《མིའི་རིགས་ཀྱི་ལོ་རྒྱུས་སྤྱི་བཤད།-----སྲོག་ཆགས་ནས་དཀོན་མཆོག་ཏུ་འཕགས་པའི་རིམ་པ》ཞེས་པའི་དེབ་ཀྱི་ནང་དོན་ངོ་སྤྲོད་དང་དཔེ་ཀློག་མྱོང་ཚོར།

  རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

  དེབ་འདིའི་རྩོམ་པ་པོ་ཡོར•ཧི་ལཱ་ལེན་ལགས་ནི་སྤྱི་ལོ་1976ལོར་དབྱི་སུ་ལིམ་དུ་སྐུ་འཁྲུངས་ཤིང་། སྤྱི་ལོ་2002ལོར་ནེའུ་ཅིན་སློབ་ཆེན་གྱི་ཡེ་ཤུའི་སློབ་གླིང་ནས་འབུམ་རམས་པའི་དམ་བཅའ་བཞག་སྟེ་སློབ་མཐར་ཕྱིན། ཆེད་གཉེར་རིག་ཚན་ཡང་དུས་རབས་བར་མའི་ལོ་རྒྱུས་དང་དམག་དོན་ལོ་རྒྱུས་གཉིས་ཡིན་པས། 《སྐྱ་དམག་དུས་རབས་ཀྱི་དམག་འཐབ་ཁྱད་ཆོས།(1100—1550)》དང་། 《མཇུག་མཐའི་བརྒྱུད་རིམ། གཡུལ་སའི་བློ་འབྱེད་དང་དེང་རབས་དམག་འཁྲུག་རིག་གནས་ཀྱི་གསར་བསྐྲུན།(1450—2000)》སོགས་བརྩམས་གནང་མཛད། ཡོར•ཧི་ལཱ་ལེན་ལགས་ཀྱིས་དུས་རབས་བར་མའི་ལོ་རྒྱུས་ལ་དམིགས་ཀྱིས་སློབ་སྦྱོང་མཐར་ཕྱིན་པ་གནང་རྗེས་སུ་དངོས་ལུགས་རིག་པ་དང་། རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ། མིའི་རིགས་རིག་པ། སྐྱེ་ཁམས་རིག་པ། ཆབ་སྲིད་རིག་པ། རིག་གནས་རིག་པ། སེམས་ཁམས་རིག་པ་སོགས་ལ་ཡང་སྦྱང་བ་གནང་ཡོད། སྤྱི་ལོ་2012ལོར་《མིའི་རིགས་ཀྱི་ལོ་རྒྱུས་སྤྱི་བཤད》ཅེས་པ་འདི་བརྩམས་ཤིང་། ཡུན་རིང་མ་སོང་བར་འཛམ་གླིང་གི་ཡིག་རིགས་སུམ་བཅུ་ལྷག་ཏུ་བསྒྱུར་ཅིང་། སྙན་པའི་གྲགས་པ་ཡང་ཤིན་ཏུ་འབར་བར་གྱུར།

                                    བརྩམས་ཆོས་ཀྱི་ནང་དོན་ངོ་སྤྲོད་རགས་རིམ།

  《མིའི་རིགས་ཀྱི་ལོ་རྒྱུས་སྤྱི་བཤད》་འདི་ས་བཅད་ཆེན་མོ་བཞིས་གྲུབ་ཡོད་ཅིང་། མིའི་རིགས་ཀྱི་ལོ་རྒྱུས་རིང་མོའི་ཁྲོད་དུ་བྱུང་བའི་གསར་བརྗེ་ཆེན་མོ་གསུམ་སྟེ། ཤེས་རྟོགས་གསར་བརྗེ་དང་། ཞིང་ལས་གསར་བརྗེ། ཚན་རིག་གསར་བརྗེ་བཅས་འདི་གསུམ་ཇི་ལྟར་བྱུང་བ་དང་དེ་དག་གིས་མིའི་རིགས་དང་སྲོག་ཆགས་གཞན་དག་ལ་འགྱུར་བ་ཅི་ཙམ་བཏང་བའི་སྐོར་རྒྱས་བཤད་བྱེད་པ་ནི་པོད་འདིའི་བརྗོད་བྱ་གཙོ་བོར་གྱུར་ཡོད། སྤྱི་ལོ་2014ལོར་པོད་འདི་རྒྱ་ནག་གི་སྐད་དུ་བསྒྱུར་ཅིང་། དེ་བཞིན་རྒྱ་ནག་གི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཀྱང་པོད་འདི་ལ་དཔྱད་བརྗོད་ཅི་རིགས་སུ་བྱས་འདུག ཁ་ཅིག་གིས་པོད་འདི་ལོ་རབས་རིམ་བསྒྲིགས་ཀྱི་ལོ་རྒྱུས་(编年史)ཡིན་པར་བཤད་ལ། ཡང་ཁ་ཅིག་གིས་པོད་འདི་ལོ་རྒྱུས་རིག་པ་ཙམ་ཡིན་པར་སྨྲ། གཞན་ཁ་ཅིག་གིས་པོད་འདི་ལོ་རྒྱུས་རིག་པ་ནས་མཚན་ཉིད་རིག་པར་ཕྱོགས་པའི་རིག་ཚན་ཞིག་ཡིན་པར་བཤད་པ་སོགས་འདྲ་མིན་དུ་སྣང་། འོན་ཀྱང་། བོད་ཀྱི་ཀློག་པ་པོ་ཁོ་བོས་བསམ་ན་ནི་པོད་འདི་སྲོག་ཆགས་སྤྱི་ཡོངས་ཀྱི་ཆོས་ཉིད་ལ་དཔྱོད་ཅིང་། མིའི་རིགས་དཀྱིལ་སྙིང་སྨྲ་བའི་རིང་ལུགས་དགག་བྱར་བཟུང་བའི་མི་སྒེར་གྱི་ལྟ་བ་ཞིག་མིན་འགྲོ་སྙམ། གཞན་དུ་ན་རིག་ཚན་གང་ལ་ཡང་མི་གཏོགས་པའི་མི་སྒེར་གྱི་འདོད་ཚུལ་ཙམ་ཡང་ཡིན་ལས་ཆེ་སྙམ་སྟེ། བརྩམས་ཆོས་ཤིག་བྲིས་པ་ལ་རྣམ་པ་གཅིག་ཏུ་རིག་ཚན་གང་ཞིག་ལ་གཏོགས་དགོས་པའི་ངེས་པའང་མི་འདུག་སྙམ། ལོ་ཚུགས་དང་ལོ་རྒྱུས་གང་ཞིག་བཤད་པ་ཐམས་ཅད་ནི་བརྗོད་བྱ་དང་བརྗོད་སྙིང་གླེང་བའི་ལག་ཆ་ཙམ་ལས་མ་ཡིན། གཞན་ཡང་པོད་འདི་ལོ་རྒྱུས་བརྩམས་ཆོས་མ་ཡིན་ཏེ། ལོ་རྒྱུས་བརྩམས་ཆོས་སུ་མི་སྒེར་གྱི་ལྟ་བ་དང་ལངས་ཕྱོགས་ཡོད་མི་རིགས་པར་སྣང་། པོད་འདིའི་འགོ་བརྗོད་འབྲི་བ་བོས་བཤད་པ་བཞིན་པོད་འདིའི་དགག་བྱ་ནི་མིའི་རིགས་དཀྱིལ་སྙིང་རིང་ལུགས་(人类中心主义)ཡིན་པ་ནི་ས་བཅད་དང་པོ་ཙམ་བཀླགས་པས་ཀྱང་མཐོང་ཡོང་།

  སྤྱིར་པོད་འདི་ཡང་གནའ་རྫས་རིག་པ་དང་། སྐྱེ་དངོས་རིག་པ། སྐྱེ་ཁམས་རིག་པ། ཚན་རིག་སོགས་རིག་ཚན་མང་པོ་དྲངས་ནས་སྒྲུབ་བྱེད་བཀོད་པའི་བརྩམས་ཆོས་ཤིག་ཡིན་པས། དེ་དག་ལ་རྨོངས་པའི་ཁོ་བོས་པོད་འདི་བཀླགས་པའི་མྱོང་ཚོར་བཤད་པར་རྔོ་ཆེན་པོ་ཞིག་མི་ཐོགས་ན་ཡང་། ཕྱོགས་ཙམ་མཐོང་བ་ནི་འདི་ལྟ་སྟེ། མིའི་རིགས་འདི་ལོ་རྒྱུས་ཀྱི་ཟིན་ཐོ་འབྲི་བའི་སྲོལ་མ་བྱུང་བའི་སྔ་རོལ་ནས་འཇིག་རྟེན་འདིར་གནས་ཡོད། ཐོག་མའི་དུས་སུ་མི་རིགས་ཕལ་མོ་ཆེར་ཆོས་ལུགས་དར་འཕེལ་བྱུང་བས་ལྷ་སྒྲུང་བྱུང་ཞིང་། སྐབས་དེར་ལོ་རྒྱུས་སམ་ལྷ་སྒྲུང་ཡང་ལྷ་རབས་ཀྱི་གྱེས་ཚུལ་ལམ་བྱུང་བ་བརྗོད་པའི་རིག་གནས་ཙམ་དུ་སྣང་ལ། དེ་དག་ཏུ་ཡང་མི་རིགས་སོ་སོའི་ཆེས་ཐོག་མའི་དུས་ཀྱི་མེས་པོ་གང་ཡིན་པ་དང་དེ་དག་གི་བརྒྱུད་འཕེལ་སོགས་གསལ་བར་བརྗོད་ཡོད་པས། སྔོན་ཆད་གནའ་རབས་ཀྱི་དཔལ་ཡོན་གྱིས་ཕྱུག་པའི་མི་རིགས་སམ་རྒྱལ་ཁབ་མང་ཆེ་བར་མིའི་རིགས་གང་ནས་བྱུང་བའི་ཐད་དུ་སོ་སོ་རང་རང་ལ་ལྟ་ཚུལ་རེ་བཤད་དུ་ཡོད། དེ་བཞིན་རང་རེ་བོད་ལ་ཡང་གནའ་རབས་སུ་སྟོད་ལྷ་རབས་བརྗོད་པའི་སྐོར་ཡོད་པ་མཁས་པ་ལྡེའུས་མཛད་པའི་《ལྡེའུ་ཆོས་འབྱུང》དུ་སྟོད་ལྷ་རབས་བརྗོད་པའི་《ཡོ་ག་ལྷ་གྱེས་ཅན》ཞེས་པའི་གསུངས་དྲངས་ཡོད་པ་དང་། དེར་ཡང་མིའི་རིགས་ནི་ཕྱྭ་ཡེ་མཁྱེན་མཁྱེན་དང་སྲིད་པའི་ལྷ་རབས་མཆེད་བཞི་ལས་བྱུང་རབས་བརྗོད་ཡོད་པ་དེ་བཞིན་ནོ།།

