟངས་སྦྱོངས།{དོ་སངས་སོག་པོའི་ལོ་རྒྱུས}ཞེས་པར་སོག་པོའི་མི་ནི་“སྐྱེས་པ་ནས་འཐབ་མོ་བ་ཡིན”ཞེས་བརྗོད།ཉིན་རེ་བཞིན་རི་དྭགས་རྔོན་ཞིང་ལོ་རེ་རྩྭ་ཆུ་སྙེགས་ནས་ཕྱུགས་འཚོ་བའི་འཚོ་བ་ཡིས།སོག་པོའི་མི་ཡི་རྩལ་དྲུག་འཛོམས་པའི་ལུས་སྟོབས་སྦྱོང་བརྡར་བྱས་ཤིང་ཁོ་ཚོའི་འགྱུར་བ་མེད་པའི་སྙིང་རུས་བརྟན་པར་བྱས་ལ།ཁྱད་པར་འཕགས་པའི་རྟ་རྩལ་དང་མདའ་རྩལ་ཀྱང་བྱང་པར་བྱས་པ་རེད།ཇིང་གེར་རྒྱལ་པོས་དམག་དཔུང་འཛུགས་པ་དང་།སྦྱོང་བརྡར།དམག་བཀོལ་བཅས་པ་ཐམས་ཅད་རུ་བསྐྱས་ནས་ཕྱུགས་འཚོ་བའི་མི་རིགས་དཔལ་འབྱོར་ཀྱི་ཐོན་སྐྱེད་དང་འཚོ་བའི་རྣམ་པ་དང་ཁ་བྲལ་མ་མྱོང་སྟེ།རུ་བསྐྱས་ཕྱུགས་འཚོ་བའི་འབངས་རྣམས་དུས་རྒྱུན་ཕྱུགས་འཚོ་ཞིང་རི་དྭགས་བཤོར་བ་དང་།གཡུལ་འཐབ་སྐབས་སུ་དེ་མ་ཐག་རྟ་དམག་ཏུ་རྩ་འཛུགས་བྱས་ནས་གཡུལ་ཏུ་ཞུགས་ཤིང་།ཐམས་ཅད་ཀྱང་རྟ་དམག་དང་མདའ་བ་ཕུལ་དུ་བྱུང་བའོ།ཇིང་གེར་རྒྱལ་བོས་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་དམག་མི་ལས་གྲུབ་པའི་རྒྱལ་ཁབ་གཅིག་གི་མི་དམངས་བསྐྲུན་ཞིང་དྲག་ཆས་སྤྲས་པའི་རྟ་དམག་གིས་གྲུབ་པའི་རྒྱལ་ཁབ་ཅིག་བསྐྲུན་པ་དང་།རྒྱལ་ཁབ་འདི་ནི་སོག་པོའི་བཙན་རྒྱལ་ཆེནཔོའོ།སོག་པོའི་བཙན་རྒྱལ་ཆེན་པོ་ནི་དམག་དོན་བཀས་བཀོད་རྒྱུད་འཛིན་གྱི་བཙན་རྒྱལ་ཞིག་སྟེ།དེའི་སྤྱི་ཚོགས་གྱི་ཁྱད་ཆོས་གཙོ་བོ་ནི་དམག་སྲིད་ལུས་གཅིག་ཅན་དང་དམག་འབངས་ལུས་གཅིག་ཅན།འབངས་ཡོངས་དམག་མི་ཅན་དང་དམག་ཐམས་ཅད་འབངས་ཡིན་པ་སྟེ།འབྲོག་པ་རྣམས་རྒྱུན་པར་ངལ་རྩོལ་ཐོན་སྐྱེད་དུ་ཞུགས་པ་དང་འཐབ་འཁྲུག་སྐབས་སུ་རྟར་ཞོན་ནས་གཞུ་མོ་བཀང་སྟེ་གཡུལ་འཐབ་ཏུ་ཞུགས་པར་བྱེད་པར་དོ།ཇིང་གེར་རྒྱལ་བོས་འཐབ་འཁྲུག་གི་དགོས་མཁོ་དང་སོག་པོའི་སྤྱི་ཚོགས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་ཐོན་སྐྱེད་དང་སྲིད་འཛིན་དང་དམག་དོན་གསུམ་གཅིག་ཏུ་འདུས་པའི“སྟོང་སྡེ་བརྒྱ་དཔོན”(领户分村)ལུགས་ཀྱི་བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་བཙུགས་སོ།ཁོང་གིས་རྒྱལ་ཁབ་འཛུགས་པར་བྱས་རྗེས་བཞག་པའི་བློན་པོར་བྱས་རྗེས་ཆེ་ཆུང་ལྟར་བྱ་དགའ་སྟེར་ལ།ཁྲི་དཔོན་དང་སྟོང་དཔོན།བརྒྱ་དཔོན།བཅུ་དཔོན་བཅས་ཀྱི་ནོ་ཡོན་ཀྱི་ཐོབ་སྟེར་རོ།འབྲོག་ཁྱིམ་དང་ས་ཆ་དག་དུད་ཁྱིམ་བཅུ་སྐོར་དང་བརྒྱ་སྐོར།སྟོང་སྐོར།ཁྲི་སྐོར་བཅས་ཀྱི་སྲིད་འཛིན་སྡེ་ཁག་ཏུ་དབྱེ་སྟེ།དེ་དག་ཀྱང་རིམ་པ་སོ་སོའི་ནོ་ཡོན་གྱི་ཁུངས་སུ་བསྡུས་ཏེ་བདག་དབང་སྤྱོད།འདི་ལྟར་སྲིད་འཛིན་ཁུལ་བགོས་རེ་རེ་ནི་དམག་དོན་ལུས་ཁུངས་རིམ་པ་རེ་ཡིན་ལ།ཁྱིམ་ཚང་རེ་རེ་ནི་འཐབ་འཁྲུག་གི་སྡེ་ཚན་རེ་ཡིན།སྟོང་དཔོན་དང་བརྒྱ་དཔོན།བཅུ་དཔོན་རིམ་པ་རྣམས་ནི་བཀས་བཀོད་རྒྱུད་འཛིན་གྱི་འགོ་བདག་ཆེ་ཆུང་དུ་གྱུར་ཡོད་ལ།རིམ་པ་སོ་སོའི་དམག་དོན་གྱི་མགོ་བའང་ཡིན།མི་སེར་ནས་དུས་ངེས་ཅན་དུ་མགོ་བདག་ཁྲལ་དང་སྐྱེས་དབུལ་དགོས་པ་དང་།འཐབ་འཁྲུག་སྐབས་སུ་བྲོ་ཁ་རང་གིས་ཁྱེར་ནས་ནོ་ཡོན་དང་མཉམ་དུ་དམག་ལ་བསྐྱོད་དགོས།ཇིང་གེར་རྒྱལ་བོས་འཛམ་གླིང་སྟེང་ཐེངས་དང་པོར་འོས་འགན་དམག་གི་ལམ་ལུགས་ལག་བསྟར་བྱས་ཤིང་།རང་ལོ་15ནས་60བར་སྐྱེས་པ་ཚང་མ་གཏན་འཁེལ་གྱི་གོ་བབས་སུ་བཀོད་དེ་གཡུལ་འཁྲུག་གྲ་སྒྲིག་དུས་སྐབས་ཀྱི་འཚོ་བར་རོལ་བཞིན་ཡོད་ལ།གཡུལ་འཐབ་དང་རི་དྭགས་རྔོན་པ་ནི་སྐྱེས་པར་འཚམ་པའི་ངལ་རྩོལ་ཉག་ཅིག་ཡིན།སོག་པོའི་མི་ལ་མཚོན་ན་རི་དྭགས་བཤོར་བ་ནི་དམག་དོན་སྦྱོང་བརྡར་ཡིན་ཞིང་དགུན་དུས་ཚིགས་ཀྱི་རི་དྭགས་རྔོན་པ་དེ་དམག་དོན་བྱ་འགུལ་དུ་བཞག་ནས་བཀོད་སྒྲིག་བྱེད།དམག་དོན་རྒྱལ་ཁབ་འདིར་དམག་དོན་ལས་ཁུངས་དང་སྲིད་དབང་ལས་ཁུངས་ཕུང་བོ་གཅིག་ཏུ་གྱུར་ཡོད་པ་དང་འབངས་ཡོངས་དམག་དོན་ཅན་དུ་གྱུར་ཡོད།ཁོང་གིས་ཆབ་སྲིད་སྟེང་ནས་སོག་པོ་བཙན་རྒྱལ་གྱི་གཏན་འཇགས་གཅིག་གྱུར་ལ་ཁག་ཐེག་བྱས་པ་ཙམ་དུ་མ་ཟད།གཞི་ཁྱོན་ཆེན་པོའི་རྒྱ་བསྐྱེད་དམག་འཁྲུག་ལ་དམག་དོན་དང་རྩ་འཛུགས་ཀྱི་ཁག་ཐེག་བྱས་ཡོད།འདི་ལྟ་བུའི་ཐོན་སྐྱེད་སྲིད་འཛིན་དམག་དོན་གསུམ་པོ་གཞི་གཅིག་ཏུ་བྱས་པའི་རྩ་འཛུགས་ཀྱིས་རྒྱལ་ཁབ་ཆུང་ཞིང་སྟོབས་ཤུགས་ཞན་པ།དམག་གི་ཡོང་ཁུངས་ཉུང་བ།བཀོད་འདོམ་སྟབས་མི་བདེ་བ་སོགས་ཀྱི་འགལ་བ་ཆོད་ནུས་ལྡན་པའི་སྒོ་ནས་སེལ་ཡོད་པ་དང་།སོག་པོའི་བཙན་རྒྱལ་དེ་དམག་ཁུལ་ཆེན་པོ་ཞིག་ཏུ་བསྒྱུར་ཞིང་སྟོབས་དང་ལྡན་པའི་དམག་དོན་སྟོབས་ཤུགས་ཆགས་པར་བྱས་ཏེ།ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་གཡུལ་འཐབ་ཁྲོད་དུ་
དགྲ་བོ་ཟིལ་གྱིས་མནན་ཅིང་ཀུན་ལས་རྣམ་པར་རྒྱལ་པར་གྱུར་རོ།
   ༼ ༣ ༽འཛམ་གླིང་སྟེང་གི་སྒྱོགས་དམག་རུ་ཁག་དང་པོ་གསར་འཛུགས་བྱས་པ། །
   ཇིང་གེར་རྒྱལ་བོའི་སོག་དམག་གིས་ལག་རྩལ་སྣ་ཚོགས་གཅིག་ཏུ་བསྡུས་ནས་མེ་སྒྱོགས་ཅེས་པའི་ཁྱད་པར་པའི་རྫས་བསྐྲུན།ཁོ་ཚོས་ཀྲུང་གོ་དང་པར་སིག་ནས་ལག་རྩལ་བ་བཙལ་འོངས་ནས་ཀྲུང་གོའི་མེ་རྫས་དང་དབྱི་སི་ལན་གྱི་མེ་མཚོན་འཕྲུལ་འཁོར་ཟུང་དུ་སྦྲེལ་ཞིང་།དེའི་སྟེང་ཡོ་རོབ་ཀྱི་བཞུ་བླགས་ལག་རྩལ་བསྣན་ནས་མེ་སྒྱོགས་ལས་པ་རེད།འདི་ནི་ལག་རྩལ་གསར་གཏོད་ཀྱི་ཡོངས་སུ་གསར་བའི་རིམ་པ་ཅན་ཡིན།ལོ་རྒྱུས་སུ་བཀོད་པ་ལྟར་ན།སྤྱི་ལོ་1220ལོའི་སོག་དམག་གིས་ཧྭ་ལ་ཙི་མོ་འདུལ་བའི་སྐབས་སུ་མེ་སྒྱོགས་ཐོན་བཙུགས་ཤིང་དཔའ་མཛངས་གཉིས་ལྡན་གྱི་ཨོ་ཐོ་ཁེ་སྒྱོགས་དམག་གི་ཆེས་མཐོ་བའི་བཀོད་འདོམ་པར་བསྐོས།སོག་དམག་གིས་ཉི་ཧྲ་པུར་མཁར་གཏོར་གཡུལ་འགྱེད་ཁྲོད་དུ་ལྕགས་ཀྱི་གཞུ་ཆེན་སུམ་སྟོང་དང་རྡོ་སྒྱོགས་སུམ་བརྒྱ།སྐས་རིང་བཞི་སྟོང་།མེ་མདའི་གཡུལ་འཁོར་ཉིས་སྟོང་ལྔ་བརྒྱ་དང་མཁར་རྒོལ་ཤིང་རྟ་དང་མཁར་གཏོར་ཤིང་རྟ་སོགས་སྤྱད་པ་དང་།ས་མར་གན་ལ་རྒོལ་བའི་སྐབས་སུ་མེ་ལྕེ་རྒྱང་འཕེན་འཕྲུལ་ཆས་བེད་སྤྱོད་བཏང་།དེ་ལ་ཉི་ཧོང་གི་དམག་དོན་མཁས་པ་ཧྥན་སུན་ཞང་གིས་བཤད་རྒྱུར། “ཇིང་གེར་རྒྱལ་བོས་ལོ་ངོ་བརྒྱད་བརྒྱའི་ཡར་སྔོན་དུ་སྲ་གཟུགས་རླངས་སྣུམ་གྱི་མདེའུ་ཐོག་མར་སྤྱད”ཅེས་སོ།ཇིང་གེར་རྒྱལ་བོས་རང་ལ་མགོ་བཏགས་པའི་ཨམ་ཧེ་ཡི་གྲོས་གཞི་དང་དུ་བླངས་ཏེ།སྔར་ལས་བཟང་བའི་སྒོ་ནས་མཁྲེགས་གཏོར་བྱ་ཆེད་ཨམ་ཧེ་འགོ་གཙོ་ཡིན་པའི་མི་500ཡི་སྒྱོགས་དམག་རུ་དཔུང་རྩ་འཛུགས་བྱས།ཕྱིས་སུའང་“ཧོས་ཧོས་སྒྱོགས་དམག་ཅང་ཧྲང་ཁྲི་དཔོན་སྒར”དང་“སྒྱོགས་དམག་ཁྲི་དཔོན་སྒར”སྒྲིག་བཀོད་བྱས།སྤྱིར་བཏང་གི་ཁྲི་དཔོན་སྒར་གཞིས་ཁག་ཏུའང“སྒྱོགས་དམག་ཁྲི་དཔོན་སྒར”བཀོད་སྒྲིག་བྱས་ཡོད།སྒྱོགས་དམག་རུ་ཁག་འདི་ཅིན་དང་ཞཱ།ཧྭ་ལ་ཙི་མོ་བཅས་ལ་རྒོལ་བའི་སྐབས་སུ་དང་ཕྱིས་སུ་སུང་དང་ཏ་ལིས།ཀོ་ལི་སོགས་ལ་རྒོལ་བའི་གཡུལ་འཐབ་དག་གི་ཁྲོད་དུ་ནུས་པ་རྒྱ་ཆེན་པོ་ཐོན་ཡོད་པ་རེད།སྒྱོགས་དམག་ཐོན་འདི་མཁར་རྒོལ་བའི་གཡུལ་འཐབ་ཁྲོད་དམག་མཚོན་ཆ་ཚང་བོ་ཡོད་ལ།རྡོ་སྒྱོགས་དང་ཟངས་གི་མེ་སྒྱོགས་མེ་མདའི་འཕྲུལ་འཁོར།མེ་ལྕེ་རྒྱང་འཕེན་གྱི་འཕྲུལ་འཁོར།སྲ་གཟུགས་རླངས་སྣུམ་མདེའུ་སོགས་ཡོད་པ་དང་།མཁར་རྫོང་མང་པོ་འགས་གཏོར་བྱས་ཏེ་དམག་རྟ་ལ་རྒྱུགས་ལམ་ཕྱེས།ཟངས་ཀྱི་མེ་སྒྱོགས་ནི་ཇིང་གེར་རྒྱལ་བོའི་དུས་སྐབས་སུ་འཛམ་གླིང་སྟེང་གསར་དུ་ལེགས་འགྲུབ་བྱུང་ཤིང་གསོད་ཤུགས་ཆེས་དྲག་པའི་ཚ་བའི་མཚོན་ཆ་ཡིན།{ཇིང་གེར་རྒྱལ་བོའི་འཐབ་ཇུས་འཐབ་རྩལ}ཞེས་པའི་རྩོམ་མཁན་པུའུ་ལི་ཏིན་གྱིས་བཤད་རྒྱུར།མེ་སྒྱོགས་ཐོན་འདི་ཡོ་རོབ་ཀྱི་པེར་ཏོར་གྱིས་གསར་གཏོད་བྱས་པའི་མེ་སྒྱོགས་ལས་ལོ་15ནས་100ཙམ་གྱིས་སྔ་ཟེར།
   ༼༤༽འཛམ་གླིང་སྟེང་གི་དམག་དོན་ཇུས་འདོན་པུའུ་ཨང་དང་པོ་འཛུགས་གྲུབ་བྱས་པ། །
