འབུ་མེ་ལྕེབས།
ཚེ་རིང་བཀྲ་ཤིས། པིར་མིང་ལ་ཀུན་གྲོལ། ༢༠༠༡ལོར་མཚོ་ལྷོ་མང་རྫོང་དུ་སྐྱེས། མཚོ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ༢༠༢༤ལོའི་ལུའུ་ཞུན་རྩོམ་རིག་སློབ་གླིང་གི་རིགས་སོ་སོའི་རྩོམ་པ་པོ་གསོ་སྐྱོང་འཛིན་གྲྭའི་སློབ་མ། སྔ་རྗེས་སུ་མཚོ་སྔོན་བོད་ཡིག་ཚགས་པར་དང་། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ། བོད་ཀྱི་རྩོམ་རིག་སྒྱུ་རྩལ། གངས་རྒྱན་མེ་ཏོག་སོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་རེ་འགར་སྒྲུང་གཏམ་དང་སྙན་ངག་རེ་ཟུང་བཀོད་ཡོད།
1
རྡོ་བཀྲ་སྨན་ཁང་གི་བར་ཁྱམས་སུ་ཧད་དེ་ལུས་པའི་ངང་ཚུལ་ནི། བྱིས་པ་བསམ་མེད་ཞིག་གིས་སྐྱོན་ཆ་བཟོས་རྗེས་ཅི་བྱ་གཏོལ་མེད་དུ་གྱུར་པའི་བཟོ་ལྟ་དང་ཡོངས་སུ་མཚུངས་པར་སྣང་།
སྐབས་དེར་ཕྱི་དྲོའི་ཉི་འོད་ཀྱི་ཟེགས་མས་སྨན་ཁང་གི་སྒེའུ་ཁུང་དག་བརྟོལ་ཏེ་སྟོང་ལྷང་ལྷང་གི་བར་ཁྱམས་སུ་འཕྲོས་འདུག
“འདི་ཁྱོད་ཀྱི་བརྟག་དཔྱད་མཇུག་འབྲས་རེད།”
སྨན་པས་དེ་ལྟར་ཟེར་ཞོར་A4ཤོག་ལྷེ་ཞིག་རྡོ་བཀྲར་གཏད་ཅིང་།དེ་ནས་མུ་མཐུད་དུ།
“ཁྱོད་ཀྱི་ཁྱིམ་མི་གང་དུ་ཡོད།སྐད་ཆ་ལ་ལ་ཞིག་ཁྱོད་ཀྱི་ཁྱིམ་མིར་བཤད་ན་འོས་འཚམ་རེད།”
སྨན་པས་དེ་ལྟར་བཤད་ཡོང་སྐབས་རྡོ་བཀྲའི་མིག་ལམ་དུ་མ་རྒན་གྱི་ངོ་གདོང་ཡང་ཡང་དུ་ཤར་ཡོང་ཞིང་།མོས་འུ་མ་བུ་གཉིས་ཁྱིམ་འདིའི་ཤི་བོའི་རྗེས་ཀྱི་གསོན་པོ་ཡིན་ཞེས་པའི་གཏམ་དེའང་ཡང་ཡང་དྲན་ཡོང་།
“ང་ལ་ཁྱིམ་མི་ཞིག་མེད། སྨན་པ་ང་ལ་ནད་འདྲ་མེད་དམ།”
རྡོ་བཀྲས་སྨན་པའི་སྐད་ཆ་དེའི་ཧ་ཁྱོན་ནས་མ་གོ་ཞིང་།ཐེ་ཚོམ་གྱི་མིག་མདངས་ཀྱིས་སྨན་པར་ཅེར་ནས་དེ་ལྟར་དྲིས།
“ད་ནི་ཁྱོད་ལ་ཁྱིམ་མི་མེད་ན་་་་་་”
“སྨན་པ་དོན་ཅི་ཞིག་ཡོད་ན་ང་ལ་ཤོད་དང་ཆོགདོན་ངོ་མར་ང་ལ་ནད་ཅི་ཞིག་བྱུང་འདུག”
“ཐོག་མར་ཁྱོད་ཀྱི་སེམས་ལ་གྲ་སྒྲིག་ཅིག་དགོས།”
“གྲ་སྒྲིག་ཅི་ཞིགདེའི་ནང་དོན་ཅི་ཞིག་ཡིན།”
“་་་་་་ཁྱོད་ལ་འབྲས་སྐྲན་བྱུང་འདུག”
“དཔེ་མི་སྲིད།སྨན་པ་ཁྱོད་ཀྱིས་ང་རང་ནད་པ་གཞན་ཞིག་དང་ནོར་སོང་བ་ཁོ་ཐག་རེད།”
རྡོ་བཀྲས་བརྟག་དཔྱད་མཇུག་འབྲས་ཀྱི་ཤོག་ལེབ་དེ་བཟུང་ནས་རེ་ཞིག་ཧད་དེ་ལུས་པ་དང་།དེ་ནས་རློམ་ཐབས་བྲལ་བའི་ཐེ་ཚོམ་གྱི་མིག་མདངས་ཀྱིས་སྨན་པར་དེ་ལྟར་དྲིས།
“དེ་དཔེ་ག་ལ་སྲིད།ལྟོས་དང་འདིར་ཁྱོད་ཀྱི་མིང་དང་ཐོབ་ཐང་འཛིན་ཡིག་གི་ཨང་གྲངས་སོགས་གསལ་བོར་བྲིས་ཡོད།ནོར་མི་སྲིད།”
“འོན་ཀྱང་ངའི་ལུས་པོ་ཧ་ཅང་བདེ་ཐང་ཡིན་པས་འབྲས་སྐྲན་བྱུང་ག་ལ་སྲིད། དཔེ་མི་སྲིད།ཁྱོད་ཚོ་ནོར་སོང་ཁོ་ཐག་རེད། ཡང་ཁྱོད་ཚོས་ང་ལ་སྐྲག་བསླངས་ཏེ་སྨན་རིན་མཐོན་པོ་ཞིག་ལེན་བསམ་པ་ཨེ་ཡིན།”
རྡོ་བཀྲས་རང་ཉིད་ལ་གློ་བུར་དུ་འབྲས་སྐྲན་བྱུང་འདུག་ཅེས་པའི་གཏམ་དེར་ཡིད་ཆེས་དཀའ་བར་གྱུར་ཅིང་།ཁོང་ཁྲོ་ཞིག་ཀྱང་རིམ་པར་ལངས།
“ངས་ཁྱོད་ཀྱི་སེམས་ལ་རྒྱུས་ལོན་བྱེད་ལོས་ཐུབ།དང་ཐོག་ངས་ཀྱང་ནོར་སོང་བར་འདོད་དེ་ཡང་དང་བསྐྱར་དུ་བརྟགས་པ་ཡིན།གལ་ཏེ་ཁྱོད་རང་ད་དུང་མི་རློམ་ན་སྨན་ཁང་གཞན་ལ་སོང་ནས་བརྟག་དཔྱད་བྱས་ཀྱང་ཆོག”
སྨན་པས་དེ་ལྟར་བཤད་རྗེས་ཤར་མར་རང་གི་གཞུང་ལས་ཁང་དུ་བུད་སོང་།སྨན་ཁང་གི་བར་ཁྱམས་ན་རྡོ་བཀྲས་བརྟག་དཔྱད་མཇུག་འབྲས་ཀྱི་ཤོག་ལྷེ་དེ་བཟུང་ནས་བླ་འཁྱམས་པ་ལྟར་ལུས་འདུགཁོས་ཡང་ནས་བསྐྱར་དུ་ཤོག་ལྷེ་དེའི་སྟེང་ནས་འབྲས་སྐྲན་བྱུང་ཡོད་པ་ནི་རང་ཉིད་མིན་པའི་བདེན་དཔང་ཞིག་ཇི་ལྟར་བཙལ་ཡང་། ཤོག་ངོས་ཀྱི་ཡི་གེ་དེ་དག་ནི་ལོ་ངོ་ཁྲི་སྟོང་འགོར་བའི་འཁྱགས་རོམ་གྱི་ཕ་བོང་ཆེན་པོ་ཞིག་དང་འདྲ་བར།གཡོ་འགུལ་དང་འགྱུར་བ་ཕྲན་ཙམ་ཡང་མེད་པར་རང་སོར་གནས་འདུགརྡོ་བཀྲའི་སྣང་ངོར་ཡང་བརྟག་དཔྱད་མཇུག་འབྲས་ཀྱི་ཤོག་ལྷེ་དེ་ནི་ཚེར་མ་ཕོན་པོ་ཞིག་དང་མཚུངས་བར་ཁོའི་ཤ་རུས་སྐྱི་གསུམ་ཡོངས་སུ་བརྟོལ་བ་དང་། རེ་ཞིག་ཁོས་འདི་དག་ཡོད་ཚད་རྨི་ལམ་ཡིན་མིན་ལ་ཐེ་ཚོམ་ཞིག་སྐྱེས་པའི་མོད་ལ་རང་གི་བརླ་ཐོག་ལ་ཤ་གཅུས་ཡང་ཡང་རྒྱག་དགོས་བྱུང་།
རྡོ་བཀྲའི་ཡིད་ལ་ཅི་ཞིག་དྲན་པ་ནང་བཞིན་རྒྱུག་ཐེངས་གཅིག་གིས་སྨན་པའི་གཞུང་ལས་ཁང་དུ་སོང་།
“ངའི་ནད་འདིར་བཅོས་ཐབས་ཤིག་ཡོད་དམ།”
“བཤད་ཁག་པོ་རེད།འབྲས་སྐྲན་དུས་མཇུག་ལ་སླེབས་འདུག”
སྨན་པས་རྡོ་བཀྲའི་བརྟག་དཔྱད་སྤྱིན་ཤེལ་ལུང་བ་ཞིག་ལ་སྨག་མུན་འཐིབས་འདྲ་དེ་སྒེའུ་ཁུང་གི་དཀར་ཆའི་ཕྱོགས་སུ་གཏད་ནས་ཞིབ་ལྟ་ཡང་ཡང་བྱས་པ་དང་དེ་ནས་དངན་པ་རིང་པོ་ཞིག་འཐེན།
“དེ་་་་་དེ་ན་ང་རང་དུས་ག་ཙམ་ལ་འཚོ་ཐུབ།”
“སྤྱིར་བཏང་འབྲས་སྐྲན་དུས་མཇུག་ལ་སླེབས་ཚེ་མང་ན་ཡང་ཟླ་ཁ་ཤས་ལས་འཚོ་མི་ཐུབ།ཡིན་ཡང་ཁྱོད་ལ་ཆོད་སེམས་བརྟན་པོ་ཞིག་དང་སྨན་བཅོས་ལེགས་པོ་ཞིག་བྱེད་ཐུབ་ན་ལོ་རེ་འགར་འཚོ་ཐུབ་ཀྱང་སྲིད།ཡོད་ཚད་ཁྱོད་རང་ཉིད་ཀྱི་སེམས་ལ་རག་ལས་ཡོད།”
ཁོས་འཆི་བ་ནི་འདི་ལྟར་ཤེས་མེད་ཚོར་མེད་ངང་རང་ཉིད་ཀྱི་གམ་ལ་སླེབས་ཡོད་པར་ཡིད་ལ་ཤར་མ་མྱོང་ཞིང་།སྐབས་ཤིག་ལ་མགོ་ཡོམ་འཁོར་ཞིང་མཐོང་ལམ་ཡང་ནག་འཐོམ་མེར་གྱུར།ཁོ་ཡང་བསྐྱར་སད་དུས་མཐོང་ལམ་དུ་དཀར་ཞིང་གཙང་བའི་གནམ་གཅལ་དང་དེར་དཔྱངས་པའི་གྲོན་ནུས་གློག་ཞུ་ནར་མོ་ཞིག་མངོན་ཡོང་།ཁོས་རང་ཉིད་ཀྱིས་རྨི་ལམ་འཇིགས་པོ་ཞིག་རྨིས་སོང་སྙམ་སྟེ་ག་ལེར་ཡར་དགྱེ་ཙམ་བྱས། འོན་ཀྱང་ཁོས་མལ་ཁྲིའི་འགྲམ་གྱི་སྒྲོག་ཙེ་སྟེང་གཡུགས་པའི་བརྟག་དཔྱད་མཇུག་འབྲས་མཐོང་བའི་མོད་ལ་ཐེ་ཚོམ་ཞིག་སྐྱེས།ཁོ་ཡུན་ཙམ་ལ་བརྟག་དཔྱད་མཇུག་འབྲས་དེར་ཅེར་ནས་ཧད་དེ་ལུས་པ་དང་།དེ་ནས་བརྟག་དཔྱད་མཇུག་འབྲས་དེ་ཚུར་བླངས།རྡོ་བཀྲ་དེ་ལྟར་གོམ་འགྲོས་འཁྱར་འཁྱོར་གྱིས་སྨན་ཁང་གི་སྒོར་འབུད་དུས་ཉིན་གུང་ལ་སླེབས་འདུག
ཁོའི་ཡིད་ལ་གློ་བུར་དུ་ཐབས་ཤེས་ཤིག་དྲན།དེ་ནི་ཨ་ཁུ་འཇམ་དབྱངས་རེད།ཁོ་རང་སྨྱོན་པ་བཞིན་སྲང་ལམ་ལ་བརྒྱུགས་ནས་རླངས་འཁོར་བཀགས།དུས་རྒྱུན་“གང་ལ་འགྲོའམ།གྲོང་རྡལ་ལ་འགྲོའམ།ཟི་ལིང་ལ་འགྲོ་འམ།”ཞེས་མི་ལ་སུན་སྣང་བཟོ་བར་བྱེད་པའི་གླ་འཁོར་དེ་དག་དེ་རིང་གཅིག་ཀྱང་མཐོང་རྒྱུ་མི་འདུགཁོ་དེ་ལྟར་སྲང་ལམ་ནས་སྨྱོས་པ་ལྟར་རླངས་འཁོར་འགོག་དུས།ཡར་འགྲོ་མར་འོངས་ཀྱི་མི་ཚོགས་ཀྱིས་གཞོལ་ཅི་ཐུབ་བྱེད་ལ།ལ་ལས་རྡོ་བཀྲའི་རྗེས་ལ་ཅེར་ནས་ཡུན་རིང་དུ་ལུས་པའང་འདུག
བར་སྐབས་ཤིག་ལ་རྡོ་བཀྲས་གླ་འཁོར་ལྗང་ཁུ་ཞིག་བྱ་འཕུར་བ་ལྟར་བརྒྱུགས་ནས་འོངས་པ་མཐོང་ཞིང་།ཁོ་རང་དེ་མུར་གླ་འཁོར་དེའི་སྔུན་ལ་བུད།དུས་དེར་གླ་འཁོར་དེས་ཀྱང་སྒག་ཟྭ་མནན་པའི་སྒྲ་ཆོ་ངེ་ལྟ་བུ་ཞིག་འདེབས་བཞིན་ཏན་སེར་བསྡད་བྱུང་།གླ་འཁོར་དེའི་རྗེས་ཕྱོགས་ཀྱི་སྣུམ་ལམ་ངོས་སུ་འཁོར་ལོ་བཞིའི་གཙུབ་བརྡར་གྱི་ཤུལ་ནག་ཆ་ལེར་དཔར་འདུག་ཞིང་།སྐབས་སྐབས་སུ་འགྱིག་མེ་ལ་བསྲེགས་པའི་གཞོབ་དྲི་ཁ་བོ་ཞིག་ཀྱང་མཆེད་འོངས། རྡོ་བཀྲ་གླ་འཁོར་མདུན་ན་ཧད་དེ་འདུག་ཅིང་།གླ་འཁོར་དེའི་ཁ་ལོ་བའང་ཡུན་ཙམ་ལ་སྐྲག་སྟེ་རླངས་འཁོར་ནང་ཧད་འདུགཁ་ལོ་བས་རླངས་འཁོར་གྱི་མདུན་ན་མི་ཞིག་ཧད་འདུག་པ་མཐོང་དུས་ཐོག་མར་སྐྲག་སྣང་དང་དེ་ནས་ཞེ་སྡང་སྐྱེས།ཁ་ལོ་བ་འདར་བཞིན་རླངས་འཁོར་ལས་སྒོར་བུད་ཅིང་དོན་ཅི་ཡང་བྱུང་མེད་པ་ཤེས་འཕྲལ་སེམས་དེ་མུར་བདེར་བབས།
“ཁྱོད་ཀྱིས་ཅི་བྱེད་ཀྱིན་ཡོད་དམ།སྲོག་མི་དགོས་སམ།སྨྱོས་ཟིན་པ་ཡིན་ནམ།”
ཁ་ལོ་བས་རྡོ་བཀྲར་གཏད་ནས་བསྟུད་མུར་དེ་ལྟར་སྡིགས་མོ་བྱས་ཤིང་ལུས་པོའང་འདར་ལྕུག་ལྕུག་བྱེད།
རྡོ་བཀྲ་གཉིད་ལས་སད་པ་ཇི་བཞིན་བརྒྱུགས་ཐེངས་གཅིག་གིས་རླངས་འཁོར་ནང་བཙོག
“ཨ་རོ།ཨ་རོ།ཁྱོད་ཀྱིས་ཅི་བྱེད་ཀྱིན་ཡོད་དམ།མར་བོབས།”
“དགོན་པ།རེམ།”
སྐད་ཅིག་ཙམ་གྱི་ཡུན་ལ་གཞུང་ལམ་ཀྱི་མཐའ་རུ་མི་ཚོགས་ཀྱིས་སྐོར་འདུག་ཅིང་།ལ་ལས་ད་སོ་མའི་རྣམ་པ་དེར་ཁ་པར་གཏད་ནས་བརྙན་ལེན་བཞིན་འདུག་ཅིང་།ལ་ལས་ཕན་ཚུན་ལ་ཤབ་ཤུབ་ཅིག་བཤད་ཀྱིན་འདུག
རྡོ་བཀྲ་དགོན་པར་ཐོན་དུས་ཕྱི་དྲོ་ལོན་འདུགརི་བོའི་ཕང་བ་ན་དཀར་ཆིལ་ལེར་འདུག་པའི་ཐེགས་ཆེན་ཆོས་འཁོར་གླིང་ནི་བསང་དུད་སོགས་ཀྱི་དབུས་ན་ཁུ་སེམ་མེར་འདུག
རྡོ་བཀྲས་དུས་རྒྱུན་མི་རྣམ་གྱི་ངག་ལས་ཨ་ཁུ་འཇམ་དབྱངས་ནི་མངོན་མཁྱེན་ལ་ཐོགས་པ་མེད་རབས་དང་ཨ་ཁུ་འཇམ་དབྱངས་ཀྱིས་མོ་བཏབས་ཚེ་ཞགས་པ་བཏབས་པ་དང་མཚུངས་ཟེར་བ་མང་དུ་ཐོས་མྱོང་།ཡིན་ནའང་ཁོས་ཨ་ཁུ་འཇམ་དབྱངས་ཟེར་བ་དེ་དགོན་པའི་གྲྭ་པ་ཞིག་ཡིན་པ་མ་གཏོགས་རྒན་གཞོན་གང་ཞིག་ཡིན་པ་དང་གྲྭ་ཤག་གང་ན་ཡོད་པའང་མི་ཤེས།
“ཨ་རོ་ཨ་ཁུ།ཨ་ཁུ་འཇམ་དབྱངས་ཀྱི་གྲྭ་ཤག་གང་རེད།”
“ཨ་ཁུ་འཇམ་དབྱངས་གང་ཟེར་བ་ཡིན།འཇམས་དབྱངས་རྒྱ་མཚོ་ཟེེར་བ་ཡིན་ནམ་འཇམ་དབྱངས་དཔལ་ལྡན་ཟེར་བ་ཡིན།”
“མོ་བ་ཨ་ཁུ་འཇམ་དབྱངས།”
“འཇམ་དབྱངས་རྒྱ་མཚོ་ཟེར་བ་ཡིན་ནམ།ནང་ཆེན་གྱི་མདུན་གྱི་གྲྭ་ཤག་དེ་རེད།”
“ནང་ཆེན་གང་ན་ཡོད་པ་རེད།”
རྡོ་བཀྲ་ཅུང་དོགས་མི་བདེ་བའི་ངང་ནས་ཡང་བསྐྱར་དེ་ལྟར་དྲིས།
“འདུ་ཁང་གི་གཡས་ན།”
རྡོ་བཀྲའི་ཕྱིར་དྲན་ཁྲོད་དགོན་པའི་འདུ་ཁང་ནི་གྲྭ་ཤག་ཡོད་ཚད་ཀྱི་དཀྱིལ་ན་གསེར་མདོག་གི་རྒྱ་ཕིབས་དང་བཅས་ལྷམ་མེ་ལྷན་ནེ་མངོན་པར་མཐོ་ཞིང་།མཐོང་བ་ཙམ་གྱིས་མིའི་སེམས་ལ་དགའ་བདེ་ཁྱབ་པར་བྱེད།དེ་རིང་ཡང་ཁོའི་མིག་ལམ་དུ་འདུ་ཁང་མངོན་ཡོང་དུས་སྔར་བཞིན་སེམས་ལ་དགའ་བདེས་ཁྱབ་པར་གྱུར་ཅིང་།ལྷག་པར་ས་སྲོད་ཀྱི་ཉི་འོད་སེར་པོས་འདུ་ཁང་གི་རྒྱ་ཕིབས་དང་མཚལ་དམར་གྱི་རྩིག་པ་བཀྲག་མདངས་ལྡན་པར་བྱས་ཚེ།ཁོའི་ཡུན་རིང་ལྷོད་ལ་འབབས་མི་ཐུབ་པའི་སེམས་ཁའང་སྐད་ཅིག་ཉིད་ལ་བདེ་བས་ཁྱབ།
རྡོ་བཀྲས་ཨ་ཁུ་འཇམ་དབྱངས་ཀྱི་གྲྭ་ཤག་རྙེད་སོང་།དེ་ནི་བལྟས་པ་ཙམ་གྱིས་གྲྭ་ཤག་གཞན་ལས་མིག་ལ་མི་འཚེར་ཞིང་།ཙན་དན་གྱི་སྒོ་ཤིང་གི་གྲུ་དང་ཟུར་ཡང་ཟད་ནས་འོད་ཀྲིག་ཀྲིག་བྱེད་ཅིང་།ཁོའི་སྣ་ལམ་དུ་ཡང་ཡུན་རིང་བསྣམས་མ་མྱོང་བའི་ཙན་དན་གྱི་དྲི་ངད་སྟུག་པོ་ཞིག་བར་མེད་དུ་མཆེད་ཡོང་།རྣ་ལམ་དུ་སྐད་གདངས་ཕྲ་ལ་སྙན་པའི་སྐྱོར་ཀློག་གི་སྒྲ་ལྷང་ལྷང་དུ་མཆེད།དེས་ཁོ་བོའི་ཉ་ཉོབས་ཏུ་གྱུར་པའི་རིག་པའང་ཇེ་གསལ་དུ་བཏང་།ཁོས་ཤིང་སྒོའི་ལྟོངས་སུ་དཔྱངས་པའི་ལྕགས་ལུང་དེར་འཇུས་ནས་སྒོ་ཕར་དེད།ཁོ་བོའི་སོར་མོ་དག་ནག་ཀྲིག་ཀྲིག་བྱེད་པའིི་ལྕགས་ལུང་དེར་རེག་མ་ཐག་དེ་ལས་འཁྱགས་རྩུབ་ཀྱི་ཚོར་བ་ཞིག་དྲང་ཐད་དུ་ཁོའི་ཀླད་པའི་སྤྱི་གཙུག་ལ་རྡེག་པ་དང་མཚུངས། དུས་མཚུངས་སུ་ཙིར་སྒྲ་རིང་བོ་ཞིག་དང་མཉམ་དུ་གྲྭ་ཤག་གི་ར་སྐོར་མངོན་ཡོང་། མ་གཞི་སྐྱོར་ཀློག་གི་སྒྲ་དེ་ནི་གྲྭ་ཤག་གི་ནང་ལོག་ནས་མཆེད་ཡོང་བ་ཡིན་པར་འདུགབན་དེ་ཞིག་གྲྭ་ཤག་ཡར་སྟོད་ཀྱི་ཁང་བའི་རྩིག་ལྡེབས་སུ་དཀྱིལ་དྲུང་དུ་བསྡད་སྟེ།པང་དུ་དཔེ་ཆ་སྣ་ཐུང་ཞིག་ཁ་ཕྱེས་སྟེ་ཁོག་སྟོད་ཕར་གཡོ་ཚུར་གཡོས་སྐྱོར་ཀློག་བྱེད་བཞིན་འདུགརྣམ་པ་དེས་རྡོ་བཀྲར་སྔར་ལས་བྱུང་མ་མྱོང་བའི་དད་པ་ཞིག་དབང་མེད་དུ་སྐྱེས།
ཁོ་དེ་ལྟར་དབང་མེད་དུ་སྐྱོར་ཀློག་གི་རྣམ་པས་ཡོངས་སུ་བཀུག་ཅིང་།རྐང་པ་གཉིས་ཀྱང་རང་དབང་མེད་པ་བཞིན་དལ་མོར་མདུན་ནས་མདུན་དུ་སྤོས།
བན་དེ་དེས་མདུན་དུ་མི་ཞིག་འགྲེངས་ཡོད་པ་མཐོང་འཕྲལ་དེ་མུར་སྐྱོར་ཀློག་མཚམས་བཞག་སྟེ་རྣམ་རིག་གྲུང་གྲུང་བྱེད་པའི་མིག་ཟིང་གིས་ཡུན་རིང་བར་རྡོ་བཀྲར་ཅེར་ནས་བསྡད།
“ཁྱོད་ཀྱིས་སུ་འཚོལ་བཞིན་ཡོད།”
“འོ།ངས་་་་་ངས་ཨ་ཁུ་འཇམ་དབྱངས་འཚོལ་བཞིན་ཡོད།ཁོང་ཤག་ན་བཞུགས་སམ།”རྡོ་བཀྲ་གཞི་ནས་རྣམ་ཤེས་རྒྱས་པ་ལྟར་དེ་ལྟར་དྲིས།