  དབྱིན་ཇིའི་ཏར་ཝིན་ལགས་ཀྱིས་མི་རྣམས་ཐོག་མ་སྤྲ་རིགས་ལས་མཆེད་པའི་ལྟ་བ་བཏོན་ཅིང་། དེ་ནས་ད་ལྟའི་བར་དུ་ལྟ་བ་འདི་ཕལ་ཆེར་འཛམ་གླིང་ཧྲིལ་བོའི་ཞེ་འདོད་ཅིག་ཏུ་གྱུར་ནས་ཡོད་པས། པོད་འདིར་ཡང་ལྟ་བ་འདི་ཁུངས་སུ་བཟུང་ཡོད། མི་ལོ་དུང་ཕྱིར་135སྔོན་དུ་འབར་གས་ཆེན་མོ་བྱུང་ཞིང་། མི་ལོ་དུང་ཕྱིར་38ཀྱི་སྔོན་དུ་འཇིག་རྟེན་གྱི་ཁམས་ཆེན་མོ་ད་ལྟའི་རྣམ་པ་ལྟར་གནས་པར་གྱུར། མི་ལོ་ཁྲི250ནས་བཟུང་སའི་གོ་ལ་འདིར་ད་ལྟའི་མིའི་གཟུགས་དང་ཤིན་ཏུ་འདྲ་བའི་སྲོག་ཆགས་དུ་མ་གནས་པའི་འགོ་བཟུང་ཞིང་། སྐབས་དེའི་མིའི་རིགས་སུ་འགྱུར་ངེས་ཅན་གྱི་སྲོག་ཆགས་དང་གླང་ཆེན་སོགས་ཀྱི་བར་དུ་ཁྱད་པར་དམིགས་བསལ་བ་འགའ་ཡང་མེད། མི་ལོ་ཁྲི་200ཡས་མས་ནས་བཟུང་མིའི་རིགས་སུ་འགྱུར་ངེས་ཅན་གྱི་སྲོག་ཆགས་དེ་དག་ཧྥེ་གླིང་ཤར་མ་ནས་སའི་གོ་ལའི་གནས་གཞན་དག་ཏུ་འཁྱམ་པའི་འགོ་བཟུང་ཞིང་། དེ་ཡང་ཧྥེ་གླིང་བྱང་མ་དང་། ཡོ་རོབ། ཡ་གླིང་སོགས་སུ་ཁྱབ་ཅིང་། ཡོ་རོབ་བྱང་མར་གྲང་ངར་ཤིན་ཏུ་ཆེ་བ་དང་། ཧིན་དྷི་ཉི་ཞི་ཡར་ཚ་བ་ཤིན་ཏུ་ཆེ་བ་སོགས་རང་བྱུང་གི་གནས་བབ་མི་འདྲ་བའི་དབང་གིས་གནས་དེ་དག་ཏུ་འབྱོར་བའི་མིའི་རིགས་སུ་འགྱུར་ངེས་ཅན་གྱི་སྲོག་ཆགས་དེ་དག་གི་གཟུགས་ལ་ཡང་འགྱུར་བ་ཆེན་མོ་ཕྱིན་པས། དེ་དག་ལ་ཡང་ནང་གསེས་སུ་རིགས་མི་འདྲ་བ་དྲུག་ལྷག་ཙམ་བྱུང་བ་དཔེར་ན། འགྲེང་མི། ནེའུ་ཨན་ཏུ་ཐུ་བ། སོ་ལོ་བ། ཧྥུའུ་ལོ་ལེ་སུ་བ་སོགས་སུ་རིགས་གྱེས། དེ་དག་ལས་ཀྱང་ཧྥུའུ་ལོ་ལེ་སུ་བ་རྣམས་ཀྱང་རང་བྱུང་གི་གནས་བབ་ཀྱི་རྐྱེན་པས་རིང་ཚད་ལ་རྨི་གཅིག་ཙམ་ལས་མེད་ཅིང་། ལྗིད་ཚད་ལ་སྤྱི་རྒྱ་ལྔ་བཅུ་ཙམ་ལས་མེད་ཅིང་། འདི་དག་དང་སྲོག་ཆགས་གཞན་པའི་བར་དུ་ཡང་ཁྱད་པར་ཅི་ཡང་མེད་པར་རང་བྱུང་ཁམས་སུ་གནས་པ་ཙམ་དུ་འཚོས་ཡོད་པ་བཅས་གོང་དུ་ཞུས་པ་འདི་དག་ནི་ཕལ་ཆེར་འཛམ་གླིང་སྤྱི་ཡོངས་ཀྱི་ལྟ་བར་གྱུར་ནས་ཡོད། འོན་ཀྱང་། ཡང་སྙིང་རྒྱུ་མཚན་ཅིའི་ཕྱིར་མི་ལོ་ཁྲི་200ལྷག་འདས་པའི་དེ་རིང་མི་དང་སྲོག་ཆགས་གཞན་གྱི་བར་དུ་ཁྱད་པར་ཆེན་མོ་འདི་ལྟ་བུ་ཞིག་ཆགས་དོན་ཅི་ཡིན་ནམ་ཞེས་པའི་དྲི་བ་ལ་སུས་ཀྱང་ལན་དོན་མཐུན་ཞིག་འདེབས་ཐུབ་མེད་པ་རེད། དོགས་སློང་འདི་ལ་པོད་འདིའི་རྩོམ་པ་པོ་ཡོར•ཧུ་ལཱ་ལེན་ལགས་ཀྱིས་རང་གི་ཞེ་འདོད་གསུམ་ཙམ་བཀོད་ཡོད་པ་འདི་ལྟ་སྟེ། གཅིག མི་ནི་སྲོག་ཆགས་གཞན་དང་མི་འདྲ་བར་འགྲེང་ནས་འགྲོ་ཐུབ་པས། ལག་པ་གཉིས་ཀྱིས་བྱ་བ་གཞན་བསྒྲུབ་ཐུབ་པས་ཁྱད་པར་བྱུང་བའོ།། གཉིས། མི་ནི་སྲོག་ཆགས་གཞན་དང་མི་འདྲ་བར་བཙས་མ་ཐག་ནས་འགྲེང་བའམ་དུད་ནས་འགྲོ་མི་ཐུབ་ཅིང་། དེ་ཡང་ལོ་དུ་མར་ཨ་མའི་གཉོར་སྐྱོང་ཁོ་ན་ལས་ནར་སོན་དགོས་པ་ཡིན་ལ། སྲོག་ཆགས་གཞན་དག་ནི་མའི་མངལ་ནས་བཙས་མ་ཐག་ཏུ་རྐང་ལག་བཞིའི་ཐོག་ཏུ་ལངས་ནས་འགྲོ་ཐུབ་པ་དང་། མས་རང་བྱུང་ཁམས་ཀྱི་སྐྱེ་དངོས་ལ་བརྟེན་ནས་ལྟོ་སྒྲུབ་པ་ལ་ལད་མོ་བྱས་ནས་རང་ཁ་གསོ་ཐུབ་པས། མིའི་རིགས་ལ་བྱིས་པ་བཙས་མ་ཐག་ནས་འཚོ་བའི་འགན་ཁུར་ལྷག་མ་བྱུང་ཞིང་དེ་ཉིད་ཁུར་ཡང་དགོས་པ་དང་། སྲོག་ཆགས་གཞན་དག་ལ་ཕྲུ་གུ་བཙས་ཀྱང་འཚོ་བར་འགན་ཁུར་ལྷག་མ་འབྱུང་མི་སྲིད་པས། འཚོ་བའི་འགན་ཁུར་ལྷག་མ་བྱུང་མ་བྱུང་གི་དབང་གིས་མི་དང་སྲོག་ཆགས་གཞན་པའི་བར་དུ་ཁྱད་པར་ཆེན་མོ་འདི་བྱུང་བའོ།། གསུམ། མ་རྣམས་ཀྱིས་བྱིས་པ་རྒྱབ་ཏུ་ཁུར་ནས་འཚོ་བ་བསྒྲུབས་ན་སྟབས་བདེ་མེད་པས། བྱིས་པ་དག་ཁྱིམ་མཚེས་སོགས་ལ་བཅོལ་བའི་སྲོལ་འབྱུང་བ་ལ་བརྟེན་ནས་བྱིས་པ་རྣམས་ལ་ཡང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ངེས་ཤིང་། དེའི་དབང་གིས་མི་དང་སྲོག་ཆགས་གཞན་དག་བར་དུ་ཁྱད་པར་ཆེན་མོ་འདི་ཆགས་པ་བཅས་སོ།།