   ཇིང་གེར་རྒྱལ་བོས་འཐབ་ཇུས་ཐད་ནས་དགྲ་བོ་ལས་རྒྱལ་པར་ཤུན་ཏུ་མཐོང་ཆེན་བྱེད་ཅིང་།ཁོང་གིས་འཐབ་ཇུས་བྱ་འགུལ་རེ་སྤེལ་པའི་སྔུན་ལ་དུས་ཡུན་རིང་པོ་སྤྱད་ནས་རྟོག་དཔྱོད་ཞིབ་འཇུག་བྱེད་ཅིང་ཕྲ་བའི་གསང་འཕྲིན་ཕྱོགས་བསྡུས་བྱེད་པ་དང་།དེའི་རྨང་གཞིའི་སྟེང་འཆར་གཞི་ཞིབ་མོ་གཏན་ལ་ཕབ་ནས་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱེད།ནེ་མན་ཚོ་བ་འདུལ་སྐབས།ཇིང་གེར་རྒྱལ་བོས་དམག་དཔུང་ལ་སྟོང་དཔོན་དང་བརྒྱ་དཔོན་བསྐོ་བཞག་བྱས་ཤིང་སྟོང་དམག་རུ་འདྲེན་རྩ་འཛུགས་བྱས་པ་དང།ཐོ་ལུན་དང་ཏོག་ཏེ་སོགས་ཁྲེར་པིས{དཔོན་ཐོབ་ཅིག་ཏེ་སྐུ་བཅར་ཞབས་ཞུ་བའོ}སུ་འདི་ནི་ཆེས་ཐོག་མའི་སྤྱིའི་ཇུས་འདོན་པུའུ་ཡིན།1204ལོར་ནེ་མན་ཚོ་བ་དང་འཐབ་སྐབས་སོག་དམག་ས་ཁི་ལིས་ཀྱི་ཐང་དུ་འབྱོར་ཏེ་ཇི་ལྟར་བྱ་རྒྱུའི་གྲོས་བྱས་པ་ལ།ཏོག་ཏེ་ཡིས་ཇིང་གེར་རྒྱལ་པོར་བློ་ཇུས་འདོན་པ་ལྟར་མེ་སྣོན་ཐབས་སྤྱད་དེ།“མི་ཡིན་ཚད་ཐམས་ཅད་རང་རང་ས་ནས་མེ་ཕུང་ལྔ་རེ་སྦར་ནས།མེ་ཡིས་འཇིགས་སྐྲག་བསླངས”པ་ན།ཐབས་དེས་ངེས་པར་གོ་ཆོད་ནས་ཁེངས་དྲེགས་གདུག་རྩུབ་ཆེ་བའི་ནེ་མན་གྱི་ཉི་མ་ཧན་གཡོ་འོག་ཏུ་ཚུད་ཏེ“མེ་ཕུང་སྐར་ཚོགས་ལས་ཀྱང་མང་པས་ན་སོག་པོ་མང་ངོ”ཞེས་སྡོམ་ཚིག་བཞག་གོ།འདི་ནི་འཛམ་གླིང་སྟེང་ཆེས་སྔ་བའི་ཇུས་འདོན་པུའུ་ཡིན་ལ།ཉོ་ཧོང་གི་དམག་དོན་མཁས་པ་གྲགས་ཅན་ཧྥན་སུང་ཞང་གིས་“ཇུས་འདོན་པུའུ་འདི་ནཱ་ཕོ་ལུན་གྱི་ཇུས་འདོན་པུའུ་ལས་ཀྱང་ལོ་600ཡིས་སྔའོ”ཞེས་ཟེར།1206ལོར་ཇིང་གེར་རྒྱལ་པོ་ཁི་ཧན་ཆེན་པོ་བྱས་རྗེས་ཧུའུ་པིས་ལེས་ལ་བཀའ་བབས་ནས“དམག་ཁོངས་ཀྱི་བྱ་བ་ཐམས་ཅད་ཁྱོད་ཀྱིས་སྤྱི་འདོམས་གྱིས”གསུངས་པ་ལྟར།ཧུའུ་པིས་ལེས་སྤྱིའི་ཇུས་འདོན་པ་ཨང་དང་པོར་གྱུར་བ་རེད།དེ་ནས་བཟུང་སོག་དམག་གི་སྤྱིའི་ཇུས་འདོན་པུའུ་དེ་རྩ་འཛུགས་ཁ་ཚང་ཞིང་ཕྱོད་ནུས་ཆེས་མཐོ་བའི་སྤྱི་འདོམས་པུའུ་རུ་གྱུར།ཇུས་འདོན་པུའུ་འདིའི་ནང་སོག་པོ་དང་རྒྱ་མི།ཆི་ཏན་པ།ཡུ་གུར་བ།ཨ་རབ་པ།ཧོས་ཧོས་བཅས་ཡོད་དོ།
   ༼༥༽འཛམ་གླིང་སྟེང“གློག་དམར་འཁྱག་པའི་གཡུལ་ཐབས”ཐེངས་དང་པོར་གསར་གཏོད་བྱས་པ། །
   བྷོར་སིན་གྱིས་བརྩམས་པའི{ཇིང་གེར་རྒྱལ་བོ}ཞེས་པའི་དེབ་དུ་བརྗོད་རྒྱུར།ཤེས་རིག་མ་དར་བའི་དམག་དཔུང་ཞིག་གིས་སྟོབས་འབྱོར་ཤེས་རིག་རྒྱས་པའི་མི་དམངས་ལ་རྒོལ་སྐབས་ཚང་མ་ལེགས་འགྲུབ་བྱུང་བ་ཅིའི་ཕྱིར་ཡིན་ནམ།དེའི་རྒྱུ་མཚན་གང་ཡིན་ནམ་ཟེར་ན།མདོ་རྩ་བཤད་ན་ཉེ་རབས་ཀྱི་གློག་དམར་འཁྱག་པའི་གཡུལ་འཐབ་ཀྱི་རྣམ་པ་སྤྱད་པས་སོ།གློག་དམར་འཁྱག་པའི་གཡུལ་འཐབ་ནི་ཇིང་གེར་རྒྱལ་བོས་གསར་དུ་བསྐྲུན་པའོ།ཞེས་འབྱུང་།སོག་དམགལ་ནུབ་གླིང་བས“སོག་པོའི་འཚུབ་མ”།།ཞེས་འབོད་ཅིང་གློག་དམར་འཁྱག་པའི་གཡུལ་འཐབ་ཀྱི་ཁྱད་ཆོས་ནི།གཅིག་ནི་དྲག་རླུང་གཡུགས་པ་འདྲ་བ་སྟེ།སོག་དམག་གིས“རྟའི་སྐབས་བསྟུན་རང་བཞིན་ལ་བརྟེན་ནས།རླུང་འཚུབ་དྲག་པོ་བཞིན་དུ་འོངས་ནས་འཕྲོག་བཅོམ་བྱེད”ཞེས་དང“ཡོང་སྐབས་གནམ་རྡིབས་འོངས་པ་འདྲ་ཞིང་འགྲོ་དུས་གློག་དམར་བཞིན་དུ་ཡལ་འགྲོ”(ལིན་ཀོ་ཟི་ལང་ཆུང་བའི་བརྩམས་པའི{ཇིང་གེར་རྒྱལ་བོ}ཞེས་པ་ལས་དྲངས)ཞེས་འབྱུང་པ་དང་།གཉིས་ནི་རླུང་འཚུབ་དྲག་པོའི་ཁྲོད་ནས་གནམ་ལྕགས་འབེབས་པ་འདྲ་བ་སྟེ།ཀྲུང་གོའི་ཉེ་རབས་དམག་དོན་མཁས་པ་ཝན་ཡོ་ཧོང་གིས་དཔྱད་འཇོག་བྱས་དོན།“ཇིང་གེར་རྒྱལ་བོའི་དམག་བསྐྱོད་ཚེ་འཚུབ་མའི་ཀློང་ནས་གནམ་ལྕགས་འབེབས་པ་བཞིན་དང་།ལེ་བར་སྟོང་ལ་སྐད་ཅིག་གིས་སླེབས་ཅིང་ཁྲ་གླག་གཟན་པ་བཅུམས་པ་ལྟར་དགྲ་བོར་བསམ་དབང་མེད་པར་རྡུལ་དུ་རློགས”ཞེས་ཏེ།“རླུང་འཚུབ་བཞིན་དུ་འཁོར་འོངས་ཞིང་མེ་ལྕེ་བཞིན་མཆེད་འོངས”ཞེས་པ་ལྟར་རོ།གློག་དམར་འཁྱག་པའི་གཡུལ་འཐབ་ཀྱི་གནད་འགག་ནི།མྱུར་ཏུ་འཐབ་ཅིང་མྱུར་ཏུ་རྟིང་ཐག་ཆོད་པ་དེ་ཡིན།ཇིང་གེར་རྒྱལ་བོས་མི་ཚེ་གང་བོར་འཐབ་མོ་བཀྱེས་ཤིང་མང་ཤོས་ནི་ཕར་རྒོལ་གྱི་གཡུལ་འཐབ་ཡིན།སྤྱིར་བཏང་དུ་ཕོད་པ་ཆེན་པོས་མ་བསམས་ནས་རྡུང་བ་དང་གློ་བུར་རྒོལ་བ།རྗེས་དེད་དེ་རྒོལ་བ་སོགས་ཀྱི་འཐབ་རྩལ་སྤྱོད།ཁོང་གིས་ཐོག་མཐའ་བར་གསུམ་དུ་དཔུང་བསྐྱོད་མྱུར་མགྱོགས་ཀྱི་ལྟ་བ་གཙོ་བོར་འཛིན་ཅིང་།མྱུར་མགྱོགས་སྐབས་བསྟུན་གྱི་ལེགས་ཆ་སྤྱད་ནས་སྤོབས་པ་ཆེན་པོ་དང་ཉེན་ཁ་ཅན་གྱི་ཕར་རྒོལ་བྱེད་ཅིང་།དྲག་རྒོལ་རྔམ་མཆོང་དང་མྱུར་འཐབ་མྱུར་གཅོད་བྱེད་དོ།དགྲ་བོའི་བློ་ཡུལ་ལས་འགོངས་པའི་དུས་ཚོད་དང་ས་གནས་སུ།བློ་ཡུལ་ལས་འགོངས་པའི་དམག་ཤུགས་དང་མཚོན་ཆ།མྱུར་ཚད་དང་གཡུལ་འཐབ་ལ་བརྟེན་ཅིང་།གཞི་ཁྱོན་ཆེན་པོའི་སྒོ་ནས་རྟ་དམག་གི་ཚོགས་པ་སྤྱད་ནས་དུས་ཡུན་ཐུང་ངུའི་ནང་དགྲ་བོ་རྡུལ་ཏུ་བརླག་པར་བྱེད།།བཤད་པ་ལྟར་ན་ཞོང་ཡ་ལིས་ཀྱི་ཐང་ཆེན་དུ་དམག་འཐབ་བྱེད་སྐབས་ཉིན་གསུམ་ནང་དབྱིན་ལེ་230བསྐྱོད་པ་དང་།ཁོ་ཚོས་ཀོ་རྐྱལ་དུ་ཆུ་ཁྱེར་ནས་ལམ་བར་སྐོམ་པ་སེལ་ལ་རྐྱལ་བ་སྟོང་བར་གྱུར་རྗེས་དབུགས་ཀྱིས་བཀངས་སྟེ་གཙང་བོ་བརྒལ་བྱེད་དུ་སྤྱོད།གལ་ལ་ཐུག་དུས་རྒོད་མའི་འོ་ཆང་བཏུངས་ནས་ལྟོགས་སྐོམ་སེལ།ཁོ་ཚོ་བྱིས་པའི་དུས་སུ་གོམས་ཤིང་བྱང་པའི་རི་དྭགས་བཤོར་བའི་རྩལ་ནུས་ཀྱིས།འགྲོ་འོང་བྱ་ལྟར་མགྱོགས་པའི་རྟ་དམག་སྤྱད་ནས་ལམ་ཐག་རིང་བོར་དམག་བསྐྱོད་བྱས་ཏེ་གཡུལ་གྱི་བྱ་བ་བྱེད་པར་ནུས་སོ།གློག་དམར་འཁྱག་པའི་གཡུལ་འཐབ་ནི་རྩད་འཇོམས་གཡུལ་འཐབ་དང་ཕར་རྒོལ་གཡུལ་འཐབ།འགུལ་བསྐྱོད་གཡུལ་འཐབ།མྱུར་ཚད་གཡུལ་འཐབ་བཅས་དཀྱུས་གཅིག་ཏུ་སྦྲེལ་ནས་བྱུང་བ་ཡིན་ལ།“དམག་བཀོལ་གློག་ལྟར་མྱུར”བའི་ཇིང་གེར་རྒྱལ་བོའི་བཀོད་འདོམས་འོག་ཏུ་ཧྲིལ་གཟུགས་ཀྱི་སྟོབས་ཤུགས་སུ་གྱུར་ཏེ་སྟོབས་དང་གཟི་བརྗིད་འབར་བའི་ཟློས་གར་གསོན་པོ་སྟོན་པར་བྱེད་དོ། །

           ༼ལྔ་བ༽འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ལེགས་འགྲུབ་ཆེས་ཆེན་པོ་བྱུང་མཁན།
   ཇིང་གེར་རྒྱལ་བོ་དང“ལེགས་འགྲུབ”གཞི་གཅིག་ཏུ་འབྲེལ་ཡོད་ལ།དོན་སྙིང་ངེས་ཅན་ནས་བཤད་ན་ཇིང་གེར་རྒྱལ་བོ་འགྲེལ་གློག་བྱེད་པ་ནི་ཇིང་གེར་རྒྱལ་བོའི་ལེགས་འགྲུབ་ཀྱི་གསང་བ་འགྲེལ་གློག་བྱེད་པ་ཡིན།ལོ་རྒྱུས་སྨྲ་བས་ཁོང་ལ་ལེགས་འགྲུབ་ཆེས་ཆེན་པོ་བྱུང་མཁན་ཞེས་འབོད་དོན་ནི།ཁོང་དང་ཁོང་གི་བུ་རབས་ཚ་རྒྱུད་ཀྱིས་ཐོག་མར་ཀྲུང་གོ་གཅིག་གྱུར་བྱས་ཤིང་དེ་ནས་འཛམ་གླིང་གི་ཕྱེད་ཀ་དབང་དུ་བསྡུས་ཏེ་འཛམ་གླིང་ཧྲིལ་བོ་ཧང་སངས་པར་བྱས་ཤིང་།འཛམ་གླིང་སྟེང་ས་ཁུངས་ཆེས་ཆེ་བའི་བཙན་རྒྱལ་བཙུགས་སོ།ལོ་རྒྱུས་སྨྲ་བས“ལོ་རྒྱུས་སྟེང་སྔོན་མ་བྱུང་བའི་ལེགས་འགྲུབ་”ཞེས་བརྗོད་ཅིང་།འཛམ་གླིང་གི་ལོ་རྒྱུས་སྟེང་མི་ཞིག་གིས་ཇིང་གེར་རྒྱལ་བོ་ལྟ་བུའི་འོད་སྟོང་འབར་བའི་མཛད་རྗེས་བསྐྲུན་མཁན་མ་བྱུང་ཞེས་བརྗོད་ཆོག་པ་ཡིན།ཉོ་ཧོང་ནས་པར་དུ་བསྐྲུན་པའི“འཛམ་གླིང་ལོ་རྒྱུས”སུ་བརྗོད་རྒྱུར།“ཇིང་གེར་རྒྱལ་བོ་དང་འདྲ་མཉམ་དུ་གླེང་རུང་བའི་དཔའ་བོ་ནི་འཛམ་གླིང་སྟེང་བྱུང་མ་མྱོང་བ་ཡིན”ཟེར།རྒྱ་གར་གྱི་ཙུང་ལི་སྔོན་མ་ནེ་རུའུ་ཡིས་བཤད་རྒྱུར།ཇིང་གེར་རྒྱལ་བོ་འཛམ་གླིང་སྟེང་གི་ཆེས་རླབས་ཆེ་བའི་དམག་སྤྱི་ཉག་གཅིག་མ་ཡིན་པའི་དབང་དུ་བྱས་ཀྱང་།འཛམ་གླིང་སྟེང་གི་ཆེས་རླབས་ཆེ་བའི་དམག་སྤྱི་ཆེན་པོ་ཞིག་ཡིན་པ་སྨྲོས་མེད་ཡིན་ཞེས་སོ།ཁུང་ཙི་ནི“རླབས་ཆེ་བའི་དམག་དོན་གཞུང་ལུགས་སྨྲ་བ”ཡིན་ལ།ཇིང་གེར་རྒྱལ་བོ་ནི“འཐབ་ཚད་གཡུལ་ལས་རྒྱལ་བའི་དམག་དོན་ལག་ལེན་པ”ཡིན།ལྷ་སྒྲུང་ལྟ་བུའི་གཡུལ་འགྱེད་མི་ཚེ།ཕུལ་དུ་བྱུང་བའི་དམག་དོན་གྱི་ཤེས་རབ།སྔར་མེད་གསར་གཏོད་གྱི་དམག་འཛུགས་བསམ་བློ་གཏིང་དཔོག་དཀའ་བའི་དམག་བཀོལ་བློ་ཇུས།བླ་ན་འཕགས་པའི་བཀོད་འདོམས་སྒྱུ་རྩལ།ཁྱད་པར་བའི་འཐབ་ཇུས་འཐབ་རྩལ་བཅས་ཀྱིས་ཁོང་ཉིད་རྣམ་པ་ཀུན་ཏུ་རྒྱལ་ཁའི་གདེང་ཚོད་ཡོད།ཇིང་གེར་རྒྱལ་བོས་མི་ཚེ་གང་པོར་གཡུལ་ཐེངས་60ལྷག་བཀྱེས་ཤིང་ཐེངས་གཅིག་ལའང་ཕམ་མ་མྱོང་བ་རེད།ཁོང་དགྲ་བོར་ཐུག་ཚད་ལ་འཐབ་ཅིང་འཐབ་ཚད་ལས་རྒྱལ་བས་ན་འགྲོ་བ་མིའི་རིགས་ཀྱི་དམག་དོན་བློ་གྲོས་མཐས་གཏུགས་པར་བྱས།ཀྲུང་གོའི་མཁས་པས་བཤད་རྒྱུར།“མི་སུ་ལྟ་བུ་ལ་དགྲ་ལྷར་འབོད་ཅེ་ན་ཇིང་གེར་རྒྱལ་བོ་ཁོ་ནའོ”།ཞེས་སོ།ཇིང་གེར་རྒྱལ་བོ་ནི་ངེས་པར་དུ་ལེགས་འགྲུབ་ཀྱི་མ་དཔེ་ཡིན་ཏེ་ཕྱི་རབས་པའི་དོ་ཟླར་མི་དཔེ་བ་དང་གཡུལ་འཐབ་ཀྱི་ཁྱད་པར་ཤེས་འཇོན་མངའ་བ་ཡིན།{འཛམ་གླིང་འདུལ་མཁན་གྱི་ལོ་རྒྱུས}རྩོམ་མཁན་པར་སིག་གི་ལོ་རྒྱུས་སྨྲ་བ་ཀྲི་ཧྥིས་ནིས་ཀྱིས་བཤད་རྒྱུར།“དྲང་པོར་བརྗོད་ན།གལ་ཏེ་འཐབ་ཇུས་དམག་གུར་ནས་འདོན་ཅིང་དགྲ་བོའི་གནས་ཚུལ་ལག་མཐིལ་ཏུ་ལེན་མཁན་གྱི་ཡ་ལིས་ཧྲན་ཏ་ཇིང་གེར་རྒྱལ་བོའི་དུས་རབས་སུ་བྱོན་པ་ཡིན་ན།ཁོ་རང་ཐབས་བཀོད་ཇུས་འདོན་ཐད་ནས་ཇིང་གེར་རྒྱལ་བོའི་སློབ་མ་བྱེད་ངེས་པ་མ་ཟད།མཁར་གཏོར་ཡུལ་འཕྲོག་གི་ཐབས་མཆོག་སྣ་ཚོགས་ལག་བསྟར་བྱེད་པའི་ཁྲོད་དུ་ཁོས་ཀྱང་ཇིང་གེར་རྒྱལ་བོས་རྗེས་སུ་མིག་བཙུམས་ནས་རྒྱུགས་རྐྱང་བྱེད་ངེས”ཞེས་དང་ཨ་མེ་རི་ཁའི་དམག་དོན་གཞུང་ལུགས་སྨྲ་བ་ལིས་ཏེར.