“ཁྱེད་ནང་ལ་ཕེབས་དང་ཁོང་བཞུགས་ཡོད།”
རྡོ་བཀྲས་གོམ་པ་འཁྱར་འཁྱོར་སྤོ་བཞིན་ཁང་བའི་ནང་ལ་སོང་།ཁོའི་ལྟག་རྒྱབ་ནས་ཡང་བསྐྱར་སྐྱོར་ཀློག་གི་སྒྲ་ལྷང་ལྷང་དུ་མཆེད་ཡོང་།ཁོ་ཁང་པའི་ནང་ལ་ཐོན་པ་ན་སྣ་ལམ་དུ་ཤུག་པ་དང་བདུག་སྤོས་ཀྱི་དྲི་ངད་སྟུག་པོ་ཞིག་བར་མེད་དུ་མཆེད་ཡོང་བར་བྱེད་ཅིང་།དེས་རྒྱ་སྲང་གི་དྲི་ངན་དང་བུད་མེད་ཀྱི་སྤོས་ཆུར་གོམས་ཡོད་པའི་རྡོ་བཀྲར་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་གཞན་ཞིག་སྐྱེས་སུ་བཅུག
ཁང་བའི་ཡར་སྟོད་ཀྱི་སྒེའུ་ཁུང་འགྲམ་དུ་ཚ་ཐབ་ཅིག་འདུག་ཅིང་།ཚ་ཐབ་ཁ་གཏད་ཀྱི་གྱང་རྩར་བོད་ལུགས་ཀྱི་རྐུབ་སྟེགས་དང་དེའི་མདུན་ལ་ཤིང་གི་སྒྲོག་ཙེ་ཆུང་ངུ་ཞིག་བཞག་འདུགཁང་པའི་དཀྱིལ་དུ་ལྕགས་ཀྱི་ཐབ་ཀ་ཞིག་ལས་མེ་འུར་འུར་གྱིས་འབར་བཞིན་འདུགལྕགས་ཐབ་སྟེེེེེེང་ཟངས་དེམ་ཆུང་ངུ་ཞིག་དང་དེ་ལས་ཆུ་ཁོལ་གདུ་བའི་སྒྲ་རིང་བོ་ཞིག་གྲགས་འོངས།
ཚ་ཐབ་སྟེང་དུ་ཐུལ་བ་གཡང་ཤམ་བྱས་པའི་ཨ་ཁུ་རྒན་པ་ཞིག་གིས་སྨུག་མདོག་གི་མིག་ཤེལ་སྒོར་མོ་ཞིག་བསྐྱོན་སྟེ་མདུན་ན་ཁ་ཕྱེ་ཡོད་པའི་དཔེ་ཆ་སྣ་རིང་དེའི་ངོར་གཟབ་ནན་གྱིས་གཟིགས་སྟེ་འདུགརྡོ་བཀྲས་རྣམ་པ་དེ་མཐོང་བའི་མོད་ལ་ཇི་ལྟར་བྱེད་དགོས་པའང་མི་ཤེས་བར་གྱུར་ཅིང་།སྐབས་ཤིག་ལ་རང་ཉིད་ཀྱི་ལག་ཏུ་བཙུར་ཡོད་པ་ནི་སྨན་ཁང་གི་བརྟག་དཔྱད་མཇུག་འབྲས་ཡིན་པ་མཐོང་དུས་ད་གཟོད་ཁོར་མོ་བར་འབུལ་རྒྱུའི་ལག་རྟགས་ཞིག་ཀྱང་མེད་པ་རྟོགས།
དེ་ལྟར་རེ་ཞིག་འགོར་རྗེས་ཚ་ཐབ་སྟེང་བཞུགས་ཡོད་པའི་མོ་བ་སྟེ་ཨ་ཁུ་འཇམ་དབྱངས་ཀྱིས་ཁ་གྲགས་བྱུང་།
“ཡ།བུ་ཁྱོད་ལ་དོན་ཅི་ཞིག་ཡོད།”
“ལགས།ང་་་་ང་།ང་ལ་ཕྱག་མོ་ཞིག་གཟིགས་དགོས།”
ཁོང་གིས་དེ་ལྟར་དྲིས་ཡོང་དུས་རྡོ་བཀྲ་རེ་ཞིག་སྟབས་སྟབས་པོར་གྱུར་སྟེ་ཇི་ལྟར་ལན་འདེབས་དགོས་པའང་མི་ཤེས་པར་གྱུར།
“འོ་རེད་རེད།དོན་ཅི་ཞིག་གི་ཆེད་དུ་ཡིན།”
ཨ་ཁུ་འཇམ་དབྱངས་ཀྱིས་ཤིན་ཏུ་འཇམ་པའི་ངག་གིས་དེ་ལྟར་དྲིས།ཁོའི་སྣ་ལམ་དུ་ཡང་མི་རྒན་ལ་ཁྱད་པར་དུ་ཡོད་པའི་ཚི་དྲི་སྟུག་པོ་ཞིག་མཆེད་ཅིང་།དེ་ལྟ་བུ་ནི་རྡོ་བཀྲ་ཆུང་དུས་ཁོའི་འདས་ཟིན་པའི་ཕ་རྒན་གྱི་ལུས་ནས་མ་གཏོགས་བསྣམས་མ་མྱོང་བ་འདྲ།
“ང་ལ་སྨན་ཁང་གིས་བཅོས་ཐབས་མེད་པའི་ནད་ཞིག་བྱུང་འདུག་ཟེར།ལགས།ད་ལྟ་ངས་ཅི་བྱས་ན་བཟང་།ཁྱེད་ཚང་གིས་ལམ་སྟོན་གནང་རོགས།”
“འོ་་་་སྙིང་རྗེ།དེ་འདྲ་རེད་དམ།ཡ་ཡ་ཡ།”
ཁོང་གིས་དེ་ལྟར་གསུང་ཞོར་འཁྲིག་མ་གཡས་པར་དཀྲིས་པའི་ཕྲེང་བ་དེ་ཕྱག་ཟུང་གིས་ཕུར་ཕུར་ལན་འགའ་གནང་ཞིང་།མིག་ཟུང་བཙུམ་སྟེ་ཕྲེང་བ་སྙིིིིིིམ་པར་སྦྱར་ནས་གསོལ་འདེབས་ཀྱིས་མུར་མུར་བཟློས་ཤིང་ཕུ་འགའ་བཏབས།དེ་ནས་གཟབས་ནན་གྱིས་ཕྲེང་བ་གྲོལ་མདུད་རེ་བརྒྱབ་སྟེ་བཤིག་པར་བྱེད།དེ་ལྟར་ལན་འགའ་བྱས་མཐར་ཕྲེང་བ་ཕྱིར་མཁྲིག་མར་དཀྲིས་ཤིང་རྒས་གཉེར་གྱིས་ཁེངས་པའི་མིག་ཟུང་ལ་གཟབ་ནན་གྱི་མདངས་མངོན་སྟེ་རྡོ་བཀྲའི་གདོང་ལ་ཅེར་བར་བྱེད།དེ་ནི་ཁོང་གིས་རྡོ་བཀྲའི་གདོང་ནས་ཅི་ཞིག་འཚོལ་བཞིན་པ་དང་ཡང་མཚུངས།
“བུ།འདི་དག་ཐམས་ཅད་ལས་ཡིན་པས་ད་ནི་བཟློག་དཀའ་བར་འདུག”
“ལགས།དེ་ལྟར་གསུང་ན་་་་”
“ལས་དང་རྒྱུ་གང་བསགས་གྱུར་ན་འབྲས་ཀྱང་དེ་འབྱུང་བ་ནི་འཇིག་རྟེན་ཆོས་ཉིད་རེད།འདི་ལ་ཟློག་ཐབས་ཞིག་མེད།ཚེ་སྔོན་བསགས་པའི་ལས་ཀྱི་འབྲས་བུ་ཚེ་འདིར་སྨིན་པ་དང་།ཚེ་སྟོད་བསགས་པའི་ལས་ཚེ་སྨད་ལ་སྨིན་ངེས།འཇིག་རྟེན་རྒུད་པ་ཇི་སྙེད་པ།།དེ་ཡི་རྩ་བ་མ་རིག་པ།།བུ།ད་ནི་དཀར་པོ་དགེ་བའི་ཕྱོགས་ལ་བརྩོན་པར་གྱིས།”
“ལགས་་་་་ལགས་སོ།”
རྡོ་བཀྲའི་ངག་ནས་དབང་མེད་དུ་དེ་ལྟར་ཟེར་དགོས་པར་གྱུར།
2
རྡོ་བཀྲ་བསོད་ནམས་སྒྲོལ་མ་དང་འཕྲད་པ་ནི་དངོས་གནས་ལྟོས་དབང་ཞིག་ཅི་ལ་མིན།ཉིན་དེ་ནི་རྡོ་བཀྲའི་མི་ཚེའི་ཁྲོད་བག་ཆགས་ཆེས་ཟབ་པའི་ཉིན་ཞིག་སྟེ།ལོ་གཉིས་ལྷག་གི་སྔོན་ལ།རྡོ་བཀྲས་མི་ལོ་བཅུ་ལྷག་རིང་གི་སློབ་གྲྭའི་འཚོ་བར་བཞི་ཤད་བྲིས་ཏེ།རྡོག་ཁྲེས་རྣམ་ཁུར་ནས་རླངས་འཁོར་འབབ་ཚིགས་སུ་སོང་།ཁོར་རྡོག་ཁྲེས་དེ་དག་གི་ནང་དུ་རྡོ་བརྫངས་པ་དང་མཚུངས་པར་ཧ་ཅང་ལྕི་ཚོར་སྣང་བྱུང་ཞིང་།ལྷག་པར་མགོ་ཐོག་གི་ཉི་འོད་ནི་རྒྱ་ཁབ་མང་པོས་མཉམ་གཅིག་ཏུ་ཁོས་སྤྱི་གཙིག་ནས་རྒལ་གཞུང་བར་རྡེག་པ་དང་མཚུངས།
ཁོས་པ་སེ་ངོས་ཀྱི་ཨང་གྲངས་ལྟར་རང་ཉིད་ཀྱི་འདུག་སྟེགས་བཙལ་དུས།མིག་ལམ་དུ་བུ་མོ་ཞིག་སྒེའུ་ཁུང་འགྲམ་གྱི་འདུག་སྟེགས་སུ་བསྡད་འདུག་པ་མཐོང་།བུ་མོ་དེའི་གྱོན་པ་གྱོན་སྟངས་དང་སྐྲ་ལོ་འཇོག་ཚུལ་སོགས་སྐད་ཅིག་ཉིད་ལ་རྡོ་བཀྲའི་ཡིད་ཀྱི་གཏིང་རིམ་ལ་སིམ།དེ་ལྟར་ཁོ་རེ་ཞིག་གནས་དེ་རུ་ཧད་དེ་ལུས་པ་དང་།དེ་ནི་ལོ་གཉིས་ཀྱི་རྗེས་སུ་ཁོ་རང་སྨན་ཁང་གི་བར་ཁྱམས་ན་ཧད་དེ་ལུས་པའི་ངང་ཚུལ་དང་ཡོངས་སུ་མཚུངས་པར་ངེས།བུ་མོ་དེའི་རྣ་བར་སྐུད་མེད་རྣ་ཉན་ཞིག་བཙུགས་འདུག་ཅིང་།སྒེའུ་ཁུང་ཕྱི་རོལ་གྱི་གནས་གང་ཞིག་ལ་ཅེར་འདུག་པའི་ངང་ཚུལ་དེས།རྡོ་བཀྲའི་ཡིད་སེམས་དབང་མེད་དུ་དྲངས་ཤིང་སྐབས་ཤིག་ལ་རྗེས་ན་འཚང་བཞིན་པའི་མི་དེས་“ཨ་རོགས།ལམ་ཕྱེས་དང”ཞེས་ཟེར་སྐབས་ད་གཟོད་རང་ཉིད་གནས་གང་ཞིག་ཏུ་ཡོད་པ་ཚོར།ཁོས་བལྟས་ཀྱང་བལྟས་པས་ད་གཟོད་བུ་མོ་དེ་རང་ཉིད་ཀྱི་འདུག་སྟེགས་སུ་བསྡད་ཡོད་པ་རྟོགས།ཁོར་ཐོག་མར་དགའ་སྤྲོ་དང་དེ་ནས་དངངས་འཚུབ་སྐྱེས།ཁོས་ཐོག་མར་ཅི་ཞིག་བཤད་འདོད་ཀྱི་ཁ་གདངས་ཙམ་བྱས་ཡང་མགྲིན་པའི་སྦུབས་སུ་སྲ་ཞིང་མཐུས་པའི་དངོས་པོ་ཞིག་བརྫངས་འདུག་པ་དང་མཚུངས་པའམ་ཡང་ན་གློག་སྒོ་བརྒྱབས་པ་དང་མཚུངས་པར་གཞི་ནས་གྲགས་རྒྱུ་མེད་པར་གྱུར།རྡོ་བཀྲ་དེ་ལྟར་ཁོ་མོའི་འགྲམ་གྱི་འདུག་སྟེགས་སུ་སེམས་ཆུང་ངང་བསྡད།སྐད་ཅིག་མ་དེར་ཁོ་མོས་ཀྱང་རང་ཉིད་ཀྱི་གམ་དུ་མི་ཞིག་བསྡད་པ་ཚོར་ཞིང་མཁྲིས་སུ་བཞག་པའི་གོ་ཁུག་སྒོར་སྒོར་དེ་ཕར་སྣུར་ཙམ་བྱས།
“དགོངས་དགང་རང་རླངས་འཁོར་གནོད་པས་སྒེའུ་ཁང་འགྲམ་དུ་བཙོག་ཆོག་གམ།”
“སྐྱོན་མེད།ལོས་ཆོག”
ཁོ་མོས་དེ་ལྟར་ཟེར་དུས་རྡོ་བཀྲ་སྟབས་སྟབས་པོར་གྱུར་ཞིང་རེ་ཞིག་རང་ཉིད་ཀྱིས་ལན་ཅི་ཞིག་ལྡོན་པའང་མི་ཤེས་པར་གྱུར།ཁོ་མོས་ཀྱང་ཕྱིར་འཛུམ་ཆུང་ཞིག་བསྟན་པས་རྡོ་བཀྲའི་གདོངས་ཡོངས་ཕྱི་དྲོའི་མཚམས་སྤྲིན་དང་མཚུངས་པར་སྐད་ཅིག་ཉིད་ལ་དམར་རྐྱང་དུ་གྱུར།
རླངས་འཁོར་ལམ་ལ་ཆས་ནས་ཡུད་ཙམ་འགོར་རྗེས་བུ་མོ་དེ་གཉིད་དུ་ཡུར་ནས་མགོ་བོ་ག་ལེར་རྡོ་བཀྲའི་ཕྲག་པར་བསྙེས།ཁོར་ཐོག་མར་གློག་གིས་བརྒྱབ་པ་དང་འདྲ་བར་ལུས་ཡོངས་སྦྲིད་སོང་ཡང་།སྐབས་ཤིག་ལ་བུ་མོ་དེའི་ལུས་དྲོད་དང་མཚམས་ཚིག་ལྡན་ལ་ལྷོད་ཞིང་འཇམ་པའི་སྔུར་བ་ཡང་མོས་རྡོ་བཀྲར་སྔར་བྱུང་མ་མྱོང་བའི་བདེ་སྣང་ཞིག་སྐྱེས་སུ་བཅུགཁོས་ཀྱང་དེ་རོལ་མྱོང་ཞིག་ཏུ་སྒོམ་བཞིན་སྒེའུ་ཁུང་ཕྱི་རོལ་གྱི་ཡུལ་ལྗོངས་ལ་གཡེང་།སྐབས་ཤིག་ལ་ཁ་པར་གྱི་ཏིར་སྒྲ་རིང་བོ་ཞིག་གིས་བུ་མོ་དེ་གཉིད་ལས་དཀྲོགས་སོང་བས་མོས་བྲེལ་འཚུབ་ཀྱིས་ཁ་པར་བླངས་ཤིང་རྣ་ཁར་གཏད།
“ཝེ།རླངས་འཁོར་སྔོན་ཏག་ཏག་ལམ་ལ་ཆས་པ་རེད།མ་མཐའ་ཡང་ཕྱི་དྲོའི་ཆུ་ཚོད་བཞི་ལྔ་ཙམ་ལ་འབྱོར་སྲིད།”
ཁོ་མོས་དེ་ལྟར་ཟེར་སྐབས་སུ་རྡོ་བཀྲས་དབང་མེད་དུ་ཁ་པར་ཕ་རོལ་གྱི་མི་དེ་སུ་ཡིན་སྐོར་ལ་བསམ་བློ་གཏོང་དགོས་བྱུང་།དེ་ནི་དངོས་གནས་ཁོའི་རང་དབང་ན་མེད་པ་ཞིག་རེད།གལ་སྲིད་ཁོ་མོར་དགའ་གྲོགས་ཡོད་པའི་དབང་དུ་བཏང་ན་ཁ་པར་གཏོང་མཁན་ནི་མོའི་དགའ་གྲོགས་ཡིན་སྲིད་ལ།དེ་ལྟ་ན་སྔོན་ཏག་ཏག་ལ་བུ་མོ་དེས་ཁོར་སྦྱིན་པའི་ཚོར་བ་དག་ལ་དོན་སྙིང་གཅིག་ཀྱང་ཡོད་མི་སྲིད།འོན་ཀྱང་ཁ་པར་གཏོང་མཁན་མོའི་ཕ་མའམ་ཁྱིམ་མི་གང་རུང་ཞིག་ཡིན་པའི་དབང་དུ་བཏང་ན་ཁོ་བོས་གོམ་གང་མདུན་སྤོས་ཀྱིས་བུ་མོ་དེར་རྒྱུས་ལོན་བྱས་ཆོག་སྙམ།
“ད་སོ་མར་གཉིད་དུ་ཡུར་སོང་།”
“ཨོ།སྐྱོན་མེད།”
བུ་མོ་དེས་མིག་ཟུང་ཕུར་ཕུར་བྱེད་བཞིན་ཁེར་ལབ་བམ་རྡོ་བཀྲར་བཤད་པ་གང་ཡིན་མི་ཤེས་པ་ཞིག་བཤད་པ་དང་།རྡོ་བཀྲས་ཀྱང་ལྡབ་ལྡིབ་ངང་དེ་ལྟར་བཤད།དོན་ངོ་མར་རྡོ་བཀྲས་ཀྱང་རང་ཉིད་ཀྱིས་ཅིའི་ཕྱིར་དེ་ལྟར་བཤད་པ་ཤེས་མ་སོང་།དེ་ནི་བུ་མོ་དེ་རང་གི་ཕྲག་པར་བསྙེས་པ་སྐྱོན་མེད་ཟེར་བ་ཡིན་ནམ་ཡང་ན་མུ་མཐུད་དུ་རང་གི་ཕྲག་པར་བསྙེས་ཆོག་པའི་བརྡ་ཡིན་ནམ།
“ཁྱོད་གང་གི་ཡིན།”
རྡོ་བཀྲ་དེ་ལྟར་སྟོང་འདང་གྱི་ཁྲོད་དུ་ལུས་ཡོད་སྐབས་བུ་མོ་དེས་འདྲི་ཚིག་གིས་ཁོ་རང་ཡང་བསྐྱར་སྟབས་སྟབས་པོར་བཏང་།
“ཨོ།ང་ཚ་ཤུལ་ཞང་གི་ཡིན།”
ཁོས་ལན་བཏབས།
“ཨ་ཙི།ཇི་འདྲའི་ཐག་ཉེ་པོ་རེདཨང་།”
བུ་མོ་དེའི་རྣམ་རིག་གློ་བུར་ཇེ་གསལ་དུ་གྱུར།
“འོ་ན་ཁྱོད་གང་གི་ཡིན།”
“ང་ཆུ་ལུང་ཞང་ཚེར་ལུང་སྡེ་བའི་ཡིན།”
“དངོས་གནས་ཉེ་པོ་འདུགའོ་རེད།ཁྱོད་ཀྱི་མིང་ལ་ཅི་ཟེར།”
“ཅི་རེད་།ཁྱོད་ཀྱིས་ཁྱིམ་ཐོ་རྒྱུས་ལོན་བྱེད་ཀྱིན་ཡོད་དམ།”
“ཧ་ཧ་ཧ་དེ་ག་ལ་ཡིན།”
“ཀུ་རེ་ཡིན།བསོད་ནམས་སྒྲོལ་མ།འོ་ན་ཁྱོད་ཀྱི་མིང་ལ་་”
“ཚང་མས་ང་ལ་རྡོ་བཀྲ་ཞེས་འབོད།”
“མིང་ཡག་པོ་འདུག་ཨང་།ཡིད་ལ་འཛིན་ཡང་སླ་བར་འདུགའོ་ན་ངས་ཀྱང་ཁྱོད་ལ་དེ་ལྟར་འབོད།”
བསོད་ནམས་སྒྲོལ་མས་དེ་ལྟར་བཤད་ཡོང་དུས་རྡོ་བཀྲར་སྔར་བྱུང་མ་མྱོང་བའི་ཚོར་བ་གཞན་ཞིག་སྐྱེས་སུ་བཅུག་སོང་ལ་དེ་ནི་སྐམ་ལ་ཉེ་བའི་མྱུ་གུ་ཞིག་ལ་ཆར་གྱི་ཐིགས་པས་བརླན་པ་དང་འདྲ།ལྷག་པར་བསོད་ནམས་སྒྲོལ་མས་སྐད་ཆ་བཤད་སྐབས་ཀྱི་འཛུམ་ཆུང་དེ་མཐོང་ཡོང་དུས་ཁོ་ངོ་ཚ་སྟེ་ཐད་ཀར་མོའི་གདོང་ལ་ལྟའང་མི་ཕོད་པར་གྱུར།
“ཁྱོད་སློབ་མཐར་ཕྱིན་སྟེ་ཕྱིར་ཕ་ཡུལ་དུ་འགྲོ་བ་ཡིན་ནམ།”
“ཁྱོད་ཀྱིས་བལྟས་ན་ང་སློབ་མ་ཞིག་ལ་འདྲའམ།”
“མིན་ནམ།”
“ཧ་ཧ་ཧ།ག་ལ་ཡིན།ངས་ད་རག་བར་ཟི་ལིང་ནས་གླ་བརྒྱབ་པ་ཡིན།”
“དེ་འདྲ་རེད་དམ།ངས་ཁྱོད་སློབ་མ་ཞིག་རེད་འདོད།”
“ང་མཐོ་འབྲིང་མཐར་ཕྱིན་རྗེས་སློབ་གཤོལ་བྱས།”
ཁོ་མོས་དེ་ལྟར་བཤད་ཡོང་དུས་གདོང་ལ་སྐྱོ་ཉམས་ཤིག་མངོན་ཡོང་ཞིང་དེ་ལས་རྡོ་བཀྲའི་སེམས་ལའང་དབང་མེད་དུ་སྐྱུར་ཤ་ཞིག་ལངས།
“དེར་ཅི་སྐྱོན།ད་ལྟ་སློབ་གྲྭར་སོང་ཡང་མཐར་ཕྱིན་རྗེས་འགྲོ་ས་ཞིག་ཡོད་མེད་ཡང་ཁག་པོ་རེད།”
“འོ་ན་ཁྱོད་སློབ་མ་ཡིན་ནམ།”
“ཁ་སང་ཡིན།དེ་རིང་མིན།”རྡོ་བཀྲས་ཀུ་རེས་ཚུལ་དུ་དེ་ལྟར་བཤད།
“ཅིའི་ཕྱིར།ཁྱོད་ཀྱང་སློབ་གཤོལ་བྱས་ཟིན་ནམ།”
“ང་སློབ་མཐར་ཕྱིན་པ་ཡིན།དེ་རིང་ཕྱིར་ཕ་ཡུལ་ལ་འགྲོ་བ་ཡིན།”
“དེ་འདྲ་རེད་དམ།གང་ལྟར་འུ་ཚོ་གཅིག་པ་མ་རེད།”
སྐད་ཆ་དེས་རྡོ་བཀྲར་ཡང་བསྐྱར་གདུང་སེམས་ཤིག་སྐྱེས་སུ་བཅུག་པ་དང་།གལ་སྲིད་ཆོག་པའི་དབང་དུ་བཏང་ན་ཁོས་བུ་མོ་འདིའི་གདུང་བ་མཐའ་དག་རང་ཉིད་ཀྱི་ལུས་སྟེང་དུ་བླངས་ཏེ་སྡུག་བསྔལ་ཇི་འདྲ་མྱངས་དགོས་ཀྱང་འགྱོད་པ་སྤུ་ཙམ་ཡང་མེད་པར་བསམ།
“དེ་ལྟར་ཟེར་ག་ལ་རུང་།མ་འོངས་པ་སུས་ཀྱང་ཚོད་དཔག་མི་ཐུབ་པ་མིན་ནམ།”
“ངེད་གཉིས་སྐད་འཕྲིན་བསྣན་ན་ཆོག་གམ།”
“ལོས་ཆོག”
བསོད་ནམས་སྒྲོལ་མས་ཁ་པར་བླངས་ཏེ་བཤེར་ཨང་བསྟན་ཡོང་བ་དང་རྡོ་བཀྲས་ཀྱང་དེ་མུར་ཁ་པར་བླངས་ཏེ་མོའི་སྐད་འཕྲིན་ནང་འཇུག་བྱས།
“ཁྱོད་ལ་དགའ་གྲོགས་ཡོད་དམ།”
སྐབས་ཤིག་ལ་རྡོ་བཀྲས་རང་སེམས་ཀྱི་དོགས་གཞི་དེ་སེལ་ཆེད་དུ་སྤོབས་པ་ཞིག་རྒྱས་པའམ་བསྲན་མ་ཐུབ་པར་དེ་ལྟར་དྲིས།
“ཅིའི་ཕྱིར་དེ་ལྟར་འདྲི་བ་ཡིན།”
“ནང་དོན་གཞན་མེད།ཁྱོད་ལ་གྲོགས་ཤིག་བསྒྲིགས་འདོད་པ་ཡིན།”
“གྲོགས་བསྒྲིག་ན་དགའ་གྲོགས་ཡོད་མེད་ལ་འབྲེལ་བ་ཡོད་དམ།ངས་བལྟས་ན་ཁྱོད་ཀྱི་སེམས་ལ་དོན་གཞན་ཞིག་དྲན་གྱིན་འདུག”