  གོང་དུ་བཀོད་པའི་ཞེ་འདོད་གསུམ་ནི་ཡོར•ཧུ་ལཱ་ལེན་ལགས་ཀྱིས་མི་དང་སྲོག་ཆགས་གཞན་དག་བར་དུ་ཁྱད་པར་ཆེན་མོ་འདི་ཆགས་པའི་རྒྱུར་དྲངས་འདུག

  མི་ལོ་ཁྲི་80ལྷག་གི་སྔོན་ནས་བཟུང་འགྲེང་མི་དང་ནེའུ་ཨན་ཏུ་ཐུ་བ་སོགས་ཀྱིས་གློ་བུར་དུ་མེ་བཀོལ་སྤྱོད་བྱེད་བཞིན་ཡོད་ཅིང་། མི་ལོ་ཁྲི་30ལྷག་གི་སྔོན་ནས་བཟུང་མིའི་རིགས་ཀྱིས་མེ་བཀོལ་ནས་ཟས་རིགས་གཡོས་སྦྱོར་བྱེད་བཞིན་ཡོད། དཔེར་ན། མཚན་མོར་མེ་སྒྲོན་པ་དང་། གྲང་ངར་ཆེ་བའི་སྐབས་སུ་ཡང་མེ་སྒྲོན་ནས་དྲོད་བསྡུ་བ། ཟས་རིགས་གཞན་དག་ཀྱང་མེར་བསྲེག་ནས་གཡོས་སྦྱོར་བྱེད་པ་ལྟ་བུའི་རིགས་ལམ་ཐམས་ཅད་བརྙེད་ནས་ཡོད། མེར་བརྟེན་ནས་ཟས་རིགས་གཡོས་སྦྱོར་བྱེད་པའི་རིགས་ལམ་བརྙེད་པ་ནས་བཟུང་མེ་ནི་དགྲ་འཐབ་ཀྱི་ལས་སུ་ཡང་བཀོལ་བཞིན་ཡོད་དེ། མི་ལོ་ཁྲི་15ཙམ་གྱི་སྔོན་ནས་བཟུང་སེང་གེ་དང་སྟག་གཟིག་སོགས་གཅན་གཟན་དག་ཀྱང་མི་རྣམས་རིག་ཚེ་འབྲོ་བཞིན་ཡོད། སྤྱིར་གོང་དུ་བརྗོད་པའི་འགྲེང་མི་དང་ནེའུ་ཨན་ཏུ་ཐུ་བ་སོགས་མི་མཚན་ཉིད་པར་གྱུར་མེད་པས། དེ་དག་ལས་རེ་འགའ་མི་མཚན་ཉིད་པར་དུས་ནམ་ཞིག་ལ་འགྱུར་བའི་ཐད་དུ་ཡོངས་གྲགས་སུ་གཅིག་མཐུན་ཞིག་མེད་ཀྱང་། ཚན་རིག་པ་རྣམས་ཀྱིས་ཕལ་ཆེར་མི་ལོ་ཁྲི་15ཙམ་ནས་དེ་དག་མི་མཚན་ཉིད་པར་གྱུར་ཡོད་པའི་རྒྱུ་མཚན་འདྲེན་བཞིན་ཡོད། མི་ལོ་ཁྲི་7ལྷག་གི་སྔོན་ནས་བཟུང་ཧྥེ་གླིང་ཤར་མ་ནས་མིའི་གཟུགས་སུ་གྱུར་ཟིན་པའི་རིགས་རྣམས་ཀྱང་ཨ་རབ་ཕྱེད་གླིང་དང་ཡོ་རོབ། ཡ་གླིང་གི་སྐམ་ས་ཆེན་མོ་སོགས་སུ་ཁྱབ་པར་གྱུར། རྩོམ་པ་པོས་མིའི་གཟུགས་སུ་གྱུར་ཟིན་པ་རྣམས་ཀྱང་གླིང་ཆེན་དང་གླིང་ཕྲན་དེ་དག་ཏུ་ཕྱིན་ནས་སྔར་ནས་དེ་དག་ཏུ་འཚོས་ཤིང་མིའི་གཟུགས་སུ་གྱུར་ཟིན་པ་རྣམས་ལ་མེ་བཀོལ་བའི་རིགས་ལམ་བསྟན་པར་འདོད་པ་ལས། འགྲེང་མི་ལས་ནེའུ་ཨན་ཏུ་ཐུ་བ་བྱུང་བ་དང་། དེ་ལས་གླིང་གཞན་དག་གི་མི་རྣམས་བྱུང་བའི་རིགས་པ་ཁས་ལེན་གྱིན་མི་འདུག་པས། སྐྱེ་འཕེལ་རྒྱུད་བསྲེས་གཞུང་ལུགས་ཀྱི་ཕྱོགས་ཆ་འགའ་ཞིག་ནི་ཁས་མི་ལེན་པའི་ཟོར་འདྲ་བོ་ཞིག་འདུག་ལ། ཚབ་བྱེད་རིགས་གཞུང་ནི་དེ་ལས་ཀྱང་ཁས་ལེན་གྱིན་མེད་པར་སྣང་སྟེ། ཏན་ནེའུ་སོ་ཝ་བ་རྣམས་དང་སོ་ལོ་བ་སོགས་ནི་མི་ལོ་ཁྲི་5་ཙམ་གྱི་གོང་རོལ་ནས་རྒྱུན་ཆད་ཅིང་། ནེའུ་ཨན་ཏུ་ཐུ་བ་རྣམས་མི་ལོ་ཁྲི་3ཙམ་ལྷག་གི་གོང་རོལ་ནས་ཤུལ་མེད་དུ་གྱུར། མི་ལོ་ཁྲི་12000ལྷག་གི་གོང་རོལ་ནས་ཧྥེའུ་ལོ་ལེ་སུ་བ་རྣམས་ཀྱང་རྒྱུན་ཆད་པར་འདོད།

  དེ་ཡང་མིའི་རིགས་སུ་གྱུར་ཟིན་པའི་རིགས་གཞན་དག་ལས་ང་ཚོ་ཤུལ་དུ་ལྷག་དོན་ཅི་ཡིན་ནམ་ཞེས་པའི་དྲི་བར་རྩོམ་པ་པོས་ང་ཚོ་རང་འབྱུང་ཁམས་ལ་བསྟུན་མཁས་པ་དང་ཕན་ཚུན་ལ་བརྡ་འཕྲོད་པའི་སྐད་ཆ་ཡོད་པས་རེད་ཅེས་ལན་བཏབས་འདུག

  མིའི་རིགས་ཀྱིས་ཐེངས་གཉིས་ལ་ནེའུ་ཨན་ཏུ་ཐུ་བར་འཐབ་འཁྲུག་བྱས་ཤིང་། ཐེངས་རྗེས་མར་ནེའུ་ཨན་ཏུ་ཐུ་བ་རྣམས་འཇིག་རྟེན་དུ་ཤུལ་མེད་པའི་ལམ་དུ་བརྫངས། མིའི་རིགས་ཀྱིས་མི་ལོ་ཁྲི་45000ཙམ་གྱི་གོང་རོལ་ནས་བྱེད་ཐབས་གང་ཞིག་ལ་བརྟེན་ནས་རྒྱ་མཚོ་ཆེན་མོ་བརྒལ་ནས་ཨོ་སི་ཁྲི་རི་ཡཱར་འབྱོར་ཞིང་། དུས་སྐབས་དེ་ཙམ་ནས་མིའི་རིགས་ཀྱིས་གྲུ་དང་སྒྲོན་མེ། མདའ་གཞུ། རིན་པོ་ཆེའི་རིགས་སོགས་བཀོལ་སྤྱོད་དང་བདག་གཉེར་བྱེད་བཞིན་ཡོད་ལ། ད་དུང་ཡང་དུས་སྐབས་དེ་ཙམ་ནས་བཟུང་ཆོས་ལུགས་དང་ཚོང་ལས། སྤྱི་ཚོགས་ཀྱི་གྲལ་རིམ་སོགས་ཀྱང་མངོན་གསལ་དུ་བྱུང་ཟིན་ཡོད་པར་གསུངས།

  མི་ལོ་ཁྲི་7་ནས་མི་ལོ་ཁྲི་5བར་དུ་ཤེས་རྟོགས་གསར་བརྗེ་ཞེས་སྦྱར་ཡོད་ཅིང་། དེ་ཡང་ཤེས་རྟོགས་གསར་བརྗེའམ་ཤེས་རབ་འཕེལ་རྒྱས་ཀྱི་རྒྱུ་ཡང་སྙིང་གང་ཞིག་ཡིན་པ་དང་། རྒྱུ་དེ་ཡང་ང་ཚོ་མིའི་རིགས་ཀྱི་ཀླད་པ་ལས་ནེའུ་ཨན་ཏུ་ཐུ་བ་རྣམས་ཀྱི་ཀླད་པའི་ནང་དུ་ཡོད་མི་སྲིད་པའི་རྒྱུ་མཚན་གང་ཞིག་ཡིན་ནམ་ཞེས་པའི་དྲི་བ་སུས་ཀྱང་ལན་འདེབས་མི་ཐུབ་པའི་གནས་སུ་གྱུར་ཡོད་ཅིང་། ཞིབ་འཇུག་པ་ཕལ་མོ་ཆེས་ནི་མིའི་རིགས་ཀྱི་ཤེས་པ་རུ་གསར་བརྗེའི་རང་བཞིན་ནམ་ཆོས་ཉིད་ཅིག་ཡོད་ཅེས་ལན་འདེབས་བཞིན་ཡོད། རྩོམ་པ་པོས་མིའི་རིགས་ཀྱི་སྐད་ཆ་ནི་འཇིག་རྟེན་གྱི་ཆེས་ཐོག་མའི་སྐད་ཆ་མིན་པར། སྲོག་ཆགས་ཐམས་ཅད་ལ་རིགས་མཐུན་ཕན་ཚུན་ལ་བརྡ་འཕྲོད་པའི་སྐད་ཆ་རེ་ཡོད་པར་འདོད་བཞིན་ཡོད།