ཧ་ཐི་ཡིས་ཁོང་གི{འཐབ་ཇུས་རྣམ་བཤད}ཞེས་པའི་དེབ་ཀྱི་ཁྲོད་དུ།“དུས་རབས་བར་མའི་ནང་དུ་འཐབ་ཇུས་ཀྱི་ཆེས་བཟང་བའི་མཚན་གཞི་ནུབ་ཕྱོགས་སུ་བྱུང་བ་མ་ཡིན་པར།ཤར་གླིང་ནས་བྱུང་བར་འདུག་སྤྱི་ལོ་དུས་རབས་བཅུ་གསུམ་པ་ནི་ནུབ་ཕྱོགས་ཀྱི་འཐབ་ཇུས་འཕེལ་རྒྱས་ལ་མཚོན་ན་གྲུབ་འབྲས་མངོན་གསལ་དོད་པའི་དུས་སྐབས་ཞིག་ཡིན།དེ་ལ་བཀྲག་མདངས་མཚེར་བ་ནི་སོག་པོའི་མི་ཡིས་ཡོ་རོབ་ཀྱི་རྟ་དམག་རྣམས་ལ་དགེ་རྒན་བྱས་པའི་རྐྱེན་གྱིས་ཡིན་ལ།ཁོ་ཚོར་འཐབ་ཇུས་ཐད་ནས་སྨན་དུ་གྱུར་བའི་བསླབ་བྱ་མྱངས་སུ་བཅུག་པས་རེད།སོག་དམག་གིས་བཀྱེས་པའི་གཡུལ་འཐབ་སྣ་ཚོགས་ཀྱི་ཁྲོད་དུ་འཐབ་འཁྲུག་གི་གཞི་ཁྱོན་དང་སྒྱུ་རྩལ་ཕྱོགས་ནས་སམ།གློ་བུར་ཅནདང་སྐབས་བསྟུན་ཅན་གྱི་ཕྱོགས་ནས་སམ་ཡང་ན་འཐབ་ཇུས་དང་འཐབ་རྩལ་བཅས་ཀྱི་ཐད།ལོ་རྒྱུས་སྟེང་གི་གཡུལ་འཁྲུག་གང་རུང་ལས་དམན་མི་སྲིད་པ་མ་ཤད་འདི་དག་ཐམས་ཅད་ལས་ཕ་རོལ་ཏུ་སོན་ཡོད”ཞེས་དང་ཨུ་རི་སུའི་དམག་དཔོན་རྣམས་ཀྱིས་སོག་པོའི་དམག་དཔུང་ལམ་ལུགས་ཕིས་ཐིར་བཙན་རྒྱལ་ཆེན་པོའི་རིང་བར་སྤྱད་པར་ངོས་འཛིན་བྱེད།འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་དུ་སུའུ་ལེན་གྱི་ཀི་ས་ཁི་རྟ་དམག་གིས་སོག་དམག་གི་ཝ་ལའི་འཐབ་རྩལ་སྤྱད་དེ་རྒྱལ་ཁ་མང་པོ་ཐོབ།ཨ་མེ་རི་ཁའི་དམག་སྤྱི་ཞིག་གིས་ཞིས་ཐི་ལི་ཡིས་ཀྱང་ཇིང་གེར་རྒྱལ་བོའི་ཕྱི་ལམ་རྒྱང་བསྐོར་གྱི་གཡུལ་ཇུས་སྤྱད་པར་འདོད་མྱོང་ལ།ཨ་མེ་རི་ཁའི་དམག་དོན་གཞུང་ལུགས་སྨྲ་བ་ཁ་ཅིག་གིས་མའོ་ཙེ་ཏུང་གི་གཡུལ་ཇུས་འཐབ་རྩལ་དེ་འདྲས་བླ་ན་འཕགས་པ་ནི།ཁོང་ངེས་ཅན་དུ་ནཱ་ཕོ་ལུན་གྱི་དེ་ནས་བསླབ་ཡོང་བར་ཡིད་ཆེས་བྱེད་གྱིན་ཡོད་ཞེས་བརྗོད།སྐབས་དེར་སྐུ་ཞབས་ལིས་ཙུང་རིན་ཨ་རིར་གནས་བཅས་ཡོད་པས་ཁོས་དེ་མ་ཐག་རྩོམ་བྲིས་ཏེ་དགག་དོན་དུ།ངས་བལྟས་ན་ནཱ་ཕོ་ལུན་ནི་ཇིང་གེར་རྒྱལ་བོར་སློབ་སྦྱོང་བྱས་པ་རེད།ངས་ནི་མའོ་ཙེ་ཏུང་གིས་སུ་ལ་སློབ་སྦྱོང་བྱས་པ་ཅ་ཚོམ་དུ་ཁ་ཚོད་གཅོད་དཀའ་ཡང་།ཁོ་རང་ཁུང་ཙིའི་དམག་གཞུང་ཞིབ་གློག་བྱས་ཡོད་པར་ཡིད་ཆེས་དང་ཁ་ཚོད་བཅད་ཆོག།ནཱ་ཕོ་ལུན་ལ་ནུབ་གླིང་བས“གཡུལ་འཐབ་ཀྱི་ལྷ”རུ་བཀུར་ཞིང་ཇིང་གེར་རྒྱལ་བོ་ནི་ཤར་ཕྱོགས་ཀྱི“གཡུལ་འཐབ་ཀྱི་ལྷ”ཡིན།འོན་ཀྱང་ནཱ་ཕོ་ལུན་ནི་ཁོ་ཞི་ཅཱ་གླིང་ཕྲན་ནས་འཐབ་རྒོལ་སྟོབས་ཤུགས་འདེང་ངེས་ཅན་ཡོད་པའི་མི་ཚེའི་ལྷག་མ་ཟད་པར་བྱས་ཤིང་།ཇིང་གེར་རྒྱལ་བོ་ནི་འདོ་བ་རྟའི་གོང་ནས་མི་ཚེ་གང་བོར་གཡུལ་བཀྱེས་ཏེ་ལེགས་འགྲུབ་ཆེན་པོ་ཐོབ་པ་རེད།ནཱ་ཕོ་ལུན་གྱིས་བཤད་རྒྱུར“ང་ནི་ཇིང་གེར་རྒྱལ་བོར་དོ་བ་མ་ཡིན་ཏེ།ཁོང་གི་སྲས་བཞི་བོས་ཡབ་ཀྱི་དོན་དུ་ནུས་ཤུགས་འདོན་པར་འགྲན་ཞིང་ངེད་ལ་དེ་ལྟ་བུའི་ལས་བསོད་མི་ལྡན་ནོ”ཟེར།ཇིང་གེར་རྒྱལ་བོའི་ལེགས་འགྲུབ་ཀྱིས་འགྲོ་བ་མིའི་རིགས་ལ་ཉམས་མྱོང་རྩ་ཆེན་མང་པོ་བཞག་ཡོད་ཅིང་།ཕྱི་རབས་པར་དགྲོལ་དཀའ་བའི་གསང་བ་ཡང་བཞག་ཡོད་དེ་མི་རྣམས་གླེང་མོལ་བྱེད་པའི་གཏམ་གྱི་བརྗོད་གཞིར་གྱུར་ཡོད་པ་དང་།ལྷག་པར་ཏུ་རྒྱལ་ཁབ་སོ་སོའི་ཆབ་སྲིད་པ་དང་དམག་དོན་པ་རྣམས་ཀྱི་སྔ་ཕྱི་བརྩད་ནས་ཞིབ་འཇུག་བྱ་ཡུལ་དུ་གྱུར་ཡོད།ཉི་ཧོང་གི་མཁས་པ་གྲགས་ཅན་ཐེ་ཐེན་ཟན་ལང་གིས་ཇིང་གེར་རྒྱལ་པོར“འཛམ་གླིང་གནའ་དེང་གི་གནམ་གྱི་ས་བཀབ་པ་ལྟ་བུའི་དཔའ་བོ”ཞེས་མཚན་གསོལ་བ་དང་།འཇར་མན་གྱི་མཁས་པ་ཆེན་པོ་ཧྥེའེ་ལང་སུར་གྱིས་ཇིང་གེར་རྒྱལ་བོར“འཇིགས་པ་མེད་པའི་རྒྱལ་བོ”ཞེས་འབོད།སྔོན་གྱི་སུའུ་ལེན་གྱི་བོད་རིག་པའི་མཁས་པ་ཉི་ཁོ་ལ.ལེ་ལིས་ཧི་ཡིས“བསྐལ་བ་སར་ཆགས་པ་ནས་དེ་འདྲའི་སྟོབས་དང་ལྡན་པའི་མི་རིགས་ཤིག་བྱུང་མ་མྱོང”ཞེས་བརྗོད་པ་དང་།ཨ་རིའི་མཁས་པ་གྲགས་ཅན་ཧ་ལོ་ཏི.ལམ་གྱིས་ཇིང་གེར་རྒྱལ་བོར“འགྲོ་བ་མི་ཡོངས་ཀྱི་གོང་མ”ཞེས་འབོད།དེ་ལྟར་ཡིན་པའི་དབང་གིས་ཨ་རིའི་ཤུགས་རྐྱེན་ཆེས་ཆེ་བའི་སྨྱན་གཟུགས་ཏེ{ཝ་ཤིན་ཐོན་སྦྲགས་སྲིད་ཚགས་པར}དུ་ཇིང་གེར་རྒྱལ་བོར་ལོ་ངོ་སྟོང་ཕྲག་རིང་{1000—2000ལོ}གི་དབང་སྡུད་ཅན་གྱི་མི་སྣ་ཨང་དང་པོར་དཔྱད་འཇོག་བྱེད་དོ། །            

          ༼དྲུག་པ༽འཛམ་གླིང་ལོ་རྒྱུས་སྟེང་ཤུགས་རྐྱེན་ཆེས་ཆེ་བའི་མི།
   ཇིང་གེར་རྒྱལ་པོས་འཛམ་གླིང་ལོ་རྒྱུས་སྟེང་མངའ་ཁོངས་མུ་མཐའ་བྲལ་བའི་སོག་པོའི་བཙན་རྒྱལ་ཆེན་པོ་བཙུགས་ཤིང་ཡོ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཆེན་པོའི་མི་རིགས་ཁག་དང་རྒྱལ་ཁབ་བར་མཐའ་མཚམས་གཏོར་ཏེ་རང་སའི་མི་དམངས་ཀྱི་མཐོང་རྒྱ་བསྐྱེད་པ་དང་མི་རྣམས་ཀྱི་འཛམ་གླིང་གི་ཤེས་རྟོགས་ལའང་ཤུགས་བསྣན་ལ།ཤར་ནུབ་གླིང་གཉིས་ཀྱི་མི་དམངས་ཀྱི་འགྲོ་འོང་སྟབས་ཆེས་བདེ་བར་བྱས་ཤིང་རྒྱལ་ཁབ་ཁག་བར་གྱི་རིག་གནས་བརྗེ་རེས་ཀྱང་དར་ཞིང་རྒྱས་པར་བྱས།སོག་པོའི་མིའི་འཛམ་གླིང་ཆམ་ལ་ཕབ་ནས་དབང་སྡུད་མཁན་གྱི་གོ་སར་འགྱིང་པ་དང་།འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་ཐད་དུའང་འགྲན་གྱི་དོ་ཟླས་དབེན་པའི་རིག་གནས་གདེགས་གཞིར་གྱུར་ཡོད།མཁས་པ་གྲགས་ཅན་སྐུ་ཞབས་ཞིས་ཅཱན་ཧྥེས་ཀྱིས{འཛམ་གླིང་གི་ཀྲུང་གོའི་ལྟ་བ}ཞེས་པའི་དེབ་དུ་བརྗོད་རྒྱུར།ནུབ་འདུལ་གྱིས་རྒྱལ་ཕྱིར་ཀྲུང་གོའི་ཤེས་རིག་དང་འདུ་ཤེས་ཐད།ཐད་ཀར་གྱི་འབྲས་བུ་གསུམ་བྱུང་སྟེ། གཅིག  ཀྲུང་གོའི་དངོས་པོའི་རིག་གནས་སྔར་ལས་ལྷག་པའི་སྒོ་ནས་ནུབ་གླིང་དུ་ཁྱབ་པ་དང་།དེའི་ཁྲོད་མེ་རྫས་དང་ཕྱོགས་སྟོན་འཁོར་ལོ།དཔར་སྐྲུན་ལག་རྩལ།ཤོག་བུ་བཟོ་རྩལ་སོགས་འདུ་བའི་ཤིན་ཏུ་གལ་ཆེ་བའི་གསར་གཏོད་དངོས་པོ་མང་པོ་ནི་དུས་སྐབས་འདིར་ས་གནས་དུ་མར་འཁོར་ནས་ནུབ་གླིང་དུ་ཁྱབ་པ་རེད། གཉིས།  རྒྱལ་ཕྱིའི་ཚོང་པ་དང་གནས་བསྐོར་བ་མང་པོ་ཀྲུང་གོར་བཀུགས་ཅིང་།དེ་དག་ཕྱིར་སོང་ནས་ངག་བརྗོད་དང་ཡིག་བྲིས་སྣ་ཚོགས་བརྒྱུད་ནས་རྒྱལ་ཕྱིར་ཀྲུང་གོའི་ཤེས་རིག་ཆེས་ཆར་འཕེལ་བར་བྱས། གསུམ།  རཱོ་མ་གནམ་བདག་ཆོས་ལུགས་པའི་ཕོ་བྲང་གིས་ཀྲུང་གོར་ཆོས་སྤེལ་མཁན་མངགས་པའི་འདོད་སྲེད་དང་སྤྲོ་སྣང་བསྐྱེད་པ།ལའེ.པོར་ནུའུ་ཝ་ཡི་བཤད་སྲོལ་ལྟར་ན“སོག་པོའི་བཙན་རྒྱལ་དར་བས་ནུབ་གླིང་བའི་མཐོང་རྒྱ་གློ་བུར་དུ་རྒྱ་བསྐྱེད་བྱས་པ་དང་།ཁོ་ཚོར་རྨོངས་གཉིད་ལས་སད་ཅིང་བློ་སྒོ་ཕྱེས་པའི་སྣང་ཚོར་བྱུང་ཤིང་།མཐོན་པོའི་གོང་ན་མཐོན་པོ་ཡོད་པ་རྟོགས་ཏེ།མུའུ་སི་ལིན་བཙན་རྒྱལ་གྱི་ཕན་ན་ད་རུང་སྟོབས་དང་ལྡན་ཞིང་གྲངས་འབོར་ཆེ་བའི་ཡེ་ཤུའི་ཆོས་ལུགས་ཀྱི་མི་རིགས་ཞིག་ཡོད་པ་དང་།ཡེ་ཤུའི་ཆོས་ལུགས་ཀྱི་མི་རིགས་འདིས་ཨེ་ཤ་ཡ་དཀྱིལ་མ་དང་ཨུ་རུ་སི།ཀྲུང་གོའི་བྱང་རྒྱུད་དང་རྒྱ་གར་བཅས་དབང་དུ་བསྡུས་པའི་རྗེས་སུ།མུ་མཐུད་དུ་པར་སིག་དང་ཡོ་རོབ་ཕྱོགས་སུ་བསྐྱོད”ཟེར།ནུབ་ཕྱོགས་ཀྱི་མཁས་པས་ཇིང་གེར་རྒྱལ་པོར“འགྲོ་བ་མི་ཡོངས་ཀྱི་གོང་མ”ཞེས་འབོད་ཅིང་།ཉི་ཧོང་གི་དམག་དོན་མཁས་པས།སོག་དམག་གིས་ཡོ་རོབ་གླིང་དུ་དམག་བསྐྱོད་བྱས་པས་ཤར་ནུབ་རིག་གནས་བརྗེ་རེས་ལ་སྐུལ་འདེད་བཏང་།{མཱ་ཁི་ཕོ་ལོའི་ཡུལ་སྐོར་ཟིན་བྲིས}ཀྱིས་ཀུ་ལོན་པོའུ་ཡི་ཉེན་འཚོལ་ལ་སྐུལ་འདེད་བྱས་ནས་མེ་གླིང་སྐམ་ས་ཆེན་པོ་རྙེད་དུ་བཅུག་པ་དང་།ཇིང་གེར་རྒྱལ་བོ་འཁྲུངས་པས་འཛམ་གླིང་གི་ཁ་ཕྱོགས་བསྒྱུར་ཞེས་བརྗོད་པ་དང་།“ཇིང་གེར་རྒྱལ་བོ་འཁྲུངས་པ་ལ་ད་ལྟའི་འཛམ་གླིང་འཁྲུངས་པ་ལྟར་བལྟས་ཆོག”ཞེས་བརྗོད་དོ། འཇར་མན་གྱི་སློབ་དཔོན་ཆེན་མོ་ཞིག་གིས{འཇིགས་པ་མེད་པའི་རྒྱལ་བོ་ཐེམ་ཆེན}ཞེས་པའི་དེབ་ནང་ན་འདི་ལྟར་བྲིས་ཡོད་དེ།“ཨའོ་ལོ་པ་ཡེ་རུ་ཡ་ཞི་ཡ་ནུབ་རྒྱུད་དང་འདྲ་བར་རང་བྱུང་གི་སྒྲིག་རིམ་བསྐྱར་འཛུགས་མ་བྱས་ན་མི་རུང་སྟེ།དེ་ཡང