བསོད་ནམས་སྒྲོལ་མའི་མིག་ཟུང་ལ་པྲ་ཆལ་གྱི་མདངས་ཤིག་མངོན་ཞིང་།དེས་རྡོ་བཀྲའི་ཡ་ཆུང་ལ་ཟ་འཕྲུག་སློངས་པར་བྱེད།མོ་རྡོ་བཀྲའི་རྣམ་འགྱུར་ལ་ཁོང་དགོད་ཅིག་ཤོར་ཞིང་དེ་ནས་“ཨ་ལ་ཀུ་རེ་ཡིན།དགའ་གྲོགས་མེད།”ཅེས་ཟེར།
རླངས་འཁོར་གྱི་སྒེའུ་ཁུང་ལས་ཕྱི་རོལ་གྱི་ལྗོངས་དངོས་དག་རྒྱབ་ཕྱོགས་སུ་སྐད་ཅིག་སྐད་ཅིག་ལ་ཡལ་ཞིང་།སྐབས་སྐབས་སུ་མུ་མཐའ་མི་མངོན་པའི་རྩྭ་ཐང་དང་ཐང་མར་བརྡལ་པའི་ཕྱུགས་རིགས་ཀྱི་ཁྱུ་ཚོགས་སོགས་མངོན་ཡོང་དུས་ད་ནི་ཕ་ཡུལ་ལའང་ཐག་མི་རིང་བ་ཤེས་ཐུབ།འོན་ཀྱང་ཕ་ཡུལ་དང་ཐག་ཇེ་ཉེར་སོང་ན་ཁོ་དང་བསོད་ནམས་སྒྲོལ་མ་གཉིས་ཀྱང་རང་སར་འགྲོ་དགོས་པར་ཐག་ཇེ་ཉེར་འགྲོ་བཞིན་ཡོད་པས།རྡོ་བཀྲའི་སེམས་ལ་དབང་མེད་དུ་འཁྲིས་ཀྱི་བུ་མོ་འདི་དང་ཁ་འབྲལ་མི་འདོད་པ་ལྟ་བུའི་ཚོར་བ་ཞིག་སྐྱེས།མ་མཐའ་ཡང་སྐར་ཆ་འགའི་དུས་ཚོད་ཇེ་རིང་དུ་བསྲིངས་ཀྱང་ཆོག་པར་འདོད།འོན་ཀྱང་རླངས་འཁོར་ཇེ་དལ་དུ་གཏོང་བ་ཕར་ཞོག་ལྷག་པར་ངར་ཤུགས་ཀྱིས་མདུན་ནས་མདུན་དུ་རྒྱུག་བཞིན་འདུག
“ད་ནི་ཐོན་ལ་ཉེ་ཨང་།”
“ཨུན།ཅང་མི་འགོར་བར་ཐོན་སྲིད།”
སྐབས་འདིར་བསོད་ནམས་སྒྲོལ་མའི་སྐད་གདངས་ཇེ་དམའ་རུ་སོང་འདུག་ལ་ད་དུང་སྐྱོ་སྣང་གི་ཆ་ཞིག་ཀྱང་འདྲེས་འདུགམ་མཐའ་ཡང་རྡོ་བཀྲའི་སྣང་ངོར་དེ་ལྟར་བསམ།
“ང་ཡང་བསྐྱར་ཁྱོད་ཀྱི་ཕྲག་པར་བསྙེས་ན་ཆོག་གམ།”
བསོད་ནམས་སྒྲོལ་མས་མུ་བཐུད་དུ་དེ་ལྟར་བཤད་སྐབས་ཕྱི་དྲོའི་ཉི་འོད་འཇམ་པོ་རླངས་འཁོར་གྱི་སྒེའུ་ཁུང་བརྒྱུད་ཁོ་མོའི་སྐྲའི་འཇག་མ་རེ་རེ་དང་ངོ་གདོང་གི་ཕྱེད་ཀ་ཁེབས་ཏེ་གདགས་སྲིབ་གཉིས་སུ་དབྱེ་བའི་མོད་ལ།ཁོ་མོའི་དྭངས་གསལ་གྱི་མིག་ཟུང་ལའང་སྐྱོ་ཤས་དང་སྐྱོ་ཤས་ལས་མཛེས་སྡུག་གི་ཆ་གཞན་ཞིག་ཀྱང་མངོན་ཡོང་།རྡོ་བཀྲས་མིག་མདུན་གྱི་བུ་མོ་འདིའི་སྙིང་དུ་སྡུག་པའི་བཞིན་རས་དང་ལྷག་པར་ཁོའི་ཕྱི་ནང་གསང་གསུམ་ཡོངས་སུ་བརྟོལ་འགྲོ་བའི་མིག་མདངས།དེ་ལས་མངོན་པའི་སྐྱོ་ཤས།སྐྱོ་ཤས་ཀྱི་སྲུབས་བར་ན་བསྐུངས་པའི་བརྩེ་དུང་གི་ཆ་རྡུལ་སོགས་མཐོང་ཡོང་དུས།ཁོར་བུ་མོ་འདི་བྲང་ཁར་སྦྱར་འདོད་ཀྱི་མདུན་པ་འགོག་མེད་ཅིག་སྐྱེས།
“ལོས་ཆོགཁྱོད་ཅུང་ཙམ་ལ་གཉིད་དང་ཕ་ཡུལ་ལ་འབྱོར་ཚེ་ངས་ཁྱོད་ལ་བརྡ་རྒྱག”
“ང་གཉིད་མི་འདོད།འདི་ལྟར་ཁྱོད་ཀྱི་ཕྲག་པར་བསྙེས་ནས་སྡོད་འདོད།”
བསོད་ནམས་སྒྲོལ་མས་དེ་ལྟར་ཟེར་སྐབས་མགོ་བོ་སྔར་ནས་རྡོ་བཀྲའི་ཕྲག་པར་བསྙེས་འདུག་ཅིང་།མིག་གིས་སྒེའུ་ཁུང་ཕྱི་རོལ་གྱི་ཕྱི་རོལ་ན་ག་ལེར་རྒྱབ་ཕྱོགས་སུ་གྱེས་བཞིན་པའི་ཡུལ་ལྗོངས་ལ་ཅེར་འདུག
3
གྲོང་ཁྱེར་ནས་འདུག་མང་བའི་རྡོ་བཀྲ་དེ་ལྟར་གློ་བུར་དུ་གྲོང་ཁྱེར་དང་ཁ་བྲལ་ཞིང་།ཡང་བསྐྱར་ཆུང་དུས་ཀྱི་འཚོ་བ་བསྐྱེལ་མྱོངས་སའི་ཕ་ཡུལ་ལ་སླེབས་དུས།འདུ་འཛི་དང་ཟང་ཟིང་གི་ཁོར་ཡུག་ཅིག་ནས་གློ་བུར་ལྷིང་འཇགས་ཀྱི་རྩྭ་ཐང་ལ་སླེབས་དུས།ཁོའི་ནང་སེམས་ཀྱི་སྙི་ས་ཞིག་ཏུ་ཕ་བོང་ཆེན་པོ་ཞིག་གིས་མནན་པ་དང་ཡོངས་སུ་མཚུངས།
རྡོ་བཀྲས་མ་རྒན་གྱི་སྐྲའི་བར་གསེང་ན་བསྐུང་འདོད་ཀྱང་བསྐུང་ཐབས་བྲལ་བའི་དངུལ་མདོག་གི་སྐྲའི་ཉག་མ་རེ་རེ་དང་མིག་ཟུང་གི་མཐའ་རུ་ཤར་མར་འཐེན་པའི་རྒས་གཉེར་མཐོང་ཡོང་དུས།ཁོས་མ་རྒན་ལ་མང་པོ་མང་པོ་ཞིག་ཆད་ཡོད་པའི་སྣང་བའང་སྐྱེས།
ད་ནི་ཁོ་ཡང་ལོ་ན་ཉི་ཤུའི་སྟོད་དུ་སླེབས་འདུག་པས་མ་གཞི་ཡིན་ན་ཁྱིམ་འདིའི་འགན་ཕྲན་ཙམ་ཕྲག་སྟེང་དུ་བླངས་ནས་ཁྱིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས་པ་ཡིན་མོད།འོན་ཀྱང་ཁོས་རང་ཉིད་ལོ་ན་དྲུག་བདུན་ནས་ད་བར་དུ་སློབ་གྲྭར་སོང་ཕྱིན་མ་མཐའ་ཡང་བྱ་བའི་ལས་གནས་ཀྱི་མིང་ཙམ་ཞིག་འཛིན་མཁན་དུ་འགྱུར་དགོས་སྙམ།དེ་ལྟ་ནའང་ཁོ་འདྲའི་རྒྱབ་རྟེན་དང་རྒྱུ་ཤུགས་ཅི་ཡང་མེད་པའི་སློབ་ཆེན་སློབ་མ་ཞིག་གིས་བྱ་བ་འོས་འཚམ་ཞིག་རག་དགོས་ཚེ་མ་མཐའ་ཡང་ད་དུང་ལོ་གཉིས་གསུམ་ཙམ་ལ་ཧུར་བརྩོན་བྱེད་དགོས་པ་ནི་དུས་འདིའི་ཆོས་ཉིད་དུ་གྱུར།
“ད་ནི་སློབ་མཐར་ཕྱིན་སོང་ན་བཟང་གིཁྱོད་ཀྱང་མི་ཆེ་ན་མི་ཆུང་།མྱུར་དུ་མནའ་མ་ཞིག་བཙལ་ཏེ་ཕ་ཤུལ་བུས་འཛིན་རྒྱུ་ནི་ཨ་མའི་རེ་བ་ཡིན།”
“ཨ་མ།ངས་་་་་”
“ཁྱོད་ཀྱི་ཕ་དྲིན་ཅན་པོའི་མིག་མ་བཙུམ་གོང་ལ་ཁྱིམ་འདིའི་དུ་བ་ཆད་དུ་འཇུག་མི་རུང་ཞེས་ཡང་ནས་བསྐྱར་དུ་བཤད་མྱོངས།ད་ནི་ངས་ཀྱང་མི་ནུས་པར་འདུགཁྱོད་ཀྱི་ཕ་དྲིན་ཅན་པོ་ཡོད་དུས་འདྲ་ཞིག་གཏན་ནས་མ་རེད།ལྷག་པར་རྐང་བ་ན་བའང་ཇེ་ཐུ་ནས་ཇེ་ཐུ་རེད།མཚན་མོ་གཉིད་ཀྱང་མི་ཁུགས་པར་འདུགད་ནི་ཁྱོད་ཕྱིར་ཡུལ་ལ་སླེབས་སོང་བ་འདི་དངོས་གནས་བཟང་འདུག”
“ངས་ཁྱོད་ལ་རྐང་སྨན་ཞིག་བླངས་ཡོད།ཁྱོད་ཀྱིས་འདི་འཐུང་དང་ནུས་པ་མངོན་གསལ་ཡིན་ཚེ་ད་དུང་བླངས་ཆོག”
རྡོ་བཀྲས་དེ་ལྟར་ཟེར་ཞོར་འཁུར་ཁུག་ལས་རྒྱ་སྨན་དམ་བེ་ཞིག་མ་རྒན་གྱི་སར་བསྲིངས།
རྡོ་བཀྲར་ལོ་འདི་དག་ལ་མ་རྒན་མངོན་གསལ་གྱིས་རྒས་འདུག་པའི་སྣང་བ་ཤར་ཡོང་ཞིང་།མོའི་སྐད་ཆ་ཇེ་མང་ལ་སོང་འདུག་ཅིང་སྐད་གདངས་ཇེ་དལ།སྐད་གདངས་ཀྱི་སྲུབས་བར་ན་ཁེར་རྐྱང་གི་སྐྱོ་བ་ཞིག་ཀྱང་བསྐུངས་འདུག་པའི་སྣང་བ་ཤར།
“ངས་རྒྱུན་པར་ཁྱོད་ཀྱི་ཕ་དྲིན་ཅན་པོ་རྨི་ལམ་ལ་རྨིས་ཡོང་།འཚམས་རེར་ཁོ་ལུག་རྫི་ནས་ཡུལ་ལ་སླེབས་ཡོང་ཞིང་།ཡང་འཚམས་རེར་ཁོ་ཡར་སྒྱེད་ནས་བཙོག་སྟེ་ང་ལ་ཁྱོད་ཀྱི་སྐོར་གླེང་མོ་བྱེད་ཀྱིན་འདུགཁྱོད་ཀྱི་ཕ་དྲིན་ཅན་པོ་རྨིས་ཡོང་སྐབས་སུ་ང་རང་དགའ་སྟེ་གཉིད་ལས་སད་པར་བྱེད་ཅིང་།གཉིད་ལས་སད་རྗེས་སུ་ངས་ད་གཟོད་རྨི་ལམ་ཡིན་པ་ཤེས་ཡོང་།”
མ་རྒན་གྱིས་དེ་ལྟར་ཟེར་སྐབས་སུ་མིག་མཐའ་རུ་མིག་ཆུས་ཡོངས་སུ་བྲན་འདུག་ཅིང་ངུ་སྔངས་ཡང་ཡང་བྱེད་སྐབས་རྡོ་བཀྲ་དབང་མེད་དུ་ཕྱིར་དྲན་གྱི་ཀློང་ལ་འཁྱམ།
ཁོའི་ཕྱིར་དྲན་གྱི་ཁྲོད་དུ་ཁོའི་ཕ་རྒན་ནི་དབྱར་དགུན་སྟོན་དཔྱིད་བཞི་པོར་ལུག་ཁྱུའི་རྗེས་འབྲངས་བཞིན་ཡོད་ཅིང་།རྒྱུན་པར་སྨྲ་བ་ཉུང་ལ་ལྷག་པར་ཁོ་དང་ཕ་རྒན་གྱི་བར་སྐད་ཆ་ཤིན་ཏུ་ཉུང་།འོན་ཀྱང་ནམ་རྒྱུན་རྡོ་བཀྲ་དབྱར་དགུན་གྱི་གུང་གསེང་ཚར་ནས་ཕྱིར་སློབ་གྲྭར་འགྲོ་རན་པའི་དུས་སུ་ཕ་རྒན་གྱིས་“བུ་རང་ལ་བུ་ཞིག་མ་སྐྱེས་ན།དགྲ་དང་སྤུན་ལས་སྤུན་གྱིས་སྡུགཨ་མའི་བུ་སློབ་གྲྭ་ནས་ཧུར་བརྩོན་བྱོས།སྟག་ཤ་རའི་ལས་དོན་རི་ན་ཡོད།བུ་ས་མཐའི་གྲགས་ན་གྲགས་ནི་ཡིན།ཡུལ་ནས་བསྡད་ན་ཨ་ཕ་ལྟ་བུ་རེད།ཅི་ཡང་མི་ནུས་པ་འདི་རེད།ང་ཕ་ཁ་ཏ་སྐྱག་ཟན་ཞིག་ལ།བུ་རྒོད་པོ་ཤ་ཟན་ཞིག་ལོས་སྐྱེས།”ཞེས་སྙིང་ཕུར་རྡེབ་ལ།ཡང་“ལམ་བར་ནས་སེམས་ཆུང་བྱོས།ཕར་ལ་ཐོན་ཚེ་ཁ་པར་ཞིག་གཏོང་རྒྱུ་མ་བརྗེད།”སོགས་ཟེར།
རྡོ་བཀྲས་ནམ་རྒྱུན་ལུང་འདབས་ཀྱི་རྐང་ལམ་དེད་ནས་ཕྱིར་གྲོང་ཁྱེར་ལ་འགྲོ་སྐབས།ཕ་རྒན་གྱིས་ཁོ་ཚང་གི་རྒྱབ་ཕྱོགས་ཀྱི་རི་རྒན་དེའི་གདོང་ཁ་བརྒྱུད་ནས་ལུག་ཁྱུའི་རྗེས་སྙེག་བཞིན་ཡོད།ནམ་རྒྱུན་ཕ་རྒན་དང་ཁོ་གཉིས་ཀྱི་བར་སྐད་ཆ་ཤིན་ཏུ་ཉུང་ནའང་།ཕྱིར་སློབ་གྲྭར་འགྲོ་སྐབས་སུ་རྡོ་བཀྲས་རང་ཁྱིམ་དང་ལྷག་པར་ཕ་རྒན་བློས་མི་ཐོངས་པའི་ཕྱིར་མིག་ཡང་ཡང་བལྟ་དགོས་གྱུར།སྐབས་དེ་དག་ལ་ཁོའི་མིག་ལམ་དུ་ལུག་ཁྱུའི་རྗེས་ཀྱི་ཕ་རྒན་ནི་ནག་ཐིག་ཅིག་དང་།ཁོ་ཚང་གི་ཁང་མིག་ཆུང་ངུ་དེ་ནི་སྐྱ་ཐིག་ཅིག་ཏུ་སྣང་།
“སང་ཉིན་ཁྱོད་ཀྱི་ཕ་དྲིན་ཅན་པོའི་དུས་རན་རེད།ངེད་གཉིས་ཁོའི་གནས་སར་འགྲོ་ཚཱ་ཚཱ་ཞིག་དཔར།”
མ་རྒན་གྱི་སྐད་ཆ་འདིས་རྡོ་བཀྲ་མུ་མཐུད་ནས་ཕྱིར་དྲིན་གྱི་ཀློང་ལ་ཁྲིད།
ལོ་གསུམ་ཡར་སྔོན་གྱི་དབྱར་ཁ་དེར།རྡོ་བཀྲར་གུང་གསེང་བྱིན་ཡོད་ནའང་ཕ་ཡུལ་ལ་མ་ལོག་པར་གྲོང་ཁྱེར་གྱི་ཟ་ཁང་ཞིག་ཏུ་གླ་བརྒྱབས་ཏེ་བསྡད།ཕྱི་དྲོ་ཞིག་ལ་ཁོའི་རྣ་དུང་ངམ་ཡང་ན་ཀླད་པའི་གཏིང་རིམ་ཞིག་ནས་རྒྱུན་ཆད་མེད་པའི་ཙི་སྒྲ་རིང་བོ་ཞིག་གྲགས་ཏེ་མཚམས་མི་འཇོག་ཅིང་།ཏག་ཏག་སྐབས་དེར་ཁོར་ཁ་པར་ཞིག་ཀྱང་ཐོན།ཁོས་ཁ་པར་བླངས་ཏེ་འཆར་ཤེལ་གྱི་ངོས་སུ་བལྟས་ཙ་ན་དེ་ནི་རྒྱུས་མེད་ཀྱི་ཨང་གྲངས་ཤིག་ཡིན་པར་འདུག
“ཝེ།སུ་ཡིན།”
“་་་་་་་”
“ཝེ།ཁྱོད་སུ་ཡིན།”
“ཁྱོད་མྱུར་མོར་ཡུལ་ལ་ཡོང་དགོས་པར་འདུག”
“དོན་ཅི་ཞིག་བྱུང་སོང་།”
“ཁ་པར་ནང་ནས་བཤད་ན་སྟབས་བདེ་པོ་མི་འདུགདེ་བས་མྱུར་མོར་ཡུལ་ལ་ཐོན་པར་གྱིས།ངེས་པར་དུ་ཐོན་པར་གྱིས།”
ཕ་རོལ་པོས་དེ་ལྟར་ཟེར་ཡོང་དུས་རྡོ་བཀྲར་གར་འོངས་མི་ཤེས་པའི་སྐྲག་སྣང་དང་བྲེལ་འཚུབ་སྐྱེས།ཁོས་དོན་ངོ་མར་དོན་ཅི་ཞིག་བྱུང་བ་ཤེས་འདོད་ཀྱིས་ཕ་རྒན་ལ་ཁ་པར་བཏང་།འོན་ཀྱང་ཁ་པར་གཞི་ནས་བླངས་མ་སོང་།ཁོ་རང་གླ་གཏོང་རླངས་འཁོར་ཞིག་ཏུ་བསྡད་དེ་ཕ་ཡུལ་ལ་སོང་།ཁོས་ལམ་ཧྲིལ་པོར་སྟོངས་འདང་ཁོ་ན་བྱས་ཤིང་རྣ་ལམ་དུ་“མྱུར་མོར་ཡུལ་ལ་ཐོན་པར་གྱིས།ངེས་པར་དུ་ཐོན་པར་གྱིས།”ཞེས་པའི་སྐད་ཆ་དེ་བྲག་ཅ་བཞིན་དུ་མཆེད་འོངས།རྡོ་བཀྲས་མི་ཚེ་འདིར་ཆེས་བརྗེད་མི་སྲིད་པ་ནི་ཁོ་རང་ཡུལ་ལ་ཐོན་དུས་མཐོང་བའི་རྣམ་པ་དེ་ཡིན་སྲིད།ཁོས་རྒྱང་རིང་ནས་ཁོ་ཚང་གི་ཁང་མིག་དེའི་མཐའ་རུ་རླངས་འཁོར་དང་འཕྲུལ་རྟས་ཁེངས་འདུག་པ་མཐོང་ཞིང་།ཁོ་ཚང་གི་སྒོ་ཕྱི་ཁྱིམ་བར་ནའང་མི་ཚོགས་ཀྱིས་འདུ་འཛི་ལོང་ལོང་བྱེད།
ཚ་གསུར་གྱི་དུ་སྤྲིན་སྟུག་པོས་ཁོ་ཚང་གི་ཁང་ཁྱིམ་སྐྱ་བོ་དེ་ཡོངས་སུ་སྒྲིབ་པར་བྱས་འདུག་ལ།ཚ་གསུར་གྱི་དྲི་ངད་སྟུག་པོ་རྡོ་བཀྲའི་སྣ་ལམ་དུ་ཡང་ཡང་འཐུལ་ཡོང་དུས།དེ་ནི་རྒྱ་སྲང་གི་དྲི་ངན་ལས་ཀྱང་སྣོམ་དཀའ་བའི་དྲི་མ་གཞན་ཞིག་ཏུ་སྣང་།ཁོ་རང་རླངས་འཁོར་ལས་ཐང་ལ་བབས་པའི་སྐད་ཅིག་མ་དེར།དེར་འདུས་ཀྱི་ཡུལ་མི་དག་ལ་སྐྱོམས་འགུལ་ཆེན་པོ་ཞིག་ཐེབས་ཤིང་།བུད་མེད་དག་གིས་མགོ་རས་ཀྱི་སྣེ་མོས་མིག་ཆུ་འབྱིད་ཞོར་དུ་ངུ་ཤུམ་ཡང་ཡང་བྱེད།སྐབས་དེར་ཁོ་རང་བླང་བློང་པོར་གྱུར་ཞིང་མདུན་དུ་གོམ་གང་ཡང་སྤོ་མ་ཕོད་པར་མིག་མདུན་གྱི་རྣམ་པར་ཅེར་ནས་ཡུན་རིང་དུ་ལུས།དེ་ནི་སུ་ཞིག་ལ་བསྒུག་འདུག་པ་དང་མཚུངས།རྡོ་བཀྲའི་སྣང་ངོར་རྐང་འོག་གི་ལྗང་ཞིང་ནེམ་པའི་ས་ཆེན་པོ་དེ་ཡང་སྲ་ཞིང་འཁྲེགས་པའི་འཁྱགས་རོམ་ཞིག་དང་མཚུངས་པར།ཁོའི་རྐང་མཐིལ་ནས་ཀླད་པའི་སྤྱི་གཙུག་བར་གྲང་ཤུར་ཤུར་གྱི་ཚོར་བ་གཞན་ཞིག་སྐྱེས་སུ་བཅུག
རྡོ་བཀྲས་མི་ཚོགས་ཀྱི་ཁྲོད་ནས་ཕ་མ་གཉིས་ཀྱི་སྣང་བརྙན་གཅིག་ཀྱང་མཐོང་མ་སོང་བས།ཁོས་གཞི་ནས་ཅི་ཞིག་རྟོགས་སོང་བའམ་ཅི་ཞིག་རྟོགས་འདོད་ཀྱིས་མདུན་དུ་བརྒྱུག་ཙམ་བྱས་ཀྱང་རྐང་བ་གཉིས་ནི་སྔར་བཞིན་འགུལ་རྒྱུ་མེད་པར་གྱུར།ཁོའི་མིག་ལམ་དུ་ཁོ་ཚང་གི་ཁང་པ་སྐྱ་ལེབ་དེ་ཡུན་རིང་དུ་ལུས་པའི་མཚེར་ཤུལ་ཙམ་དུ་སྣང་ཞིང་།ཉོབ་མདངས་ཀྱིས་ཁེངས་པའི་སྒེའུ་ཁུང་ལས་དེའི་ནང་རོལ་དུ་གཞན་ལ་སྟོན་མི་འདོད་པའམ་ལྷག་པར་ཁོར་སྟོན་མི་འདོད་པ་ཅི་ཞིག་རུམ་ཡོད་པ་དང་མཚུངས།
རྒད་པོ་འགས་རྡོ་བཀྲའི་དཔུང་བ་གཡས་གཡོན་ནས་བཟུང་སྟེ་“དེ་ལྟར་མ་བྱེད།ཤི་བོའི་རྗེས་ཀྱི་གསོན་པོས་དེ་ལྟར་བྱེད་སྲོལ་ག་ལ་ཡོད།ཨ་མའི་བུ་ཞིག་ཡིན་ན་་་་་”ཞེས་ཟེར་ཞིང་།ཡང་“ཁྱོད་ཀྱིས་རང་གི་ཨ་མར་འདང་ཞིག་རྒྱོབས།ཁོ་མོས་ཁྱོད་ཀྱིས་འདི་ལྟར་བྱེད་པ་མཐོང་ཚེ་སེམས་ལྷག་པར་སྡུག་ངེས།”ཞེས་ཡང་ནས་བསྐྱར་དུ་བཤད་རུང་རྡོ་བཀྲའི་རྣ་བ་དང་ཀླད་པའི་བར་སྟོངས་ཡོངས་སུ་བང་སྒྲ་རིང་བོ་ཞིག་ལས་ཅི་ཡང་གྲགས་རྒྱུ་མ་ཡོད།དེ་ལྟར་རྒད་པོ་དེ་དག་གིས་ཁོ་རང་བསྐྱོར་མ་དྲུད་ཀྱིས་ཁང་པའི་མཁྲིས་ཀྱི་རས་གུར་དེའི་ནང་ཁྲིད།རས་གུར་དེ་ལས་ཁོས་མ་རྒན་དེར་བརྒྱལ་འདུག་པ་མཐོང་ཞིང་དེ་ལས་ཁོས་ད་གཟོད་མ་མཚམས་པ་ནི་ཕ་རྒན་ཡིན་པ་གཞི་ནས་རྟོགས།ཁོར་ངུ་སྙིང་དྲགས་པོ་འདོད་ཀྱང་མིག་ཆུ་ཐིགས་པ་གཅིག་ཀྱང་ཡོང་རྒྱུ་མ་བྱུང་ལ་མགྲིན་སྦུབས་ལས་ངུ་སྐད་ཕྲན་ཙམ་ཡང་གྲགས་རྒྱུ་མ་བྱུང་།རྡོ་བཀྲ་ཡུན་རིང་ཞིག་ལ་བླ་འཁྱམས་པ་ལྟར་ལུས་པ་དང་སྐབས་ཤིག་ལ་མིག་མདུན་གྱི་རྣམ་པར་འགྱུར་བ་ཕྲན་ཙམ་མེད་པ་མཐོང་རྗེས་ད་གཟོད་སྐད་ཆེན་པོས་“ང་ཨ་ཕ་མེད་སོང་བ་རེད།ཨ་ཕ།ཨ་ཕ།”ཞེས་ཡང་ནས་བསྐྱར་དུ་ངུ་འབོད་བྱས་ཏེ་ཁང་པ་སྐྱ་ལེབ་དེའི་ནང་དུ་བརྒྱུགས་ཀྱང་རྒད་པོ་དེ་དག་གིས་སྔར་བཞིན་ཁོའི་དཔུང་བ་གཡས་གཡོན་ནས་བཟུང་སྟེ་འགྲོ་རུ་མ་བཅུག