  རྩོམ་པ་པོས་ང་ཚོ་མིའི་རིགས་ནི་སྤྲ་ནག་ལས་བྱུང་བར་འདོད་ཅིང་། སྤྱི་ཚོགས་གྲལ་རིམ་ཡང་ང་ཚོ་མིའི་རིགས་ཀྱི་དམིགས་བསལ་གྱི་སྒྲིག་གཞི་ཙམ་མ་ཡིན་པར། སྤྲ་ནག་ལ་ཡང་སྤྱི་ཚོགས་གྲལ་རིམ་གྱི་ཁྱད་ཆོས་ཤིག་ལྡན་པར་བཞེད་དེ། སྤྲ་ནག་གི་འགོ་དཔོན་གྱིས་སྤྲ་ནག་ཚོགས་པ་ཡི་བདེ་འཇགས་ལ་དམིགས་བསལ་གྱིས་དོ་སྣང་བྱེད་ཅིང་། ཕན་ཚུན་རྡུང་རེས་བྱེད་ཚེ་བར་འདུམ་བྱེད་པ་སོགས་ཀྱི་ལས་བྱེད་པ་ཡིན། ཡོངས་ཁྱབ་ཏུ་སྤྲ་ནག་ཚོགས་པ་ཞིག་གི་འགོ་དཔོན་ནི་གང་དེའི་ཁྲོད་ཀྱི་དཔའ་ངར་ལྡན་པ་གང་དེས་བྱེད་སྲོལ་ཡོད་ལ། སྤྲ་རིགས་ཀྱིས་རྒྱུན་ལྡན་དུ་ཕན་ཚུན་ལ་འབྲེལ་འདྲིས་བྱེད་ཅིང་། ཟས་རིགས་མཉམ་ཟ་དང་། དཀའ་ལས་དང་འཕྲད་ཚེ་ཕན་ཚུན་ལ་རོགས་རེས་བྱེད་པ་ཡིན། མ་ཟད་སྤྲ་རིགས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་ཟབ་མོ་བྱེད་དེ། ཕན་ཚུན་གྱི་གདོང་ལ་མ་རེག་པ་དང་། ཕན་ཚུན་རྡུང་རེས་བྱས་མ་མྱོང་ན་ནི་ཁོ་ཚོ་སུས་ཀྱང་ཕན་ཚུན་ལ་ཡིད་ཆེས་བྱེད་ཆོག་མིན་མི་ཤེས་པའོ།། ད་དུང་ཡང་སྤྲ་རིགས་ཀྱི་ཚོགས་པ་གཅིག་ལ་སྤྲ་ནག་ཉི་ཤུ་ནས་ལྔ་བཅུའི་བར་དུ་ཡོད་ཅིང་། རིམ་གྱིས་ཚོགས་མི་ཇེ་མང་དུ་ཕྱིན་པ་ལ་བརྟེན་ནས་སྒྲིག་གཞི་ལ་ཡང་འགྱུར་བ་འགྲོ་བཞིན་ཡོད་པས། སྤྲ་ནག་རེ་འགའ་ཚོགས་པ་དང་བྲལ་ནས་ཚོགས་པ་གཞན་དུ་འགྲོ་ཞིང་། སྤྲ་རིགས་ཀྱི་ཚོགས་སྡེ་མང་ཉུང་ཡང་ཅི་རིགས་སུ་ཡོད་པས་ཚོགས་པ་གཞན་གྱི་གནས་ས་དང་ཟས་རིགས་སོགས་འཕྲོག་ཕྱིར་འཐབ་འཁྲུག་ཀྱང་བྱེད་པ་ཡིན་ལ། དེ་ཡང་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་དམག་དྲངས་པ་དང་མཚུངས་པར་སྤྲ་རིགས་ཀྱིས་ཀྱང་འཐབ་འཁྲུག་བྱེད་སྐབས་སུ་ཚོགས་སྡེ་ཚོགས་སྡེ་བྱས་ནས་ཕན་ཚུན་ལ་དམག་དྲངས་པ་བཅས་སོ།།

  རྩོམ་པ་པོས་ཀྱང་མིའི་རིགས་ཀྱིས་འཚོ་བའི་སྒྲིག་གཞི་དང་བྱ་བྱེད་ཐམས་ཅད་ཀྱང་སྤྲ་རིགས་ལས་བྱུང་བར་འདོད་ཅིང་། དེ་ཡང་མིའི་རིགས་སྤྲ་རིགས་ལས་བྱུང་བ་ཡིན་ན་ནི་གང་དེའི་གཤིས་ལུགས་ཐམས་ཅད་ཀྱང་སྤྲ་རིགས་ལས་འབྱུང་ངེས་པ་ཡིན། དོན་གྱི་གནད་འདི་མཐོང་བ་ན་ང་ཚོས་ཡང་བསྐྱར་གདོད་མའི་ལོ་རྒྱུས་ཀྱི་བྱུང་རིམ་ལ་རྒྱུས་ལོན་དང་འགྲེལ་གསར་བ་གནང་དགོས་པར་མཐོང་།

  མིའི་རིགས་འདི་ལྟར་འཕེལ་རྒྱས་ཆེན་མོ་ཞིག་འབྱུང་དོན་ཡང་གཞན་དུ་ན་སྲོག་ཆགས་གཞན་དག་དང་མི་འདྲ་བར་སྤར་ཁའི་ནུས་པ་དམིགས་བསལ་བ་ཞིག་ཡོད་པར་རགས་ལས་ཡོད་པར་འདོད་ཅིང་། དེ་ཡང་དེ་ལ་བརྟེན་ནས་མིའི་རིགས་ཀྱིས་ཡང་སྙིང་ཇི་ལྟར་དེང་རབས་ཀྱི་རྒྱལ་ཁབ་དང་། དུས་རབས་བར་མའི་ཆོས་ཁང་། གནའ་བོའི་མཁར་གྲོང་སོགས་གསར་བསྐྲུན་བྱེད་ཐུབ་པ་ཡིན་ནམ་ཞེ་ན་དེ་ཡང་སུས་ཀྱང་ལན་འདེབས་མི་ཐུབ་པའི་དྲི་བ་ཞིག་ལས་མ་འདས། དེ་ཡང་རྩོམ་པ་པོས་ཚོགས་སྤྱིའི་འཆར་སྣང་དུ་ཉལ་བའི་རྫུན་མའི་གཏམ་བརྒྱུད་ཅིག་ལ་རགས་ལས་པར་འདོད་ནས་ཡོད། གང་ལྟར་ཡང་མཐར་དེད་ན་མིའི་རིགས་ཀྱི་ཤེས་རབ་ཀྱི་ཚད་ཐིག་ལ་རགས་ལས་ནས་ཡོད་པར་སྣང་སྟེ། གནའ་རབས་ཀྱི་ལྷ་སྒྲུང་དུ་ལྷ་རབས་བཤད་པ་དང་། དེང་སྐབས་ང་ཚོས་གནའ་རབས་ཀྱི་ལོ་རྒྱུས་བཤད་པའི་སྐབས་སུ་ཕལ་ཆེར་འདི་འདྲ་ཞིག་ཡིན་པར་སྣང་ཞེས་སྨྲས་པ་གཉིས་གཅིག་པ་གཅིག་རྐྱང་རེད། ཐམས་ཅད་ཤེས་རབ་ཀྱི་ཚད་ཐིག་ལ་རགས་ལས་ཡོད་པ་རེད་སྙམ་ཞེས་པ་མིའི་རིགས་ཀྱི་ལོ་རྒྱུས་སྤྱི་བཤད་བཀླགས་པའི་མྱོང་ཚོར་བྲིས་པ་ལེའུ་དང་པོ་རྫོགས་སོ།། །།