་ཡོ་རོབ་དང་ཨེ་ཤ་ཡ་གང་དུ་ཡིན་རུང་།ཁོ་ཚོ་གཉིད་འཐུག་པོ་ལོག་པའི་གནས་སྐབས་ནས་སད་དུ་འཇུག་པ་ལ་སྟོབས་དང་ལྡན་པའི་ལག་པ་ཞིག་གིས་ཁོ་ཚོ་སྒུལ་དགོས་པ་ནི་དགོས་གལ་ཆེན་པོ་ལྡན་པ་ཡིན།དེ་ལ་ཁོ་ཚོ་གཉིད་ལས་སློང་བྱེད་ཀྱི་ལག་པ་མངོན་བྱུང་སྟེ།དེ་ནི་འཇིགས་པ་མེད་པའི་རྒྱལ་བོ་ཐེན་ཆེན་དང་ཁོང་གི་གདུང་རྒྱུ་དག་ཡིན།དེ་ལྟར་ཁོང་ཚོས་འཛམ་གླིང་གི་བླ་ན་མེད་པའི་ལས་དབང་བཀོད་སྒྲིག་བྱས་ཚར་རྗེས་ཀྱི་མ་འགྱངས་པར་ལོ་རྒྱུས་ཀྱི་གར་སྟེགས་སྟེང་ནས་ཕྱིར་འཐེན་བྱས།ཨུ་རུ་སི་དང་འཇར་མན་པ་དང་དེ་མིན་ཡོ་རོབ་ནུབ་མའི་རྒྱལ་ཁབ་ཁག་གི་མི་སེར་རྣམས་ད་ལྟའི་འདི་ལྟ་བུའི་སྟོབས་ལྡན་དང་དཔལ་ཡོན་ཅན་དུ་གྱུར་བ་ནི་སོག་པོའི་མི་དང་སོག་དམག་གི་དཔུང་འདུལ་གྱིས་གནངས་པའམ་ངར་བསྐྱེད་དེ་བྱུང་བ་གོར་མ་ཆག།ཇིང་གེར་རྒྱལ་བོ་ལྟ་བུའི་གནམ་གྱི་སྲས་པོ་འཁྲུངས་པའི་དབང་གིས་ཀྲུང་གོའི་རིག་གནས་ལ་གདོད་མའི་བྲོ་བ་སྔར་བཞིན་མཆིས་པའི་སྟོབས་ཤུགས་གསར་བ་བྱིན་ཅིང་།འཛམ་བུ་གླིང་ཡང་གཉིད་འཐུག་པོ་ལོག་པ་ལས་བསླངས་ཏེ་འཛམ་གླིང་གི་ཁ་ཕྱོགས་བསྒྱུར་བ་རེད་ཅེས་བརྗོད་ཆོག་པ་ཡིན”ཞེས་དང་།ཨ་རིའི་མཁས་པ་ཞིག་གིས་བཤད་རྒྱུར།“འདས་པའི་ལོ་ངོ་སྟོང་ཕྲག་རིང་ལ།ཇིང་གེར་རྒྱལ་བོས་ཉེ་རབས་འཚོ་བར་རྨང་གཞི་འདིང་བའི་ཐད་མི་ཀུན་ལས་ཁྱད་དུ་ཐོན་ཡོད་”ཅེས་བརྗོད་ལ།ཁོང་གིས་ཨེ་ཅེབ་ཀྱི་རྒྱལ་བོ་ལྟར་རང་ཉིད་ལ་གཏོར་གཟུགས་མཆོད་རྟེན་མ་བཞེངས་ལ།རཱོ་མ་དང་པ་ལིས་བཞིན་དུ་རང་གི་རྒྱལ་ཁར་རྗེས་དྲན་བྱེད་ཆེད་རྒྱལ་སྒོ་ཡང་མ་བསྐྲུན་པ་དང་།ཡ་ལིས་ཧྲན་ཏ་བཞིན་དུ་རང་རློམ་ཆེན་པོས་རང་མིང་གྲོང་ཁྱེར་ལའང་མ་བཏགས།འོན་ཀྱང་ཇིང་གེར་རྒྱལ་བོའི་འཛམ་གླིང་བསྒྱུར་བཀོད་བཏང་བ་འདིའི་སྟེང་ནས་ཨེ་ཅེབ་ཀྱི་ཧྥ་ལོ་ཉི་མའི་བུ་དང་རཱོ་མའི་རྒྱལ་བོ་བཅས་ལས་ཆེས་ཆེར་རིང་དུ་བརྒལ་ཡོད་དེ།ཁོང་གིས་འཛམ་གླིང་ཧྲིལ་བོར་བསྒྱུར་བཀོད་བཏང་ཞེས་བརྗོད་དོ།ཇིང་གེར་རྒྱལ་བོ་དང་ཁོང་གི་གདུང་རྒྱུད་ཕྱི་མས་ནུབ་ཕྱོགས་སུ་ལོ་250རིང་ལ་དབང་བསྒྱུར་བྱས་ཤིང་།ཨུ་རི་སིའི་གཞུང་རྒྱལ་ནི་སོག་པོའི་ཅིན་ཀྲང{གསེར་གུར་}ཧན་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟེན་ནས།ཕན་ཚུན་དགྲར་ལངས་ཤིང་རྙོག་འཛིང་གོ་རིམ་མེད་པའི་རྒྱལ་ཕྲན་མང་པོ་གཅིག་གྱུར་བྱས་ཏེ་བཙུགས་པ་ཡིན།ཇིང་གེར་རྒྱལ་བོའི་ལོ་རྒྱུས་སྟེང་གི་གཟི་བརྗིད་ནི་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་བཀྲག་མདངས་ཉམས་པར་མ་གྱུར་ཞིང་།ཁོང་གིས་གསར་དུ་བཙུགས་པའི་རྒྱལ་རབས་དེ་ཁོང་ཉིད་ཁོང་ཉིད་ཚེ་ཡི་འཕེན་པ་རྫོགས་པའི་རྗེས་སུ་སྔར་བཞིན་གནས་ཡོད།འཛམ་གླིང་ཧྲིལ་བོའི་ངོས་ནས་བཤད་ན་ཇིང་གེར་རྒྱལ་བོ་སྐུ་གཤེགས་པའི་རྗེས་ཀྱི་ཤུགས་རྐྱེན་ནི་ཁོང་གསོན་པོར་བཞུགས་སྐབས་ལས་ཆེ།དུས་རབས་བདུན་བརྒྱད་ཙམ་གྱི་རིང་ལ་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་བྱུང་ཤིང་།རྒྱལ་ཁབ་ཕྱི་ནང་གི་དམག་དོན་པ་དང་ཆབ་སྲིད་པ།ལོ་རྒྱུས་སྨྲ་བ་བཅས་ཀྱིས་རང་རང་གི་ལྟ་ཟུར་མི་འདྲ་བ་དེ་ནས་ཇིང་གེར་རྒྱལ་བོར་འགྲེལ་གློག་བྱེད་ཅིང་།བརྩམས་དེབ་བགྲང་ལས་འདས་པ་བྱུང་།ད་ལྟ་ལ་ཐུག་གི་བར་དུ།ངག་རྒྱུན་དང་བརྩམས་སྒྲུང་ཁྲོད་དུ་དང་།གློག་བརྙན་དང་བརྙན་འཕྲིན་ངོས་སུ།གླུ་གར་གྱི་སྟེགས་བུའི་ངོས་དག་ཏུ་རྟག་པར་ཁོང་གི་སྣང་བརྙན་དང་མཛད་རྗེས་མཐོང་ཐུབ།ཁ་ཡོངས་སུ་མི་ཚང་མའི་སྡོམ་རྩིས་བྱས་པ་ལྟར་ན།འཛམ་གླིང་ཧྲིལ་བོར་རྒྱལ་ཁབ་དང་ས་གནས་60ལྷག་གིས་ཆེད་དུ་མི་རྩ་འཛུགས་བྱས་ནས་ཁོང་ལ་ཞིབ་འཇུག་བྱེད་ཀྱིན་ཡོད།ལོ་རྒྱུས་ཡིག་ཚང་རིག་པའི་མཁས་པ་ཆའོ་ཅིས་ཀྱིས་ངོ་སྤྲོད་གནངས་པ་ལྟར་ན་འཛམ་གླིང་གི་རྒྱལ་ཁབ་སོ་སོར་ཧ་ལམ་སྐད་ཡིག་རིགས་བཅུ་ཕྲག་དུ་མའི་སྟེང་ནས་ལོ་རྒྱུས་རང་བཞིན་གྱི་རྣམ་ཐར་བཞི་བཅུ་ལྔ་བཅུ་ལྷག་པར་སྐྲུན་བྱས་ཡོད།ཁོང་གིས་འཐབ་ཇུས་འཐབ་རྩལ་ལ་ཕྱིས་ཀྱི་རྒྱལ་ཁབ་མང་པོས་ལད་ཟློས་བྱས་ཤིང་རྒྱལ་སྤྱིའི་སྟེང་གི་མཐོ་རིམ་དམག་དོན་སློབ་གླིང་མི་ཉུང་བ་ཞིག་གིས་གཙིགས་འཛིན་དང་རྒྱལ་ཁབ་མང་པོའི་ཆེད་ལས་མཁས་པ་རྣམས་ཀྱིས་བླ་ན་མེད་པའི་གོང་བཀུར་བྱེད།བརྙན་འཕྲིན་ཟློས་གར་ཚན་པ་སུམ་ཅུ་ཅན{ཇིང་གེར་རྒྱལ་བོ}(པར་ཕྱི)ཡི་འཁྲབ་གཞུང་རྩོམ་མཁན་དང་ཇིང་གེར་རྒྱལ་བོ་ཞིབ་འཇུག་གི་ཆེད་མཁས་པ་སློབ་དཔོན་ཆེན་མོ་ཀྲུང་ཡོ་ཐེན་གྱིས“ཀྲུང་གོའི་མངའ་བདག་གོང་མ་དེ་འདྲའི་མང་པོའི་ཁྲོད་ནས་ཕལ་ཆེར་ཇིང་གེར་རྒྱལ་བོ་ཁོ་ན་ནི་འཛམ་གླིང་རང་བཞིན་གྱི་ཤུགས་རྐྱེན་ལྡན་པའི་མི་སྣ་ཡིན”ཞེས་བརྗོད་པ་ཤིན་ཏུ་རྨད་དོ།ཉེ་བའི་ལོ་འགའི་ནང་དུ་བལྟས་ཚེ་ཨ་རི་བས་བྲིས་པའི{འཛམ་གླིང་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་བྱེད་པའི་མི་སྣ100ཡི་ཨང་རིམ་མཚན་ཐོ}ཞེས་པའི་ཚོང་བྲིན་དཔེ་ཆ་ཞིག་ཏུ།ཇིང་གེར་རྒྱལ་བོ་ཨང་རིམ་29པར་བཀོད་ཡོད།དེ་རུ“ཇིང་གེར་རྒྱལ་བོ་ནི་འགྲོ་བ་མིའི་ལོ་རྒྱུས་སྟེང་དངོས་གནས་སྐུལ་འདེད་མཁན་གཙོ་བོ་ཞིག་ཡིན”ཞེས་དང་ཅིའི་ཕྱིར་བདག་གིས་ཇིང་གེར་རྒྱལ་བོ་མི་གཞན་གསུམ(ཡ་ལིས་ཧྲན་ཏ།ནཱ་ཕོ་ལུན།ཞིས་ཐི་ལི)ལས་ལྷག་པར་གལ་ཆེན་དུ་ལྟ་ཞེ་ན།རྒྱུ་རྐྱེན་གྱི་ཆ་ཤས་ཞིག་ནི་གཞན་གསུམ་ལས་སུ་དང་བསྡུར་རུང་།ཁོའི་ཤུགས་རྐྱེན་ཐེབས་པའི་ས་ཁོངས་ཀྱི་རྒྱ་ཁྱོན་ལྷག་པར་ཆེ་ཞིང་།དེ་ལས་ཀྱང་གལ་ཆེ་བ་ནི་ཤུགས་རྐྱེན་གྱི་རྒྱུན་ཡང་ཆེས་ཤིན་ཏུ་རིང་བས་སོ།ནཱ་ཕོ་ལུན་དང་ཞིས་ཐི་ལི་ནི་མ་ཤི་གོང་དུ་གཞན་གྱིས་ཕམ་པར་བྱས་ཤིང་དེའི་དབང་བསྒྱུར་གྱི་དུས་ཡུན་ཀྱང་མི་རིང་ངོ་།ཡ་ལིས་ཧྲན་ཏ་གཤེགས་སྐབས་དམག་དཔུང་ཕམ་མེད་ཀྱང་།ཁོར་རྒྱུན་འཛིན་པ་ངེས་གཏད་བྱས་མེད་པས།ཁོང་གཤེགས་རྗེས་བཙན་རྒྱལ་ཆེན་པོ་མྱུར་མགྱོགས་གྱིས་འཐོར་ཞིག་ཏུ་གྱུར།འོན་ཀྱང་ཇིང་གེར་རྒྱལ་བོས་རང་གི་དབང་བསྒྱུར་བྱ་འགུལ་རྩ་འཛུགས་བྱས་པ་རྨད་དུ་བྱུང་ཤིང་ཁོའི་བུ་རྒྱུད་རྣམས་ཀྱང་མཆོག་ཏུ་འཇོན་པའི་རྒྱུན་འཛིན་པ་ཡིན་པས་ན།ཇིང་གེར་རྒྱལ་བོ་གཤེགས་པའི་རྗེས་སུ་སོག་པོའི་མི་ཡིས་ཨེ་ཤ་ཡའི་ཡུལ་གྲུ་ཆེན་པོ་དག་ནས་མུ་མཐུད་དུ་དུས་རབས་དུ་མར་དབང་བསྒྱུར་བྱས་སོ།  །  

          ༼བདུན་པ༽ཆེས་ཐོག་མར་ཆབ་སྲིད་དམངས་གཙོ་ལག་བསྟར་བྱས་པའི་རྒྱལ་བོ་ཡིན་པ།
   སྤྱི་ལོ1206ལོའི་ཟླ་12པའི་ཚེས་15ཉིན།མོང་གོལ་ཡོངས་ཀྱི་ཚོ་སྡེ་དང་རྒྱལ་ཕྲན་དང་བློན་འཁོར་གྱི་རིས་སུ་གཏོགས་པ་ཀུན་གྱིས་ཝོ་ནན་གཙང་བོའི་འགྲམ་དུ་ཧུའུ་ལིས་ལེ་ཐེ་གཟབ་རྒྱས་ཀྱིས་སྤེལ་ཏེ།དེར་དགུང་ལོ་ཞེ་བཞིར་སོན་པའི་ཐེན་ཆེན་མོང་གོལ་ཡོངས་ཀྱི་ཁི་ཧན་དུ་བཀུར་བ་དང་།མཚན་ལ་ཇིང་གེར་རྒྱལ་བོར་གསོལ།ཇིང་གེར་རྒྱལ་བོ་ཁྲིར་བཞུགས་རྗེས་ཁི་ཧན་ལ་དམངས་གཙོ་འདེམས་བཀོད་བྱེད་པའི་སྲོལ་ཕྱིས་ཤིང་།དོན་གནད་འགངས་ཆེན་རིགས་གང་ཡིན་གྱི་ཇུས་ཐག་གཅོད་པ་ལ་ཧུའུ་ལིས་ལི་ཐེ་ཆེན་མོ་འཚོགས་ནས་ཐག་གཅོད་བྱེད།ཧུའུ་ལིས་ལི་ཐེ་ཟེར་བ་ཐོག་མ་ཚོ་ཁག་དང་ཚོ་ཁག་མནའ་འབྲེལ་གྱི་འགོ་བ་དག་ཞུགས་པའི་གྲོས་ཚོགས་ལམ་ལུགས་ཅིག་ཡིན་ལ།ཚོ་ཁག་དོན་མོལ་ཚོགས་འདུ་ཞེས་པ་དེ་ཡིན་ལ།སོག་པོའི་སྤྱི་ཚོགས་རིམ་འགྱུར་ཁྲོད་ཀྱི་དམག་དོན་དམངས་གཙོ་ལམ་ལུགས་ཀྱི་ལྷག་རོ་ཞིག་ཡིན།འདི་ལྟ་བུའི་ཚོགས་འདུའི་རྣམ་པ་དེ་ཇིང་གེར་རྒྱལ་བོའི་དུས་སྐབས་སུ་སླེབས་དུས་རྒྱལ་བོའི་ཚོགས་ཆེན་དུ་གྱུར་ཏེ་བློན་པོ་ཆེན་པོ་དག་མཉམ་དུ་ཞུགས་པར་བྱེད།ཇིང་གེར་རྒྱལ་བོའི་ཆབ་སྲིད་དམངས་གཙོ་སྤྱི་མཐུན་གྱི་བསམ་བློ་ལྡན་ཞིང་།སྐབས་དེའི་ཆབ་སྲིད་ལམ་ལུགས་ལ་རྒྱལ་བོ་ཧན་མཐའ་དག་ནི་ངེས་པར་དུ“ཧུའུ་ལིས་ལི་ཐེ”བརྒྱུད་ནས་གཞུང་འདེམས་བྱ་དགོས་པ་དང་།གལ་ཏེ་འདེམས་གཞུང་འདི་མ་བརྒྱུད་ཚེ།མི་དམངས་ཀྱིས་ངོ་རྒོལ་བྱ་ཆོག།ཇིང་གེར་རྒྱལ་བོའི་ཁ་ཆེམས་ཁྲོད་དུ་རྒྱལ་བོ་ཧན་ཆེན་པོ་འདེམས་བཀོད་བྱེད་སྐབས་ངེས་པར་དུ་ཧུའུ་ལིས་ལི་ཐེ་བརྒྱུད་ནས་ཧན་གྱི་གོ་གནས་བདེ་བླག་ངང་སྤྲོད་ལེན་བྱ་དགོས་པ་དང་།མོང་གོལ་རྒྱལ་བོ་དག་གིས་ཁི་ཧན་ཆེན་པོའི་རུས་སུ་གཏོགས་པའི་ཁྱིམ་རྒྱུད་ནས་སྤྱི་མཐུན་གྱིས་སྤྱོད་ཡོན་གཉིས་དང་ལྡན་པ་ཞིག་འདེམས་བསྐོ་བྱས་ཏེ་སོག་པོ་བཙན་རྒྱལ་གྱི་ཁི་ཧན་ཆེན་པོར་འགོད།མི་ཀུན་གྱིས་ཚོགས་འདུའི་ཐོག་ཆོད་བརྩི་སྲུང་དང་ཁ་མིན་སེམས་ཀྱིས་འགོ་ཁྲིད་གསར་བ་དང་ལེན་བྱེད་པ་ནི་རྒྱལ་ཁམས་ཡུན་རུང་དུ་བརྟན་པར་ཁག་ཐེག་བྱེད་པའི་བྱ་ཐབས་བཟང་བོ་ཞིག་ཡིན།ཇིང་གེར་རྒྱལ་བོ་གཤེགས་རྗེས་རྒྱལ་བོ་རྣམ་པ་དང་དཔོན་ཚོགས་ལྷན་དུ་འཛོམས་ནས།ཇིང་གེར་རྒྱལ་བོའི་ཁ་ཆེམས་ལྟར་ཨོ་ཁེ་ཐེ་རྒྱལ་བོར་འདོན་པ་ལའང་ཧུའུ་ལིས་ལི་ཐེ་བརྒྱུད་ནས་ཁྲི་འདོན་བྱས།གོ་ཡུག་དང་མོང་གི་རྣམས་ཀྱང་ཧུའུ་ལིས་ལི་ཐེ་བརྒྱུད་རྗེས་ད་གཟོད་རྒྱལ་སྲིད་བསྐྱངས།ཇིང་གེར་རྒྱལ་བོ་གཤེགས་སྐབས་སྲས་བཞི་བོར“ཁྱོད་རྣམས་ཀྱིས་དགྲ་བོ་འཇོམས་པ་ལ་འབངས་མང་པོ་ཡོད་དགོས་པ་དང་མི་སེམས་ཁུགས་དགོས།དེ་ལྟར་བྱས་ན་ད་གཟོད་རྒྱལ་ཁབ་ཀྱི་སྟོབས་འབྱོར་ཡུན་རིང་གནས་ཐུབ།དེ་ལ་ངེས་པར་དུ་མི་དམངས་ཀྱི་འདོད་བློ་འདོད་བློར་འཛིན་པ་དང་།མི་དམངས་ཀྱི་བསམ་འདུན་བསམ་འདུན་དུ་འཛིན་པར་བྱ.......”