“ཁ་སང་ཕྱི་དྲོའི་ཆར་ཞོལ་དེའི་ནང་ཡིན་པར་འདུགཁོས་ལུང་ངོས་ཀྱི་ལུག་ཁྱུ་ལུང་མཐིལ་དུ་བསྐོར་བསམ་དེ་བྲག་ངོས་བརྒྱུད་ནས་འགྲོ་སྐབས།བྲག་རྩི་ཆར་གྱིས་བརླན་པར་བྱས་ཡོད་སྟབས་དེའི་སྟེང་ཤུད་སོང་བ་ཡིན་ལས་ཆེ།ཨོཾ་མ་ཎི་པདྨེ་ཧཱུཾ།ང་ཚོས་ལུང་མཐིལ་གྱི་གྲོག་ཤུར་དེའི་ནང་ནས་རྙེད་བྱུང་།རྙེད་དུས་ད་དུང་དབུགས་ཅུང་ཙམ་ཞིག་འདུགཡིན་ཡང་་་ཨོཾ་མ་ཎི་པདྨེ་ཧཱུཾ།དེ་ནས་ཅུང་ཙམ་གྱི་རྗེས་སུ་མ་ལྕོག་ཐལ།”
རྡོ་བཀྲས་ཕ་རྒན་ཇི་ལྟར་ཚེ་ལས་འདས་པ་གོ་འཕྲལ་མིག་ལམ་དུ་རྣམ་པ་དེ་དག་བརྙན་རས་བཞིན་ཤར་ཡོང་ཞིང་།ཡ་ཆུང་ནང་གི་གློ་སྙིང་མཆིན་གསུམ་གྱིས་གཅུ་ལོག་རྒྱག་པ་ལྟར་ན་ཟུག་ཡང་ཡང་སྐྱེས་ཡོང་།
“འེ་་་་་རྡོ་བཀྲ།ཁྱོད་ཀྱི་སེམས་ལོས་སྡུགའོན་ཀྱང་སྐབས་འདིར་ཆེས་གལ་ཆེ་བ་ནི་སེམས་ཤུགས་ཉམས་མི་རུང་དེ་ཡིན།མྱི་སྐྱིད་དུས་སྡུག་དུས།ཐང་སྐྱ་དུས་སྔོ་དུས།ད་ནི་ཁྱོད་ཁྱིམ་འདའི་ཀ་བ་དང་གདུང་མར་གྱུར་ཡོད།ངེད་ཅག་ཤི་བོའི་རྗེས་ཀྱི་གསོན་པོ་རེད།ནམ་ནམ་ཤི་བོའི་རྗེས་སུ་སྡུག་བསྔལ་བྱས་ནས་སྡོད་དམ།དེ་ལས་དུས་རྒྱུན་ཤི་བོའི་རྗེས་སུ་མ་ཎི་རེ་དང་སྨྱུང་གནས་རེ་སྲུང་བར་བྱོས་དང་ཕན་པ་ཅན་པོ་དེ་ཡིན།ཁྱོད་ཕ་བཟང་པོ་ཞིག་གི་བུ་རེད།ད་ནི་ཁྱོད་ཀྱི་ཨ་མར་མཚོན་ན་ཡང་རྟེན་ས་ཁེན་ས་ཞིག་ཡོད་པ་ཁྱོད་རེད།ཁྱོད་ཀྱི་ཨ་མ་ཡང་མྱི་བཟང་པོ་དྲུག་ཅུ་ལོ་ཡིས་ཐུབ།གོས་བཟང་པོ་དབྱར་གསུམ་ཆར་གྱིས་རལ་ཞེས་པའི་དཔེ་ལྟར།ད་ནི་ཁྱོད་ཀྱིས་རང་གི་ཨ་མར་བདག་སྐྱོང་བྱེད་དགོས།མུ་མཐུད་དུ་ཤུ་རེ་བྱེད་དགོས།”རྒད་པོ་ཞིག་གིས་རྡོ་བཀྲར་དེ་ལྟར་སེམས་གསོ་བྱས།
ཁོས་ཐོག་དང་པོར་འཆི་བ་ནི་རང་ཉིད་དང་འདི་འདྲའི་ཐག་ཉེ་པོ་ཞིག་ཡིན་ཆོག་པ་རྟོགས་ཤིང་།དེ་ནི་རྒྱན་ཁེལ་པ་བཞིན་ད་ནི་རྒྱན་དེ་ཏག་ཏག་ཁོའི་ཕ་རྒན་ལ་ཁེལ་པ་རེད།
རྡོ་བཀྲས་ཕྱིར་དྲན་བྱས་ནས་འདིར་ཐོན་དུས་ཁོའི་མིག་གོང་ཡང་མིག་ཆུས་ཡོངས་སུ་བྲན་འདུག་ཅིང་ཐིགས་པ་རེ་གཉིས་མདུན་གྱི་དཀར་ཡོལ་ནང་ལྷུང་།ཁོས་གཡོན་ཁྱིམ་གྱི་མ་རྒན་གྱིས་མཐོང་བར་དོགས་ནས་མྱུར་དུ་མིག་ཆུ་ཕྱིས།
“ལོ་འདི་ཚོར་གཡང་སྡེ་དྲིན་ཅན་པོས་རོགས་རམ་མ་བྱས་བསམ་པ་མེད།ཁྱོད་ཀྱང་ཕྱིར་ཡུལ་ལ་སླེབས་སོང་བས་འུ་ཚང་མུ་མཐུད་ནས་གཡང་སྡེ་འདིའི་ཁུར་བོ་བྱས་ན་ག་ལ་འགྲིགའདི་ཚང་མ་ཁྱོད་ཀྱི་ཕ་དྲིན་ཅན་པོ་འཇིག་རྟེན་དཀར་ངོགས་ན་ཡོད་དུས་གཞན་ལ་བཞག་པའི་བག་ཆགས་བཟང་བའི་རྐྱེན་རེད།”
རྡོ་བཀྲས་ཁུ་སིམ་མེར་མ་རྒན་གྱི་སྐད་ཆ་ལ་ཉན་བཞིན་འདུག་ཅིང་།སེམས་སུ་མ་རྒན་ནི་རིམ་གྱིས་རྒས་སོང་བ་མ་ཡིན་པར་སྐད་ཅིག་ལ་རྒས་སོང་བའི་སྣང་བ་ཤར།
ཕྱི་དྲོའི་ཉི་འོད་ཀྱི་ཟགས་མ་རེ་རེ་བཞིན་ཁོ་ཚང་གི་རྒྱབ་ཕྱོགས་ཀྱི་རི་རྒན་དེའི་ཕག་ལ་ཡལ་ཞིང་།གྲིབ་ཆེན་གྱི་མལ་གཟན་སྟུག་པོ་ཞིག་གིས་ཉེ་འཁོར་གྱི་མཚན་མ་རིམ་གྱིས་མག་མོག་ཏུ་བསྒྱུར།
མཚན་མོ་དེར་རྡོ་བཀྲ་གཉིད་གཏན་ནས་མ་ཁུགས།ཁོས་མལ་སའི་ནང་འགྲེ་ལོག་ཡང་ཡང་བརྒྱབས་པ་དང་།མིག་ལམ་ནས་ཡལ་ཐབས་མེད་པ་ནི་མ་རྒན་གྱི་རྒས་ཉམས་དོད་པའི་ངོ་གདོང་དང་ཕ་རྒན་གྱིས་ལུག་རྗེས་སྙེགས་བཞིན་པའི་རྒྱབ་གཟུགས།གཞན་ཡང་བསོད་ནམས་སྒྲོལ་མའི་པྲ་ཆལ་གྱི་མིག་ཟུང་བཅས་རེད།ལྷང་འཇགས་ཀྱི་མཚན་མོ་དེར་ཁྱིའི་ཟུག་སྐད་རེ་གཉིས་ཕྱི་རོལ་གྱི་ག་ཤེད་ཅིག་ནས་གྲགས་འོངས་ཤིང་།ཡང་ཕྱི་རོལ་གྱི་ག་ཤེད་ཅིག་ལ་ཡལ་འགྲོམཁྲིས་ཀྱི་མ་རྒན་གྱི་གཉོམ་ཞིང་ལྷོད་པའི་སྔུར་སྒྲས་རྡོ་བཀྲར་སྔར་བྱུང་མ་མྱོང་བའི་ཁེར་རྐྱང་གི་ཚོར་བ་གཞན་ཞིག་སྐྱེས་སུ་བཅུགཟླ་འོད་ཟ་ཟི་དེ་སྒེའུ་ཁུང་བརྒྱུད་མ་རྒན་གྱི་ཆུང་ལ་རིད་པའི་ལུས་དང་ཕྱིར་འཇུར་ཡོད་པའི་རྐང་པ་གཅིག་གི་སྟེང་འཕྲོས་འདུགམ་རྒན་གྱི་རྐང་པ་དེ་ཁོ་ཚང་གི་ལུག་རའི་མཐའ་སྐོར་བྱེད་ཀྱི་སྡོང་སྐམ་དེ་དག་དང་མཚུངས།དེ་ལས་ཁོས་མ་རྒན་གྱིས་ལོ་འདི་དག་ལ་སྡུག་ཅི་ཙམ་མྱངས་པ་རྟོགས་ཡོང་བའི་མོད་ལ་སྔར་བྱུང་མ་མྱོང་བའི་ནོངས་འགྱོད་ཅིག་ཀྱང་སྐྱེས་ཡོང་།དོ་དགོང་མ་རྒན་ལ་སྔ་ན་མེད་པའི་གཉིད་ཅིག་ཁུགས་སོང་བ་འདྲ།སྐབས་རེར་སྨག་སྡུག་གིས་དཀྲོགས་པའི་ལུག་ཁྱུའི་འབའ་སྒྲས་ཀྱང་གཉིད་ལས་དཀྲོགས་མ་སོང་།
གཏི་མུག་གི་ངལ་བ་ཡོངས་སུ་བོར་བའི་རྡོ་བཀྲར་མཚོན་ན་མཚན་ནམ་རིང་མོ་འདིའི་དུས་ཚོད་ནི་ཧ་ཅང་འཁྱོལ་དཀའ་བ་ཞིག་རེད།ཁོས་སྔས་འགྲམ་གྱི་ཁ་པར་བླངས་ཏེ་ལྟ་ཙམ་བྱས།ད་ནི་ཆུ་ཚོད་གཉིས་པ་བརྒལ་འདུགཁོའི་མཛུབ་མོར་གླད་པས་ཚོད་འཛིན་ཐེབས་མེད་པ་བཞིན་སྐད་འཕྲིན་གྱི་ཁ་ཕྱེས།དོགས་པ་ཅི་ཡང་མེད་པར་སྐད་གཅིག་ཀྱང་མི་འདུགམིག་མྱུལ་བྱེད་བཞིན་པའི་སྒང་དེར་ཁོའི་མིག་ལམ་དུ་སྐད་འཕྲིན་མགོ་པར་ཞིག་མངོན་ཡོང་།དེ་ནི་བསོད་ནམས་སྒྲོལ་མའི་སྐད་འཕྲིན་རེད།དུས་ཚོད་འགའི་ཡར་སྔོན་ལ་སྤྱི་སྤྱོད་རླངས་འཁོར་ལས་བསོད་ནམས་སྒྲོལ་མ་ཁོའི་ཕྲག་པར་བསྙེས་ཏེ་“འདི་ལྟར་ཁྱོད་ཀྱི་ཕྲག་པར་བསྙེས་ནས་སྡོད་འདོད་”ཅེས་པའི་སྐད་ཆ་དེ་བཤད་པ་རེད།
རྡོ་བཀྲའི་སྣང་ངོར་བསོད་ནམས་སྒྲོལ་མའི་ཤ་དྲོད་ད་ལྟ་ད་དུང་ཁོའི་ཕྲག་པར་ལུས་ཡོད་པའི་ཚོར་སྣང་བྱུང་ཞིང་།ཚོར་བ་དེས་ཁོས་བསོད་ནམས་སྒྲོལ་མར་རྒྱུས་ལོན་བྱེད་འདོད་ཀྱི་མདུན་པ་ཇེ་ཆེར་གྱུར།
ཕྱི་ཉིན་རྡོ་བཀྲ་མ་རྒན་གྱི་རྗེས་དེད་ནས་ཚེ་ལས་འདས་ཟིན་པའི་ཕ་རྒན་གྱི་གནས་སར་སོང་།མ་རྒན་གྱིས་ས་དམར་ཁུག་མ་སྐེད་ཙམ་རྒྱབ་ལ་ཁུར་ཞིང་རྡོ་བཀྲས་ཆུ་འགྱིག་སྣོད་གང་ཁུར་ནས་དེ་སྔོན་ཕ་རྒན་ལུག་ཁྱུའི་རྗེས་སྙེག་སའི་གདོང་ཁ་དེ་བརྒྱུད་ནས་འགྲོ་བཞིན་འདུགལམ་ཧྲིལ་པོར་མ་རྒན་གྱིས་མ་ཎི་ཟློ་བ་ལས་ཅི་ཡང་མི་སྨྲ་ཞིང་སྐབས་རེེར་མགོ་རས་ཀྱིས་དཔྲལ་བར་འཛུམ་ཡོང་བའི་རྔུལ་ཆུ་འབྱིད་པར་བྱེད།གདོང་ག་དེའི་ཕར་རྒྱབ་ནི་ནགས་རྫོབ་ཅུང་སྟུག་པའི་ལུང་བ་ཞིག་ཡིན་ཞིང་།ལུང་དཀྱིལ་ནི་ནགས་རྫོབ་ཧ་ཅང་སྲབ་པའི་སྤང་ཐང་ཞིག་ཡིན།རྡོ་བཀྲའི་ཕ་རྒན་ནི་ལུང་དཀྱིལ་དེ་རུ་རླུང་དུར་བྱས་པ་རེད།དེ་དུས་ཁོས་ལུང་པ་དེའི་ནམ་མཁའ་རུ་བྱ་རྒོད་ཀྱིས་ལྡིང་སྐོར་ཡང་ཡང་རྒྱག་བཞིན་པ་མཐོང་མྱོང་།ད་ལྟ་གནས་དེ་རུ་དབྱིབས་སྒོར་མོའི་ཚ་འབུམ་ཞིག་བརྩིགས་འདུག་ཅིང་།ཆར་རླུང་གིས་ཚ་འབུམ་དེའི་གྲུ་དང་ཟུར་བརྡོལ་ནས་ས་འབུར་ཞིག་ཏུ་བཟོས་འདུགམ་རྒན་གྱིས་ཐོག་མར་ས་དམར་བརྫིས་ཤིང་དེ་ནས་ཚ་འབུམ་གྱི་སྔར་ནས་བརྡོལ་ཟིན་པའི་གྲུ་དང་ཟུར་ཁར་བསྐྱས་བཟོ་བྱས།རྡོ་བཀྲས་བར་སྐབས་དེར་བརྟེན་ཚ་རྐོང་ཆུང་ངུ་ཞིག་བླངས་ཏེ་ཚ་ཚ་དཔར་མགོ་བརྩམས།ཉིན་གུང་ལ་སླེབས་དུས་མ་བུ་གཉིས་ཀྱིས་ཚ་ཚ་བརྒྱ་དང་བརྒྱད་དཔར་ཚར།ཕྱིར་ཡུལ་ལ་སླེབས་རྗེས་མ་རྒན་གྱིས་མེ་ཁ་གསོས་ཤིང་གུང་ཚིགས་ལ་གྲ་སྒྲིག་བྱས།དབྱར་གྱི་ཉི་མ་ནི་མེ་ཡི་གོང་བུ་ཆེན་པོ་ཞིག་དང་མཚུངས་པར་འགུལ་མེད་དུ་ཁོ་ཚང་གི་ཁང་པ་སྐྱ་ལེབ་དེའི་དྲང་ཐད་དུ་འོད་སྣང་གི་སྒོ་མོ་ཆེས་ཆེར་བགྲད་དེ་འདུགསྦྲང་ནག་འགའ་ཚམ་ཚོམ་མེད་པར་དུད་དྲག་གིས་ཁེངས་པའི་གདུང་མ་དང་དེ་རུ་དཔྱངས་པའི་ཁ་བཏགས་སྣུམ་སྟུག་དེའི་མཐའ་འཁོར་ན་སྐོར་བ་རྒྱག་བཞིན་འདུགབར་སྐབས་ཤིག་ལ་ལུག་གི་འབའ་དར་གྱིས་གུང་ཚིགས་བྱེད་བཞིན་པའི་མ་བུ་གཉིས་བླང་བློང་པོར་བཏང་།ཁོ་གཉིས་སྒོར་འབུད་དུས་ལུག་ཁྱུ་ཁོ་ཚང་གི་སྟག་རྒྱབ་ཀྱི་ཐོད་མགོ་དེ་ལས་ཞོགས་ཡོང་པ་མཐོང་།
“ཨ་བྱ་འདི།ཅི་བྱས་སམ།”
མ་རྒན་གྱི་ངག་ལས་དབང་མེད་དུ་དེ་ལྟར་ཤོར་ཞིང་།ཐུ་བ་ལག་ཏུ་བཟུང་ནས་ལྷམ་ཀྱང་མ་གྱོན་པར་གདོང་ཁ་བརྒྱུད་ནས་བརྒྱུགརྡོ་བཀྲ་སྟབས་སྟབས་པོར་གྱུར་ཞིང་རེ་ཞིག་མ་རྒན་གྱི་རྒྱབ་གཟུགས་མཐོང་ལམ་ནས་ཡལ་བ་ན་ད་གཟོད་མ་རྒན་རྗེས་སུ་སྙེག་ཅི་ཐུབ་བྱས།ཁོས་མ་རྒན་རྗེས་ཆོད་དུས་མོ་ནགས་ཐ་ཐོར་དུ་སྐྱེས་པའི་གསེབ་ན་འགུལ་མེད་དུ་འགྲེངས་ཏེ་འདུགམོའི་མདུན་རོལ་ན་ལུག་ཞིག་གིས་སུག་བཞི་བར་མེད་དུ་གཡུགས་ཏེ་འཕག་ཚགས་བྱེད་བཞིན་འདུག་ཅིང་རྡོ་བཀྲའི་སྣ་ལམ་དུ་ཁྲག་དྲི་ཁ་བོ་ཞིག་འཐུལ་ཡོང་པའི་མོད་ལ་རྣ་ལམ་དུའང་ལུག་དེའི་ན་ཟུག་གི་འཁུན་སྒྲ་མཆེད་ཡོང་།ལུག་དེའི་མིག་ལ་མཆི་མ་གོར་རེར་འཁྱིལ་འདུག་ཅིང་དབུགས་ཀྱི་འབྱིན་རྔུབས་དང་བསྟུན་སྐེ་ནས་ཁྲག་དམར་དང་ཝུ་བ་མཉམ་དུ་བརྡོལ་ཡོང་སྟེ་རྩྭ་ལྗང་གི་ཉག་མ་རེ་རེའང་དམར་པོར་བསྒྱུར།རེ་ཞིག་འགོར་རྗེས་ལུག་དེའི་དབུགས་ཀྱི་རྒྱུ་བ་རྩ་ནས་ཆད་ཅིང་སུག་བཞིའང་འགུལ་མེད་དུ་གནས།ཉེ་འཁོར་གྱི་ཁོར་ཡུག་ཀྱང་སྐད་ཅིག་ལ་ཁུ་སིམ་མེར་གྱུར།དེ་ནི་འཇིག་རྟེན་འདིའི་གློག་སྒོ་བརྒྱབ་པ་དང་མཚུངས།
“གཡང་ལ་དྲིན་ཅན་པོ་འདི་མིའི་སྲོག་བར་ལ་བུད་པ་རེད།ཁྱོད་ཀྱི་ཕ་དྲིན་ཅན་པོ་ཚེ་ཐར་གཞན་ལས་ཀྱང་འདིར་འདང་ཆེ།ཁྱོད་ཀྱི་ཕ་དྲིན་ཅན་པོ་མ་བདེ་པའི་ཉིན་དེ་ཚོར་གཡང་ལ་འདིས་རྩྭ་ཆུ་ཁམ་གང་ཡང་མི་ཟ་བར་ཉལ་ནས་སྡོད།”
མ་རྒན་གྱིས་ངུ་སྔངས་ཤིག་བྱས།
“གོད་རོ་ཕྱིར་ཡུལ་ལ་འཁྱེར་རམ།”
“བསྐྱུར་ཞོགས་འདིར་ཁོང་རིན་པོ་ཆེས་བྱིན་རླབས་བརྒྱབས་ཡོད།”
མ་རྒན་གྱིས་དེ་ལྟར་ཟེར་ཞོར་ཁྲག་གིས་དམར་པོར་བསྒྱུར་པའི་ལུག་དེའི་སྲུང་རྟགས་རུམ་ལ་བཅུགརྡོ་བཀྲས་ཕྱིར་བལྟས་ཁྲོད་ལུང་བ་དེའི་ནམ་མཁའ་རུ་བྱ་རྒོད་ཀྱིས་ལྡིང་སྐོར་རྒྱག་བཞིན་འདུག་ཅིང་དེ་ནི་ལོ་འགའི་སྔོན་ཕ་རྒན་རླུང་དུར་བྱས་རྗེས་ཀྱི་རྣམ་པ་དང་གཅིག་མཚུངས་རེད།
ཉིན་འགའི་རྗེས་སུ་རྡོ་བཀྲ་ཁྱིམ་ལ་མཁོ་བའི་དངོས་པོ་ཙག་ཙིག་ཉོ་ཆེད་དུ་རྫོང་མཁར་ལ་སོང་།ཁོས་ཡུན་རིང་དུ་ལུས་པའི་འཕྲུལ་རྟ་དེ་སྒོར་བླངས་ཤིང་།དེའི་སྟེང་དུ་བཀབས་པའི་ཟི་ཚར་རྙིང་པ་དེ་བཤུས་པ་ན།རྡོ་བཀྲར་ངོ་ཤེས་རྙིང་པ་ཞིག་དང་འཕྲད་པ་ལྟ་བུའི་སྣང་བ་ཤར།མ་རྒན་གྱི་མིག་ཟུང་ལའང་མཆི་མ་འཁྱིལ་ཞོར་ཡུན་རིང་མ་བཀོལ་པའི་ཏ་ལེན་རྙིང་པ་དེ་འཕྲུལ་རྟའི་འཕོང་ལ་འཕངས།
“ལམ་ནས་སེམས་ཆུང་བྱོས།ས་རུབ་དུ་མ་འཇུགའཕྲུལ་རྟར་གློག་མེད་པས་་་”
“་་་་་་་་”
ཡུན་རིང་རྣ་བར་མ་ལྷུང་པའི་འཕྲུལ་རྟའི་རྡིར་སྒྲ་དེ་ཁོ་ཚང་ཡོད་སའི་ལུང་པ་དེའི་གྲུ་ཟུར་ཀུན་ཏུ་ཁྱབ་ཅིང་།རེ་ཞིག་ཡུན་རིང་ཁུ་སིམ་མེར་གནས་པའི་ལུང་པ་འདི་ཡང་གསོན་ཤུགས་ཀྱིས་ཁེངས་པར་བྱས།མ་རྒན་གྱིས་འཕྲུལ་རྟའི་རྡིར་སྒྲ་ཐོས་པའི་མོད་ལ་མིག་ཆུ་རྡོག་གཅིག་དལ་བ་དལ་བུར་མཁུར་མགོར་འགྲིལ་ཞིང་།མགོ་རས་ཀྱི་སྣེ་མོས་མིག་ཆུ་འབྱིད་ཞོར་སྟབས་སྟབས་པོར་ཁྱིམ་དུ་འཛུལ།
རྡོ་བཀྲ་རྫོང་མཁར་ལ་སླེབས་དུས་ཉིན་གུང་ཡོལ་འདུགཁོས་ཁྱིམ་ལ་མཁོ་བའི་དངོས་རྫས་ཙག་ཙིག་ཉོས་ཚར་རྗེས་ད་དུང་དུས་ཚོད་ནི་ཅུང་སྔ་བར་འདུགཁོ་སྲང་ལམ་ནས་རང་དགར་ཉུལ་ཞིང་སྐབས་ཤིག་ལ་ཟ་ཁང་ཞིག་གི་སྒོ་དྲུང་དུ་སླེབས།ཁོས་ཟ་ཁང་དེའི་སྒེའུ་ཤེལ་ལས་བུ་མོ་ཞིག་གིས་ཟས་ཅོག་སྟེང་གི་དཀར་ཡོལ་དག་ལ་གད་བདར་བྱེད་པ་མཐོང་ཞིང་།དེ་མ་ཐག་དེ་ནི་བསོད་ནམས་སྒྲོལ་མ་ཡིན་པ་ངོས་ཟིན།ཁོའི་རྐང་པ་གཉིས་ལ་ཀླད་པས་ཚོད་འཛིན་མེད་པ་བཞིན་དལ་བ་དལ་བུར་ཟ་ཁང་གི་ཕྱོགས་སུ་སྤོས།ཁོ་སྒེའུ་འགྲམ་གྱི་ཅོག་ཙེ་སྟོང་པ་ཞིག་གི་རྩར་བཙོག་ཤིང་སྦུག་ཁུང་དུ་འཛུལ་ཟིན་པའི་བསོད་ནམས་སྒྲོལ་མ་ཕྱིར་ཡོང་པར་བསྒུགཅུང་མ་འགོར་བར་བསོད་ནམས་སྒྲོལ་མས་ལག་ཏུ་ཇ་དེམ་ཞིག་དང་ཤོག་ཕོར་འགའ་བཟུང་ནས་སྦུག་ཁུང་ནས་ཐོན་བྱུང་།ཁོ་མོས་ཐོག་མར་ཉམས་ཆེར་བཞག་མེད་པ་འདྲ་སྟེ་མགྱོགས་མྱུར་གྱིས་ཚུར་ཕྱོགས་སུ་གཟས་ནས་ཐོན་བྱུང་།རེ་ཞིག་སྒེའུ་འགྲམ་དུ་བཙོག་ཡོད་པ་ནི་རྡོ་བཀྲ་ཡིན་པ་ངོས་ཟིན་པའི་མོད་ལ་ཅུང་ཟད་ཙམ་ལ་ཧ་ལས་པའི་མདངས་ཤིག་མངོན་ཡང་།དེ་མ་ཐག་མདངས་དེ་ཡལ་ནས་འཛུམ་ཆུང་ཞིག་མངོན་ཡོང་།
