བྱིས་པའི་སྙན་ངག་ཚན་པ་བདུན།
1 རླུང་དཀར་པོ།
ཆུང་དུས་ཁ་ཚུབ་ལས་ལྡང་འོང་།
ད་ལྟ་སྒེའུ་ཁུང་ལས་གཡུག་ཡོང་།
ཆུང་དུས་ཧྲག་བར་ནས་འཚང་འོང་།
ད་ལྟ་སྒོ་གསེང་ནས་འཚུབ་ཡོང་།
རླུང་དཀར་པོ།
མཚན་མོ་ཨ་མའི་རུམ་ལ་ལྡང་།
ཉིན་མོ་ཨ་ཕའི་གོང་ཁར་གཡུག
རི་མཐོན་པོའི་སྒང་གི་རླུང་།
ལུང་གསུམ་མདོ་ཡི་རླུང་།
གཡས་སུ་སྒོར་བྲོ་ལྡིང་།
གཡོན་དུ་གླུ་གཞས་གཏོང་།
རླུང་དཀར་པོ།
དབྱར་ཁ་ཕར་ཕར་འགྲོ།
ཆར་བསིལ་མར་བརྒྱུས།
རླངས་པར་འདྲེས།
དགུན་ལ་ཚུར་ཚུར་བསྙེགས།
ཁ་བ་དཀར་པོར་འཐིམས
གྲང་ངད་གྱིས་བཏུམས།
རླུང་དཀར་པོ།
2026/5/13
2 ན་རོ་འཕུར་སོང་།
དགེ་རྒན་གྱིས་ན་རོ་བྱ་འདྲ་ཟེར།
བྱ་རྒོད་པོ་དང་བྱེའུ་འཇོལ་མོ།
ཇི་ལྟར་ནམ་མཁར་སྐྱོད།
གཤོག་པ་ཟུང་བརྐྱངས་སམ།
སྡེར་མོ་དག་བགྲད།
དགེ་རྒནས་གྱིས་ན་རོ་བྱ་དང་འདྲ་ཟེར།
བྱ་ཁུ་བྱུག་གམ་ཁྲུང་ཁྲུང་།
གཤོག་ཟུང་ལྡེམ་མམ།
རྔ་སྒྲོ་ལེབ་མོ་གཡོ།
དོན་དུ་ན་རོ་བྱ་དང་འདྲའམ།
རྒོད་དང་འདྲ།
བྱེའུ་དང་འདྲ།
ནམ་མཁར་བསྟར་བའི་ཁྲུང་ཁྲུང་འདྲ།
2026/ 4/ 27
3 རིལ་མ།
གཡང་དཀར་ལུག་གི་རྗེས་ན་ཐ་ར་ར།
ལྷས་ར་གྲུ་བཞིའི་ནང་ན་ལྷོག་ལྷོག་ལྷོག
གྲོ་འབྲུ་ནས་འབྲུ་ཡིན་ན་སྙམ་པ་ལ།
བེའུ་ལུ་གུ་་ཡིན་ན་བསམ་པ་ལ།
ཐབ་ཀ་ཐབ་རྡོའི་བར་ན་གར་དུ་རྩེན།
ང་ཡི་རྡེའུ་ཆ་ཡིན་ན་སྙམ་པ་ལ།
ལྷས་དང་མཐོན་པོའི་རི་ན་སྒྲིལ་དུ་རིལ།
ནམ་མཁའི་སྐར་ཚོགས་ཡིན་ན་བསམ་པ་ལ།
འབུད་སྒམ་གྲུ་བཞིའི་ནང་ན་ནག་རིལ་རིལ།
བྱིས་པའི་གསང་བ་སྔོག་པའི་རིལ་མ།
སྒྱེད་པུ་མགོ་གསུམ་བར་ན་དམར་ཐར་ཐར།
ཚོད་བགམ་རིག་པ་འདོན་པའི་གག་ལེ།
ལུག་གི་འབའ་སྒྲས་སྒུལ་བའི་རིལ་མ།
རིལ་མ། ཤ་བོའི་རིལ་མ།
རླུང་དང་བསེར་བུས་སྒུལ་བའི་རིལ་མ།
2026/5/25
4 དཔེ་ཆ།
དཔེ་ཆ་ནི་གྲུ་གཟིངས་ཡིན།
ཉ་མོ་སྟོང་དང་མཉམ་དུ་གླུ་ལེན།
ཤར་ལྷོ་ནུབ་བྱང་དུ།
ང་ཚོས་འཁྱུག་རྩལ་ངོམ་ཆོག
དཔེ་ཆ་ནི་ཕ་མ་ཡིན།
ཉིན་ལ་གླིང་ཕྲན་འདེབས།
མཚན་ལ་སྐར་ཚོགས་བཟོ།
སེམས་པ་དཀར་པོ་ཡིན།
དཔེ་ཆ་ནི་གཤོག་པ་ཆུང་ཆུང་ཡིན།
ང་ཁྲིད་ནས་གང་སར་འཕུར།
གོ་ལའི་རི་མོ་སྣ་ཚོགས་ཀློག་བཞིན།
རྒྱང་རིང་རྒྱང་རིང་ལ་བལྟ་ཐུབ།
དཔེ་ཆ་ནི་འགྲུལ་བཞུད་ཐེངས་ཤིག
གོམ་སྒྲ་རེ་རེར།
ང་རང་ནར་སོན།
གཏམ་རྒྱུད་རེ་རེས།
སེམས་ལ་མེ་ཏོག་ཆུང་ཆུང་བཞད།
2026/5/23
5 ཁ་མི་གྲག་པའི་སྐར་ཚོགས།
མལ་དུ་ལོག་རྗེས།
ངས་སྐར་ཚོགས་ལ་ཁེད་ཅིག་བཤད།
དགོད་ཙམ་བྱེད་པ་ལས།
གཅིག་གིས་ཀྱང་ཁ་གྲག་མ་བྱུང་།
ངས་ཡུན་རིང་བསྒུགས
ཉིན་མོ་སླེབས་རྗེས།
ངས་སྐར་ཚོགས་མཐོང་མ་བྱུང་།
ཉི་འོད་ངོགས་ནས།
གླུ་དབྱངས་བླངས།
སྐར་ཚོགས་ཀྱིས་ཐོས་ཨེ་ཡོད།
2026/ 4/ 10
6 བསམ་གཞིག
འཛམ་གླིང་ག་ཚོད་ཆེ་ཨང་།
ང་རང་བལྟ་རུ་འགྲོ་འདོད།
གོ་ལ་བར་མེད་འཁོར་ཨང་།
རྒྱུག་ན་གང་དུ་བསླེབ་སྲིད།
ཉི་ཟླ་རེས་མོས་བྱེད་ཨང་།
ང་རང་གང་དུ་འཚང་ཆོག
དུས་བཞིར་ཁ་དོག་མང་ཨང་།
རྒྱུ་མཚན་གསལ་པོར་ཤེས་འདོད།
2026/3/23
7 རྨི་ལམ་གྱི་གར།
དཔྱིད་ཀ་སླེབས།
རླུང་བུ་འཇམ་པོ་གཤོག་པ་བྱོས།
སྟོན་ཁ་སླེབས།
ལོ་མ་སེར་པོ་གླུ་དབྱངས་བྱོས།
མཁའ་རུ་འཕགས།
སྔོ་བསང་ནམ་མཁའ་རྩེད་ར་བྱོས།
ས་རུ་བརྡབས།
ཆུ་ཕྲན་ཆུང་ཆུང་ལྭ་བ་བྱོས།
2026/4/ 28
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།