ཞེས་ཞལ་ཆེམས་དུ་གསུངས།ཇིང་གེར་རྒྱལ་བོའི་སོག་པོ་བཙན་རྒྱལ་ཆེན་པོ་བཙུགས་རྗེས།སྲིད་དབང་སྲ་བརྟན་དུ་གཏོང་བའི་ཕྱིར་དུ་སྟོང་དཔོན་གྱི་ལམ་ལུགས་བཙུགས་པ་དང་།“སྲིད་སྐྱོང་ཁྲིམས”དང་“དོན་གཅོད་དཔོན”སྒྲིག་འཛུགས་བྱས་ཤིང་།སོག་པོའི་ཡི་གེར་བཀོད་པའི་ཁྲིམས་ཀྱི་ཐོག་མ་སྟེ{ཀྲ་ས་ཁྲིམས་གཞུང}བཀྲམས།ཇིང་གེར་རྒྱལ་བོས་བཀའ་སློབ་དང་ཁྲིམས་བཀའ།ཀྲ་སའི་བཀའ་བཅས་ཤོག་དྲིལ་དུ་བྲིས་ཏེ།ཤོག་དྲིལ་བམ་པོ་འདི་དག་གིས{ཀྲ་ས་ཁྲིམས་གཞུང}ཆགས་པ་རེད།ཁོང་གིས་འདི་ནི་ལྷ་ཆེན་པོ་གནམ་གྱིས་གཞག་པའི་མཐས་གཏུགས་ཀྱི་ཁྲིམས་སྲོལ་ཡིན་པར་འདོད་ཅིང་།འགྲོ་བ་མི་ཡོངས་རྫོགས་མཐོ་བ་རྒྱལ་བོ་ནས་མཐའ་མ་ཕྱུགས་རྫིའི་བར་སྤྱོད་ཆོག་པར་འདོད།ཇིང་གེར་རྒྱལ་བོས་འདི་ལྟར་གཏན་འབེབས་བྱས་ཡོད་དེ།ཧན་གསར་བ་ཁྲིར་འདོན་དུས་དང་དམག་ཆེན་ཆས་དུས་སམ་རྒྱལ་བོ་དག་གིས་རྒྱལ་ཁབ་ཀྱི་དོན་ཆེན་དང་སྲིད་དོན་གྲོས་མོལ་བྱེད་དུས་སུ{ཀྲ་ས་ཆེན་མོ}མདུན་དུ་བླངས་ནས་དེའི་ཐོག་གི་གཏན་འཁེལ་ལྟར་སྒྲུབ་ཅིང་དེའི་ནང་གཏན་འབེབས་བྱས་ཡོད་པའི་རྣམ་པ་ལྟར་གཡུལ་འགྱེད་བྱེད།ཇིང་གེར་རྒྱལ་བོས་བློན་འབངས་དང་བུ་རྒྱུད་ཐམས་ཅད་ལ་ཁོང་གིས་གཏན་འབེབས་བྱས་པའི{ཀྲ་ས་ཁྲིམས་གཞུང}བརྩི་སྲུང་བྱེད་དགོས་པར་ཡང་དང་བསྐྱར་དུ་ནན་བཤད་བྱས་ཡོད་པ་རེད།འཇོན་ནུས་ཅན་ལ་སྲིད་དོན་གཉེར་དུ་འཇུག་པ་ནི་རྒྱལ་སྲིད་གཙང་མ་འོངས་བའི་ཆ་རྐྱེན་ཞིག་ཡིན།མི་བཀོལ་བའི་གནད་དོན་ཐད།ཇིང་གེར་རྒྱལ་བོས་རིམ་པ་སོ་སོའི་དམག་དཔོན་གྱི་རིམ་གནས་ས་འཚམས་མེད་པར་བྱས་ཤིང་མི་རིགས་ཀྱི་དབྱེ་མཚམས་གཏོར།ས་ཁོངས་དང་དབུལ་ཕྱུག་གི་དབྱེ་བ་མི་བགར་བར།འཇོན་ཐང་ཅན་གང་ཡིན་ལ་རིམ་པ་བརྒལ་ནས་བསྐོ་འཐེན་བྱེད།དེའི་དབང་གིས་ཁོང་གི་ལག་འོག་ཏུ་ཤེས་འཇོན་ལྡན་པའི་མི་སྣ་འབོར་ཆེན་སྤྲིན་ལྟར་འདུས་ཤིང་།“རྟ་མཆོག་བཞི”(མུའུ་ཧྭ་ལིས་དང་།པོ་ཝོར་ཁྲུའུ།ཁྲི་ལོ་ཝུན།པོ་ལོ་ཧུའུ་ལེ)དང་།“རྔོན་ཁྱི་བཞི”(སུའུ་པུ་ཐེ།ཀྲི་པེས།ཧུའུ་པི་ལེ།ཀྲི་ལེ་མེ)རྣམས་ནི་འབངས་ཕལ་བ་དང་ལ་ལ་བྲན་གཡོག་གི་སྐྱེས་ཁུངས་ལས་ཐོན།ནེ་མན་ཚོ་བའི་ཉི་མ་རྒྱལ་བོའི་ཐམ་གཉེར་དཔོན་ཡུ་གུར་བ་ཐཱ་ཐཱ་ཐུང་ཝ་དང་།ཅིན་རྒྱལ་རབས་ཀྱི་བློན་པོ་ཡེ་ལིས་ཁྲུའུ་ཚེ།རྒྱ་རིགས་ཀོ་པོ་ཡིས།ཧོས་རིགས་ཡ་ཚི་རི་ཁྲི་སོགས་དང་།དེ་མིན་ད་རུང་སྐྱེས་ཁུངས་པར་སིག་དང་ཆེན་ཚ།འོ་རོ་སི།ཨ་ལན་སོགས་ནས་ཡིན་པའི་འཇོན་མི་སྐོར་ཞིག་ཡོད་ལ།དེ་དག་གིས་ཇིང་གེར་རྒྱལ་བོས་ཡང་དག་པའི་ཆབ་སྲིད་དམག་དོན་ལམ་ཐིག་གཏན་འབེབས་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད།ཇིང་གེར་རྒྱལ་བོ་ནི་འཛམ་གླིང་སྟེང་དམག་དོན་དང་བློན་པོ་བྱས་རྗེས་ཅན་གཅིག་ཀྱང་བསད་མ་མྱོང་བའི་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་བོ་ཉག་གཅིག་ཡིན།ཁོང་དོན་ཆེན་གྲུབ་པ་ནས་བཟུང་བློན་པོ་བྱས་རྗེས་ཅན་ཐམས་ཅད་ལ་མཚམས་མི་ཆད་གནངས་སྐྱེས་སྦྱིན་པ་དང་།དམར་གསོད་དང་དབང་ལེན་གྱི་དོན་གཅིག་ཀྱང་མ་བྱུང་བའི་ཁར།ཐ་ན“ཆང་ཕོར་གཅིག་གིས་དམག་དབང་ལེན”པའི་དོན་ཀྱང་བྱུང་མ་མྱོང་བ་རེད།ཁོང་གི“ནོ་ཁོར”རམ་ཡང་ན་ཁོང་གིས་བསྐོ་བཞག་བྱས་པའི་བློན་པོ་ཡིན་ཚད་ཐམས་ཅད་མི་ཚེ་ཧྲིལ་བོར་ཁོང་ལ་བློ་དཀར་ཞབས་ཞུ་མ་སྒྲུབ་པ་གཅིག་ཀྱང་མ་ཡོད་ལ།ཁོང་ལ་ངོ་ལོག་བྱས་པ་གཅིག་ཀྱང་མ་ཡོད།འདིའི་སྟེང་ནས་ཀྱང་ཇིང་གེར་རྒྱལ་བོ་ནི་མི་གཤིས་རྟོགས་ཅིང་བསྐོ་བཞག་མཁས་པའི་རྣམ་དཔྱོད་ཅན་ཞིག་ཡིན་པར་མི་བརྗོད་ཀ་མེད་ཡིན།ཁོང་གི་དམག་མིར་ཡང་ཐུགས་ཁུར་ཚད་མེད་བྱེད་ཅིང་ཁོ་ཚོའི་སྡུག་བསྔལ་ལ་དོ་ཁུར་བྱེད།དོན་མེད་པར་དམག་མི་གཅིག་ཀྱང་གོད་མི་ཆོག་པ་དང་།རྨས་མ་དང་གཡུལ་དུ་ཤི་བའི་བེམ་རོ་དོར་མི་ཆོག་པར་བྱས་ཤིང་།ནོ་ཡོན་རིམ་པ་སོ་སོས་དམག་མིར་གཅེས་དགོས་པ་དང་དམག་མིའི་དམག་དཔོན་བཀུར་བ་དང་དམག་དཔོན་གྱིས་བཀའ་གསུང་བལྟོས་མེད་གྱིས་བརྩི་དགོས་པའི་བླང་བྱ་བཏོན་པས།རྒྱ་ཆེ་བའི་དཔོན་དམག་ཡོངས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པ་རེད།ཞུ་གསོལ་དང་ལེན་ནི་མངའ་བདག་དང་གཙོ་འཛིན་རྣམས་ལ་མེད་མི་རུང་བའི་སྤྱོད་བཟང་ཡིན་ལ།ཆབ་སྲིད་དམངས་གཙོ་ལག་བསྟར་བྱེད་པར་དགོས་ངེས་ཀྱི་ཆ་རྐྱེན་ཡང་ཡིན།ཀྲུང་གོའི་ལོ་རྒྱུས་སྟེང་དུ་ཐང་ཐེ་ཙུང་གི་ཞུ་གསོལ་དང་ལེན་བྱེད་སྟངས་ལ་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་ཅིང་།ཇིང་གེར་རྒྱལ་བོ་ནི་འདིའི་སྟེང་ནས་ཐང་ཐེ་ཙུང་གི་དོ་ཟླར་འཕེར་བ་ཡིན།ཁི་ཧན་ནི་ཞུ་གསོལ་དང་ལེན་བྱེད་དེ་མཁས་ཤིང་མཛངས་པས་བློན་རྣམས་ཀྱིས་དྲང་གཏམ་ཐད་ཀར་དུ་ཞུ་གསོལ་ཕོད་པ་དང་།ཁི་ཧན་ནས་ཀྱང་དྲང་གཏམ་ཞུ་མཁན་བློན་འཁོར་གོང་དུ་བཀུར་བར་བྱེད།ཇིང་གེར་རྒྱལ་བོ་ནི་བློ་ཡི་དཀྱེལ་ཡངས་པས་དྲང་གཏམ་གསོལ་མཁན་དང་བློན་པོ་བྱས་པ་ཅན་སུ་ལའང“གཙང་བོ་བརྒལ་རྗེས་ཟམ་པ་བཤིག”པ་ལྟ་བུའི་བགེགས་རྐྱེན་མ་བྱུང་བར།དོན་ཆེན་པོ་སྒྲུབ་པ་དང་མཛད་རྗེས་ཆེན་པོ་བསྐྲུན་དུ་བཅུག་པས།རྗེས་རབས་པས་བསྔགས་བརྗོད་ཚད་མེད་བྱེད་དོ། །    

        ༼བརྒྱད་པ༽ལོ་ངོ་སྟོང་ཕྲག་གི་ཡུན་ལ་འཛམ་གླིང་སྟེང་ཆེས་ཕྱུག་པའི་སྐྱེས་བུ།
   {ཨེ་ཤ་ཡའི་ཧྭ་ཨར་སྲང་ལམ་ཉིན་རེའི་ཚགས་པར}དུ་བསྒྲགས་པ་ལྟར་ན།འདས་པའི་ལོ་ངོ་སྟོང་ཕྲག་གི་ཡུན་ལ་འཛམ་གླིང་ཧྲིལ་བོའི་ཆེས་ཕྱུག་པའི་མི་50འདེམས་ཐོན་བྱུང་བའི་ནང་མི6ནི་ཀྲུང་གོའི་མི་ཡིན་ཞིང་།དེ་དག་བྱུང་བའི་དུས་ཚོད་ལ་སྔ་ཕྱིར་ལོ་800ཡི་བར་གྱིས་ཆོད་ཡོད།ཁོ་ཚོ་ནི་ཇིང་གེར་རྒྱལ་བོ་དང་།ཧུའུ་པིས་ལིས།ཧི་ཧྲིན།ཉུག་རུམ་པ་ལིག་ཅིན།ཆཱིན་རྒྱལ་རབས་ཀྱི་ཚོང་བ་ཝུའུ་པེན་ཅན།སུང་ཙི་བཅས་སོ།གལ་ཏེ་དབང་དུ་བསྡུས་པའི་ས་ཁུངས་དང་རྒྱུ་ནོར་གྱི་ཆ་ནས་བརྩིས་པ་ཡིན་ན་ཇིང་གེར་རྒྱལ་བོ“གནམ་འོག་གི་ཆེས་ཕྱུག་པོར”བརྩི་ཆོག་པ་ཡིན།སྐབས་ཐོག་དེར་སོག་པོའི་མིས་ས་སྤྱི་ལེ་རྒྱ་དཔངས་གྲུ་བཞི་མ་བྱེ་བ་གསུམ་གྱི་ཡུལ་གྲུ་དབང་དུ་བསྡུས་ཤིང་།ཡོ་རོབ་དང་ཨེ་ཤ་ཡའི་ས་ཆ་མང་ཤོས་སོག་པོ་བཙན་རྒྱལ་གྱི་མངའ་ཁོངས་སུ་བསྡུས་ཡོད་པས།འཛམ་གླིང་སྟེང་ཆེས་ཆེ་བའི་བཙན་རྒྱལ་ཡིན་ནོ།ཇིང་གེར་རྒྱལ་བོས་སོག་པོ་བཙན་རྒྱལ་གྱི་མངའ་འབངས་དང་རྒྱུ་ནོར་རྣམས་ཁོང་གི་ཨ་མ་དང་སྤུན་དང་སྲས་སོགས་རྒྱལ་རིགས་རྣམས་ལ་བགོས།ཁི་འེ་ལུན་དང་ཐེམ་ཀི་ལ་སྤྱི་གཞུང་དུ་གུར་ཁྱིམ་ཁྲི་གཅིག་བགོས་པ་དང་།ཀྲུའུ་ཁྲི་ལ་གུར་ཁྱིམ་དགུ་སྟོང་།ཚ་ཧྭི་ཐེ་ལ་གུར་ཁྱིམ་བརྒྱད་སྟོང་།ཨོ་ཁོ་ཐེ་དང་ཐོ་ལེ་ལ་སོ་སོར་གུར་ཁྱིམ་ལྔ་སྟོང་རེ།ཧ་སར་ལ་གུར་ཁྱིམ་བཞི་སྟོང་།པེ་ལི་ཀུའུ་ཐེ་ལ་གུར་ཁྱིམ་ཆིག་སྟོང་ལྔ་བརྒྱ།ཨ་ལི་ཅི་ཝ་ལ་གུར་ཁྱིམ་ཉིས་སྟོང་བཅས་ཁྱོན་གུར་བཞི་ཁྲི་བཞི་སྟོང་ལྔ་བརྒྱ་བགོས།སྤྱིར་བཏང་གི་སོག་པོའི་མི་ནི་སྔོན་གྱི་སྒེར་ཚུགས་ཀྱི་ཚོ་ཁག་གམ་རུས་རྒྱུད་ཚོ་བའི་མི་མ་ཡིན་པར།གོང་མའི་རུས་རྒྱུད་གང་རུང་གི་བློན་འབངས་ཡིན།ལོ་ངོ་ཉི་ཤུ་ལྷག་གི་རིང་ཇིང་གེར་རྒྱལ་བོའི་ལོ་རྒྱུས་ལ་ཆེད་དོན་ཞིབ་འཇུག་བྱས་པའི་པེ་ཅིན་མཉམ་འབྲེལ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སྐུ་ཞབས་ཀྲུའུ་ཡོ་ཐེན་གྱིས་བཤད་རྒྱུར།སོག་པོའི་དམག་དཔུང་གིས་གཡུལ་འཐབ་ལ་བརྟེན་ནས་རྒྱུ་ནོར་འཕྲོག་ཏེ་ཕྱུག་པོར་གྱུར་བ་ཡིན་ལ།ཇིང་གེར་རྒྱལ་བོས་ཚེ་གང་པོར་གཡུལ་ཆེན་བཅུ་ཕྲག་ཁ་ཤས་བཀྱེས་ཤིང་།འཁྲུག་ཆུང་བརྒྱ་ཕྲག་དུ་མ་བྱས་ཏེ་རྒྱལ་ཁབ་བཞི་བཅུ་བཅོམས་པས།དེ་ལས་བསགས་པའི་རྒྱུ་ནོར་ནི་བློར་མི་ཤོང་བ་ཡིན་བ་ཟེར།ཁོས་བཤད་རྒྱུར།ཉི་ཧོང་གི་མཁས་པས་དཔག་ཚོད་བྱས་པ་ལྟར་ན།ཇིང་གེར་རྒྱལ་བོ་ནི་འགྲོ་བ་མིའི་ལོ་རྒྱུས་སྟེང་ལོ་ངོ་སྟོང་ཕྲག་རིང་གི་ཆེས་ཕྱུག་པོ་ཡིན་ལ།ཁོང་གི་བང་སོའི་ནང་གི་དུར་རྫས་ཀྱིས་དེང་རབས་ཀྱི་སོག་པོའི་མིས་ལོ300རིང་ལ་ཟ་ཉལ་བྱེད་པར་འདེང་བ་ཡོད་ཟེར།དམག་དོན་ཡེ་ཁུའུ་ནེ་ཅིག་གིས་བཤད་རྒྱུར།“འཇིག་རྟེན་ཁམས་ཆེན་པོར།ཡུལ་གྲུའི་རྒྱ་ཁྱོན་ཡངས་པ་ལ་ཇིང་གེར་རྒྱལ་བོ་ལྟ་བུ་བསྐལ་བའི་བར་མཐོང་མེད”ཅེས་སོ།ཁོང་ལ་ཕྱུགས་སོག་བགྲང་ལས་འདས་པ་ཡོད་པ་དང་.......