“ངས་ཁྱོད་ངོ་མ་ཤེས་ཐལ།”
བསོད་ནམས་སྒྲོལ་མས་ཇ་ལྡུག་ཞོར་དེ་ལྟར་ཟེར།
“ངས་སྒོ་ཕྱི་ནས་ཀྱང་ཁྱོད་ཡིན་པ་ཤེས།དེ་རིང་ཁྱོད་དང་འཕྲད་པ་ཡིད་ལའང་མ་ཤར།”
“ཁྱོད་རྫོང་མཁར་དུ་བསྡད་ཡོད་དམ།”
“ག་ལ་ཡིན།ང་དེ་རིང་བར་རྫོང་མཁར་ལ་མ་ཡོང་།”
“ཁྱོད་ཀྱིས་ཟ་མ་ཅི་ཞིག་བཟའ་རྒྱུ།”
“་་་་་”
ཚ་ཞིང་སྲེགས་པའི་ཉི་འོད་འོག་གི་རྫོང་མཁར་ཆུང་ངུ་འདི་ཉིད་ཉོབས་མདངས་ཀྱིས་ཁེངས་འདུག་ལ།མ་གཞི་ནས་མི་ཚོགས་ཀྱི་རླབས་རྒྱུན་དབེན་པའི་སྲང་ལམ་ན་ད་ལྟ་ལྷག་པར་མིའི་འགྲོ་འོངས་རེ་གཉིས་ལས་མི་འདུགདེ་བཞིན་བསོད་ནམས་སྒྲོལ་མ་ཡོད་སའི་ཟ་ཁང་དེ་རུ་མགྲོན་པོ་གཅིག་ཀྱང་མི་འདུགཟ་ཁང་དེ་གའི་སྦྱིན་བདག་མ་དང་ཞབས་ཞུ་བ་རྣམས་ཀྱང་ཁོམ་སྟེ་ལག་པས་འགྲམ་པ་སྐྱོར་ནས་རང་མལ་ན་ཁ་པར་གྱི་འཆར་ཤེལ་ངོས་ལ་གཡེང་ནས་འདུག
རྡོ་བཀྲ་དང་བསོད་ནམས་སྒྲོལ་མ་གཉིས་ཟ་ཁང་ལས་སྒོར་བུད་ཅིང་གཡས་འགྲམ་གྱི་བསིལ་གྲིབ་འོག་ངལ་གསོས་ཏེ་བསྡད།
“ང་ཉིན་གཉིས་ཀྱི་སྔོན་དུ་ཟ་ཁང་འདིར་ཡོང་པ་ཡིན།”
“ཡུལ་ནས་བསྡད་ན་མི་བཟང་ངམ།”
“ཡུལ་ནས་སུ་སྡོད་མི་འདོད།དྲང་མོར་བཤད་ན་ང་ཡུལ་ཞེས་འགྲོ་ས་ཞིག་མེད།”
བསོད་ནམས་སྒྲོལ་མས་ཕ་རོལ་གྱི་གནས་ཤིག་ལ་ཕུར་ཚུགས་སུ་བལྟས་ཏེ་དེ་ལྟར་ཟེར།
“འོ་ན་ཁྱོད་ཀྱི་ཕ་མ་གཉིས་གང་དུ་ཡོད།”
“ཧུན་ཧུན།ང་ཕ་མ་ཟེར་བ་ཞིག་མེད།”
མོས་དེ་ལྟར་ཟེར་དུས་གད་སྙིགས་སྒམ་ཁྱེར་བྱེད་ཀྱི་རླངས་འཁོར་ཆེན་པོ་དེ་དལ་གྱིས་ཐོན་བྱུང་ལ།དེའི་སྤྱི་གཙུག་གི་སྒྲ་དུང་ལས་“འཇིག་རྟེན་འདི་ན་ཨ་མ་བཟང་་་”ཞེས་པའི་བྱིས་གླུ་དེའི་འགྱུར་ཁུགས་ལྷང་ལྷང་དུ་གྲགས་འོངས།མོས་མུ་མཐུད་དུ་བཤད་རྒྱུར།
“ཁོ་གཉིས་འཐོར་ཟིན།རང་རང་སར་ཁྱིམ་གསར་བ་བཅོས་ཡོད།ང་ཡུལ་ཞེས་འགྲོ་ས་ཞིག་མེད་པའང་དེ་རེད།”
“ཁྱོད་ལ་ཁག་མི་འདུགད་ཁྱོད་ཀྱིས་ཅི་བྱེད་རྩིས་ཡོད།”
“མི་ཤེས།གོ་ཐོས་སུ་ངའི་ཨ་ཁུས་ང་རང་གནས་ལ་སྟེར་རྩིས་འདུག་ཟེར།”
“དེ་འདྲ་རེད་དམ་་་་”
རྡོ་བཀྲས་སྐད་ཆ་དེ་དག་ཐོས་པའི་མོད་ལ་མིག་མདུན་གྱི་བུ་མོ་འདིར་ཅི་ལྟར་སེམས་གསོ་བྱེད་དགོས་པའང་མི་ཤེས་པར་གྱུར།
“འོ་ན་ཁྱོད་ཀྱིས་ཅི་ཞིག་བྱེད་རྩིས་ཡོད།”
“ངས་ཀྱང་མི་ཤེས་པར་འདུག”
“ཁྱོད་སློབ་ཆེན་མཐར་ཕྱིན་པ་མིན་ནམ།གཞན་དང་བསྡུར་ས་ག་ལ་འགྲོ”
“དེ་ཡིན་ཡང་ད་ལྟ་དངོས་གནས་དཀའ་མོ་རེད།”
“ཁྱོད་ཀྱི་ཕ་མ་གཉིས་ཀྱིས་ཅི་ཟེར་གྱིན་འདུག”
“ང་ཡུལ་དུ་ཨ་མ་གཅིག་པུ་ལས་མེད།”
རྡོ་བཀྲས་ཐ་མག་གཅིག་ལ་མེ་བསྒོས་ཤིང་འཇུབ་ཅིག་བླངས།སྣ་ཁུང་གཉིས་ལས་དུ་བ་ཤར་མོ་གཉིས་ཕྱིར་བཏང་།ཁོས་མུ་མཐུད་ནས།
“ངའི་ཕ་རྒན་ལོ་གསུམ་གྱི་ཡར་སྔོན་ལ་ཚེ་ལས་འདས་སོང་།”
“་་་་་་་”
“ཨ་མས་ང་ལ་མནའ་མ་ཞིག་ཚོལ་ལ་ཁྱིམ་གཞིས་སྐྱོང་ཟེར།”
“དེ་ལྟར་བྱས་ན་ཁྱོད་ལོ་མང་པོར་སློབ་གྲྭར་སོང་བ་བརླགས་ཟིན་པ་མིན་ནམ།”
“ངས་ཀྱང་དེ་ལྟར་འདོད།འོན་ཀྱང་ཕ་རྒན་འདས་རྗེས་ཨ་མས་སྡུག་མང་པོ་མྱངས་ཟིན།ད་ནི་ངས་མོར་ཅི་ལྟར་ཁ་གྲགས་དགོས་པའང་མི་ཤེས་པར་འདུག”
“དངོས་གནས་ཁྱོད་ལའང་ཁག་མི་འདུག”
“་་་་་་”
སྐབས་དེར་རྡོ་བཀྲས་ཐ་མག་དེར་ཆེས་མཐའ་མཇུག་གི་འཇིབ་ཅིག་བླངས་ཤིང་དུ་སྣེ་ས་རུ་གཡུགས་སྟེ་རྡོག་སྣེས་མེ་བསད།
དེ་སྔོན་ཅུང་རྒྱང་རིང་ན་ཡོད་པའི་སྤྲིན་པ་ནག་ལེིང་ངེ་དེ་ད་ལྟ་རྫོང་མཁར་ཆུང་ངུ་འདིའི་བར་སྣང་དུ་སླེབས་འདུག་ལ་སྤྲིན་གསིང་ནས་འབྲུག་སྐད་རེ་གཉིས་ཀྱང་བསྟུད་མུར་གྲགས་འོངས།ཉིན་འདི་ཚོར་ཚ་བ་ཧ་ཅང་ཆེ་བས་ད་ནི་ཆར་ཞོལ་ཆེན་པོ་ཞིག་འབབས་ངེས་པ་འདྲ།རྡོ་བཀྲར་དབང་མེད་དུ་འཚུབ་ཆ་ཞིག་ལངས།
“ཆར་ཞོལ་འབབ་རྒྱུ་ཡིན་པ་འདྲ།ཁྱོད་ཇི་ལྟར་ཡོང་པ་ཡིན།”
“ང་ལྟ་བུ་ཞིག་གིས་རླངས་འཁོར་བསྐོར་ནས་ཡོང་པ་ཡིན་ཟེར་ན་སུས་རྣར་འགྲོ”
“འོ་ན་ཆར་ཞོལ་འཇགས་རྗེས་སོང་ན་མི་ཆོག་གམ།”
“ཡུལ་དུ་ཨ་མ་གཅིག་པུ་ལས་མེད།ཁོམ་དུས་སྐད་འཕྲིན་ལམ་ནས་འབྲེལ་བ་བྱེད།”
རྡོ་བཀྲ་རྫོང་མཁར་ནས་ཆས་དུས་སེ་ར་རྡོག་པོ་གཅིག་རྗེས་གཉིས་མཐུད་དུ་བབས་བྱུང་ལ།སེར་རྡོག་དེ་དག་ལ་ཡང་སྣང་དོགས་སྤུ་ཙམ་ཡང་མེད་པ་བཞིན་ཁོའི་ལུས་ལ་བར་མེད་དུ་རྡེག་ཅིང་མཐོང་ལམ་ཡོངས་སུ་སྒྲིབ་པར་བྱས།ཁོས་འཕྲུལ་རྟའི་སྣུམ་སྒོ་ཤུགས་ཀྱིས་གཅུས་ཤིང་ལུས་པོ་སྒུར་སྒུར་བྱས་ཏེ་རྒྱུགས་བཞིན་འདུགའཕྲུལ་རྟ་རྙིང་དྲགས་པས་སྣུམ་སྒོ་ཇི་ལྟར་གཅུས་ཀྱང་རྒྱུག་རྒྱུ་ཆེར་མེད་པར་འདུགཁོས་ཉེ་འགྲམ་ནས་རླངས་འཁོར་དག་འུར་སྒྲ་དང་བཅས་སྐད་ཅིག་སྐད་ཅིག་ལ་སྔོན་དུ་ཡལ་འགྲོ་ཞིང་།དེ་ནི་རྟས་བོང་བུ་བསྐྱུར་བ་འདི་འདྲ་ཞིག་ལ་ཟེར་བ་ལོས་ཡིན་དུ་སྙམས་པ་བྱུང་།
4
རྡོ་བཀྲ་ཡང་བསྐྱར་བསོད་ནམས་སྒྲོལ་མར་འཕྲད་དུས་ནི་ཟླ་གཅིག་ལྷག་གི་རྗེས་རེད།དེ་དུས་ཁོ་ཡུལ་ནས་མ་བསྡད་པར་རྫོང་མཁར་དུ་ཡོང་།རྫོང་དུ་མ་ཡོང་པའི་ཉིན་འགའི་སྔོན་ཁོས་སུ་ཞིག་གི་སྐད་འཕྲིན་རྒྱབ་ལོགས་ནས་རྫོང་གི་ལས་ཁུངས་ག་གེ་མོར་དུས་གཏན་མིན་པའི་ཡིག་ཚགས་པ་བསྡུ་པའི་བརྡ་སྦྱོར་ཞིག་མཐོང་ཞིང་།དེ་མ་ཐག་འབྲེལ་ཡོད་མི་སྣ་དང་ཁ་པར་བཏང་སྟེ་གནས་ཚུལ་ལ་རྒྱུས་ལོན་བྱས་མཐར་རང་ཉིད་ཀྱི་ཆ་རྐྱེན་དང་མཐུན་པ་རྟོགས།དེ་རྗེས་རྡོ་བཀྲས་མ་རྒན་ལ་རང་ཉིད་ལས་ཁུངས་དེ་གར་འགྲོ་འདོད་ཀྱི་བསམ་ཚུལ་བཤད།མ་རྒན་གྱིས་ཡུད་ཙམ་ལ་ཅི་ཡང་མི་སྨྲ་བར་སྡོད་ཅིང་དེ་ནས“ཁྱོད་རང་ཉིད་ཀྱིས་ལྟོས།ཨ་མས་ཅི་ཤེས།”ཞེས་ཟེར་བ་ལས་མི་འཐད་པའི་རྣམ་འགྱུར་ཅི་ཡང་བསྟན་མ་སོང་།
དེ་ལྟར་ཁོས་རང་ཉིད་ཀྱི་ཡིག་ཚགས་རྣམས་སྡུད་སྒྲིག་དང་བསྐྱར་དཔར་བྱས་ཏེ་ལས་ཁུངས་དེ་གར་ཐོ་འགོད་བྱེད་དུ་སོང་།ལས་ཁུང་དེ་ནི་རྫོང་སྣ་འཛོམས་ཐོག་ཁང་གི་ལྔ་ཐོག་ཏུ་ཡོད་ཅིང་།ཁོ་རང་ཐོག་བརྩེགས་རེ་རེ་བཞིན་འཛེགས་མཐར་གཞི་ནས་ལས་ཁུངས་དེའི་སྒོ་ཁར་ཐོན།ཁོས་སེམས་ཆུང་གིས་སྒོ་ཕྱེ་སྟེ་ནང་ལ་སོང་པ་ན་ཐོག་མར་ཁོའི་མིག་ལམ་དུ་མངོན་ཡོང་པ་ནི་སྒྲོག་ཙེ་ཆེན་པོ་ཞིག་དང་།དེའི་མཐའ་རུ་བཞག་པའི་ཀོ་བའི་རྒྱབ་བསྙེས་ཅན་གྱི་རྐུབ་སྟེགས་སྟེང་ལྗིད་ཏིག་གེར་གཉིད་དུ་ཡུར་པའི་མི་རྒྱགས་པོ་ཞིག་རེད།ཁང་པའི་བར་སྟོངས་ཡོངས་སུ་དུ་སྤྲིན་སྲབ་བུ་ཞིག་འཁྱིལ་འདུག་ལ་ཁོའི་སྣ་ལམ་དུ་ཡང་ཐ་མག་གི་དྲི་ངད་ཁ་བོ་ཞིག་ལྡང་ཡོང་།
རྡོ་བཀྲས་ཇི་ལྟར་བྱེད་དགོས་མ་ཤེས་པར་རེ་ཞིག་ལུས་པ་དང་དེ་ནས་མི་དེ་གཉིད་ལས་སད་པར་བསྒུག་བསྡད།
རེ་ཞིག་འགོར་རྗེས་གཞུང་ལས་ཁང་དེའི་སྒོ་སུ་ཞིག་གིས་ཕྱེས་པ་དང་མཉམ་དུ་སྐྲ་ལོ་ཐུང་བར་བཅད་ཅིང་ལག་ཏུ་ཡིག་ཆ་རིམ་པ་ཞིག་བཟུང་པའི་བུད་མེད་དར་མ་ཞིག་ནང་དུ་འཛུལ་ཡོང་།བུད་མེད་དེས་མཚར་ཉམས་ཀྱིས་རྡོ་བཀྲར་ཡང་ཡང་བལྟ་ཞིང་དེ་ནས“ཁྱོད་ཐོ་འགོད་བྱེད་དུ་ཡོང་པ་ཡིན་ནམ།”ཞེས་རྒྱ་སྐད་ཀྱིས་དྲིས།རྡོ་བཀྲ་ཡང་ཡར་ལངས་ཙམ་བྱས་ཏེ་རྒྱ་སྐད་ཀྱིས་“ཡིན་ཡིན།”ཞེས་བཤད།བུད་མེད་དེས་གཉིད་དུ་ཡུར་བའི་མི་རྒྱགས་པོ་དེའེ་གམ་དུ་སོང་སྟེ་སྐད་འགོ་དམའ་མོས“ཅུས་ཀྲང་།ཅུས་ཀྲང་།”ཞེས་ཡང་ཡང་སྒུལ་མཐར་མི་དེའང་གཞི་ནས་སད་བྱུང་།མི་དེས་ལག་རྒྱབ་ཀྱིས་མིག་གཉིས་ཕུར་ཕུར་བྱེད་ཅིང་།དེ་ནས་མཁྲིག་མགོའི་ཆུ་ཚོད་ལ་བལྟ་ཙམ་བྱས།བུད་མེད་དེས་“ཅུས་ཀྲང་།འདིའི་སྟེང་དུ་མིང་རྟགས་ཞིག་འགོད་དགོས།”ཞེས་ལག་ཏུ་བཟུང་བའི་ཡིག་ཆ་དེ་མདུན་ཅོག་སྟེང་འཇོག་ཙམ་བྱས།ཅུས་ཀྲང་གིས་ཀྱང་ཧ་ཅང་གོབས་ལོབས་སུ་སོང་བ་ལྟར་སྨྱུག་སྣོད་ལས་གང་རུང་གི་སྨྱུ་གུ་ཞིག་བླངས་སྟེ་ལྡེམ་མྱུར་དང་བཅས་མིང་རྟགས་བཀོད་སོང་།བུད་མེད་དེ་ཕྱིར་འགྲོ་ཁར་རྡོ་བཀྲ་བསྟན་དེ“ཅུས་ཀྲང་།ཁོ་ནི་ཐོ་འགོད་བྱེད་དུ་ཡོང་པ་རེད།”ཞེས་བཤད་རྗེས་ཕྱིན་སོང་།སྐབས་དེར་ཅུས་ཀྲང་གིས་ཀྱང་ད་གཟོད་དེ་རུ་སྒུག་འདུག་པའི་རྡོ་བཀྲར་མཉམ་འཇོག་བྱས་སོང་པ་འདྲ་སྟེ་རྡོ་བཀྲའི་མགོ་ནས་མཇུག་བར་མིག་མྱུལ་ཞིག་བྱས།རྡོ་བཀྲས་ཀྱང་དེ་མ་ཐག་གཉའ་སྒུར་སྒུར་དང་ལུས་ཞུམ་ཞུམ་གྱིས་རང་ཉིད་ཀྱི་ཡིག་ཚགས་རྣམས་ཅུས་ཀྲང་གི་མདུན་ཅོག་སྟེང་བཞགཅུས་ཀྲང་གིས་ཅི་ཡང་མི་སྨྲ་པར་མདུན་ཅོག་སྟེང་བཞག་ཡོད་པའི་མིག་ཤེལ་བླངས་ཏེ་གོན་ཞིང་།དེ་ནས་རགས་ལྟའི་ཚུལ་གྱིས་རྡོ་བཀྲའི་ཡིག་ཚགས་རྣམས་ཕར་སློག་ཚུར་སློག་ཙམ་བྱས།
“རེད།ཁྱོད་ཀྱི་ཆ་རྐྱེན་ངེད་ལས་ཁུངས་གི་ཡིག་ཚགས་པ་བསྡུ་བའི་ཆ་རྐྱེན་དང་འཚམ་འདུགདེ་ཡིན་ན་ཁྱོད་སང་ཉིན་ནས་ལས་ཚོགས་སུ་ཞུགས་ཆོགཟླ་ཕོགས་ཟླ་རེར་སྒོར་སྟོང་གཉིས་ལྔ་བརྒྱ་ཡིན།”
“ཡ་ཡ་་་ཅུས་ཀྲང་ངོ་མ་བཀའ་དྲིན་ཆེ།”
“བཀའ་དྲིན་ཞུ་མི་དགོས།ཐོག་མར་ང་ཚོས་ཟླ་གཅིག་གི་རིང་ལ་ཁྱོད་ཀྱི་ནུས་པར་ཚོད་ལྟ་ཞིག་བྱེད།དེའི་རིང་ལ་ཁྱོད་ཀྱི་ཕྱོགས་ཡོངས་ཀྱི་ནུས་པར་ང་ཚོས་ཁེས་ལེན་ཐོབ་ཚེ་ཁྱོད་མུ་མཐུད་དུ་ང་ཚོས་ལས་ཁུངས་ནང་བསྡད་ཆོགགལ་ཏེ་ཁྱོད་ཀྱིས་བྱ་བ་བསྒྲུབས་པ་མི་བཟང་བའམ།རྩ་འཛུགས་དང་གོང་རིམ་ལ་མི་ཉན་པ།བྱ་བར་འཐུས་ཤོར་བྱུང་བ།ཡང་ན་ཞིབ་ཚགས་མིན་པའི་གནས་ཚུལ་བྱུང་ཚེ་ང་ཚོས་མྱུར་དུ་མི་གཞན་ཞིག་དང་བརྗེ་ཆོགཁ་སང་དེ་རིང་སློབ་ཆེན་སློབ་མ་གྲམ་པའི་རྡོ་བཞིན་མང་བ་ཁྱོད་ཀྱིས་ཀྱང་ཤེས་ངེས་རེད།”
ཅུས་ཀྲང་གིས་དེ་ལྟར་བཤད་སྐབས་སུ་རྡོ་བཀྲའི་སེམས་ཁམས་སྐད་ཅིག་ཉིད་ལ་མི་སྐྱིད་པར་གྱུར་ཡང་ཁ་ནས་དབང་མེད་དུ་“ལེགས་སོ།ལེགས་སོ།”ཞེས་བཤད་དགོས་པར་གྱུར།
ཁོ་ལས་ཁུངས་དེ་ནས་སྒོར་ཐོན་དུས་ཉིན་གུང་ཡོལ་འདུགགཞུང་ལས་ཁང་དེ་ལས་སྒོར་བུད་པའི་སྐད་ཅིག་མ་དེར་ཁོར་བྱིའུ་ཞིག་གཟེབ་ལས་ཐར་བའི་ཚོར་བ་ངང་ངམ་ཤུགས་ཀྱིས་སྐྱེས།
ཁོ་བཟས་ནས་བསོད་ནམས་སྒྲོལ་མ་ཡོད་སའི་ཟ་ཁང་དེར་སོང་།ཐེངས་དེར་བསོད་ནམས་སྒྲོལ་མས་ཐོག་མར་ཁོ་མཐོང་བྱུང་།མོའི་གདོང་ལ་ངལ་དུབ་ཀྱི་ཉམས་ཤིག་ཤར་ཡོད་ཀྱང་རྡོ་བཀྲ་མཐོང་བའི་མོད་ལ་གློ་བུར་དུ་འཛུམ་མདངས་རྒྱས་ཡོང་།
རྡོ་བཀྲ་སྔར་བཞིན་སྒེའུ་འགྲམ་གྱི་འདུག་སྟེགས་དེར་བསྡད།བསོད་ནམས་སྒྲོལ་མས་སྔར་ལྟར་ཁོར་ཇ་བླུགས།
“ཁྱོད་དེ་རིང་ཅིའི་ཕྱིར་རྫོང་མཁར་དུ་ཡོང་པ་ཡིན།”
“ངས་ལས་ཁུངས་ཤིག་ཏུ་བྱ་བ་སྒྲུབ་བསམ་པ་ཡིན།”
“ངོ་མ་འེ།བྱ་བ་རྙེད་སམ།”
“བྱ་བ་ཞིག་རྙེད་ཟིན།”
“འོ་ན་ཁྱོད་དགའ་ན་འགྲིགངོ་ལ་སྡུག་ཅིག་ཤར་ནས་ཅི་བྱེད།”
བསོད་ནམས་སྒྲོལ་མས་རྡོ་བཀྲའི་གདོང་ལ་ངལ་དུབ་དང་སྐྱོ་བ་ཅིག་ཤར་འདུག་པ་མཐོང་ནས་དེ་ལྟར་བཤད།
“ཧུན་ཧུན།བྱ་བ་དེ་ངས་བསམ་པ་ལྟ་བུ་ཞིག་མིན་པ་འདྲ།”
ཁོས་དེ་ལྟར་ཟེར་ཞོར་ཐ་མག་ཅིག་ལ་མེ་བསྒྲོན་ཞིང་དུ་བ་ཤར་མོ་གཉིས་སྣ་ཁུང་ལས་ཕྱིར་བཏང་།
“འོ་ན་ཁྱོད་ཀྱིས་བསམ་བཞིན་པ་ཅི་འདྲ་ཞིག་ཡིན།”
“ད་དེ་བསྐྱུར་ཞོགགླེང་ཡོང་ན་སེམས་མི་སྐྱིད་པ་ཇེ་ཐུ་རེད།”
“འོ་རེད་ཁྱོད་ཀྱིས་ཟ་མ་ཅི་ཞིག་བཟའ་རྒྱུས།”
“ང་ལ་ཟ་མ་བཟའ་འདོད་ཀྱི་ཡི་ག་མི་འདུགང་ཟ་མ་བཟའ་རུ་ཡོང་པ་མིན།”
“འོ་ན་ཁྱོད་ཅི་བྱེད་དུ་ཡོང་པ་ཡིན།”
རྡོ་བཀྲས་དེ་ལྟར་བཤད་འཕྲལ་བསོད་ནམས་སྒྲོལ་མའི་གདོང་ལ་མཚར་ཉམས་ཀྱིས་ཁེངས་ཏེ་དེ་ལྟར་དྲིས།
“ཁྱོད་ཡོད་སར་ཡོང་པ་ཡིན།ངེད་གཉིས་ལྷང་འཇགས་ས་ཞིག་ཏུ་སོང་ན་ཁྱོད་ལ་དུས་ཚོད་ཡོད་དམ།”
“ཆོག་གིའུན་་་སྦྱིན་བདག་མས་གནང་བ་ཞིག་སྟེར་རམ།”
བསོད་ནམས་སྒྲོལ་མས་དེ་ལྟར་བཤད་ཅིང་སྦུག་ཁང་དུ་འཛུལ་སོང་།