  སྤྱིར་གདོད་མའི་དུས་ཀྱིས་ཀྱི་མི་རྣམས་ཀྱིས་བསམ་བློ་གཏོང་ཕྱོགས་དང་འཚོ་བ་རོལ་སྟངས་སོགས་ནི་གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས་ཀྱང་ཚོད་དཔག་དཀའ་བའི་གནས་སུ་གྱུར་ཡོད། དེ་ཡང་འདི་ལྟ་སྟེ། ད་ལྟ་ས་འོག་རྔོགས་འདོན་ལས་བྱུང་བའི་གནའ་རྫས་ཕལ་མོ་ཆེ་ནི་མིའི་རིགས་ཀྱིས་གཏན་སྡོད་ཀྱི་འཚོ་བའི་དུས་རིམ་འགོ་བཟུང་ནས་མཁར་གྲོང་བཙུགས་པའི་དུས་རབས་ཚུན་ཆད་ལས་དེའི་གོང་དུ་ཡར་འདེད་ཐུབ་ཀྱིན་མེད། ད་ལྟ་ནས་མི་ལོ་ཁྲི་ལྷག་འདས་པའི་རྗེས་སུ་གནའ་རྫས་རྟོག་ཞིབ་རིག་པ་བ་རྣམས་ཀྱིས་ད་ལྟའི་འཛམ་གླིང་གི་གནས་སོ་སོའི་འཚོ་བ་སྐྱེལ་སྟངས་དང་བསམ་བློ་གཏོང་ཕྱོགས་སོགས་ལ་རྒྱུས་ལོན་བྱེད་དགོས་ན་དེ་ནི་ལས་སླ་བོར་ཆགས་ཡོད། འོན་ཀྱང་། ད་ལྟ་ང་ཚོས་མི་ལོ་ཁྲི་ལྷག་གི་གོང་རོལ་གྱི་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་དང་བསམ་བློ་གཏོང་ཕྱོགས་སོགས་ལ་ཞིག་འཇུག་བྱེད་དགོས་ན་སྐབས་དེར་མིའི་རིགས་གནས་གཅིག་ཏུ་གཏན་སྡོད་ཀྱི་འཚོ་བའི་འགོ་བཟུང་མེད་པར། གཟའ་འཁོར་གཅིག་གམ་ཐ་ན་ཉིན་གཅིག་ལ་ཡང་གནས་ས་གཅིག་ནས་མི་འདུག་པར་གནས་ངེས་མེད་དུ་སྤོར་གྱིན་ཡོད་ཅིང་། དེ་ལ་བརྟེན་ནས་འཚོ་བའི་ཁྲོད་དུ་བཀོལ་སྤྱོད་བྱེད་པའི་དངོས་པོ་ཡང་གང་སར་འཁྱེར་བདེ་ཙམ་ལས་མེད་པས། གནའ་རྫས་རྟོག་ཞིབ་བརྟེན་ནས་དེ་དག་ཤེས་ཐབས་བྲལ་ཡོད།

  དེས་ན་ཐབས་གཞན་གཅིག་ནི་མིའི་རིགས་རིག་པ་ལ་བརྟེན་ནས་ད་ལྟ་གནས་བཞིན་པའི་རྔོན་པའི་སྡེ་བ་དག་ལ་རྒྱུས་ལོན་བྱེད་པ་ནི་ཐབས་ཉག་གཅིག་ཡིན། འོན་ཀྱང་། དེ་དག་ལ་ཡང་རྗེས་སུ་ཞིང་ལས་གསར་བརྗེ་དང་། མཁར་གྲོང་། བཟོ་ལས་གསར་བརྗེ་སོགས་ཀྱིས་ཤུགས་རྐྱེན་ངེས་ཅན་ཐེབས་ཟིན་པས། དེ་དག་གི་འཚོ་བ་སྐྱོང་སྟངས་ཀྱང་མཐའ་གཅིག་ཏུ་གདོད་མའི་དུས་ཀྱི་མིའི་རིགས་ཀྱི་འཚོ་བ་སྐྱེལ་སྟངས་ཡིན་པའི་ངེས་མེད།

  དེའི་ཐད་དུ་རིམ་འགྱུར་སེམས་ཁམས་རིག་པ་བས་འདི་ལྟར་བཞེད་དེ། གདོད་མའི་དུས་ཀྱི་མིའི་རིགས་ལ་ཁྱོ་གཅིག་ཤུག་གཅིག་གི་ལམ་སྲོལ་བཞིན་ཁྱིམ་ཚང་གཅིག་རེ་གཅིག་རེ་བྱས་ནས་འདུག་སྲོལ་རྩ་བ་ནས་མེད་པར། ཚོགས་སྡེ་གཅིག་ཁྱིམ་གཅིག་བྱས་ནས་མཉམ་དུ་གནས་ཤིང་། མི་སྒེར་གྱི་རྒྱུ་ནོར་ཟེར་བ་ཞིག་ཀྱང་ཡོད་པ་མིན་ལ། མ་ཟད་ཁྱོ་གཅིག་ཤུག་གཅིག་བྱས་ནས་གཉེར་སྡེབ་པའི་སྲོལ་ཡང་ཡོད་པ་མིན། གཞན་དུ་ཕ་ཡབ་ཅེས་པའི་ལྟ་བ་ཡང་ཡེ་ནས་མེད་པས། ཚོ་བའི་ནང་གི་བུད་མེད་རྣམས་ཀྱིས་དུས་གཅིག་ལ་སྐྱེས་པ་དུ་མར་འཁྲིག་སྤྱོད་བྱས་ནས་མཛའ་བརྩེ་བྱེད་ཆོག་ཅིང་། ཚོ་བའི་ནང་གི་སྐྱེས་པ་དང་སྐྱེས་སྨན་ཐམས་ཅད་ཀྱིས་མཉམ་དུ་བྱིས་པ་ཡོད་ཚད་གཉོར་སྐྱོང་བྱེད་བཞིན་ཡོད། དེའི་ཕྱིར། སྐྱེས་པ་ཐམས་ཅད་ལ་བྱིས་པ་གང་ཞིག་ནི་རང་ཉིད་ཀྱི་ཡིན་པའི་ངེས་ཤེས་མེད་པས། ཚོ་བའི་ནང་གི་བྱིས་པ་ཐམས་ཅད་གཉོར་སྐྱོང་བྱེད་པར་ཕྱོགས་ལྷུང་གི་བསམ་པ་འདྲ་ཡོད་མི་སྲིད། འོན་ཀྱང་། ཞིབ་འཇུག་པ་མང་ཆེ་བས་ལྟ་བ་འདི་ལ་དགག་པ་ཆེན་མོ་གཏོང་བཞིན་ཡང་ཡོད།

  རྩོམ་པ་པོ་ལགས་ཀྱིས་ཞིང་ལས་གསར་བརྗེའི་སྔོན་དུ་མིའི་རིགས་ཀྱིས་རྡོ་ཆས་སྤྱོད་བཞིན་ཡོད་པས། དུས་རབས་དེ་ལ་རྡོ་ཆས་དུས་རབས་ཞེས་འབོད་བཞིན་པ་འདི་གནའ་རྫས་རྟོག་ཞིབ་རིག་པ་བས་བསྐྱེད་པའི་ནོར་འཁྲུལ་ཞིག་ཡིན་ཏེ། ང་ཚོས་རྡོ་ཆས་དུས་རབས་སུ་འབོད་པ་ཐམས་ཅད་ཀྱང་དོན་ལ་ཤིང་ཆས་དུས་རབས་ཡིན་ཏེ། སྐབས་དེར་རྔོན་པ་ཐམས་ཅད་ཀྱིས་ལག་ཆ་ཕལ་མོ་ཆེ་ནི་ཤིང་རིགས་ཡིན་པས་སོ་ཞེས་གསུངས་འདུག

  འགྲོ་བ་མིའི་རིགས་ཀྱིས་ཐོག་མའི་དུས་སུ་རྔོན་བྱེད་པ་ལས་འཚོ་བའི་འགོ་བཟུང་བས། གང་དེའི་གདོད་མའི་དུས་སྐབས་ཀྱི་འཚོ་བ་སོགས་ལ་རྒྱུས་ལོན་བྱེད་དགོས་ན་ད་ལྟར་གནས་པའི་རྔོན་པའི་སྤྱི་ཚོགས་ལ་རྒྱུས་ལོན་བྱེད་པ་ནི་མ་འཁྲུལ་བའི་ཐབས་ཤིག་ཡིན། དེ་ལ་ཡང་དཔེར་བརྗོད་ལེགས་པོ་ཞིག་ནི་ཡོ་རོབ་པ་དག་ཐོག་མར་ཨོ་སུ་ཁྲུ་རི་ཡཱར་འབྱོར་བའི་སྐབས་སུ་གནས་དེའི་ཚོ་བ་སོ་སོའི་བར་དུ་ཁྱད་པར་ཆེན་མོ་ཞིག་ཡོད་ཅིང་། དབྱིན་ཇི་རྒྱལ་ཁབ་ཀྱིས་ཨོ་སུ་ཁྲུ་རི་ཡཱར་བཙན་འཛུལ་མ་བྱས་པའི་སྔོན་དུ་ཡུལ་ལུང་གང་དེར་རྔོན་པ་ཁྲི་བདུན་ཅུ་ཡས་མས་ཤིག་ཡོད་ཅིང་། ཚོགས་སྡེ་དྲུག་བརྒྱ་ཡས་མས་ཤིག་ཀྱང་ཡོད། ཚོགས་སྡེ་རེ་རེ་ལ་ཡང་སྡེ་བ་དུ་མ་ཡོད་ལ། ཚོགས་སྡེ་རེ་རེ་ལ་རང་རང་གི་སྐད་ཆ་དང་ཆོས་ལུགས། སྒྲིག་ཁྲིམས། གོམས་སྲོལ་སོགས་མི་འདྲ་བ་རེ་ཡོད། ཞིང་ལས་གསར་བརྗེ་མ་བྱུང་བའི་གོང་དུ་འཛམ་གླིང་འདིར་རྔོན་པ་ཁྱོན་ཁྲི་བརྒྱད་བརྒྱ་ཡས་མས་ཤིག་ཡོད་ཅིང་། དེ་དག་ཐམས་ཅད་ལ་རང་རང་གི་སྐད་ཆ་དང་རིག་གནས། ཚོ་བ་སོགས་ཡོད་པ་ཐམས་ཅད་ཀྱང་དོན་ལ་ཤེས་རྟོག་གསར་བརྗེའི་གྲུབ་འབྲས་ཤིག་ཡིན།