ཧྥ་རན་སིའི་དམག་དཔོན་ཧྲང་ཞོ་ལེན་ཁིས་བཤད་རྒྱུར།ཇིང་གེར་རྒྱལ་བོས་འཛམ་གླིང་གི་རྒྱལ་ཁབ་བསྐྲུན་ཅིང་།སྐབས་དེའི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་བཙན་རྒྱལ་ཡིན་ལ།མངའ་འབངས་དུང་ཕྱུར་ལྔའི་བདག་པོ་དང་རྒྱུ་ནོར་འཛད་མཐའ་བྲལ་བར་ལོངས་སྤྱོད་མཁན་ཡིན་ཞེས་བརྗོད་དོ།དུས་རབས་20བའི་ལོ་རབས་90བར་ཉི་ཧོང་བས་ཆེས་ཕུགས་བསམ་གྱི་སྦྱིན་བདག་བདམས་པ་ལ།རྟོག་དཔྱོད་པ་ཧང་སངས་པར་བྱས་ཏེ།གཞུང་ཞབས་པ་གསར་བ་མང་པོ་ཞིག་གི་ཕུགས་བསམ་དུ་གྱུར་བའི་སྦྱིན་བདག་ནི་བློན་ཆེན་ཆའོ་པིན་ལུང་ཐེ་ལང་མ་ཡིན་པར།དུས་རབས13པའི་ནང་གི་ཇིང་གེར་རྒྱལ་བོ་མཚན་རིམ་དང་པོར་བུད་ཡོད་པ་རེད།2000ལོར་ཨ་རིའི{དཔེ་མཛོད་ཁང}གིས་ཇིང་གེར་རྒྱལ་བོ་ནས་པིས་ཨར.ཀེ་ཚེ་བར་གྱི་དུས་རབས་རིམ་བྱུང་གི་ཆེས་ཕྱུག་པོ་རྣམས་ངོ་སྤྲོད་བྱས་པ་ལ།དེང་རབས་འཛམ་གླིང་གི་ཕྱུག་པོའི་ཡང་རྩེ་པིས་ཨར.ཀེ་ཚེ་དང་ལོ་ངོ་བདུན་བརྒྱ་བརྒྱད་བརྒྱའི་སྔོན་གྱི་འཛམ་གླིང་འདུལ་མཁན་ཇིང་གེར་རྒྱལ་བོ་གཉིས་ཀུན་ནས་མཚུངས་པར།འཛམ་གླིང་ལོ་རྒྱུས་སྟེང་ཆེས་ཕྱུག་ཅིང་ཆེས་རླབས་ཆེ་བའི་ལེགས་འགྲུབ་བྱུང་མཁན་ཡིན་པར་འདོད། །  

         ༼དགུ་བ༽འཛམ་གླིང་སྟེང་འདས་མཆོད་བྱེད་མཁན་ཆེས་མང་པོའི་རྒྱལ་བོ།
   ཡོན་ཐེ་ཙུའུ་ཇིང་གེར་རྒྱལ་བོའི་འདས་མཆོད་བྱ་འགུལ་ནི།ཨོ་ཁོ་ཐེ་ཧན་གྱི་དུས་རབས་སུ་མགོ་བརྩམས་པ་ཡིན་ལ།ཡོན་རྒྱལ་རབས་ཀྱི་སྐབས་སུ་མཐུས་ཚང་དུ་བཏང་བ་རེད།ཡོན་ཧྲི་ཙུའུ་ཧུའུ་པིས་ལིས{སེ་ཆེན་རྒྱལ་བོ}ཧན་གྱིས་བཀའ་ཕབས་ནས་ཇིང་གེར་རྒྱལ་བོར་དུས་ཚིགས་བཞི་བོར་འདས་མཆོད་སྤེལ་བ་དང་།འདས་མཆོད་ཀྱི་ཆོ་ག་ཞིབ་ཅིང་ཕྲ་བ་གཏན་ལ་ཕབ་ཅིང་ཡི་གེར་བཀོད།འདས་མཆོད་འགོ་འཛིན་བྱེད་པའི་ཡ་མིན་ཐུའུ་ཏི་བརྒྱད་མངགས་པ་ནས་ད་ལྟ་ལ་ཐུག་གི་བར་དུ།བགྲང་བྱ་བདུན་བརྒྱ་ལྷག་གི་ཡུན་ལ་སོག་པོ་མི་རིགས་ཀྱི་མི་དམངས་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆད་དང་གཡེལ་བ་མེད་པར་བྱས།ཇིང་གེར་རྒྱལ་བོའི་འདས་མཆོད་འདི་ལྟ་བུ་བཞིན།ལོ་རབས་དེ་འདྲའི་མང་པོ་ཞིག་ལ་དེའི་ཐོག་མའི་ངོ་བོ་རྒྱུན་སྲུང་བྱས་ཏེ་བསྒྱུར་བཅོས་ཅུང་ཟད་ཀྱང་མ་བྱས་པ་ནི།ལོ་རྒྱུས་སྟེང་མཐོང་དཀོན་པོ་ཡིན།1939ལོར་གོ་མིན་ཏང་གི་དབང་འཛིན་པས་ཇིང་གེར་རྒྱལ་བོའི་གདུང་སྒྲོམ་ཉི་ཧོང་བའི་ལག་ཏུ་མི་ཤོར་བར་བྱ་ཆེད།མྱུར་ཏུ་ནུབ་ཕྱོགས་སུ་སྤོར་རྒྱུར་ཐག་གིས་བཅད།ཇིང་གེར་རྒྱལ་བོའི་གདུང་སྒྲོམ་ནུབ་ཕྱོགས་སུ་སྤོར་རྒྱུ་ཡིན་པ་ཐོས་རྗེས།དར་ཧན་རྣམས་དང་ཉེ་འཁོར་གྱི་ཤོག་སོ་སོའི་སོག་པོའི་མི་དམངས་རྣམས་ཡིས་ཅིན་ཧོ་ལོར་སྤྲིན་ལྟར་འདུས་ཏེ།ཉིན་མཚན་ཀུན་ཏུ་མྱ་ངན་གྱི་འོ་དོད་འབོད།མཆོད་མེ་འབུལ་ཞིང་ཁ་བཏགས་འབུལ།ཉིན་ལ་མཚན་མཐུད་ནས་མཆོད་དབུལ་བྱེད།གདུང་ཁྱེར་དུ་ཆ་བའི་ཚེ་ཡིས་ཅིན་ཧོ་ལོར་སྤྲིན་ལྟར་འདུས་པའི་ཨོར་ཏོ་སིའི་འབྲོག་པ་རྣམས་ཁ་རྒན་གཞོན་མེད་པར་གདོང་ཡོངས་མཆི་མའི་བརླན་ཅིང་སྤྱི་བོ་སར་བཀོད་ནས་ཕྱག་འཚལ་ཏེ་སྐྱེལ་མ་རྣམ་དག་བྱེད།གདུང་འདྲེན་དུ་འོངས་བའི་གོ་མིན་ཏང་གི་དམག་མི་རྣམས་ཀྱིས་ངང་ཚུལ་དེ་མཐོང་བས།“སོག་པོའི་མིའི་རང་ཉིད་ཀྱི་མེས་པོར་འདི་ལྟར་བཀུར་བ་ཡིན་འདུག་ལ་སྐབས་དེར་ཇིང་གེར་རྒྱལ་པོའི་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པ་ནི།ཁོང་ལ་བློ་དཀར་བའི་མི་དམངས་འདི་འདྲས་མང་པོ་ཡོད་པས་ཡིན་འདུག་ཨང......”ཟེར་བ་སྐད།སྐབས་དེའི་སྣང་ཚུལ་དངོས་སུ་མཐོང་བའི{ཡུལ་སྐོར་བ}དུས་དེབ་ཀྱི་གསར་འགོད་པ་ཞིག་གིས་འདི་ལྟར་བྲིས་ཡོད་དེ།“ཇིང་གེར་རྒྱལ་བོའི་གདུང་སྒྲོམ་ནི་ཡིས་ཁྲི་ཧྲོ་མིན་གྱི་སོག་པོ་མི་དམངས་ཀྱི་མིག་ཆུའི་མཚོ་མོ་བསྐྱིལ་བའི་ཁྲོད་ནས།ཡིས་ཅིན་ཧོ་ོར་དང་བྲལ་ནས་མདུན་དུ་བསྐྱོད”ཅེས་སོ།ཡོན་ཧྲི་ཙུའུ་ཧུའུ་པིས་ལིས་ཀྱིས་བཀའ་ཕབ་སྟེ།སྐྱེས་མཆོག་ཇིང་གེར་རྒྱལ་བོ་ནི་ཆུ་རྟ་ལོར་གནམ་གྱི་སྲས་པོ་ས་འཁྲུངས་ཤིང་ཧུའུ་པིས་ལིས་ཀྱིས་ཀྱང་ཆུ་རྟ་ལོར(1280 ལོ)གནམ་ལ་གསོལ་བ་བཏབ་སྟེ།སོག་འབངས་ཡོངས་ཀྱིས་དུས་ཚིགས་བཞི་བོར་སྐྱེས་བུ་ཆེན་པོ་གང་ཉིད་ལ་མཆོད་འབུལ་བྱེད་པ་དང་།དར་ཧན་ཡ་མིན་ཐུའུ་ཏི་མངགས་ནས་མཆོད་འབུལ་གྱི་བྱ་བར་འགན་འཁུར་དང་སྐུ་གདུང་ལྷ་ཁང་སྲུང་དུ་བཅུག་ཧུའུ་པི་ལིས་ཀྱིས་ཇིང་གེར་རྒྱལ་བོའི་འདུས་མཆོད་ནི“སོག་པོ་ཡོངས་ཀྱི་སྤྱི་འགན”ཡིན་པར་བསྒྲགས།ཆཱིན་རྒྱལ་རབས་ཀྱི་སྐབས་སུ་སླེབས་དུས།དར་ཧན་རྣམས་སྔར་བཞིན་ཧུའུ་པི་ལིས་ཀྱི་བཀའ་གསུང་བརྩིས་ཏེ་ཇིང་གེར་རྒྱལ་བོར་འདུན་བྱེད་པའི་གུས་ལུགས་མ་བཏང་བ་རེད།དེའི་རྐྱེན་གྱིས་ཆཱིན་སྲིད་གཞུང་གིས་བཀའ་ཡིག་བསྒྲགས་ནས་གསལ་འབེབས་བྱས་དོན་དུ།གོང་མ་གནམ་དུ་གཤེགས་སྐབས་རྒྱལ་ཁམས་ཡོངས་ཀྱིས་མྱང་འདུན་བྱ་དགོས་པ་དང་།དར་ཧན་འབའ་ཞིག་ལ་དེ་མེད་དོ།གོང་མ་སུ་ཞིག་གཤེགས་སྐབས་ཀྱང་ཇིང་གེར་རྒྱལ་བོའི་བང་སོ་སྲུང་བ་དང་མཆོད་འབུལ་བྱེད་མཁན་དར་ཧན་རྣམས་མྱ་ངན་གྱི་བྱ་འགུལ་ལ་ཞུགས་མ་མྱོང་བ་རེད།རྒྱལ་བོ་གཤེགས་རྗེས་ལྷ་རུ་མཆོད་པ་ནི་འཇིག་རྟེན་སྟེང་དུའང་ཐོག་མ་ཡིན་ལ།གཤིན་མཆོད་ནི་མེས་པོ་མཆོད་བཀུར་ལས་བྱུང་བའི་ཐོན་དངོས་ཡིན།ཇིང་གེར་རྒྱལ་བོའི་གཤིན་མཆོད་གྱི་ལོ་རྒྱུས་རིང་ཞིང་ཨོ་ཁོ་ཐེ་ནས་ད་ལྟའི་བར་ལོ་ངོ800ལ་ཉེ་ཞིང་།ཇིང་གེར་རྒྱལ་བོའི་མཆོད་བཀུར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།གཤིན་མཆོད་གྱི་དུས་ཚོད་རིང་བ་དང་གཤིན་མཆོད་ཀྱི་མི་ཚོགས་མང་བ་ནི་འཛམ་གླིང་ལོ་རྒྱུས་སྟེང་མཐོང་དཀོན་པོ་ཡིན།ཇིང་གེར་རྒྱལ་བོའི་འདས་མཆོད་ལ་ཆེ་ས་ནས་དཔྱིད་ཀའི་མཆོད་འབུལ་ཆེན་མོ་དང་དབྱར་མཆོད།སྟོན་མཆོད་དང་དགུན་མཆོད།དེ་མིན་ཟླ་མཆོད་དང་དུས་རྒྱུན་གྱི་མཆོད་པ་བཅས་སུ་དབྱེ་ཆོག།དཔྱིད་ཀྱི་མཆོད་འབུལ་ཆེན་མོ“ཚ་གན་སུའུ་ལུའུ་ཁྲི་མཆོད་པ”(“འོ་མའི་མཆོད་པ”ཡང་ཟེར)ནི་ལུགས་རྙིང་གི་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་སྤེལ་བ་ཡིན་ལ།དུས་མཆོད་ནང་ནས་ཆེས་གཟབ་ཅིང་རྒྱས་པ་ཡིན།མི་ཚོགས་ཕྱོགས་བཞི་མཚམས་བརྒྱད་ནས་སྤྲིན་ལྟར་འདུས་ཤིང་མེས་པོའི་བང་སོར་མཆོད་མཇལ་བྱས་ཏེ།རང་ཉིད་ཀྱི་བསམ་པ་རྣམ་དག་གི་གུས་པ་མཚོན།དབྱར་མཆོད་ལ་ཁྲོའར་མཆོད་འབུལ་ཆེན་པོ་ཟེར་ཞིང་ལུགས་རྙིང་གི་ལྔ་བའི་བཅོ་ལྔའི་ཉིན་སྤེལ།ཉིན་འདིར་རྒོད་མ་དཀར་པོ་དགུ་དགུ་གྱ་གཅིག་གི་འོ་མས་གནམ་རིམ་པ་དགུ་ལ་གཏོར་ནས་མཆོད་ཅིང་།དཀར་གཙང་འོ་མའི་གནམ་མཆོད་པ་རེད།སྟོན་གྱི་མཆོད་འབུལ་ནི་ལུགས་རྙིང་གི་བརྒྱད་པའི་བཅུ་གཉིས་ཉིན་སྤེལ་ཞིང་འདི་ལ་འོ་བཀག་མཆོད་པ་ཟེར།ས་རི་དར་ཧན་རྣམས་ཀྱི་བཤད་སྲོལ་ལྟར་ན།ཉིན་འདི་ནས་བཟུང་རྒོད་མའི་འོ་མ་མི་བཞོ་ཞིང་རྟེའུའི་ཁ་ཡི་བཀྱིགས་ཐག་གློད།མགོ་ཡི་མཐུར་བླངས།འདོགས་ཐག་ལས་བཀྲོལ་ཏེ་རང་དབང་གིས་རྒོད་མའི་ནུ་མ་ནུ་ཆོག་ལ།དོན་དངོས་སུ་ནུ་བཀག་གྲོལ་བའི་མཆོད་པ་ཡིན།དགུན་གྱི་མཆོད་པ་ནི་རྒྱུན་བུའི་མཆོད་པ་ཡིན་ལ་ལུགས་རྙིང་གི་བཅུ་བའི་ཚེས་གསུམ་ཉིན་སྤེལ།ས་རི་དར་ཧན་རྣམས་ཀྱིས་བཤད་པ་ལྟར་ན།ཇིང་གེར་རྒྱལ་བོ་སྐུ་བལྟམས་པའི་དུས་སུ་ལྟེ་ཐག་བཅད་ནས་ལྟེ་ཤུལ་སྐམ་ཏེ་ལྷུང་བའི་བར་དུ་རྒྱུན་ཐག་གིས་སྐེད་པ་གཅུད་དེ་བཞག།རྒྱུན་བུའི་མཆོད་པ་ནི་དོན་དེར་རྗེས་དྲན་བྱ་ཕྱིར་ཡིན་ཟེར།སྐྱེས་མཆོག་དེ་ཉིད་ཀྱི་མཆོད་པ་ལ།དུས་ཚིགས་དང་ཟླ་བ།མཆོད་འབུལ་གཞི་ཁྱོན།རྣམ་པ།མཆོད་རྫས་བཅས་ཀུན་ལ་གཏན་འཁེལ་ཕྲ་ཞིང་ཞིབ་པ་ཡོད་ལ།མཆོད་འབུལ་བྱེད་ཐེངས་རེར་གཏན་འཁེལ་ལྟར་ལག་ལེན་དུ་བསྟར་བ་ཡིན།ཇིང་གེར་རྒྱལ་བོ་ནི་ཁྱད་འཕགས་སྟོབས་ཤེད་ཅན་ཡིན་ལ།དུས་རབས་བདུན་ལྷག་གི་རིང་ལ་ཇིང་གེར་རྒྱལ་བོའི་འདས་མཆོད་ནི་མི་རིགས་ཡོངས་ཀྱི་མཆོད་འབུལ་དུ་གྱུར་ཡོད། །               