རྡོ་བཀྲས་སྦུག་ནང་ནས་མཆེད་ཡོང་བའི་སྐད་སྒྲ་ཐོས་བྱུང་།
“སྦྱིན་བདགཕྱི་དྲོ་ང་ལ་གནང་བ་ཞིག་བྱིན་ན་ཆོག་གམ།”
དེ་བསོད་ནམས་སྒྲོལ་མའི་སྐད་རེད།
“གསར་བུ་གན་ཁྱོད་ཀྱི་དགའ་གྲོགས་རེད་དམ།”
སྦྱིན་བདག་མའི་སྐད་ལ་ཀུ་རེའི་ཆ་ཞིག་འདྲེས་པར་སྣང་།མོས་མུ་མཐུད་དུ་བཤད་རྒྱུར།
“ཆོག་གིཆུ་ཚོད་ལྔ་བར་ཕྱིར་ཐོན་དགོས།མགྲོན་པོ་ཞིག་གིས་ཆུ་ཚོད་ལྔ་བར་མི་འགའ་ཁྲིད་ནས་ཟ་མ་ཟ་རུ་ཡོང་བར་དུས་ཆད་བྱས་ཡོད།”
“ཡ་ཡ།བཀའ་དྲིན་ཆེ།”
རྡོ་བཀྲ་དང་བསོད་ནམས་སྒྲོལ་མ་གཉིས་ཀྱིས་ཟས་རིགས་དང་སྐོམ་ཆུ་འགའ་ཉོས་ཏེ་རྫོང་མཐའ་ན་བཞུར་གྱིན་པའི་མང་ཆུའི་འགྲམ་དུ་སོང་།ཉིན་འདི་གར་ཆར་བ་འབབས་མང་བས་མང་ཆུ་ནི་སེར་ཞིང་རྙོག་ལ་ད་དུང་སྣ་ལམ་དུ་ཡང་འདམ་དྲི་འཐུལ་ཡོང་པར་བྱེད།མང་ཆུའི་འགྲམ་དུ་ལྗོན་ཤིང་དང་རྩི་ཤིང་ཚང་ཚིང་དུ་སྐྱེས་འདུག་ཅིང་།བྱ་བྱེའུ་དང་འབུ་སྲིན་གྱི་སྐད་སྒྲ་ཡང་རེ་འགར་མཐོ་ལ་རེ་འགར་དམའ།རེ་འགར་ཉེ་ས་དང་རེ་འགར་རྒྱང་དུ་གྲགས།
ཁོ་གཉིས་ལྗོན་ཤིང་གི་གྲིབ་བསིལ་ཞིག་གི་འོག་ཏུ་བསྡད་ཅིང་།བསིལ་རླུང་གི་རྒྱུ་བ་དང་བསྟུན་ནས་ལྗོན་ཤིང་གི་ལོ་མ་ཡང་ཡང་བསྒུལ་ཞིང་།གོ་རིམ་དང་སྤྱི་འགྲོས་མེད་པའི་ཧྲག་ཧྲག་གི་སྒྲ་ཡང་ཡང་གྲགས་པར་བྱེད།
“དེ་རིང་ཁྱོད་རྒྱུན་ལྡན་ཞིག་མིན་པ་འདྲ།”
བསོད་ནམས་སྒྲོལ་མས་སྟོད་གོས་ཕུད་དེ་གཡང་ཤམ་བྱེད་ཞོར་དུ་དེ་ལྟར་བཤད།
“དེའི་ནང་དོན་ཅི་ཡིན།”
རྡོ་བཀྲ་ཀན་རྐྱལ་དུ་ལོག་ནས་དེ་ལྟར་དྲིས།
“ནང་དོན་གཞན་མེད།གང་ལྟར་ཁྱོད་ཀྱི་སེམས་ན་དོན་ཞིག་ཡོད་པ་འདྲ།”
བསོད་ནམས་སྒྲོལ་མས་སྐོམ་ཆུ་ཞིག་ཁ་འབྱེད་དེ་ཧུབ་ཅིག་བྱས་ཤིང་གཤེར་ཁུ་དེ་མོའི་མཆུ་སྒྲོས་ཀྱི་ཟུར་ནས་མངོན་ཆུང་གིས་འཛུམ་ཡོང་།སྐབས་འདིར་ཉི་འོད་ཐར་ཐོར་ཞིག་ལྗོན་ཤིང་གི་ཡལ་ག་དང་ལོ་མའི་གསེབ་ནས་འཕྲོས་ཡོང་སྟེ་མོའི་སེར་མདོག་གི་སྐྲའི་ཉག་མ་རེ་རེའི་སྟེང་ཕོག་འདུག
“ཁྱོད་ཀྱིས་ང་རང་འདིར་ཁྲིད་ཡོང་ནས་གཞན་གྱིས་ཤེས་མི་རུང་བའི་དོན་ཅི་ཞིག་བཤད་བསམ་པ་ཡིན།”
བསོད་ནམས་སྒྲོལ་མའི་མིག་ཟུང་ལས་པྲ་ཆལ་གྱི་མདངས་འཁྱུག་བཞིན་འདུག
“དོན་དག་མེད་ན་ཁྱོད་འདིར་ཁྲིད་ཡོང་མི་རུང་ངམ།”
“དེ་ག་ལ་ཡིན།དྲང་མོར་བཤད་ན་ངས་ཁྱོད་རང་ང་བཙལ་དུ་ཡོང་ངེས་པ་སྔོན་ནས་ཤེས་ཡོད།”
“ང་ལ་རྫོང་མཁར་འདི་རུ་གྲོགས་པོ་གཅིག་ཀྱང་མེད།”
རྡོ་བཀྲས་དུ་བ་རྐང་གཅིག་ལ་མེ་བསྒྲོན་ཞིང་འཇུབ་ཅིག་བླངས།ཁོས་མུ་མཐུད་དུ་བཤད་རྒྱུར།
“ཁྱོད་དང་འཕྲད་དགོས་པ་འདི་ཡང་ལས་དབང་ཞིག་ཡིན་པ་འདྲ།ཡོད་ཚད་ལས་དབང་གི་བཀོད་བསྒྲིག་ཡིན་པས་ངས་འདི་ལ་བསམ་བློ་ཞིབ་མོ་གཏོང་མི་འདོད།”
“དེ་ཡིན་ཡང་སྲིད།ངས་ཀྱང་མི་ཞིག་ལ་འཕྲད་པ་དང་མི་ཞིག་བྲལ་བ་ལ་དེ་འདྲའི་བསམ་བློ་གཏོང་དགོས་དོན་མི་འདུག་སྙམ།”
བསོད་ནམས་སྒྲོལ་མས་རྡོ་བཀྲའི་སྐད་ཆ་དེར་བདེན་ཁ་བྱིན།མོས་བསམ་བློ་ཅུང་ཟད་བཏང་རྗེས་མུ་མཐུད་དུ་བཤད་རྒྱུར།
“ངས་བལྟས་ན་ཁྱོད་ཀྱིས་རང་ཉིད་ལ་དེ་འདྲའི་གནོན་ཤུགས་སྟེར་དགོས་དོན་གང་ཡང་མི་འདུགའཇིག་རྟེན་སྟེང་ང་ཚོས་ཐག་གཅོད་མི་ཐུབ་པའི་དོན་ཧ་ཅང་མང་བ་མ་ཡིན་ནམ།”
“ཁྱོད་ཀྱིས་ང་ལ་གནོན་ཤུགས་ཆེ་བ་ཇི་ལྟར་ཤེས་པ་ཡིན།”
“ཁྱོད་ཀྱི་ངོ་ལ་བྲིས་འདུགདེ་རིང་ཁྱོད་དང་འཕྲད་པ་ནས་ངས་ཁྱོད་ཀྱི་གདོང་ནས་འཛུམ་ཞིག་མཐོང་མ་སོང་།”
“དེ་ཡིན་ཡང་སྲིད།དེ་རིང་གི་ལས་ཁུངས་དེ་རུ་ང་ལ་དབུགས་གཏོང་ལེན་བྱེད་པའི་དབང་ཆ་འང་མེད་པ་འདྲ།”
“གཞན་གྱི་ལག་འོག་ན་དེ་འདྲའི་རང་དབང་ཞིག་ག་ལ་ཡོད།”
“དེ་དག་བསྐྱུར་ཞོགཁ་བརྡ་གཞན་ཞིག་བྱེད།”
“ཁྱོད་རྫོང་མཁར་ལ་ཡོང་བ་ཁྱོད་ཀྱི་ཨ་མ་འཐད་དམ།ཁྱོད་ཀྱི་ཨ་མས་ཁྱོད་ལ་མནའ་མ་ཞིག་ལེན་དགོས་ཟེར་བ་མ་ཡིན་ནམ།”
བསོད་ནམས་སྒྲོལ་མའི་མིག་ཟུང་ལ་ཡང་བསྐྱར་པྲ་ཆལ་གྱི་མདངས་འཁྱུག་ཡོང་།
“འཐད་མི་འཐད་ཀྱི་སྐད་ཆ་གཅིག་ཀྱང་བཤད་མ་སོང་།”ཁོས་མུ་མཐུད་དུ་བཤད་རྒྱུར།
“མནའ་མ་ཞིག་གང་ནས་བཙའ་འམ།ང་ལྟ་བུ་ཞིག་གི་མནའ་མ་བྱེད་མཁན་སུ་ཞིག་ཡོད།”
“དེ་ལྟར་ཟེར་ག་ལ་རུང་།”
“དྲང་མོར་བཤད་ན་ང་ལ་ད་དུང་ཁྱིམ་ཐབ་སྐྱོང་བའི་ཆ་རྐྱེན་མི་འདུག་པ་འདྲ།”ཁོས་མུ་མཐུད་དུ“འོ་ན་ཁྱོད་མནའ་མར་སྟེར་རྩིས་འདུག་ཟེར་བ་མ་ཡིན་ནམ།”
“ཁོ་ཚོས་ང་རང་ཁུར་བོ་ཞིག་ཏུ་འགྱུར་འེ་འགྲོར་སྐྲག་པ་རེད།”
བསོད་ནམས་སྒྲོལ་མའི་གདོང་གི་པྲ་ཆལ་གྱི་མདངས་གློ་བུར་དུ་ཡལ་དེ་སྐྱོ་སྣང་ཞིག་མངོན་ཡོང་།མོས་མུ་མཐུད་དུ་“ང་ཁོ་ཚོའི་ཁུར་བོ་ཞིག་ཏུ་འགྱུར་འདོད་ཀྱང་མེད།”ཞེས་ཟེར།
ཁོ་གཉིས་རེ་ཞིག་ལ་ཁུ་སིམ་མེར་ལུས།
བསོད་ནམས་སྒྲོལ་མས་ཁ་པར་བླངས་ཏེ་ཆུ་ཚོད་ལ་ལྟ་ཙམ་བྱས།“ཁྱོད་འགྲོ་རན་སོང་ངམ།”
“སྦྱིན་བདག་མས་ཁ་པར་བརྒྱབས་ཚེ་སོང་ཆོག”
རྡོ་བཀྲས་ཡུད་ཙམ་ལ་བསམ་བློ་བཏང་ཤིང་དེ་ནས་“ཁྱོད་ཀྱིས་བལྟས་ན་ངེད་གཉིས་ཀྱི་འབྲེལ་བ་འདི་ཅི་ཞིག་གི་འབྲེལ་བ་རེད་དམ།”ཞེས་དྲིས།
“ཁྱོད་ཀྱི་སེམས་ནས་ཅི་ཞིག་གི་འབྲེལ་བ་རེད་འདོད་ན་དེའི་འབྲེལ་བ་རེད།”ཞེས་ཟེར་ཞིང་ཡང་མུ་མཐུད་དུ“ངས་འདི་དག་ལ་ཁ་ཡ་ཆེར་བྱ་མི་འདོད།ལས་དབང་གིས་གནས་གང་ཞིག་ཏུ་ཁྲིད་ཚེ་དེའི་བར་དུ་འགྲོ་དང་ཆོག”ཞེས་ཟེར།
ཁོ་གཉིས་ཕྱིར་འགྲོ་དུས་ཕྱི་དྲོ་ལོན་འདུགརྡོ་བཀྲས་བསོད་ནམས་སྒྲོལ་མ་རྒྱ་སྲང་གི་བཞི་མདོའི་བར་བསྐྱལ།དེ་ནས་རང་རང་སར་གྱེས་ཁར་བསོད་ནམས་སྒྲོལ་མའི་གདོང་ལ་ཡང་བསྐྱར་པྲ་ཆལ་གྱི་མདངས་མངོན་ཡོང་།
“ངས་ཚོད་དཔག་བྱས་ན་ཁྱོད་ཡང་བསྐྱར་ང་འཚོལ་དུ་ཡོང་ངེས།”
བསོད་ནམས་སྒྲོལ་མས་དེ་ལྟར་བཤད་རྗེས་ཕྱིར་འཁོར་མེད་པར་བུད་སོང་།རྡོ་བཀྲས་ཁོ་མོའི་རྒྱབ་གཟུགས་ལ་མིག་བསྐྱེལ་བྱས་ཏེ་ཡུན་རིང་དུ་ལུས།
རྗེས་ཀྱི་ཉིན་མང་པོའི་རིང་ལ་རྡོ་བཀྲ་དང་བསོད་ནམས་སྒྲོལ་མ་གཉིས་ཀྱིས་སྐད་འཕྲིན་གྱི་ལམ་ནས་འབྲེལ་བ་བྱས་ཤིང་།རྡོ་བཀྲར་མཚོན་ན་ཉིན་རྒྱུན་བསྐྱར་ཟློས་ཡང་ཟློས་ཀྱིས་སྒྲུབ་དགོས་པའི་ལས་ཀ་དང་ཡིག་ཚགས་དེ་དག་གི་ཁྲོད་རེ་ལྟོས་བྱེད་ས་ཞིག་ཡོད་པ་ནི་བསོད་ནམས་སྒྲོལ་མའི་སྐད་འཕྲིན་གྱི་བརྡ་རེད།བསོད་ནམས་སྒྲོལ་མས་ནམ་རྒྱུན་སྐད་འཕྲིན་གྱི་ལམ་ནས་སྦྱིན་བདག་མ་དང་འགྲུལ་བ་དག་ལ་འཁང་ར་བྱེད་ཅིང་།རྡོ་བཀྲས་ཀྱང་མགོ་ཁྲིད་དང་ལས་གྲོགས་དག་གི་བྱ་སྤྱོད་ལ་མ་རུང་བ་དག་བསོད་ནམས་སྒྲོལ་མར་བཤད་དེ་སེམས་ཀྱི་ངལ་དུབ་སེལ་ཐབས་བྱས།བསོད་ནམས་སྒྲོལ་མས་ཀྱང་དེ་སྔོན་ཀྱི་ཟ་ཁང་ཞིག་ནས་མིང་ལ་“ཕ་རི་སིའི་མཚན་མོ་།”ཞེས་པའི་ཆང་ཁང་ཞིག་ཏུ་ལས་ཀ་བརྗེས་སོང་།གཟའ་ཉི་མའི་ཉིན་ཞིག་ལ་རྡོ་བཀྲ་ཆང་ཁང་དེ་རུ་བསོད་ནམས་སྒྲོལ་མ་བཙལ་དུ་སོང་།ཁོ་ཆང་ཁང་དེ་རུ་སླེབས་མ་ཐག་བསོད་ནམས་སྒྲོལ་མ་དང་ད་དུང་བུ་མོ་གཞན་ཞིག་སྐྱེས་པ་འགའི་ཁྲོད་ན་འདུག་པ་མཐོང་ཞིང་།དེས་ཁོའི་སེམས་ཏབ་ཅིག་ལ་མི་སྐྱིད་པར་བྱས།ཁོ་རང་གྱང་ལྡེབས་ཀྱི་འདུག་སྟེགས་ཞིག་ཏུ་ཝུ་ཆང་འཐུང་བཞིན་བསོད་ནམས་སྒྲོལ་མར་སྒུག་པའམ་སྐྱེས་པ་དེ་ཚོ་འགྲོ་བར་སྒུག་བསྡད།
“ཁྱོད་གཅིག་པུ་ཡིན་ནམ།”
རྡོ་བཀྲ་ཕ་རོལ་གྱི་བསོད་ནམས་སྒྲོལ་མའི་སྟེང་ལ་གཡེང་ནས་ཡོད་སྐབས་ཕྲ་ལ་སྙན་པའི་སྐད་གདངས་ཤིག་གིས་དེ་ལྟར་ཟེར་བ་ཐོས།
ཁོས་ཉམས་ཤིག་འཇོག་དུས་ཐོག་མར་མིག་ལམ་དུ་མངོན་ཡོང་ནི་དོར་མ་ཐུང་ངུ་ཞིག་ལས་ཕྱིར་བུད་པའི་བརླ་ཤ་གཉིས་རེད།མ་གཞི་ཁོའི་གམ་དུ་བུ་མོ་ཞིག་འགྲེངས་འདུག
“ང་མི་ཞིག་འཚོལ་དུ་ཡོང་པ་ཡིན།”
“མི་འཚོལ་དགོས་ན་མངགས་གཏོང་ཁང་དུ་མི་འགྲོ་བར་འདིར་ཡོང་ནས་ཅི་བྱེད།”
བུ་མོ་དེས་དེ་ལྟར་ཟེར་བཞིན་སྣང་དོགས་སྤུ་ཙམ་མེད་པ་བཞིན་རྡོ་བཀྲའི་མདུན་རོལ་གྱི་འདུག་སྟེགས་དེ་རུ་བསྡད།
“ང་མོ་འཚོལ་དུ་ཡོང་པ་ཡིན།”
ཁོས་ཕ་རོལ་གྱི་བསོད་ནམས་སྒྲོལ་མ་སྟོན་ཙམ་བྱས།
“མོ་ཁྱོད་ཀྱི་ཅི་ཞིག་ཡིན།”
“ངས་མི་ཤེས།ཁྱོད་ཀྱིས་མོ་ངའི་ཅི་ཞིག་རེད་འདོད་ན་དེ་རེད།”
རྡོ་བཀྲས་དེ་ལྟར་བཤད་ཅིང་མདུན་རོལ་གྱི་བུ་མོར་དེར་ལྟ་ཙམ་ཡང་མ་བྱས་པར་ཕ་རོལ་གྱི་བསོད་ནམས་སྒྲོལ་མར་བལྟས་བསྡད།
“ཧུན།ཁྱོད་ཀྱིས་ལྟོས་དང་མོ་ཁོམ་གྱིན་མ་འདུག་པ་མི་མཐོང་ངམ།”
བུ་མོ་དེས་དེ་ལྟར་ཟེར་ཞོར་དུ་བ་ཞིག་ཁ་རུ་བཙུགས་ཤིང་མེ་བསྒྲོན།རྡོ་བཀྲའི་བསམ་པར་མོའི་ཕྲ་ལ་རིང་བའི་མཛུབ་མོ་གཉིས་ཀྱི་བར་ནས་དུ་རྐང་དེ་ཧ་ཅང་མི་འོས་པ་ཞིག་ཏུ་སྣང་།སྐབས་དེར་ཕ་རོལ་གྱི་བསོད་ནམས་སྒྲོལ་མས་ཀྱང་ལྟ་ཕྱོགས་ཤིག་གིས་རྡོ་བཀྲ་མཐོང་བྱུང་།མོ་ཡར་ལངས་ཏེ་གོམ་ཆུང་གིས་ཚུར་ཕྱོགས་སུ་བརྒྱུགས་ནས་སླེབས་བྱུང་།མོའི་གོམ་པའི་འདེགས་འཇོག་དང་བསྟུན་ནས་རྐང་མགོའི་རྟིང་ག་མཐོ་བའི་ལྷམ་དེའི་ཐག་ཐག་གི་སྒྲ་ནི་ཆང་ཁང་གི་རོལ་དབྱངས་སྒྲ་ལས་ཀྱང་མངོན་གསལ་དོད་པ་ཞིག་རེད།
“ཁྱོད་ནམ་ཞིག་ལ་ཡོང་པ་ཡིན།”
“སྔོན་ཏག་ཏག་ལ་ཡོང་པ་ཡིན།ཁྱོད་ཁོམ་གྱིན་མི་འདུག་པས་བར་ཆད་བྱེད་མི་ཕོད།”
“དེར་ཅི་སྐྱོན།ཐོན་ཚེ་ང་ལ་བརྡ་ཞིག་ཀྱང་མི་རྒྱག་པ་ཅི་ཡིན།”
“ང་ལ་ཁ་ཡ་བྱེད་མི་དགོས།ངས་ཁྱོད་ལ་བསྒུག་ཆོག”
“ཡ་ཡ་དེ་ན་ཆོག་གི”
མོ་ཡང་བསྐྱར་ཕ་རོལ་དུ་བུད་སོང་།རྡོ་བཀྲས་བུ་མོ་དེ་དང་མཉམ་དུ་ཁ་བརྡ་ཡར་མར་བྱེད་ཞོར་ཝུ་ཆང་འཐུང་བཞིན་བསྡད།
དུས་ཚོད་གཅིག་ཙམ་གྱི་རྗེས་སུ་སྐྱེས་པ་དེ་དག་ཀྱང་ཕྱིར་ལོག་སོང་།ཆང་ཁང་དུའང་མི་རེ་འགའ་ལས་མི་འདུགདུས་ཚོད་ཀྱང་མཚན་མོའི་ཆུ་ཚོད་གཉེས་པར་སླེབས་ལ་ཉེ་བས་བསོད་ནམས་སྒྲོལ་མ་ཡང་ལས་ཚོགས་གྲོལ་ཏེ་ཉལ་དུ་སོང་ཆོག
ཁོ་གཉིས་སྟོང་ལྷང་ལྷང་གི་རྒྱ་སྲང་བརྒྱུད་དེ་སོང་།
“དེ་རིང་ཁྱོད་ཅིའི་ཕྱིར་ང་འཚོལ་དུ་ཡོང་པ་ཡིན།”
“ཁྱོད་ཀྱིས་ང་ཡང་བསྐྱར་ཁྱོད་འཚོལ་དུ་ཡོང་ངེས་ཞེས་བཤད་པ་མིན་ནམ།ངས་ཁྱོད་ཀྱི་ཚོད་དཔག་དེར་བདེན་ཁ་སྟེར་ཆེད་དུ་ཡོང་པ་ཡིན།”
“དེ་ཚོད་དཔག་མིན།ངས་སྔོན་ནས་ཤེས་ཡོད།ངས་ད་དུང་ཁྱོད་རྗེས་ཕྱོགས་མུ་མཐུད་ནས་ང་འཚོལ་དུ་ཡོང་ངེས་པའང་ཤེས་ཡོད།”
“དེས་ན་ངས་ཀྱང་མུ་མཐུད་ནས་ཁྱོད་ཀྱི་སྔོན་དཔག་དེར་བདེན་ཁ་སྟེར་དགོས་རྒྱུ་རེད།”
རེ་ཞིག་འགོར་རྗེས་ཁོ་གཉིས་བསོད་ནམས་སྒྲོལ་མའི་མལ་ཁང་ཡོད་སར་སླེབས།མོའི་མལ་ཁང་ནི་གཞས་ཁུལ་ཞིག་ཏུ་འདུག་ཅིང་།རྡོ་བཀྲས་བསོད་ནམས་སྒྲོལ་མ་མལ་ཁང་གི་སྒོ་ཁའི་བར་དུ་བསྐྱལ།ཁོ་ཕྱིར་འགྲོ་ཁར་བསོད་ནམས་སྒྲོལ་མས་“ནང་དུ་སོང་ནས་ཅུང་ཙམ་མི་འདུག་གམ།”ཞེས་བཤད་པས་ཁོའི་ཡིད་ལ་ཡང་སང་ཉིན་གཟའ་མཇུག་ཡིན་པས་ལས་ཚོགས་ལ་འགྲོ་མི་དགོས་པ་དྲན།མལ་ཁང་ནང་ཐོན་པ་ན་ཁོའི་མིག་ལམ་དུ་ཧ་ཅང་ཆུང་བའི་ཁང་མིག་ཅིག་མངོན་ཡོང་ཞིང་།ཁང་མིག་དེའི་གྱང་ལྡེབས་སུ་མལ་ཁྲི་ཞིག་ལས་ཅི་ཡང་མི་འདུགདྲོད་རླངས་ཀྱི་སྟེང་དུ་གསང་དོར་དང་རྐང་འབོབས་རིང་བ་འགའ་བསྐམས་འདུགམལ་ཁྲིའི་གོང་རོལ་གྱི་གྱང་ལྡེབས་སུ་སྒྲོལ་དཀར་གྱི་སྐུ་འདྲ་ཞིག་བཀལ་འདུག་པ་དེ་ནི་ཁང་མིག་འདིར་མངོན་གསལ་དོད་པ་ཞིག་ཏུ་སྣང་།བསོད་ནམས་སྒྲོལ་མས་འཚབ་འཚུབ་ངང་དྲོད་རླངས་སྟེང་གི་གསང་དོར་དང་རྐང་འབོབས་དེ་དག་ལ་སྡུད་གསོག་རྒྱག་ཞོར་ངག་ནས་“དགོངས་པ་མ་ཚོམ།ད་ནངས་སྔ་དྲགས་པས་སྡུད་གསོག་རྒྱག་ཁོམ་ཡང་མེད་སོང་།”ཞེས་ཟེར།
སྐབས་དེར་རྡོ་བཀྲ་མལ་ཁྲིའི་སྟེང་བཙོག་འདུག་ཅིང་ངག་ནས་ཡང་དང་བསྐྱར་དུ་“སྐྱོན་མེད།”ཞེས་བཤད་དགོས་པར་གྱུར།
སྐབས་ཤིག་ལ་བསོད་ནམས་སྒྲོལ་མས་དངོས་པོ་དེ་དག་སྡུད་གསོག་བརྒྱབས་ཚར་སྟེ་རྡོ་བཀྲའི་གམ་དུ་བཙོགཁོ་གཉིས་ཀྱིས་ཡུད་ཙམ་ལ་ཅི་ཡང་མི་སྨྲ་བར་སྡོད་ཅིང་།དེ་ནི་ཅི་ཞིག་ལ་བསྒུག་འདུག་པ་དང་ཡང་འདྲ།དེ་ལྟར་རེ་ཞིག་འགོར་རྗེས་བསོད་ནམས་གཞི་ནས་ཁ་གྲགས་བྱུང་།
“དྲང་མོར་བཤད་ན་ངས་ཀྱང་ཁྱོད་ང་འཚོལ་དུ་ཡོང་པར་རེ་སྒུག་བྱེད་ཀྱིན་ཡོད།”མོས་མུ་མཐུད་དུ“ངས་ཁྱོད་ཀྱི་སེམས་ནང་གི་ང་ཅི་འདྲ་ཞིག་ཡིན་པ་ཤེས་འདོད།ཁྱོད་ཀྱིས་ང་ལ་བཤད་ན་ཆོག་གམ།”ཞེས་ཟེར།
“ངས་ཐོག་དང་པོར་ཁྱེད་མཐོང་དུས་ཧ་ཅང་ཆ་ཡོད་རྒྱུས་ཡོད་ཀྱི་ཚོར་བ་ཞིག་སྐྱེས་ཡོང་།”
“འོ་ན་ཁྱོད་ཀྱིས་ང་བློར་འབབས་སམ།”
བསོད་ནམས་སྒྲོལ་མའི་འདྲི་ཚིག་དེ་ནི་དེ་འདྲའི་སྟ་གོན་དང་སྔ་ལྟས་ཅི་ཡང་མེད་པ་ཞིག་རེད།དབྱར་གྱི་གནམ་ངོ་བཞིན་སྐད་ཅིག་སྐད་ཅིག་ལ་ཆར་བ་ཤག་ཤག་ཏུ་བབས་པ་དང་མཚུངས་པར་རྡོ་བཀྲར་བསམ་དབང་དྲན་དབང་ཅུང་ཙམ་ཡང་མ་བྱིན།
ཁོས་མཚར་ཉམས་ཀྱིས་བསོད་ནམས་སྒྲོལ་མའི་གདོང་ལ་ཕུར་ཚུགས་སུ་བལྟ་ཞིང་དེ་ནས་འཛུམ་ཙམ་བྱས་ཏེ་“འུན།འབབས་གི”ཞེས་ཟེར།
དེ་ལྟར་ཁོ་གཉིས་ཀྱིས་རེ་ཞིག་ཕན་ཚུན་ལ་ཅེར་རེར་བལྟ་ཞིང་དེ་ནས་དལ་བ་དལ་བུར་མཆུ་འདབས་སྦྱར་སོང་།གོ་རིམ་དེའི་ཁྲོད་རྡོ་བཀྲའི་སྣ་ལམ་དུ་བསོད་ནམས་སྒྲོལ་མའི་ལུས་སྟེང་གི་བྱུགས་རྫས་དང་ལུས་དྲི་གཉིས་སྡེབས་དེ་འཐུལ་ཡོང་ཞིང་།ཁོའི་རྐང་མཐིལ་ནས་ཀླད་པའི་སྤྱི་གཙུག་བར་དུ་སྔ་ནས་རྒྱས་མ་མྱོངས་བའི་ཚ་དྲོད་ལྟ་བུ་ཞིག་རྒྱས།ཁོས་བསོད་ནམས་སྒྲོལ་མ་མལ་ཁྲིའི་སྟེང་མནན་ནས་ཁོ་མོའི་སྟོད་ལྭའི་སྒྲོག་གུ་རེ་རེ་བཞིན་གྲོལ་ཞིང་།རང་ཉིད་ཀྱི་སྟོད་གོས་ཀྱང་འཕུད་ཅི་ཐབས་བྱས།བསོད་ནམས་སྒྲོལ་མར་ཡང་བཀག་འགོག་གི་བཟོ་ལྟ་ཅི་ཡང་མེད་པར་གན་རྐྱལ་དུ་ལོག་ནས་རྡོ་བཀྲས་ཅི་ཞིག་བྱེད་པར་བསྒུག་འདུགརྡོ་བཀྲས་བསོད་ནམས་སྒྲོལ་མའི་ནང་གོས་དང་བྲང་ཁེབས་བཅས་རེ་བཞིན་ཕུད་ཅིང་།སྐབས་ཤིག་ལ་མོའི་དཀར་ཞིང་ཟླུམ་པའི་མྱོས་བུམ་ཟུང་མངོན་ཡོང་དུས་ཁོའི་གཅན་གཟན་གྱི་རང་གཤིས་ཇེ་དྲགས་སུ་གྱུར་ཏེ།ད་ནི་མིག་མདུན་གྱི་བསོད་ནམས་སྒྲོལ་མ་ལས་ཅི་དང་གངལའང་ཁ་ཡ་བྱེད་མི་འདོད་པ་ཞིག་དུ་སྣང་།
བསོད་ནམས་སྒྲོལ་མས་འཁུན་སྒྲ་བར་མེད་དུ་སྒྲོག་ཅིང་།དེ་དང་བསྟུན་ནས་མལ་ཁྲའི་ཙིར་སྒྲའང་འཚམས་ཚིགས་ལྡན་པའི་ངང་གྲགས་ཡོང་།འདི་ནི་དངོས་གནས་ནུབ་གླིང་གི་མཉམ་སྒྲོག་རོལ་མོ་ཞིག་དང་ཡང་མཚུངས།མོའི་ལག་པ་གཉིས་ཀྱིས་རྡོ་བཀྲའི་སོག་སྟེང་དུ་སྦར་འབྲད་ཡང་ཡང་བྱེད་ཅིང་།མགྲིན་པ་དང་བྲང་གཞུང་དམར་པོར་གྱུར་འདུག་ལ་རྔུལ་ཆུ་བར་མེད་དུ་འཛུམ་ཡོང་།དེ་ནང་བཞིན་རྡོ་བཀྲའང་དེ་ལས་མ་འདས།རེ་ཞིག་འགོར་རྗེས་རྡོ་བཀྲའི་ལུས་ཀྱི་འགུལ་སྟངས་ཇེ་མགྱོགས་ལ་སོང་ཞིང་།བསོད་ནམས་སྒྲོལ་མའི་འཁུན་སྒྲའང་དེར་བསྟུན་གྱི་ཇེ་མགྱོགས་དང་དབུགས་ཀྱི་འབྱིན་རྔུབ་ཀྱང་ཇེ་མགྱོགས་དང་ཇེ་དྲགས་སུ་སོང་།སྐབས་ཤིག་ལ་རྡོ་བཀྲ་དབུགས་ལྒང་གི་དབུགས་ཞུ་བ་ནང་བཞིན་ལུས་པོ་ཡོངས་སུ་ལྷོད་དེ་མགོ་བོ་བསོད་ནམས་སྒྲོལ་མའི་བྲང་ཁར་གླན་ནས་འགུལ་ཙམ་ཡང་མི་བྱེད།བསོད་ནམས་སྒྲོལ་མའི་མིག་ཟུང་བཙུམས་སྟེ་ལག་པའི་སོར་མོས་རྡོ་བཀྲའི་སྐྲ་ལོར་བྱིལ་བྱིལ་བྱེད།
“དགོངས་པ་མ་ཚོམ།”
རྡོ་བཀྲས་བསོད་ནམས་སྒྲོལ་མའི་གདོང་ལ་ཡུན་རིང་དུ་ཅེར་ནས་དེ་ལྟར་ཟེར།བསོད་ནམས་སྒྲོལ་མས་ཅི་ཡང་མི་སྨྲ་བར་སྡོད་ཅིང་སྐབས་ཤིག་ལ་མོ་ཡང་བསྐྱར་རྡོ་བཀྲའི་སྐེ་ལ་འཁྱུད་ནས་མཆུ་འདབས་སྦྱར་སོང་།མོས་རྡོ་བཀྲའི་འགྲམ་པ་དང་རྣ་ཅོགམགྲིན་པ་སོགས་སུ་འོ་གྲངས་མེད་ཅིག་སྦྱར་ཞིང་།མོས་མཆུ་འདབས་སྦྱར་ཤུལ་དེ་དག་ཏུའང་མཆུ་རྩི་ཡི་མཚལ་མདོག་རེ་རེ་དཔར་འདུག
ཉིན་གཉིས་པར་རྡོ་བཀྲ་གཉིད་ལས་སད་དུས་བསོད་ནམས་སྒྲོལ་མ་སྔར་ནས་སོང་ཟིན།ཁོའི་གླད་པའི་བར་སྟོངས་ཡོངས་སུ་མདངས་དགོང་གི་དོན་དེ་གློག་བརྙན་བཞིན་དུ་མངོན་ཡོང་ཞིང་།ལྷག་པར་བསོད་ནམས་སྒྲོལ་མའི་གདོང་གི་རྣམ་འགྱུར་རེ་རེའང་མངོན་ཡོང་།ཁོས་ཁ་པར་བླངས་ཤིང་སྐད་འཕྲིན་ལམ་ནས་“མདངས་དགོང་དངོས་གནས་དགོངས་པ་མ་ཚོམས།”ཞེས་བྲིས་ཏེ་བསྐུར།
སྐབས་ཤིག་ལ་བསོད་ནམས་སྒྲོལ་མས་ཚུར་“སྐྱོན་མི་འདུག”ཅེས་བསྐུར་འདུག
5
ཕྱི་དྲོར་དེར་རྡོ་བཀྲས་གླ་གཏོང་རླངས་འཁོར་ཞིག་གླས་ཏེ་ཡུལ་ལ་སོང་།ཁོས་ཡུལ་དང་ཐག་མི་རིང་བའི་སར་མ་རྒན་གྱིས་ལུག་ཁྱུ་རར་འཇུག་གིན་པ་མཐོང་ཞིང་།ལུག་ཁྱུའི་མཐའ་འཁོར་ན་མ་རྒན་གྱི་གཟུགས་རིས་དེ་སུ་ཞིག་གིས་ཐབ་ཐོག་ཏུ་འཕངས་པའི་གྲོག་མ་ཞིག་དང་མཚུངས་པར་རྒྱུག་འདུར་བྱེད་ཀྱིན་མཆིས།
རྡོ་བཀྲ་ཡུལ་ལ་ཐོན་དུས་མ་རྒན་གྱིས་ཀྱང་ལུག་ཁྱུ་རར་བཅུག་ཚར་ཏེ་འབྲི་རྒན་དེ་གཉིས་འདོགས་ཀྱིན་འདུགསྐབས་དེར་ཁོ་རླངས་འཁོར་ལས་བབས་ནས་ལག་གི་དངོས་པོ་ཙག་ཙིག་ཁྱིམ་དུ་བཞག་རྗེས་མ་རྒན་ལ་འབྲི་རྒན་དེ་གཉིས་འདོགས་རོགས་བྱས།
“འབྲི་རྒན་འདི་གཉིས་ཨ་མས་བཏགས་ཆོགཁྱོད་ཀྱིས་ངལ་གསོས།”
མོས་གྱོལ་མ་ལྡིང་གིས་འབྲི་རྒན་གཅིག་བདའ་ཞོར་དེ་ལྟར་ཟེར་ཞིང་།ཡང་མུ་མཐུད་ནས“ཁྱོད་དེ་རིང་ཡོང་ཁོམ་ཞིག་ཡོད་ཐལ།”ཞིས་འདྲི་བར་བྱེད།
“ཡོད་ཐལ།ད་སྐབས་བྱ་བ་དེ་འདྲའི་བརྗི་རྒྱུ་མི་འདུག”
རྡོ་བཀྲས་དེ་ལྟར་ཟེར་ཞིང་སྐབས་ཤིག་ལ་མ་རྒན་གྱི་གྱོལ་མ་ལྡིང་གི་བྲེལ་མྱུར་མཐོང་བའི་མོད་ལ།སྔོན་ཆད་ཁོའི་ཨ་མྱེས་དང་དེའི་ཡང་མེས་ནི་ས་འདི་གའི་སྟོང་དཔོན་ཡིན་ཞེས་པ་དེ་ཡིད་ལ་འཁོར་ཡོང་།ཕ་མེས་ཡང་མེས་དེ་དག་གི་རིང་ལ་ཁྱིམ་འདིའི་གོ་ཁ་བུ་དང་སྒོ་ཁ་རྒྱུས་གང་ཡོད་པ་སྟེ།ལུག་ཁྱུ་སྤྲིན་དཀར་དང་འདྲེས་ཤིང་།རྟ་ཁྱུ་མཚམས་སྤྲིན་དང་འདྲེས།བུ་ལ་དཔའ་རྩལ་འཛོམས་ཤིང་བུ་མོར་ལག་ལས་ཀ་ལྡན་པར་བཤད།དེའི་རྗེས་རྡོ་བཀྲའི་ཨ་མྱེས་ཀྱི་དུས་སྐབས་ལ་ཐོན་དུས་རིག་གསར་ཀྱི་ལས་འགུལ་ལས་གཡོལ་མ་ཐུབ་པར།ཁོའི་ཨ་མྱེས་དེ་གྲལ་རིམ་གྱི་དབང་གིས་ཞྭ་གོན་ལ་བརྩིས་ཏེ་བཙོན་ལས་མ་ཐར་པར་ཚེ་ལས་འདས།རྗེས་ནས་བཙོན་གྲོགས་ཤིག་གིས་བཤད་ན་རྡོ་འཀྲའི་ཨ་མྱེས་འདས་ཁར་རང་ཉིད་ཀྱི་ཚལ་ཐང་ཉུང་ངུ་དེ་བཙོན་གྲོགས་ལ་བསྐྱུར་ནས་ངག་ནས་“ད་ནི་ངས་འདི་འཐུང་ཡང་གསོན་པའི་རེ་བ་མི་འདུག”ཞེས་ཟེར་ཞིང་།ཡང་དང་བསྐྱར་དུ་“ཁྱིམ་ཀྱི་དུ་བ་ཆད་དུ་འཇུག་མི་རུང་ཞེས་པའི་སྐད་འདི་སྒྲོལ་མཚོར་འཕྲོད་དུ་ཆུགས།”ཞེས་བཟློ་བར་བྱེད་ཟེར།རྡོ་བཀྲའི་ཨ་ཕྱི་སྟེ་སྒྲོལ་མཚོས་ཁྱོ་ག་བཙོན་ནས་མ་ཐར་པར་ཚེ་ལས་འདས་པ་གོ་འཕྲལ་ཡིད་སེམས་རབ་ཏུ་སྡུག་ནས་ཉིན་འགར་ཟས་ཀྱི་ཡི་ག་ཆད་པ་དང་།ལྷག་པར་སྐབས་དེར་མོའི་མངལ་དུ་རྡོ་བཀྲའི་ཕ་རྒན་སྦྲུམ་ཡོད་པས།ལུས་སྟོབས་ཉམས་ཏེ་འགྲེངས་ནས་འགྲོ་ཡང་དཀའ་བའི་ཚོད་དུ་སླེབས།མངལ་དུ་སྦྲུམ་པའི་རྡོ་བཀྲའི་ཕ་རྒན་ལས་གཞན་ད་དུང་བུ་གཅིག་དང་བུ་མོ་གཉིས་ཡོད་མོད།སྐབས་དེར་ཟས་ཆུར་དཀའ་ངལ་ཧ་ཅང་ཆེ་བས་བཀྲེས་ལྟོགས་དང་ནད་ཡུམ་གཉིས་ཀྱིས་མནར་བས་གཅིག་འཕྲོར་གཅིག་ལ་འདས་སོང་།
རྗེས་ནས་མོས་བཤད་པ་ལྟར་ན་སྐབས་དེར་མོ་རང་གསོན་འདོད་ཀྱི་འདུན་པ་རྩ་བ་ནས་ཆད་དེ་རྨ་ཆུར་མཆོངས་འདོད་ཀྱང་སྐྱེས་མྱོངས་ཟེར།འོན་ཀྱང་བུ་བློ་གྲོས་སྐྱེས་རྗེས་མོའི་སེམས་ཀྱི་རྨ་ཁ་རེ་ཞིག་སོས་ཤིང་།ལྷག་པར་བུ་བློ་གྲོས་ནར་སོན་པ་བསྟུན་བྱ་བ་སྤྱོད་པ་དང་ལྷག་པར་བྱད་བཞིན་འདས་ཟིན་པའི་ཁྱོ་གར་ཧ་ཅང་མཚུངས་པས་མོར་དགའ་སྐྱོ་གཉིས་ལྡན་གྱི་ཚོར་བ་ཡང་ཡང་སྐྱེས།
དཀའ་སྡུག་གི་ལོ་ཟླ་དེར་སྒྲོལ་མཚོས་རྡོ་བཀྲའི་ཕ་རྒན་བློ་གྲོས་བསྐྱངས་ཏེ་ནར་སོན་དུ་བཅུག་ཅིང་།བུ་བློ་གྲོས་ལོ་ན་སུམ་ཅུར་ཉེ་དུས་སྡེ་བ་གོང་མའི་བུ་མོ་ཞིག་བླངས་ཏེ་གཉེན་བསྒྲིགས།བུ་མོ་དེའི་མིང་ལ་མཁའ་འགྲོ་མཚོ་ཟེར་ཞིང་གཉེན་བསྒྲིགས་རྗེས་ཀྱི་ཕྱི་ལོར་བུ་རྡོ་བཀྲ་སྐྱེས་པ་རེད།
རྡོ་བཀྲ་སྐྱེས་དུས་ཨ་ཕྱི་སྒྲོལ་མཚོ་ལོ་དྲུག་ཅུ་རྩ་སྟོད་དུ་སླེབས་ཡོད།ཕ་རྒན་བློ་གྲོས་ཀྱིས་མཇལ་དར་བསྣམས་ཏེ་ཨ་ལགས་ཚང་གི་མདུན་སར་བུ་ཆུང་གི་མིང་འདོགས་དུས།ཨ་ལགས་ཚང་གིས་ཕྱག་མོ་ཡང་ཡང་གནང་སྟེ་མཐར་“འོ་་་་བུ་ཆུང་དེ་ཁྱོད་ཀྱི་ཕ་དྲིན་ཅན་པོའི་རྣམ་ཤེས་ཡིན་པར་འདུག”ཞེས་གསུང་སོང་།
ཨ་ཕྱི་སྒྲོལ་མཚོས་རང་གི་ཁྱོ་གའི་རྣམ་ཤེས་ཚ་བོ་རེད་ཟེར་བའི་གཏམ་དེ་ཐོས་དུས།མོས་“ཨ་སྐྱིད་ལ།ཨ་སྐྱིད་ལ།ངའི་སྐྱིད་འདི་གང་ལ་འཇོག”ཞེས་དགའ་འབོད་ཡང་ཡང་སྒྲོག་ཅིང་།གཉེར་མའི་གསེབ་ཀྱི་མིག་གོང་ལས་མིག་ཆུ་ཤར་མོ་གཉིས་ཀྱང་མཁུར་འགོར་ཡང་ཡང་འགྲིལ།མོས་དུས་རྒྱུན་ཚ་བོའི་སྒལ་གཞུང་ན་མདོག་སྔོ་ནག་གི་ཤ་རྟགས་ཤར་མོ་གཉིས་ཡོད་པ་དེར།གཉེར་མས་ཁེངས་པའི་ལག་པས་རེག་རེག་དང་བྱིལ་བྱིལ་བྱེད་ཅིང་“སྙིང་རྗེ།ལོ་གེ་ནས་ཅི་འདྲའི་སྡུག་མང་པོ་མྱངས་ཡོད་ཨང་།”ཞེས་མིག་ཆུ་ཤར་ཤར་དུ་གཏོང་བར་བྱེད།རྡོ་བཀྲ་ལོ་གསུམ་ལ་བུད་པའི་ལོ་དེར་ཨ་ཕྱི་སྒྲོལ་མཚོ་ཚེ་ལས་འདས་སོང་བས།རྡོ་བཀྲར་རང་གི་ཨ་ཕྱིའི་བག་ཆགས་མག་མོག་ཅིག་ལས་མི་འདུག
ད་ནི་ཁྱིམ་ཚང་འདིར་ཁོ་མ་བུ་གཉིས་ལས་ཅི་ཡང་ལྷག་མེད་པས།མ་རྒན་མཁའ་འགྲོ་མཚོར་མཚོན་ན་རྡོ་བཀྲ་ནི་ཁྱིམ་འདིའི་རེ་བ་བཅོལ་ས་ཉག་གཅིག་ཏུ་གྱུར་ཡོད།དེ་བས་མཚན་མོ་དེར་མོས་ཡང་ནས་ཡང་དུ་ཤུགས་རིང་ནར་ནར་དུ་འབྱིན་པར་བྱེད།
“ད་ནི་ཁྱོད་ཀྱིས་མནའ་མ་ཞིག་བཙལ་ན་མི་བཟང་ངམ།”
མཚན་གྱི་སྨག་རིམ་དེའི་གསེང་ནས་མ་རྒན་གྱིས་དེ་ལྟར་ཟེར།
“ངས་ཐོག་མར་བྱ་བ་གཏན་འཇགས་ཤིག་བཙལ་བསམ་པ་ཡིན།བྱ་བ་གཏན་འཇགས་ཤིག་མེད་ཚེ་མནའ་མ་ཞིག་བླངས་ཀྱང་དཀའ་བར་འདུག”
“ཕ་ཤུལ་བུས་བཟུང་སྟེ་ཁྱིམ་འདིའི་དུ་བ་ཆད་དུ་མི་འཇུག་རྒྱུ་ནི་ཁྱོད་ཀྱི་ཕ་དྲིན་ཅན་པོའི་ཁ་ཆེམས་རེད།”
“ཨ་མ།ད་ནི་ཁྱོད་ཀྱིས་འདི་དག་ལ་སེམས་ཁུར་མ་བྱེད།ངས་ཡིད་ལ་བཟུང་ཡོད།”
རྡོ་བཀྲས་ཁ་ནས་དེ་ལྟར་བཤད་རུང་ཡ་ཆུང་ཁོག་ཅི་ཞིག་གིས་མནན་པ་དང་འདྲ་བར་ལྗིད་ཏིག་ཏིག་གི་སྣང་བ་ཡང་ཡང་ཤར།ཁོས་མ་རྒན་གྱིས་སེམས་ཁུར་མི་བྱེད་པའི་ཆེད་དུ་དེ་ལྟར་བཤད་པ་ཡིན་ངེས།
“འོ་ལེ།ཨ་མའི་རེ་བ་ཁྱོད་བུ་སྐྱེས་དགོས་ཞེས་པ་དེ་མིན།ཁྱོད་ཀྱིས་ཁྱིམ་འདིའི་ཤུལ་ཆད་དུ་མ་བཅུག་ན་དེས་ཆོགངེད་མ་བུ་གཉིས་ཤི་བོའི་རྗེས་ཀྱི་གསོན་པོ་རེད།འུ་ཚང་ཅི་འདྲ་མིན་རུང་ཁྱིམ་ཚང་ཆེན་པོ་ཞིག་གི་ཤུལ་ཡིན་པ་འདི་ཁྱོད་ཀྱིས་ཅིས་ཀྱང་བརྗེད་མི་རུང་།”
སྐབས་ཤིག་ལ་རྡོ་བཀྲས་སྔུར་བ་ཡང་མོ་ཞིག་འཐེན་གྱིན་འདུག་པས།མ་རྒན་མཁའ་འགྲོ་མཚོས་རྡོ་བཀྲ་ཧ་ཅང་ཐང་ཆད་འདུག་པར་བསམ་ཞིང་།ཡང་མོའི་སྐད་ཆ་དེ་དག་ཐོས་ཡོད་མེད་ཀྱི་ཐེ་ཚོམ་དང་བཅས་ཡུན་རིང་ཞིག་ལ་གཉིད་གཏན་ནས་མ་ཁུགས་པར་ལུས།
ཕྱི་ཉིན་རྡོ་བཀྲ་རྣར་གཟན་པའི་ཁ་པར་གྱི་སྒྲས་གཉིད་ལས་བསླངས་ཤིང་།དེ་མ་ཐག་ཁ་པར་གྱི་འཆར་ཤེལ་ངོས་སུ་བལྟས་ཙ་ན་རི་བོ་རྩེ་ལྔ་ཅན་གྱི་སྐད་འཕྲིན་འགོ་པར་དང་དེའི་གཤམ་དུ་རྒྱ་ཡིག་གིས་“བརྩེ་སེམས”ཞེས་བྲིས་ཡོད་པ་དེ་མིག་ལམ་དུ་མངོན་ཡོང་།ཁོས་དེ་མ་ཐག་མདོག་ལྗང་ཁུའི་ནང་དུ་ཁ་པར་གྱི་རི་མོ་བྲིས་ཡོད་པའི་རྟགས་དེ་མནན་ནས་ཁ་པར་རྣ་ཁར་བཞག
“ཁྱོད་དེ་རིང་ངེས་པར་དུ་ལས་ཁུངས་ནང་ཐོན་པར་གྱིས།སང་ཉིན་ཞིང་ཆེན་རིམ་པའི་ཞིབ་གཤེར་ཞིག་ཡོང་རྒྱུ་རེད།དེ་བས་ང་ཚོས་དེ་རིང་ངེས་པར་དུ་ཡག་ཚགས་དག་སྡུད་སྒྲིག་བྱས་ཏེ་ཚར་དགོས།”
ཕ་རོལ་པོས་བསྟུད་མུར་དེ་ལྟར་བཤད་ཅིང་།ཡང་མུ་མཐུད་ནས།
“ད་ཐེངས་གི་ཞིབ་གཤེར་འདི་ཧ་ཅང་གལ་ཆེན་ཡིན་པས།གལ་ཏེ་བྱ་བར་འཐུས་ཤོར་བྱུང་ཚེ་མཇུག་འབྲས་ཅི་འོངས་མི་ཤེས།”ཞེས་བཤད་སོང་།
“འོ་ཡ་ཡ།”
ཁོས་དེ་ལྟར་ཡ་ལན་སྟེར་དུས་ཕ་རོལ་པོས་གནའ་ནས་ཁ་པར་གྱི་སྒོ་བརྒྱབས་ཚར།རྡོ་བཀྲས་མགྱོགས་མྱུར་ངང་ལྭ་བ་དག་གོན་རྗེས་སྒོར་བུད།སྐབས་དེར་མ་རྒན་གྱིས་འབྲི་རྒན་དེ་གཉིས་བཞོ་ཡིན་འདུག
“ཨ་མ།ང་མྱུར་དུ་ཕྱིར་འགྲོ་དགོས་འདུགསང་ཉིན་ཞིབ་གཤེར་ཞིག་ཡོང་རྒྱུ་རེད།”
“ཨ་ཙི།ནངས་ཇ་ཡང་མི་འཐུང་ངམ།ད་ནི་རྫོང་མཁར་ལ་འགྲོ་ནི་ཞིག་འེ་ཡོད་དམ།”