  གོང་དུ་ཞུས་ཟིན་པ་བཞིན་ཨོ་སུ་ཁྲུ་རི་ཡཱའི་རྔོན་པའི་ཚོགས་སྡེ་དེ་དག་ལ་ཡང་མི་ལོ་ཁྲི་བདུན་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ཡོད་པས། ང་ཚོས་མིའི་རིགས་རིག་པ་ལ་བརྟེན་ནས་ད་ལྟར་ཡུལ་ལུང་གང་དེར་གནས་པའི་རྔོན་པའི་ཚོགས་སྡེ་ལས་གདོད་མའི་དུས་ཀྱི་མིའི་རིགས་ཀྱི་འཚོ་བ་སྐྱེལ་སྟངས་དང་བསམ་བློ་གཏོང་ཕྱོགས་སོགས་ལ་རྒྱུས་ལོན་བྱེད་ཆོག་ཀྱང་། དེ་ལ་ཡང་རྗེས་ཀྱི་བཟོ་ལས་གསར་བརྗེ་དང་སྤྱི་ཚོགས་གཞན་པའི་ཤུགས་རྐྱེན་ཐེབས་ཡོད་པས། རེ་འགའ་ལས་ཐམས་ཅད་གདོད་མའི་དུས་ཀྱི་འཚོ་བ་རོལ་སྟངས་ཡིན་པའི་ངེས་མེད།

  ཞིང་ལས་གསར་བརྗེ་དང་བཟོ་ལས་གསར་བརྗེའི་སྔོན་གྱི་བྱུང་བ་བརྗོད་པ་ལ་མི་ཕལ་མོ་ཆེ་ཚོ་བའི་ནང་དུ་གནས་ཡོད་ཅིང་། ཚོ་བ་རེ་ལ་ཉུང་ན་མི་མགོ་བཅུ་དང་མང་ན་མི་མགོ་བརྒྱ་ཙམ་ལས་མེད། སྐབས་དེར་ཚོ་བ་དེ་དག་གི་གྲུབ་ཆ་ལ་ཡང་མི་ཁོ་ན་ལས་མེད། ནོར་ཕྱུགས་ནི་དེའི་རྗེས་ཀྱི་དོན་དག་ཅིག་རེད།

  སྲོག་ཆགས་ཐམས་ཅད་ལས་མི་དང་འགྲོ་སྔ་ཤོས་ནི་ཁྱི་ཡིན། འདིའི་ཐད་དུ་ཆེད་གཉེར་ཞིབ་འཇུག་པ་རྣམས་ལ་མི་མཐུན་ཡོད་ཀྱང་། རྒྱུགས་ཆེ་བ་ནི་མི་ལོ་15000གི་སྔོན་ནས་སྒོ་ཁྱི་ཡོད་པར་འདོད། ཁྱིས་རྔོན་བྱེད་པ་དང་འཐབ་འཛིང་བྱེད་པ་ལས་གཞན་སྲོག་ཆགས་གཞན་པས་མིའི་རིགས་ལ་འཇབ་རྒོལ་བྱེད་བཞིན་ཡོད་མེད་སོགས་ཀྱི་བརྡ་ཡང་གཏོང་ནུས་པས། ཁྱི་ཡང་མི་དང་འགྲོགས་ནས་འགྱུར་བ་རྒྱུན་མི་ཆད་པར་བྱུང་ནས་དུས་ད་ལྟ་ལ་ཐུག་ཡོད།

  གོང་དུ་ཞུས་པ་ལྟར་གདོད་མའི་དུས་སུ་ཚོ་བ་དུ་མ་ཡོད་ཀྱང་། དེ་དག་ཐམས་ཅད་གནས་གཅིག་ཏུ་མི་སྡོད་པར་ཉིན་གཅིག་གཉིས་ཙམ་གྱིས་གནས་གཞན་དུ་སྤོ་བཞིན་ཡོད། འོ་ན་མིའི་རིགས་ཀྱི་ལོ་རྒྱུས་སུ་གནས་གཅིག་ཏུ་གཏན་སྡོད་ཀྱི་ཚོ་བ་ཞིག་དུས་ནམ་ཞིག་ལ་བྱུང་བ་རེད་ཅེ་ན། དེ་ནི་ཧ་ལམ་མི་ལོ་12000ཏེ་ཞིང་ལས་གསར་བརྗེ་མ་བྱུང་བའི་སྔོན་ཙམ་ནས་བྱུང་ཡོད།

  དིང་སྐབས་མི་རྣམས་ཀྱིས་གདོད་མའི་མི་རྣམས་དང་བསྡུར་ན་ཤེས་བྱ་འཕེལ་རྒྱུས་ཆེན་མོར་ཕྱིན་ཡོད། འོན་ཀྱང་། མི་སྒེར་གྱི་ངོས་ནས་བསྡུར་ན་གདོད་མའི་མི་རྣམས་ནི་ལོ་རྒྱུས་ཁྲོད་དུ་རིག་པ་སྣ་མང་ཅན་དང་རྩལ་ནུས་ཁྱད་འཕགས་ཅན་གྱི་རིགས་ཤིག་རེད།

  རྔོན་པའི་དུས་རབས་ཀྱི་རྗེས་ནས་མི་རྣམས་ཀྱི་རིམ་བཞིན་དུ་ཉམས་འགྲོ་བཞིན་ཡོད་ཅིང་། རྔོན་པའི་དུས་རབས་སམ་གདོད་མའི་དུས་རབས་སུ་མི་རྣམས་ལ་ཁྱད་འཕགས་ཀྱི་ཤེས་རབ་ཀྱི་ནུས་པ་ཞིག་ཡོད་མོད། འོན་ཀྱང་། ཞིང་ལས་དང་བཟོ་ལས་ཀྱི་དུས་རབས་ནས་བཟུང་མི་རྣམས་གཞན་གྱི་ནུས་རྩལ་ལ་བརྟེན་ནས་འཚོ་བ་རོལ་བའི་འགོ་བཟུང་བས་ཐམས་ཅད་ཁྱད་འཕགས་ཀྱི་ཤེས་རབ་མེད་པའི་རིགས་སུ་འགྱུར་བཞིན་ཡོད།

  དེང་རབས་ཀྱི་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་ཀྱི་མི་རྣམས་ཀྱིས་སྤྱི་བཏང་དུ་གཟའ་འཁོར་གཅིག་ཏུ་དུས་ཚོད་བཞི་བཅུ་ནས་ཞེ་ལྔའི་བར་དུ་ལས་ཞུགས་བྱེད་བཞིན་ཡོད་ཅིང་། གདོད་མའི་དུས་སྐབས་སུ་དབུལ་བོའི་རྔོན་པ་རྣམས་ཀྱིས་ཀྱང་གཟའ་འཁོར་གཅིག་ཏུ་དུས་ཚོད་སོ་ལྔ་ནས་ཞེ་ལྔའི་བར་མ་གཏོགས་རྔོན་བྱེད་ཀྱིན་མེད། ཁོང་ཚོས་ཉིན་གསུམ་ལ་རྔོན་བྱེད་པའི་དབང་དུ་བཏང་ན་ཉིན་རེར་དུས་ཚོད་གསུམ་ནས་དྲུག་གི་བར་མ་གཏོགས་རྔོན་བྱེད་མི་དགོས་པར་ཚོ་བ་ཡོངས་ཀྱི་ཁ་གསོ་ཐུབ་པས། ད་དུང་ཁྱིམ་དུ་ལོག་ཚེ་ཟས་སྣོད་བཀྲུ་བ་དང་། ཁྱིམ་གཙང་བ། གོས་བཀྲུ་བ་སོགས་ཀྱི་ལས་བྱེད་མི་དགོས། ཞིང་ལས་དང་བཟོ་ལས་ཀྱི་དུས་སྐབས་སམ་དིང་དུས་ཀྱི་དུས་སྐབས་དང་བསྡུར་ན་དེ་ལྟ་བུའི་འཚོ་བ་ནི་ཤིན་ཏུ་བདེ་སྐྱིད་དང་ལྡན་པ་ཞིག་རེད།

  གཞན་དུ་གདོད་མའི་དུས་ཀྱི་ཚོ་བ་ཐམས་ཅད་དུས་ངེས་མེད་དང་གནས་ངེས་མེད་རུ་སྤོ་ནས་འགྲོ་བས་ནད་ཡམས་སོགས་ཀྱིས་གོས་མི་ཐུབ་ཅིང་། ཞིང་ལས་གསར་བརྗེ་དང་བཟོ་ལས་སོགས་དར་བའི་རྗེས་ནས་ནད་ཡམས་ཐམས་ཅད་མིའི་རིགས་ཀྱི་ལུས་ཐོག་ཏུ་འགོ་བའི་འགོ་བཟུང་བ་རེད། ཆེད་གཉེར་ཞིབ་འཇུག་པ་རྣམས་ཀྱིས་གདོད་མའི་དུས་སྐབས་ཀྱི་འཚོ་བ་འདི་ལ་རྫོགས་ལྡན་སྤྱི་ཚོགས་ཞེས་འབོད་ཀྱིན་ཡོད།

  གཞན་དུ་ན་གདོད་མའི་དུས་སྐབས་ཀྱི་མིའི་རིགས་ནི་ལྷ་ཀུན་ཁྱབ་སྨྲ་བའི་རིགས་སུ་གཏོགས་པ་ལས་གཞན། ང་ཚོས་དེ་དག་གིས་ལྷ་གང་ཞིག་ལ་དད་པ་བྱེད་པ་དང་། ཆོས་ལུགས་ཇི་ལྟ་བུ་ཞིག་ཡིན་པ། དུས་མཆོད་གང་ཞིག་ལ་རོལ་བཞིན་ཡོད་པ། གཏམ་རྒྱུད་གང་ཞིག་བཤད་བཞིན་ཡོད་པ་སོགས་བརྗོད་ན་རབ་རིབ་ཙམ་ལས་ཡོང་མི་སྲིད་པས། འདི་ནི་ང་ཚོས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་བཤད་པར་སྟོང་ཆ་ཆེན་མོ་ཞིག་ཡིན། དཔེར་ན། སུའུ་ལེན་གྱི་གནའ་རྫས་རྟོག་ཞིབ་རིག་པ་བ་སུང་ཞེར་ལགས་ཀྱིས་སྤྱི་ལོ་1955ལོར་མི་ལོ་ཁྲི་གསུམ་ཡར་སྔོན་གྱི་རོ་དུང་ཞིག་རྙེད་ཅིང་། དེར་སྐྱེས་པ་ཞིག་གི་ཀེང་རུས་ཤིག་རྙེད་པ་དེ་དང་མཉམ་དུ་གླང་སོ་གསུམ་སྟོང་ཡོད་པའི་ཕྲེང་བ་ཞིག་དང་། ཝ་སོས་སྟར་བའི་ཞྭ་ཞིག་ཀྱང་བརྙེད། དེའི་རྗེས་སུ་གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས་རོ་དུང་གཞན་ཞིག་རྙེད་ཅིང་། དེའི་ནང་དུ་སྐྱེས་པ་ལོ་བཅུ་གསུམ་ཙམ་གྱི་ཀེང་རུས་དང་། སྐྱེས་མ་ལོ་བཅུ་ཙམ་གྱི་ཀེང་རུས་ཤིག་འདུག་པ་དང་། སྐྱེས་པའི་ལུས་སྟེང་དུ་གླང་ཆེན་གྱི་སོ་ལྔ་སྟོང་གིས་གྲུབ་པའི་ཕྲེང་བ་ཞིག་ཡོད་ཅིང་། སྐྱེས་མའི་ལུས་སྟེང་དུ་ཝ་སོ་གཉིས་བརྒྱ་ལྔ་བཅུ་ཙམ་གྱིས་གྲུབ་པའི་ཞྭ་ཞིག་འདུག་པ་བཅས་སོ།།

  གནད་དོན་འདིའི་ཐད་དུ་ཡང་ཆེད་མཁས་པ་རྣམས་ཀྱིས་ལྟ་ཚུལ་རིགས་མི་འདྲ་བ་དུ་མ་བཏོན་ཡོད་པ་གཤམ་གསལ།

  གཅིག བྱིས་པ་དེ་གཉིས་ཀྱིས་རང་ཉིད་ཚོ་བའི་ཚོ་དཔོན་ཡིན་པ་མཚོན་པའམ་རྔོན་པའི་རིགས་ཤིག་རེད།

  གཉིས། བྱིས་པ་འདི་གཉིས་ཀྱིས་ཕ་མའི་རྒྱན་བཏག་འདུག

  གསུམ། མི་ཤི་བའི་ཚེ་ན་སྤེལ་བའི་ཆོ་ག་ཞིག་རེད།

  བཞི། དམར་མཆོག་གི་ཆོ་ག་ཞིག་རེད་ཅེས་པ་བཅས་སོ།།

  ལྟ་ཚུལ་རིགས་མི་མཐུན་འདི་བཞི་ལས་ང་ཚོས་མཐོང་ཐུབ་པ་ནི་གདོད་མའི་དུས་སྐབས་ཀྱི་སྤྱི་ཚོགས་ལ་རྒྱུས་ལོན་བྱེད་པར་ཐམས་ཅད་རབ་རིབ་ཏུ་འགྲོ་བ་དེའོ།།

  རྩོམ་པ་པོ་ན་རེ། མིའི་རིགས་དང་ཚེ་སྲོག་གཞན་གྱི་བར་དུ་བཀག་ཆ་ཅི་ཡང་མེད་པ་དེ་བཞིན་མིའི་རིགས་དང་ཚེ་སྲོག་གཞན་གྱི་བར་དུ་མཐོ་དམན་གྱི་ཁྱད་པར་ཡང་ཡོད་པ་མིན། སྲོག་ཆགས་གཞན་དག་འཚོ་ཞིང་གནས་པ་ཡང་མིའི་རིགས་ལ་རམ་འདེགས་སྒྲུབ་པའི་ཆེད་དུ་མིན་ལ། དེ་དག་འཇིག་རྟེན་ཧྲིལ་བོ་ལག་མཐིལ་དུ་བཟུང་བའི་ལྷ་ཡང་མིན། འཇིག་རྟེན་འདི་མིའི་རིགས་དང་ཚེ་སྲོག་དམིགས་བསལ་བ་ཞིག་གི་ཆེད་དུ་འཁོར་བཞིན་པ་མིན་ཞེས་གསུངས་འདུག་ཅིང་། ལྟ་ཚུལ་འདི་ནི་དམིགས་བསལ་བ་ཞིག་རེད་དེ། དབྱི་སུ་ལམ་གྱི་ཆོས་ལུགས་ལ་དད་འདུན་བྱེད་པའི་མི་ཞིག་གིས་འདི་ལྟར་གསུངས་པ་ནི་ལས་སླ་བོ་མིན་པ་འདྲ།

  མིའི་རིགས་ཀྱིས་མི་ལོ་ཁྲི་250རིང་དུ་རྔོན་པའི་འཚོ་བ་སྐྱེལ་ནས་ཡོང་བ་ཡིན་ཞིང་། མི་ལོ་ཁྲི་གཅིག་ཙམ་གྱི་སྔོན་དུ་འགྱུར་བ་ཆེན་མོ་ཞིག་བྱུང་ནས་མིའི་རིགས་ཀྱིས་སེམས་ཤུགས་ཡོད་ཚད་སྲོག་ཆགས་གཞན་དག་འདུལ་སྦྱོང་ལ་འབད་པའི་ལས་སུ་ཞུགས། མིའི་རིགས་ཀྱི་འཚོ་ཐབས་བྱེད་སྟངས་ལས་ཞིང་ལས་གསར་བརྗེ་བྱུང་བར་ངེས།

  རྔོན་པའི་རིགས་ཞིང་ལས་པར་འགྱུར་བའི་དུས་རིམ་ནི་ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ་9500ནས་ལོ་8500མཚམས་ཙམ་དུ་ཁེལ་ཡོད་ཅིང་། འགྱུར་བ་འདིའི་རྒྱུན་རིང་བོར་བརྟེན་པས་མཇུག་མཐར་ས་མཚམས་དབྱེ་བའི་སྲོལ་ཡང་བྱུང་བ་ཡིན། མིའི་རིགས་ཀྱིས་སྒོ་ཕྱུགས་སོགས་འདུལ་སྦྱོང་གི་འགོ་བཟུང་བའི་དུས་རིམ་ནི་ཧ་ལམ་སྤྱི་ལོ་སྔོན་གྱི་9000ཙམ་ཡིན་ཅིང་། སྤྱི་ལོ་སྔོན་གྱི་ལོ་9000ཙམ་ནས་སྤྱི་ལོ་སྔོན་གྱི་ལོ་3500ཙམ་གྱི་བར་དུ་སྲོག་ཆགས་གཞན་དག་འདུལ་སྦྱོང་བྱེད་པའི་ལས་ཀ་སྒྲུབ་ཅིང་། སྤྱི་ལོ་སྔོན་གྱི་ལོ་3500ཙམ་ནས་སྲོག་ཆགས་འདུལ་སྦྱོང་གི་ལས་ཀ་མཇུག་སྒྲིལ་ཡོད། སྤྱིར་ཞིང་ལས་གསར་བརྗེ་ནི་ཤར་དཀྱིལ་དང་རྒྱ་ནག མེ་གླིང་དཀྱིལ་མ་སོགས་ནས་ཐོག་མར་དར་བ་ལས་ཨོ་སི་ཁྲུ་རུ་ཡཱ་དང་ཨ་རབ་སུ་ཅཱ། ཧྥེ་གླིང་ལྷོ་མ་སོགས་ནས་མི་དར་བའི་རྒྱུ་མཚན་ཅི་ནམ་ཞེ་ན། རྒྱུ་མཚན་ཤིན་ཏུ་སླ་སྟེ། སྲོག་ཆགས་དུ་མ་ཞིག་འདུལ་སྦྱོང་བྱེད་ཐབས་མེད་པས། དམིགས་བསལ་གྱི་ཁྱད་ཆོས་འདི་ལྡན་པའི་གནས་སུ་ཞིང་ལས་གསར་བརྗེ་བྱུང་བ་ཡིན་ནོ།།