        ༼བཅུ་བ༽ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་སྤེལ་བ།
    ཇིང་གེར་རྒྱལ་བོས་ཤཱ་མའི་ཆོས་ལུགས་ལ་བཀུར་ཞིང་།1189ལོ་དང་1206ལོར་ཧན་གྱི་ཐོབ་ལེན་དུས་ཤཱ་མའི་ངག་བརྒྱུད་དེ་གནམ་གྱི་དགོངས་བརྡ་ལྟར་སྒྲུབ་པ་ཡིན།ཤཱ་མ་ཧོར་ཁྲིས“གནམ་ས་བཀའ་མོལ་ཏེ་ས་ཡི་བདག་པོར་ཐེམ་ཆེན་བཀོད”ཅེས་དང་ཤཱ་མ་ཁོ་ཁོ་ཁྲུའུ(ཐེ་པུ་ཐེན་གིལ)ཡིས་ཀྱང་།“ལྷས་ཁྱོད(ཇིང་གེར་རྒྱལ་བོ)འཇིག་རྟེན་ཡོངས་ཀྱི་མངའ་བདག་ཏུ་བཀོད”ཅེས་བཤད།སྐབས་དེའི་སོག་པོའི་སྤྱི་ཚོགས་ནང་གདོད་མའི་ཆོས་ལས་གཞན་ད་དུང་གནམ་བདག་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས།སངས་རྒྱས་ཆོས་ལུགས།རྒྱ་ནག་ཏོའོ་ལུགས་ཀྱི་ཆོས།དབྱི་སི་ལན་གྱི་ཆོས་ལུགས་སོགས་ཡོད་དེ།ཇིང་གེར་རྒྱལ་བོས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་སྤེལ་བ་རེད།དོ་སངས་ཀྱིས་བཤད་རྒྱུར“ཇིང་གེར་རྒྱལ་བོའི་གདུང་རྒྱུད་ཕྱི་མ་དག་ལ་ཆོས་ལུགས་སྣ་གཅིག་ལ་ཕྱོགས་ཁྱེར་མ་བྱེད་པར།ཆོས་ལུགས་སོ་སོའི་མི་སྣའི་ཐོབ་ཐང་འདྲ་མཉམ་དུ་བྱེད་པར་རིགས་ཅེས་བཀའ་ཕབ”ཟེར་རོ།ཇིང་གེར་རྒྱལ་བོས་ཆོས་ལུགས་སྣ་ཚོགས་ལ་གུས་པའི་བསམ་པ་སྟོན་ཅིང་།“ཐེ་ཙུའུ་ཡིས.....ཀྲོ་ཁྲུའུ་ཆིག་ཅི་བཀུག་ནས་ཏོའོ་ལུགས་ཀྱི་གསང་གནད་དྲིས”ཅེས་དང་།“ཧོས་ཧོས་ཆོས་ལུགས་པའི་རྩིས་མཁན་མདུན་དུ་བོས་ནས་རྩིས་བྱེད་དུ་བཅུག”ཅེས་དང་།ཁོང་གིས་ཡང་ཐུབ་པའི་བསྟན་པར“སྐྱབས་འོག་ཏུ་གཞུག་འདོད་པའི་ལྷག་བསམ་བསྟན”ཅེས་དང་།“ཇིང་གེར་རྒྱལ་བོའི་ཡེ་ཤུའི་ཆོས་ལུགས་ཀྱི་རྩིས་མཁན་མདུན་དུ་བོས་ནས་གཡུལ་གྱི་རྒྱལ་ཕམ་རྩིས་བྱེད་དུ་བཅུག”ཅེས་སོགས་འབྱུང་།ཁོང་སྐུ་དངོས་ཀྱིས་གཏན་འབེབས་བྱས་ཏེ།ཆོས་ལུགས་ཐམས་ཅད་ལ་བརྩི་བཀུར་བྱེད་དགོས་པ་དང་ཕྱོགས་འཁྱེར་བྱེད་མི་ཆོག་པ།ཆོས་ལུགས་སྣ་ཚོགས་ལ་བཀུར་བཟོ་བྱེད་དགོས་པར་བྱས་ནས།དེའང་ཁྲིམས་བཀའི་ནང་དོན་དུ་བྱས་ཡོད་པ་རེད།ཁོང་གི་ཤར་ཕྱོགས་དང་ནུབ་ཕྱོགས་ན་ཡོད་པའི་གདུང་རྒྱུད་རིམ་བྱུང་གིས་བསམ་པ་རྣམ་དག་གིས་རྩ་དོན་འདི་བརྩི་བར་བྱེད།ཞུས་ལེ་ཝུའུ་ཡིས་པར་སིག་ལ་ནུབ་འདུལ་གཡུལ་འགྱེད་བྱེད་སྐབས(མུའུ་ཚི་ཡིས་རྒྱལ་ཁབ་དང་།ཨ་པཱ་སི་རྒྱལ་རབས།ཞིས་ལིས་ཡཱ་བཅས་གཏོར་བའི་དམག་འཁྲུག)བློ་ཐག་རྦད་ཆོད་ཀྱིས་ཇིང་གེར་རྒྱལ་བོའི་ཆོས་ལུགས་དད་མོས་རང་དབང་དང་ཆོས་ལུགས་སྲུང་སྐྱོབ་ཀྱི་ཡང་དག་པའི་སྲིད་ཇུས་སྤེལ།སོག་པོའི་ནུབ་འདུལ་དམག་དཔུང་གིས་དབང་དུ་བསྡུས་པའི་ས་ཆ་མང་ཤོས་ནི་ཆོས་སྲིད་ཟུང་འབྲེལ་གྱི་དབྱི་སི་ལན་རྒྱལ་ཁབ་ཡིན་ལ།ཞུས་ལེ་ཝུའུ་ཡི་དམག་ཁྲིམས་དམ་ཞིང་བརྗིད་པས།དབྱི་སི་ལན་དང་ཡེ་ཤུའི་ཆོས་ལུགས་པ་དག་ལ་དོན་མེད་དུ་མནར་གཅོད་དང་གསོད་རྨས་བྱེད་མི་ཆོག་པ་ཡིན།ས་ཆ་གཅིག་དབང་དུ་བསྡུས་ཐེངས་རེར་ཆོས་བདག་དང་སློབ་དཔོན་ས་དེའི་དཔོན་དུ་བཀོད་དེ་སྲིད་དོན་གཉེར་དུ་བཅུག་པས།བདག་ཏུ་བཟུང་བའི་ས་ཆར་ཆོས་ལུགས་ཀྱི་རྩོད་གླེང་མ་བྱུང་བར།སོག་པོས་པར་སིག(དབྱི་ལང་རྒྱལ་ཁབ)རྒྱལ་ཁབ་ཁག་གི་ཡུན་རིང་གི་དབང་བསྒྱུར་བྱེད་པར་འགན་སྲུང་བྱས་པ་རེད།ཇིང་གེར་རྒྱལ་བོས་ཕྱི་ཕྱོགས་སུ་རྒྱ་བསྐྱེད་པར་རང་ཉིད་དད་པའི་ཤཱ་མའི་ཆོས་ལུགས་དེ་མི་རིགས་གཞན་ལ་བཙན་འགེལ་བྱས་མེད་པར་ཆོས་ལུགས་སྣ་ཚོགས་གནས་ཆོག་པར་བྱས་ཡོད།ཁོང་གིས་ཧ་སི་ཁྱི་ཏན་གྱི་ཆུས་ཁྲུའུ་ལུས་ནག་འདེད་ཀྱིས་བདག་ཏུ་བཟུང་བ་དང་།ཧྭ་ལ་ཙི་མོ་རྒོལ་གཏོར་བྱས་པ།དམག་ཐེངས་མང་པོ་དྲངས་ནས་མི་ཉག་བཏུལ་བ།ཨེ་ཤ་ཡ་དཀྱིལ་མའི་དབྱི་སི་ལན་མི་རིགས་དང་ཡོ་རོབ་ཤར་མའི་ཡེ་ཤུ་ཆོས་ལུགས་ཀྱི་མི་རིགས་ལ་དམག་དྲངས་པ་བཅས་ཀྱི་སྐབས་སུའང་།ཁོས་རང་ལ་འགོག་རྒོལ་བྱེད་མཁན་འབོར་ཆེན་དམར་གསོད་བཏང་ནའང་།ཁོ་ཚོའི་ཆོས་ལུགས་མེད་པར་མ་བྱས་པར“ཆོས་ལུགས་དད་མོས་རང་དབང”ཁྱབ་བསྒྲགས་བྱས།ཇིང་གེར་རྒྱལ་བོའི་ཆོས་ལུགས་ཐད་ཀྱི་ཐོག་མཐའ་བར་གསུམ་གྱི་སྲིད་ཇུས་ནི།གཅིག་ནི་ཆོས་ལུགས་སྣ་ཚོགས་ཁྲིམས་མཐུན་གྱིས་གནས་ཆོག་པ་དང་།གཉིས་ནི་ཆོས་ལུགས་པ་ལ་བཀུར་བཟོ་བྱེད་པ་སྟེ།ཆོས་ལུགས་གྲུབ་མཐའ་སོ་སོའི་ཆོས་དཔོན།སློབ་དཔོན།ལྷ་བ་དང་གཞན་པའི་མཁས་པ་བཅས་ལ་ཁྲལ་མེད་པར་བྱས་པའོ།ཇིང་གེར་རྒྱལ་བོས་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་པ་དང་མཁས་པ་རྣམས་ཀྱིས་ཤེས་བྱ་བརྒྱུད་བསྒྲགས་བྱེད་པའི་བྱ་བར་རྒྱོབ་སྐྱོར་དང་སྐུལ་མ་བྱེད།རྒྱབ་སྐྱོར་དང་སྐུལ་མ་འདིས་ཨེ་ཤ་ཡ་དཀྱིལ་མ་དང་ཡོ་རོབ།ཀྲུང་གོ།རྒྱ་གར་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ཤེས་རིག་སྣ་ཚོགས་ཀྱི་དར་རྒྱུན་གྲུབ་པར་དགེ་མཚན་བླ་ལྷག་ཏུ་ཐོན།དར་རྒྱུན་དེ་དག་ཁྲོད་མི་རྣམས་ཀྱིས་ཆོས་ལུགས་དང་འབྲེལ་བའི་ལྟ་ཚུལ་བརྗེ་རེས་བྱས་པ་མ་ཟད།ལག་རྩལ་བཟོ་རིག་དང་ས་ཁམས།རྩིས་རིག།མཚན་ཉིད་རིག་པ།སྐད་བརྡ་རིག་པ།གནམ་དཔྱད་སྐར་རྩིས་སོགས་རིག་ཚན་གྱི་ཤེས་བྱའང་འཐོར་འདེགས་བཏང་།དེ་ལ་ཇིང་གེར་རྒྱལ་བོ་ནི་ཚན་རིག་ལག་རྩལ་ཤེས་བྱ་བརྗེ་རེས་ཀྱི་སྲོལ་འབྱེད་མཁན་ཡིན་ཞེས་བརྗོད་ཆོག་པ་ཡིན། །

         ༼བཅུ་གཅིག་པ༽ཆེས་ཐོག་མར“འཛམ་གླིང་ཅན”གྱི་ལྟ་བ་བཏོན་པ་དང་ལག་བསྟར་མཁན།
   སོག་པོ་རྒྱལ་ཁབ་ཀྱི་མཁས་པ་གྲགསས་ཅན་དང་སློབ་དཔོན་ཆེན་མོ་ཧྲ་པིས་ལ་ཡིས་ལོ་མང་པོར་ཡིག་ཚང་ཞིབ་འཇུག་བྱས་ཏེ།ཇིང་གེར་རྒྱལ་བོས་ཆེས་ཐོག་མར“འཛམ་གླིང་ཅན”གྱི་བརྡ་དོན་བཤད་ཅིང་།དེ་ཉིད་གཞུང་ལུགས་ཤིག་ཏུ་བྱས་ནས་གནས་བབས་དང་ལག་ལེན་ལ་འཛུབ་སྟོན་བྱེད་པ་དང་།གཡུལ་འགྱེད་བྱ་འགུལ་ཡོངས་རྫོགས་ཀྱི་མགོ་རྔ་བར་གསུམ་དུ་ཁྱབ་པར་བྱས་ཞེས་སྡོམ་ཚིག་བཞག་ཡོད་པ་རེད།སྐབས་དེར་ཇིང་གེར་རྒྱལ་བོའི་རྟ་དམག་གི་རྨུག་ལྕགས་ཨེ་ཤ་ཡའི་གླིང་ཆེན་བརྟོལ་ནས་ཡོ་རོབ་སྐམ་ས་ཆེན་པོར་སླེབས་ཏེ་སའི་གོ་ལའི་ཕྱེད་ཀ་རང་གི་མངའ་འོག་ཏུ་བསྒྱུར་བ་དང་དྲག་ཤུགས་ལ་བརྟེན་ནས་རང་ཉིད་ཀྱི་བདག་དབང་ཁྱབ་ཁོངས་དང་ཆབ་སྲིད་ལམ་ལུགས་དང་ལྟ་བ་འཛམ་གླིང་ཡུལ་གྲུ་ཀུན་ལ་ཁྱབ་པར་བྱས།ཁོང་གིས“ཟམ་ལམ”ཕྱེས་ཏེ“རྟ་ཟམ”ཚུགས་ཤིང་།“རྟ་ཚིགས”དག་ནུབ་ཡུལ་བར་དུ་བསྲིངས།ཆེན་ཚ་ལམ་དང་པར་སིག་ལམ་སོགས་རྒྱལ་སྤྱིའི་འགྲིམ་འགྲུལ་དྲ་བ་བཙུགས་ཏེ་རྒྱང་རིང་པར་སིག་དང་ཨུ་རུ་སི་དང་ཡོ་རོབ་ཀྱི་རྒྱལ་ཁབ་སོ་སོར་བརྟོལ་བ་དང་།རྟ་ཚིགས་བཙུགས་ཅིང་འགག་གཉན་འཕྲང་ཅན་ལ་ལམ་གཏོད་ཏེ་འཛམ་གླིང་ས་ཆ་སོ་སོ་གཅིག་ཏུ་སྦྲེལ།སོག་པོ་བཙན་རྒྱལ་གྱིས་ཏ་ལུའུ་ཧྭ་ཁྲི་ཁོ་ཚོའི་དབང་བསྒྱུར་ས་ཁུལ་དུ་མངགས་ཏེ།སོག་པོ་གསེར་ནག་ཁྱིམ་རྒྱུད་ཀྱི་ཆབ་སྲིད་ལམ་ལུགས་ཆ་ཚང་བར་སྤེལ་ཏེ།སོག་པོ་བཙན་རྒྱལ་གྱི་རྒྱལ་སྤྱིའི་སྒྲིག་རིམ་འཛུགས་པར་རྩོམ།དུས་སྐབས་ཅིག་ལ་ཡུ་གུར་སོག་ཡིག་དེ་འཛམ་གླིང་གི་ཡི་གེར་གྱུར་ཞིང་།ད་ལྟའི་དབྱིན་ཡིག་ལྟར་བདག་ཏུ་བཟུང་བའི་རྒྱལ་ཁབ་དང་ས་ཁུལ་དག་ཏུ་སྤྱོད།1206ལོར་སོག་པོ་བཙན་རྒྱལ་གྱིས་བཙུགས་པའི“ཧུའུ་ལིས་ལེ་ཐེ”ལམ་ལུགས་ནི་དེང་གི་སྤྱི་ཚོགས་ཀྱི་དམངས་གཙོ་འདེམས་བསྐོ་ལམ་ལུགས་ཀྱི་ཐོག་མའི་རྣམ་པ་ཡིན་ལ།ཁོང་གིས་དངོས་སུ་བཙུགས་པའི་རྒྱལ་བོ་ཧན་གསར་བ་འདེམས་བཀོད་བྱེད་པའི་ལམ་ལུགས་ནི་དམངས་གཙོ་ལམ་ལུགས་ཀྱི་རིགས་གཅིག་ཡིན།སྐབས་དེར་དབང་དུ་བསྡུས་པའི་རྒྱལ་ཁབ་སོ་སོར་ལམ་ལུགས་འདི་ཁྱབ་ཤིང་།ཁོ་ཚོའི་ཆབ་སྲིད་འཚོ་བའི་ཁྲོད་དགེ་མཚན་ཆེན་པོ་ཐོན་ཡོད།སློབ་དཔོན་ཆེན་མོ་པིས་ལ་ཡིས་བཤད་རྒྱུར།དཔལ་འབྱོར་འཛམ་གླིང་ཅན་གྱི་འཕེལ་ཕྱོགས་ནི་ང་ཚོའི་དུས་རབས་ཀྱི་ཁྱད་ཆོས་མངོན་མཚན་ཅན་ཡིན་ལ།རྒྱལ་ཁབ་སོ་སོའི་བར་གྱི་ཕྱོགས་སྣ་སྒོར་མོའི་འགྲོ་འོངས་སྔར་བས་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན་ནས།ཁྱད་པར་དུ་འཛམ་གླིང་ཚོང་འབྲེལ་རང་དབང་ཉིན་རེར་མཐུས་ཚང་དུ་གྱུར་བའི་སྐབས་སུ།ཇིང་གེར་རྒྱལ་བོས་སྐབས་ཐོག་དེར་ཨུ་ཚུགས་ཀྱིས་ལག་བསྟར་བྱས་པའི“ཕན་ཚུན་ས་མཚམས་གཏོར་བ”དང་“ཞི་བདེ་རང་དབང་གི་ཚོང་བགྲོད”སོགས་འཛམ་གླིང་ཅན་དུ་བསྒྱུར་བའི་འཐབ་ཇུས་ལ་སྤྱི་མཐུན་ཁས་ལེན་དང་འཕེལ་རྒྱས་བྱུང་།འོན་ཀྱང་ད་ལྟའི་འཛམ་གླིང་ཅན་དང་སྔོན་ཆད་ཀྱི་མི་འདྲ་སྟེ།སྐབས་དེའི་འཛམ་གླིང་ཅན་ནི་བཙན་ཤེད་ཀྱིས་སྤེལ་བ་ཡིན་ལ།ད་ལྟའི་འཛམ་གླིང་ཅན་ནི་ཞི་བདེ་ཡི་རྣམ་པས་བསམ་བློ་ཤེས་རབ་ལ་བརྟེན་ནས་སྐུལ་སྤེལ་བྱེད་པ་དང།སྐབས་དེར་རྟ་ཚིགས་བརྒྱུད་ནས་འཛམ་གླིང་ཅན་ལག་བསྟར་བྱེད་པ་ཡིན་ལ་ད་ལྟ་ནི་གློག་རྡུལ་དྲ་བ་ལ་བརྟེན་ནས་འཛམ་གླིང་ཅན་མངོན་འགྱུར་བྱེད་པ་ཡིན།ང་ཚོས་འཛམ་གླིང་ཅན་དུ་བསྒྱུར་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་ཚེ་དྲག་སྤྱོད་གཏན་ནས་བྱེད་མི་ཆོག་པ་དང་།དབང་ཆ་སྒེར་གཅོད་རིང་ལུགས་དང་དབང་ཤེད་ཆབ་སྲིད་དང“གྲང་དམག”གི་ཐབས་ལམ་གྱིས་ཀྱང་འཛམ་གླིང་ཅན་སྤེལ་མི་ཆོག་པ་ཡིན།ང་ཚོའི་སྔོན་ཐོན་གྱི་བསམ་བློ་རིག་གནས་དང་ཚན་རིག་ལག་རྩལ་གྱི་སྟོབས་ཤུགས་ལ་བརྟེན་འཛམ་གླིང་ཅན་དུ་བསྒྱུར་བའི་ལྟ་བ་འཛིན་པ་དང་།ལྷག་པར་དུ་དར་རྒྱས་ཞན་པའི་རྒྱལ་ཁབ་ལ་དོ་ཁུར་དང་ཉམ་ཆུང་གི་མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ནས་གང་མྱུར་གྱིས་དབུལ་ཕོངས་དང་རྗེས་ལུས་ལས་ཐར་བར་བྱ་དགོས།ཞེས་བརྗོད་དོ།ལྷོ་ཀོ་རི་ཡའི་མཁས་པ་གྲགས་ཅན་ཅིན་ཀྲུང་རི་ཡིས་བཤད་རྒྱུར།“ས་ཆེན་པོ་ནི་འགྲོ་བ་མིའི་གཞིས་ཁྱིམ་ཡིན་ལ།ང་ཚོར་ཁྱིམ་གཞིས་གཅིག་མ་གཏོགས་མེད།འདི་ནི་དེང་དུས་ཀྱི་མིའི་རིགས་ཀྱི‘འཛམ་གླིང་ཅན’གྱི་བརྡ་དོན་ཡིན།འོན་ཏེ‘འཛམ་གླིང་ཅན’གྱི་འགོ་ཁུངས་ནི་ཇིང་གེར་རྒྱལ་བོའི་གཅིག་གྱུར་ཆེན་པོ་ཡིན”ཞེས་བརྗོད།ཁོས་ཉེ་དུས་པར་དུ་བསྐྲུན་པའི《ལོ་ངོ་སྟོང་གི་ལོ་རྒྱུས་མི་སྣ》ཞེས་པའི་དེབ་དུ་འདི་ལྟར་བྲིས་ཡོད་དེ།ཇིང་གེར་རྒྱལ་བོའི་དཔལ་འབྱོར་སྲིད་ཇུས་ནི་དེང་དུས་ཀྱི་འཛམ་གླིང་དཔལ་འབྱོར་ཕུང་གཅིག་ཅན་གྱི་མངལ་གྱི་དུས་སྐབས་ཡིན།.....ཇིང་གེར་རྒྱལ་བོས་རང་གི་དབང་བསྒྱུར་བའི་ཡུལ་གྲུ་ཆེན་པོ་རུ།ཆབ་སྲིད་དང་དཔལ་འབྱོར་དང་ཆོས་དད་དང་བསམ་བློ་སོགས་ཕྱོགས་ཀུན་ལ་སྒོ་འབྱེད་སྲིད་ཇུས་ལག་ཏུ་བསྟར།ཆོས་ལུགས་དང་གྲུབ་མཐའ་མང་པོར་མཚོན་ན།སྐབས་དེའི་འཛམ་གླིང་གི་ཡུལ་གྲུ་སོ་སོ་ལས།ཇིང་གེར་རྒྱལ་བོས་དབང་བསྒྱུར་བའི་ས་ཆར་གཟོད་འདྲ་མཉམ་དང་མཉམ་གནས་བྱ་ཐུབ།ཇིང་གེར་རྒྱལ་བོའི་སྒོ་འབྱེད་སྲིད་ཇུས་ནི་དེང་དུས་ཀྱི་འཛམ་གླིང་རྒྱལ་སྤྱིའི་འབྲེལ་བའི་འཕེལ་ཕྱོགས་ཀྱི་སྔོན་འགྲོ་ཡིན་ལ།ཇིང་གེར་རྒྱལ་བོས་སྐབས་དེར་བཙུགས་པའི་ནུབ་ཕྱོགས་སུ་བསྐྱོད་པའི་འབྲེལ་གཏུགས་ལ་མཁས་པ་རྣམས་ཀྱིས་ད་ལྟའི་འཛམ་གླིང་ཅན་འདིའི་སྔོན་གྱི་ས་མཚམས་བརྒལ་བའི་རྒྱལ་སྤྱིའི་མ་ལག་ཅིག་ཡིན་པར་འདོད། །    

          ༼བཅུ་གཉིས་པ༽མི་ཚེ་གང་པོར“གསང་བ”ཆེས་མང་པོ་ཤུལ་དུ་བཞག་པ།
   ཇིང་གེར་རྒྱལ་བོ་དང་ཁོང་གི་བུ་རབས་ཚ་བརྒྱུད་ཀྱི་དམག་དོན་མཐའ་འདུལ་ལ་ལེགས་འགྲུབ་བྱུང་བའི་སྟེང་།ཕྱི་རབས་པར་དགྲོལ་དུ་མེད་པའི་གསང་བ་ཤིན་ཏུ་མང་པོ་བཞག་ཡོད་པ་རེད།ཅིའི་ཕྱིར་ཕ་འདས་པའི་ཤུལ་ཏུ་ལྷག་པའི་དྭ་ཕྲུག་ཅིག་མཐའ་མ་སོག་པོའི་ཚོ་བ་ཐམས་ཅད་གཅིག་གྱུར་བྱས་པའི་ཧན་ཆེན་པོར་གྱུར་བ་རེད་དམ།དཔལ་འབྱོར་རིག་གནས་རྗེས་སུ་ལུས་ཤིང་དམག་དཔུང་འབུམ་ཕྲག་གཉིས་མ་གཏོགས་མ་ལོངས་པའི་རྒྱལ་ཁབ་ཆུང་ཆུང་ཞིག་གིས་དཔལ་འབྱོར་དང་རིག་གནས་ཅུང་དར་ཆེ་ཞིང་དཔུང་ཚོགས་འབུམ་ཕྲག་དུ་མ་དང་ས་ཡ་དུ་མ་ལྡན་པའི་རྒྱལ་ཁབ་དག་དང་གཡུལ་ལས་རྒྱལ་བ་དང་།དེ་ནས་འཛམ་གླིང་ཕྱེད་ཀ་དབང་དུ་བསྡུས་ཏེ་གཏོས་ཆེ་བའི་བཙན་རྒྱལ་འཛུགས་ཐུབ་དོན་གང་ཡིན་ནམ།ད་སོ་མ་བྲན་གཡོག་ལམ་ལུགས་ཀྱི་སྒོ་གླེགས་དུ་ཚུད་ཙམ་གྱི་རྒྱལ་ཁབ་ཞིག་གིས་ལོ་ངོ་སྟོང་ཕྲག་གི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་ལོ་རྒྱུས་མངའ་བའི་རྒྱལ་ཁབ་དང་གཡུལ་ལས་རྒྱལ་ཐུབ་དོན་གང་ཡིན་ནམ།ཇིང་གེར་རྒྱལ་བོས་དམག་ཤུགས་ཤིན་ཏུ་ཉུང་ཉུང་སྤྱད་ནས་དམག་ཤུགས་རང་ཉིད་ལས་ལྡབ་དུ་མ་དང་ལྡབ་བཅུ་ཕྲག་དུ་མའི་མང་པ་ལས་རྒྱལ་ཐུབ་པ་དང་།གཡུལ་འགྱེད་བྱེད་ཐེངས་རེར་རྒྱལ་ཀར་གདེང་སྤོབས་ཡོད་དོན་ཅིའི་ཕྱིར་ཡིན་ནམ།ཁོང་གི་དམག་དོན་བྱ་འགུལ་ནི“བླངས་ནས་མི་ཟད་པའི་གསེར་གྱི་རི་ཆེན”ཞིག་ཡིན་ལ་ཕྱི་རབས་པར་ངེས་པར་གསང་བ་ལྐོག་གྱུར་མང་པོ་བཞག་ཡོད་ཨང་།ཇིང་གེར་རྒྱལ་བོས་བཙུགས་པའི་བཙན་རྒྱལ་ཆེན་པོ་དེ་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་ཁ་འཐོར་སྣ་རལ་དུ་གྱུར་ཞིང་གཅིག་གྱུར་གྱི་རྣམ་པ་རྒྱུན་སྲུང་བྱེད་མ་ནུས་པའི་རྒྱུ་རྐྱེན་གང་ཡིན་ནམ།སོག་པོ་བཙན་རྒྱལ་གྱི་ཡར་དར་དང་མར་འགྲིབ་ནི་རྟོགས་དཀའི་གསང་བ་ཞིག་གོ།ཇིང་གེར་རྒྱལ་བོ་སྐུ་བལྟམས་པ་གསང་བ་ལྐོག་གྱུར་ཞིག་ཡིན་ལ།ལེགས་འགྲུབ་བྱུང་བའང་གསང་བ་ལྐོག་གྱུར་ཏུ་གྱུར།དེ་བཞིན་དུ་ཁོང་སྐུ་གཤེགས་པའང་གསང་བ་ལྐོག་གྱུར་གྱི་གནས་ཞིག་གོ་དམག་དཔོན་རྣམས་ཀྱིས་ཇིང་གེར་རྒྱལ་བོའི་ཞལ་ཆེམས་ལྟར་དུ་གསང་ཤིང་།བང་སོའང་ཇིང་གེར་རྒྱལ་བོ་མ་གཤེགས་གོང་བདམས་ཏེ་ཡོད།ཁོང་གི་བེམ་པོ་རྩྭ་ཆུ་ཕུན་སུམ་ཚོགས་པའི་ས་ལི་གཞུང་དུ་སྦས་ཤིང་།འོན་ཀྱང་ས་ལི་གཞུང་གི་ས་ཁུལ་དུ་ཇིང་གེར་རྒྱལ་བོའི་བང་སོ་སྔར་ནས་རྙེད་དུ་མེད་དོ།བཤད་རྒྱུན་དུ་ཇིང་གེར་རྒྱལ་བོ་དུར་འཇུག་བྱས་རྗེས་དམག་རྟ་ཁྲི་མ་འབུམ་གྱི་རྨིག་པས་བཅགས་ཤིང་།དེ་ནས་རྔེའུ་ཞིག་བསད་དེ་དེ་གར་བཞག་པ་དང་རྟ་དམག་སྟོང་གཅིག་ལ་སྲུང་དུ་བཅུག ཕྱི་ལོ་དཔྱིད་ཀ་ཤར་དུས་རྩི་ཐོག་རྒྱས་ཤིང་སྔོ་རྩྭས་རི་ལུང་ཁེབས།ལྗོན་ཤིང་ནགས་ཚལ་སྐྱེས་ཏེ།སྲུང་དམག་རྣམས་ཀྱང་རུ་སྐྱས་ནས་རྒྱང་རིང་དུ་སོང་བས།ཇིང་གེར་རྒྱལ་བོའི་བེམ་གདུང་ལྗོན་ཤིང་གང་གི་འོག་ཏུ་སྦས་ཡོད་པ་སུས་ཀྱང་མ་ཤེས་པར་གྱུར།གལ་ཏེ་གཤིན་མཆོད་བྱེད་ཚེ་རྔེའུ་བསད་པ་དེའི་ཨ་མ་སྟེ་རྔ་མོང་དེ་དེད་ནས་ལམ་འཁྲིད་དུ་འཇུག་ཅིང་།རྔ་མོང་དེ་གང་དུ་འགྲེ་ལྡོག་བྱེད་ཅིང་སྨྲེ་ངག་འདོན་པའི་གནས་དེ་གདུང་སྦས་པའི་སར་ངོས་འཛིན་བྱེད།ནམ་ཞིག་རྔ་མོང་དེའང་ཤི་བར་གྱུར་བ་ན་མི་རྣམས་ཀྱིས་གདུང་སྦེད་ས་ནམ་ཡང་རྙེད་པར་མ་གྱུར་ཏོ།ཇིང་གེར་རྒྱལ་བོའི་བང་སོ་ནི་ད་ལྟའི་བར་དུ་གསང་བ་ལྐོག་གྱུར་ཞིག་ཡིན་ཞིང་།མི་རྣམས་ལ་རྩད་གཅོད་བྱེད་པའི་སྤྲོ་བ་ཀུན་ནས་བརྟས་པར་བྱེད་དོ།ལོ་ངོ་200ཉེ་བ་ལ་རྟོག་དཔྱོད་རུ་ཁག་100ལྷག་གིས་ཇིང་གེར་རྒྱལ་བོའི་བང་སོ་བཙལ་ཀྱང་རྙེད་པར་མ་གྱུར་ཏོ།བང་སོ་འཚོལ་བའི་རྟོག་དཔྱོད་རུ་ཁག་མང་པོའི་ཁྲོད་ནས་གཞི་ཁྱོན་ཆེས་ཆེ་བ་ནི་1990—1993ལོ་བར་གྱི་སོག་པོ་དང་ཉི་ཧོང་གིས་མཉམ་འབྲེལ་གྱི“གཙང་གསུམ་འགོ་ཁུངས”རྟོག་དཔྱོད་རུ་ཁག་ཡིན།ཁོ་ཚོས་སྐབས་དེའི་ཆེས་སྔོན་ཐོན་གྱི་འཕྲུལ་ཆས་སྤྱད་ནས་ས་འོག་ཏུ་རྨིས30ལྷག་གི་ཟབ་ཚད་ནས་འཚོལ་རྟོག་བྱས་ཤིང་།རྟོག་དཔྱོད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་རྒྱ་དཔངས་གྲུ་བཞི་མ་ཁྲི་གཅིག་ཏུ་སླེབས།འོན་ཀྱང་ཉི་ཧོང་གི་གནའ་དཔྱོད་མཁས་པ་གྲགས་ཅན་ཅང་ཧྲན་པོ་ཧྥུས་མི་ཚེ་གང་པོའི་ཕངས་འགྱོད་འཁུར་ནས་ཕྱིར་ལོག།གཞན་དུ་རུང་གཞི་ཁྱོན་ཅུང་ཆེ་བ་ཞིག་ནི་ཨ་རི་བ་འབུམ་རམས་པ་ཁི་ལ་བིས་ཚི་ཡིས་རྩ་འཛུགས་བྱས་པའི་དཔའ་སྤོབས་ལྷང་ལྷང་བྱེད་པའི་གནའ་དཔྱོད་ཉེན་བརྒྱུད་རུ་ཁག་ཡིན་ལ།འོན་ཀྱང་རྒྱུ་རྐྱེན་དུ་མའི་དབང་གིས་འབྲུག་གི་མགོ་ལ་སྦྲུལ་གྱི་རྔ་མ་ལྟ་བུར་གྱུར་ཏེ།ཨ་རི་བ་རྣམས་ཀྱང་བྱས་པ་མེད་པར་ཕྱིར་ལོག་གོ། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཇིང་གེར་རྒྱལ་བོས་འཛམ་གླིང་གི་ཡང་རྩེ་བཅུ་གཉིས་བསྐྲུན་པ།

2013-11-09 པཱོར་ཇུན.སྦྱིན་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།