  རྩོམ་པ་པོ་ལགས་ཀྱིས་ཞིང་ལས་གསར་བརྗེ་བྱུང་བ་ནས་བཟུང་མིའི་རིགས་ཀྱིས་རྔོན་ལས་བྱེད་སྐབས་ཀྱི་དཀའ་སྡུག་ཐམས་ཅད་དོར་ནས་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཞིང་ལས་བྱས་ཤིང་། དེ་ཡང་འཕེལ་རྒྱས་ཆེན་མོ་ཞིག་ཡིན་པར་བཤད་པའི་ལྟ་ཚུལ་ལ་དགག་པ་ནན་མོ་བྱེད་བཞིན་ཡོད་ཅིང་། ཞིང་ལས་གསར་བརྗེ་བྱུང་ནས་མིའི་རིགས་ཀྱིས་ཟས་རིགས་ཕོན་ཆེན་མོ་ཞིག་བསག་ནས་འཚོ་བ་སྐྱེལ་བ་མ་ཡིན་པར་སྔར་ལས་ལྷག་པའི་དཀའ་ངལ་དུ་མ་ཞིག་འཕར་སྣོན་བྱས་པ་དང་། ཞིང་ལས་པ་དག་རྔོན་པའི་འཚོ་བ་དང་བསྡུར་ན་དཀའ་ངལ་ཆེ་ཞིང་འཚོ་བ་བདེ་ཐང་མིན་པ། ནད་དང་མུ་གེ་སོགས་ཤིན་ཏུ་མང་པས། ཞིང་ལས་གསར་བརྗེ་ནི་ལོ་རྒྱུས་ཁྲོད་ཀྱི་མགོ་སྐོར་གཏོང་བྱེད་ཀྱི་ལག་ཆ་ཆེན་མོ་ཞིག་རེད་ཅེས་གསུངས་འདུག ཀློག་པ་པོས་བསམ་པ་ལ་འདི་ནི་གལ་ཆེན་གྱི་ལོ་རྒྱུས་ལྟ་ཚུལ་ཞིག་ཏུ་མཐོང་སྟེ། ཞིང་ལས་ནི་རླབས་ཆེན་གྱི་འཕེལ་རྒྱས་ཤིག་དང་། དེ་ནི་མིའི་རིགས་ཀྱི་ཤེས་རབ་ཐོད་བརྒལ་ཞིག་ཡིན་ཚུལ་སོགས་བཤད་ནས་གཞན་གྱི་ལོ་རྒྱུས་དང་ཤེས་རིག་ལ་ཚད་མེད་པར་མཐོང་ཆུང་དང་བརྙས་བཅོས་བྱེད་པ་ནི་ཀུན་སྤྱོད་དང་བྲལ་བའི་ལས་ཤིག་ཏུ་མཐོང་།

  རྩོམ་པ་པོས་ཞིང་ལས་འདི་ཡང་ཐོག་མར་ཤར་དཀྱིལ་བརྒྱུད་ནས་དར་ཅིང་། དེ་རྗེས་ཡུལ་ལུང་སོ་སོར་ཁྱབ་པའི་ལྟ་ཚུལ་ཁས་མི་ལེན་པར་འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་རང་རང་གི་རིགས་ལམ་ལ་བརྟེན་ནས་ཞིང་ལས་དར་བར་བཞེད། འདིའི་ཐད་དུ་ཀློག་པ་པོ་ལ་བསམ་འཆར་གཞན་ཞིག་ཞུ་རྒྱུ་ཡོད་དེ། རང་རེ་བོད་ཀྱི་ལོ་རྒྱུས་སུ་སྤུ་ལྡེ་གུང་རྒྱལ་གྱི་རིང་དུ་བོད་ལ་གསར་དུ་ཞིང་ལས་དར་ཚུལ་ཞིག་གསུངས་ཤིང་། དེ་ནི་ཧ་ལམ་སྤྱི་ལོ་ཚུགས་རྗེས་ཀྱི་ལོ་བརྒྱ་སྐོར་གཉིས་གསུམ་ཙམ་འདས་རྗེས་ཀྱི་དོན་དག་ཅིག་ཡིན་པས། འཛམ་གླིང་སྤྱི་ཡོངས་ཀྱི་ཞིང་ལས་དར་བའི་ལོ་རྒྱུས་དང་བསྡུར་ན་དུས་རབས་བཅོ་ལྔ་ཙམ་གྱི་ཧེ་བག་ཤོར་འདུག གཞན་དུ་ན་སྤུ་ལྡེ་གུང་རྒྱལ་གྱི་ཡར་སྔོན་གྱི་གནམ་གྱི་ཁྲི་བདུན་སོགས་ཀྱི་རིང་ལ་ཞིང་ལས་རྩ་བ་ནས་དར་མ་མྱོང་བའི་ཟོར་འདྲ་བོ་ཞིག་ཐོན་འདུག་པ་ཆེད་མཁས་པས་ཉམས་མི་འཇོག་པར་དེ་བཞིན་དུ་གསུངས་རྩོམ་སོགས་སུ་དྲངས་འདུག་པ་སོགས་ནི་རྩ་བ་ནས་འཐད་ལྡན་དུ་མི་འགྲོ་སྙམ།

  རྩོམ་པ་པོས་ཀྱང་ཞིང་ལས་གསར་བརྗེ་བྱུང་ནས་ད་ལྟའི་བར་དུ་མིའི་རིགས་ཀྱིས་འབྲུ་རིགས་དང་སྲོག་ཆགས་གཞན་དག་འདུལ་སྦྱོང་བྱས་ཡོད་པར་འདོད་ཀྱང་། དོན་ལ་འབྲུ་རིགས་དང་སྲོག་ཆགས་གཞན་དག་གིས་མིའི་རིགས་ལ་འདུལ་སྦྱོང་བྱས་ཚར་ཡོད་ཅེས་གསུངས་འདུག

  རྩོམ་པ་པོས་ཞིང་ལས་བྱུང་བ་ནས་མིའི་རིགས་ལ་སྒེར་བདག་གི་རྒྱུ་ནོར་བྱུང་བ་དང་། བཅད་བཟུང་གི་ས་ཆ་ཡང་དུས་དེ་ནས་བཟུང་ཡོད་པར་གྱུར་བས། མིའི་རིགས་ལ་ནད་དང་དམག་འཁྲུག་ཡོད་ཚད་འབྱུང་བའི་རྒྱུ་རྐྱེན་ཡང་ཞིང་ལས་ལ་ཐུག་ནས་ཡོད་ཅེས་གསུངས་འདུག

  རྔོན་པ་རྣམས་ཞིང་ལས་པར་གྱུར་བ་ནས་བཟུང་མིའི་རིགས་ཀྱིས་འབྲུ་རིགས་སོགས་འདང་ངེས་ཤིག་འཚོལ་བསྡུ་བྱེད་ཐུབ་པས་གནས་ངེས་མེད་དུ་འཁྱམ་ཉུལ་བྱེད་པའི་དུས་རིམ་མཇུག་རྫོགས་ནས་གནས་ངེས་ཅན་དུ་གཏན་སྡོད་བྱེད་པའི་འགོ་བཟུང་བ་ཡིན་ལ། སྤྱི་ཚོགས་ཀྱི་གྲལ་རིམ་ཚགས་དམ་པོ་དང་དམག་འཁྲུག་སོགས་དེ་ལ་བརྟེན་ནས་བྱུང་བ་ཡིན།

  ཞིང་ལས་ཡིན་ན་ཡང་འདྲ་བྱ་བ་གང་ཞིག་ཡིན་ནའང་མིའི་རིགས་ཀྱིས་འཚོ་བ་སྟབས་བདེ་ཡོང་ཆེད་དུ་བསྐྲུན་པ་ཡིན་མོད། འོན་ཀྱང་། དངོས་ཡོད་འཚོ་བའི་ཁྲོད་དུ་དེ་དག་གིས་དོན་དངོས་སུ་མིའི་རིགས་ལ་དཀའ་ངལ་སྔར་ལས་མང་བ་ཞིག་བསྐྲུན་བཞིན་ཡོད།

  གཞན་ཡང་ཆེད་མཁས་པ་ཁ་ཅིག་གིས་འདི་ལྟར་འདོད་དེ། འཛམ་གླིང་འཁྲུག་ཆེན་གཉིས་པ་ནི་ཟས་རིགས་ཉུང་བ་དང་མི་གྲངས་ཤིན་ཏུ་འཕར་བའི་ཁྱད་པར་གྱིས་བྱུང་་ཡིན་པས། ཞིང་ལས་མ་བྱུང་ཡང་མིའི་རིགས་ལ་དམག་འཁྲུག་འབྱུང་ངེས་སུ་འདོད་ཅེས་པོད་འདིའི་ནང་དོན་ངོ་སྤྲོད་དང་དཔེ་ཀློག་མྱོང་ཚོར་འབྲི་བའི་ཞིང་ལས་གསར་བརྗེའི་སྐབས་རྫོགས་སོ།། །།

  སྤྱི་ལོ་2018ལོའི་ཟླ་6ཚེས་21ཉིན།

  གསལ་བཤད། འདིར་ཀློག་པ་པོ་རྣམས་ལ་མིའི་རིགས་ཀྱི་ལོ་རྒྱུས་སྤྱི་བཤད་ཀྱི་ནང་དོན་སོགས་ལེགས་པོར་ངོ་སྤྲོད་ཡོང་ཆེད་དུ་རང་ཉིད་ཀྱི་བསམ་ཚུལ་སོགས་ཉུང་ཙམ་ལས་ བཀོད་མེད་པར་གཙོ་ཆེ་བ་རྩོམ་པ་པོ་ཁོང་གི་འདོད་ཚུལ་དག་གཅེས་བཏུས་ཀྱིས་བཀོད་ཡོད།

རྩོམ་སྒྲིག་པ། ལྷ་སྐྱིད།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)    

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《མིའི་རིགས་ཀྱི་ལོ་རྒྱུས་སྤྱི་བཤད།-----སྲོག་ཆགས་ནས་དཀོན་མཆོག་ཏུ་འཕགས་པའི་རིམ་པ》ཞེས་པའི་དེབ་ཀྱི་ནང་དོན་ངོ་སྤྲོད་དང་དཔེ་ཀློག་མྱོང་ཚོར།

2019-01-19 གནམ་ལྷུན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།