རྡོ་བཀྲས་རྒྱབ་ཕྱོགས་ནས་མ་རྒན་གྱིས་དེ་ལྟར་བཤད་ཀྱིན་པ་ཐོས།ཁོ་རྫོང་མཁར་དུ་འགྲོ་སའི་རྒྱ་ལམ་སྟེང་འགྲེངས་ནས་རླངས་འཁོར་བཀགས་ཀྱང་།རྫོང་མཁར་གྱི་ཕྱོགས་སུ་འགྲོ་བའི་ཁ་ལོ་བ་དེ་དག་གིས་ལག་པ་གཡུག་གཡུག་ཙམ་བྱས་ཏེ་ཡང་དང་བསྐྱར་དུ་ཁོའི་གམ་ནས་བྱ་འཕུར་བ་ལྟར་ནས་བརྒྱུགས་ནས་ཕྱིན་སོང་བས་ཁོ་རེ་ཞིག་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་ལུས།རེ་ཞིག་འགོར་རྗེས་རླངས་འཁོར་ཆུང་ངུ་ཞིག་དལ་གྱིས་ཁོའི་གམ་དུ་བསྡད་བྱུང་།ཁ་ལོ་བས་རླངས་འཁོར་གྱི་སྒེའུ་ཁུང་དལ་གྱིས་མར་འབབས་སུ་བཅུག་པ་དང་བསྟུན་རྡོ་བཀྲར་ཆ་ཡོད་ཡོད་འདྲ་ལ་རྒྱུས་མེད་མེད་འདྲ་བའམ།ལོ་ན་ལྔ་བཅུར་སོན་ལོས་ཡོད་སྙམ་པའི་རྒད་པོ་ཞིག་གི་ངོ་གདོང་མངོན་ཡོང་།
“གང་ལ་འགྲོ་རྒྱུས།”
“རྫོང་མཁར་ལ་མི་འགྲོའམ།”
“ནང་ལ་བུད།”
རྡོ་བཀྲ་ནང་ལ་བུད་པ་ན་ཁ་ལོ་བས་ཁོར་ལྟ་ཙམ་བྱས་ཏེ“ཡ་ག་རེ།ཁྱོད་རིག་མྱོངས་ཞིག་རེད།འོ་་་་ཁྱོད་རྟ་མགྲིན་རྡོ་རྗེའི་སློབ་གྲོགས་རེདཨང་།”ཞེས་ཟེར།
“འོ་ཡིན་ཡིན།”
རྡོ་བཀྲའི་གླད་པའི་བར་སྟོངས་སུ་རྟ་མགྲིན་རྡོ་རྗེ་རུ་འབོད་པའི་སློབ་གྲོགས་དེའི་ངོ་གདོང་མག་མོག་ཅིག་ཤར་ཡོང་།དེ་ནི་ཁོའི་མཐོ་འབྲིང་སྐབས་ཀྱི་སློབ་གྲོགས་ཤིག་རེད།མཐོ་འབྲིང་གི་འཛིན་གྲྭ་དེར་ཁོ་གཉིས་ནི་ཕ་ཡུལ་གཅིག་པའི་སློབ་གྲོགས་གཅིག་པུ་ཡིན་ཡང་།སྐབས་རེར་ཕྱིར་ཕ་ཡུལ་ལ་ལོག་དུས་མཉམ་དུ་སྤྱི་སྤྱོད་རླངས་འཁོར་གཅིག་གི་ནང་ཡོང་བ་མ་གཏོགས་ཕན་ཚུན་འདྲིས་ཆེན་པོ་མེད།
“ད་ནི་ཁྱོད་ཀྱང་སློབ་ཆེན་མཐར་ཕྱིན་ཡོད་ལས་ཆེཨང་།”
“སློབ་ཆེན་མཐར་ཕྱིན་སོང་།”
“འོ་རེད་རེད།ད་སྐབས་ཅི་བྱེད་ཀྱིན་ཡོད།”
“རྫོང་གི་ལས་ཁུངས་ཞིག་གི་ནང་དུ་ཡོད།”
“འོ་དེ་རེད།བྱ་བ་དངོས་རེད་དམ།”
“མ་རེད།”
རྡོ་བཀྲ་ཅུང་དོགས་མི་བདེ་བའི་ངང་དེ་ལྟར་ལན་བཏབས།
“འོ་རེད་རེད།ཟླ་ཕོགས་ཅི་འདྲ་རེད།”
“དེ་འདྲའི་མཐོ་རྒྱུ་མི་འདུག”
“ངེད་ཚང་གི་ཞི་ལུས་ད་ལོ་བྱ་བ་དངོས་ལ་རྒྱུགས་འཕྲོད་སོང་།ཟླ་རེར་སྟོང་ལྔ་དྲུག་ཙམ་འདུག”
“འོ་་་་་རེད་རེད།”
རྒད་པོ་དེས་དེ་ལྟར་བཤད་ཡོང་དུས་གདོང་ལ་ང་རྒྱལ་གྱི་འཛུམ་མདངས་ཤིག་རྒྱས་འདུགརྡོ་བཀྲའི་ཕྱིར་དྲན་གྱི་ཁྲོད་དུ་ཁོའི་སློབ་གྲོགས་དེ་སློབ་སྦྱོངས་ལ་མི་བཟང་ཞིང་།དུས་རྒྱུན་དུ་བ་འཐེན་ཞིང་།ཁ་པར་ཡང་དུས་ལྟར་དགེ་རྒན་ལ་མི་བཅོལ་བས།དགེ་རྒན་གྱིས་དུས་རྒྱུན་ཁྱིམ་བདག་བོས་ཏེ་སློབ་གསོ་གཏོང་བར་བྱེད།རྡོ་བཀྲས་དགེ་རྒན་གྱི་གཞུང་ལས་ཁང་ནང་རྒད་པོ་འདི་ཐེངས་མང་མཐོང་མྱོངས།ཁོའི་ཕྱིར་དྲན་གྱི་ཁྲོད་དུ་སློབ་གྲོགས་དེས་མཐོ་རྒྱུགས་ལའང་ཡིག་ཚད་ཡག་པོ་ཞིག་ལོན་མེད་པ་འདྲ་མོད།འོན་ཀྱང་དེ་རིང་རྒད་པོ་འདིས་བྱ་བ་དངོས་ལ་ཡིག་ཚད་ལོན་སོང་ཞེས་བཤད་སོང་བས།རྡོ་བཀྲར་ཐེ་ཚོམ་ཡང་ཡང་སྐྱེས་དགོས་པར་གྱུར།
སྐབས་ཤིག་ལ་ཁ་པར་གྱི་སྒྲས་ཁོ་ཕྱིར་དྲིན་གྱི་ཀློང་ནས་ཁྲིད་ཡོང་།ཁོས་དེ་མ་ཐག་ཁ་པར་རྣ་ཁར་བཞག
“ཝེ།ཁྱོད་ཡོང་གིན་ཡོད་དམ།”
“ཡོད་ཡོད།མྱུར་མོར་ཐོན་ཡོང་།”
“མྱུར་མོར་ཐོན་པར་གྱིས།ཡིག་ཚགས་དེ་རིང་སྡུད་སྒྲིག་བྱས་མ་ཚར་ན་མཚན་མོར་ལས་སྣོན་བྱས་ཏེ་སྒྲུབ་ཚར་དགོས།”
“ཡ་ཡ།”
རྡོ་བཀྲས་དེ་ལྟར་ཡ་ལེན་སྟེར་དུས་ཕ་རོལ་པོས་ཡར་སྔོན་བཞིན་གནའ་ནས་ཁ་པར་གྱི་སྒོ་བརྒྱབས་ཚར།
ཁོ་དེ་ལྟར་གཞུང་ལས་ཁང་གི་སྒོ་ཁར་ཐོན་དུས་ཁོས་གཞུང་ལས་ཁང་གི་ནང་རོལ་གྱི་མིའི་སྐད་སྒྲ་ཐོས་ཡོང་།
“ངས་སང་ཉིན་གྱི་ཞིབ་གཤེར་འདིའི་གལ་ཆེན་རང་བཞིན་ཅིག་བཤད།སང་ཉིན་ཞིང་ཆེན་དམངས་སྲིད་ཐིན་གྱི་ཧྲུའུ་ཅི་དང་ཁུལ་དམངས་སྲིད་ཅུའི་ཅུས་ཀྲང་།གཞན་ད་དུང་རྫོང་ཁག་གཞན་གྱི་མགོ་ཁྲིད་སོགས་རང་རྫོང་གི་བྱ་བར་གཟིགས་ཞིབ་ལ་ཡོང་རྒྱུ་རེད།ལྷག་པར་རང་རྫོང་གི་དམངས་སྲིད་བྱ་བར་ཞིབ་གཤེར་ནན་མོ་བྱེད་རྒྱུ་རེད།”
དེ་ཅུས་ཀྲང་གི་སྐད་རེད།དེ་ལས་ནང་རོལ་དུ་ཚོགས་འདུ་ཚོགས་བཞིན་པ་ཤེས་ཐུབ།རྡོ་བཀྲ་ནང་ལ་འགྲོ་མིན་གྱི་ཐེ་ཚོམ་ངང་ལུས་དུས་གཞུང་ལས་ཁང་གི་ནང་རོལ་ནས་མུ་མཐུད་དུ་སྐད་ཆའི་སྒྲ་གྲགས་ཡོང་།
“ཨུན།དེ་ཡིན་ན་ང་ཚོར་དེ་རིང་མ་གཏོགས་དུས་ཚོད་མི་འདུགཚང་མས་རང་རང་སར་ཡིག་ཚགས་དང་ལྷག་པར་རྩིས་ཐོ་དག་སྡུད་སྒྲིག་བྱས་ཏེ་ཚར་དགོས།གལ་ཏེ་སང་ཉིན་ཡིག་ཚགས་ལ་ཆད་ལྷག་བྱུང་བ་དང་།རྩིས་ཐོ་དག་ལ་ནོར་འཁྲུལ་བྱུང་ཚེ་འབྲེལ་ཡོད་མི་སྣ་ལས་ཁུངས་ལས་ཕྱིར་འཕུད་བྱེད་རྒྱུ་དོན་དག་ཆུང་ཆུང་རེད།ཨུན།ད་ངས་མང་པོ་མི་བཤད།”ཅུས་ཀྲང་གིས་དེ་ལྟར་བཤད་མཚམས་བཞག་ཅིང་།ཡུད་ཙམ་གྱི་རྗེས་ནས་ཡང་བསྐྱར་སྐད་ཆའི་སྒྲ་གྲགས་ཡོང་།
“འོ་རེད།ཞོའོ་མེན།ཚོགས་འདུ་གྲོལ་རྗེས་ཁྱོད་ཀྱིས་དེ་རིང་གི་ཚོགས་འདུར་ཞུགས་མེད་པའི་མི་དེ་དག་གི་མིང་ཐོ་ངའི་གཞུང་ལས་ཁང་ནང་ཁྱེར་ཤོག”
སྐད་ཆ་དེ་གོ་འཕྲལ་རྡོ་བཀྲའི་སེམས་མ་གཞི་ནས་མི་སྐྱིད་པའི་ཐོག་ལྷག་པར་མི་སྐྱིད་པར་གྱུར།
“ཡ།ད་བསམ་འཆར་མེད་ན་ཚོགས་འདུ་གྲོལ།”
གཞུང་ལས་ཁང་གི་ནང་རོལ་ནས་རྐུབ་སྟེགས་ཕར་འདེད་ཚུར་འདེད་ཀྱི་ཙིར་སྒྲ་དང་སྐད་ཆ་བཤད་པའི་སྒྲ་བརྡོལ་ཡོང་།རྡོ་བཀྲ་རྒྱུག་མ་འདུར་ཀྱིས་སྤྱོད་ཁང་ནང་སྦས།རེ་ཞིག་འགོར་རྗེས་ཁོ་ད་གཟོད་གཞུང་ལས་ཁང་ནང་དུ་སོང་།གཞུང་ལས་ཁང་གི་ནང་དུ་ལས་གྲོགས་རེ་རེ་ཅོག་ཙེ་སྟེང་ཡིག་ཆ་དང་རྩིས་ཐོ་བརྩེགས་མ་རེ་སྤུངས་ཏེ།ལ་ལས་གློག་ཀླད་ཀྱི་མཐེབ་གཞོང་ཤུགས་ཀྱིས་གནོན་གྱིན་འདུག་ཅིང་།ལ་ལས་ཡིག་ཆ་དེ་དག་གི་ངོས་སུ་ཅི་ཞིག་འབྲི་བ་བཅས་ཁོམ་གྱིན་མི་འདུགསྐབས་དེར་ཁོའི་ལས་གྲོགས་མཚོ་མོ་བརྒྱུགས་འོངས་ཏེ་སྐད་དམའ་མོས“ཁྱོད་ཀྱིས་ད་བར་དུ་ཅི་ཞིག་བྱས་པ་ཡིན།ཅུས་ཀྲང་གིས་དེ་རིང་ཚོགས་འདུར་མ་ཞུགས་པ་རྣམས་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག”ཞེས་ཟེར།ཁོ་མོས་དེ་ལྟར་ཟེར་སྐབས་སུ་ཁ་རུལ་ཞིག་འཐུལ་ཡོང་ཞིང་།དེ་ལས་ཁོས་ད་གཟོད་ལས་གྲོགས་མཚོ་མོས་དེ་རིང་སྨིན་མ་བྲིས་མེད་ལ་མཆུ་རྩིའང་བྱུགས་མེད་པ།ད་དུང་སྐྲ་འང་ཤད་མེད་པ་བཅས་ལ་ཉམས་བཞགམོས་དེ་ལྟར་བཤད་རྗེས་ཁ་ཕར་འཁོར་ནས་བུད་སོང་ལ།འགྲོ་སྐབས་སུ་རྟིང་ག་མཐོ་བའི་ལྷམ་གྱི་ཐག་ཐག་གི་སྒྲའང་གྲགས་མ་བྱུང་བས།ཁོས་ད་གཟོད་དུས་རྒྱུན་ཡག་ལ་དགའ་བའི་ལས་གྲོགས་མཚོ་མོས་འདྲུད་ལྷམ་གྱོན་འདུག་པ་མཐོང་།ཚུལ་འདིས་རྡོ་བཀྲ་སེམས་གཏིང་ནས་དགོད་རྒྱུ་ཞིག་ཡོང་།
ཁོ་ཡང་རང་ཉིད་ཀྱི་འདུག་སྟེགས་སུ་བསྡད་ཅིང་མདུན་གྱི་སྒྲོག་ཙེ་སྟེང་སྤུངས་ཡོད་པའི་ཡིག་ཚགས་དེ་དག་མཐོང་བའི་མོད་ལ་གར་འོངས་མི་ཤེས་པའི་ཆད་སྣང་ཞིག་སྐྱེས་ཡོང་།
ཟླ་བ་འགའི་རིང་ལ་རྡོ་བཀྲ་མ་རྒན་ཡོད་སའི་ཡུལ་དང་།རྫོང་མཁར་གཉིས་ཀྱི་བར་ནས་འདུར་རྒྱུག་བྱས་ཤིང་།ཉིན་རྒྱུན་བསྐྱར་ཟློས་ཡང་ཟློས་ཀྱིས་སྒྲུབ་དགོས་པའི་བྱ་བ་དེ་ལས་གཞན་ཁོའི་ངལ་དུབ་སེལ་ཐབས་སམ་ཡང་ན་སྤྲོ་སྣང་ཅན་གྱི་དོན་ཞིག་ཡོད་པ་ནི་བསོད་ནམས་སྒྲོལ་མ་རེད།གཟའ་མཇུག་གམ་ཡང་ན་མཚན་མོར་ལས་སྣོན་བྱེད་མི་དགོས་པའི་སྐབས་སུ།ཁོ་བསོད་ནམས་སྒྲོལ་མ་ཡོད་སའི་ཆང་ཁང་དེར་སོང་སྟེ།ཝུ་ཆང་དམ་བེ་རེ་འགའ་འཐུང་བར་བྱེད་ལ།མཚན་མོའི་ཆུ་ཚོད་གཉིས་གསུམ་ཙམ་ལ་བསོད་ནམས་སྒྲོལ་མ་དང་མཉམ་དུ་མོའི་མལ་ཁང་དུ་སོང་སྟེ་ལུས་འབྲེལ་བྱེད་པའམ་ཡང་ན།ཁྱོ་ཤུག་ལྟར་མོ་དང་མཉམ་དུ་མལ་ཐུལ་གཅིག་ནང་ཉལ་ཏེ་ཕན་ཚུན་ལ་ཉིན་གཅིག་གི་དོན་སྣ་ཚོགས་བརྗོད་དེ་དུས་བདའ་བར་བྱེད།འོན་ཀྱང་རྗེས་སུ་ཆང་ཁང་དེའི་ནང་ཆང་མ་བུ་མོ་གཉིས་གསར་དུ་ཐོན་སོང་ལ།དེ་གཉིས་ཀྱི་མལ་ཁང་ཡང་བསོད་ནམས་སྒྲོལ་མའི་མལ་ཁང་གམ་གྱི་ཁང་མིག་དེའི་ནང་བཀོད་བསྒྲིགས་བྱས་སོང་།ཁང་མིག་དེ་གཉིས་ཀྱི་བར་གྱང་གི་རྒྱུ་སྤུས་ཧ་ཅང་ཞན་པས་ལོས་ཡིན།སྐབས་སྐབས་སུ་ཕར་ནང་གི་ལུས་འབྲེལ་བྱེད་བཞིན་པའི་འཁུན་སྒྲ་དང་མལ་ཁྲིའི་ཙིར་སྒྲའང་ཐོས་ཐུབ།དེ་བས་རྡོ་བཀྲ་དང་བསོད་ནམས་སྒྲོལ་མ་གཉིས་ཀྱང་སྐབས་རེར་རྡོ་བཀྲའི་མལ་ཁང་དང་སྐབས་རེར་རིན་གོང་བདེ་བའི་མགྲོན་ཁང་སོགས་སུ་སོང་ནས་ལུས་འབྲེལ་དང་མཚན་བསྐྱལ་བ་རེད།
གཞན་ཡང་རྡོ་བཀྲ་ཡོད་སའི་ལས་ཁུངས་དེའི་ནང་དུའང་ལས་གྲོགས་བུ་མོ་གསར་བ་ཞིག་སླེབས་སོང་།དེ་ནི་ཧ་ཅང་རྒྱུན་ལྡན་གྱི་རེས་གཟའ་དང་པོ་ཞིག་རེད།སྔ་དྲོ་དེར་རྡོ་བཀྲ་ནམ་རྒྱུན་ལྟར་རང་ཉིད་ཀྱི་མལ་ཁང་ཆུང་ངུ་དེ་ལས་སྒོར་བུད་དེ།མིག་གིས་རྡོག་སྣེ་གཅུག་པུ་མནན་དེ་ལས་ཚོགས་སུ་སོང་།ཁོས་གཞུང་ལས་ཁང་གི་སྒོ་ཕར་དེད་དེ་ནང་ལ་སོང་བ་ན།ནམ་རྒྱུན་དང་མི་གཅིག་པའི་ཆ་ནི་ཉིན་དེར་གཞུང་ལས་ཁང་གི་གྲུ་ཟུར་གྱི་འདུག་སྟེགས་དེར་ཁོ་དང་ན་ཚོད་གཅིག་ལོས་ཡིན་སྙམས་པའི་བུ་མོ་ཆ་མེད་ཅིག་བསྡད་འདུགབུ་མོ་དེས་རྡོ་བཀྲ་མཐོང་བའི་མོད་ལ་ཡར་ལངས་ཙམ་བྱས་ཤིང་འཛུམ་ཙམ་བྱས།རྡོ་བཀྲས་ཀྱང་ཕྱིར་འཛུམ་ཞིག་བསྟན།
བུ་མོ་དེ་གཞུང་ལས་ཁང་ནང་དུ་གྲགས་འགུལ་ཅུང་ཙམ་ཡང་མེད་པར་སྡོད་ཅིང་།ཁོམ་ཀྱིན་མེད་པའི་བཟོ་ལྟ་ཞིག་གིས་མདུན་གྱི་གློག་ཀླད་ནང་ཅེར་ཏེ་མཐེབ་གཞོང་ངོས་སུ་ཡིག་གཏགས་བྱེད་པ་ལས་ཅི་ཡང་མི་སྨྲ།སྐབས་སྐབས་སུ་ལྟ་ཕྱོགས་ཤིག་གིས་རྡོ་བཀྲ་མཐོང་ཚེ་འཛུམ་ཆུང་རེ་སྟོན་པར་བྱེད།
རྗེས་ནས་ལས་གྲོགས་ཚོས་བཤད་པ་ལྟར་ན་བུ་མོ་དེའི་མིང་ལ་གངས་ལྷ་ཟེར་ཞིང་།རྫོང་དཔོན་གཞོན་པའི་བུ་མོ་རེད་ཟེར།དེ་བས་ལས་གྲོགས་ཚོས་དུས་རྒྱུན་གངས་ལྷར་ལྟ་སྐྱོང་དང་ལྷག་པར་ཅུས་ཀྲང་གིས་དེར་ཐུགས་ཁུར་གཞན་ལས་ལྷག་པ་ཞིག་བྱེད།རྡོ་བཀྲས་གངས་ལྷས་ཁུར་ཡོད་པའི་གོ་ཁུག་དང་གྱོན་པའི་ལྭ་བ་སོགས་ནི་རིན་གོང་མཐོ་བ་ཤ་སྟག་ཡིན་པ་མཐོང་ཞིང་།ཉིན་རེར་ལྭ་བ་བརྗེས་ཏེ་གྱོན་པར་བྱེད་ལ།དུས་རྒྱུན་ལས་ཚོགས་གྲོལ་ནས་འགྲོ་བའི་སྐབས་སུ་ཡང་རླངས་འཁོར་སྤུས་ལེགས་ཤིག་བསྐོར་ནས་འགྲོ་བས་རྫོང་དཔོན་གཞོན་པའི་བུ་མོ་རེད་ཟེར་བར་ཡིད་ཆེས་བྱུང་།ལྷག་པར་གངས་ལྷས་ཅི་ཞིག་བཤད་སྐབས་ཀྱི་སྐད་གདངས་དང་སྐད་འགྲོས།བྱ་སྤྱོད་སོགས་ལ་ཁེངས་སྐྱུངས་དང་རང་བརྩིའི་ཆ་ངེས་ཅན་ཞིག་འདྲེས་པས།རྡོ་བཀྲས་དེ་གཅིག་པུ་ལས་ཀྱང་མོ་ནི་སྤྱིར་བཏང་གི་ཁྱིམ་ཚང་ཞིག་ལས་ནར་སོན་པ་མིན་པ་ཤེས་ཐུབ།
སྔ་དྲོ་དེར་རྡོ་བཀྲར་ཟླ་ཕོགས་བརྒྱབས་འདུག་པས།ཕྱི་དྲོར་ལས་ཚོགས་གྲོལ་རྗེས་ཁོ་བསོད་ནམས་སྒྲོལ་མ་དང་མཉམ་དུ་རྒྱ་ཁོག་འཐུང་དུ་འགྲོ་བར་དུས་ཆད་བྱས་ཡོད།ཕྱི་དྲོར་ལས་ཚོགས་གྲོལ་ནས་འགྲོ་བའི་སྐབས་སུ་གངས་ལྷའི་རླངས་འཁོར་དེ་ཁའི་གམ་ནས་བསྡད་བྱུང་།མོས་སྒེའུ་ཁུང་དལ་གྱིས་མར་ཕབ་ཅིང་།ཞི་འཇམ་གྱི་ངག་གིས“ཁྱོད་གང་ལ་འགྲོ་དགོས།ངས་ཁྱོད་བསྐྱལ་ཆོག”ཞེས་ཟེར།
“འོ།བཀའ་དྲིན་ཆེ།ང་ལ་ད་དུང་དོན་དག་ཞིག་ཡོད་པས་བསྐྱལ་མི་དགོས་པར་འདུག”རྡོ་བཀྲས་ཀྱང་དེ་མུར་འཛུམ་ཙམ་བྱས།
“འོ་ཡ་ཡ།པཱེ་པཱེ།”གངས་ལྷས་དེ་ལྟར་བཤད་རྗེས་བྱ་འཕུར་བ་ལྟར་ཁོའི་གམ་ནས་བརྒྱུགས་སོང་།
བསོད་ནམས་སྒྲོལ་མས་ཐག་རིང་ནས་རྡོ་བཀྲ་མཐོང་བྱུང་།མོས་ལག་པ་གཡུགས་ཙམ་བྱས་ཤིང་དེ་ནས་གོམ་ཆུང་གིས་ཚུར་ཕྱོགས་སུ་བརྒྱུགས་ནས་སླེབས་བྱུང་།བསོད་ནམས་སྒྲོལ་མས་སྨད་གཡོགས་དཀར་པོ་ཞིག་གོན་འདུག་ཅིང་།སྐྲ་ལོ་སིལ་བུར་བཤིག་སྟེ་ཕྲག་ལྟེང་གཉིས་བཀབས་འདུགམོའི་སྨད་གཡོགས་དེ་ཕྱི་དྲོའི་ཉི་འོད་ཀྱི་ཀློང་དུ་མངོན་གསལ་དོད་ལ།སྐྲ་ལོའང་ཉི་འོད་ཀྱི་ཀློང་ནས་བཀྲགས་མདངས་ཡང་ཡང་འཚེར།མོ་བྱིས་པ་ཞིག་ལྟར་སྤྲོ་སྣང་གིས་ཁེངས་འདུག་ཅིང་།མོ་ཚུར་ཕྱོགས་སུ་བརྒྱུགས་ནས་ཡོང་སྐབས་སྐྲ་ལོ་དག་གོམ་པའི་འདེགས་འཇོག་དང་བསྟུན་ནས་སྐབས་རེར་ཡར་འཕྱོ་ཞིང་སྐབས་རེར་མར་ལྷུང་བར་བྱེད།འདི་དག་མཐོང་བའི་མོད་ལ་རྡོ་བཀྲ་སེམས་གཏིང་ནས་དགའ་སྐྱོ་གཉིས་ལྡན་གྱི་ཚོར་བ་ཞིག་སྐྱེས།བསོད་ནམས་སྒྲོལ་མ་ད་ཐེངས་གཅིག་པུ་མིན་པར་ཁོའི་སར་བརྒྱུགས་ཡོང་བའི་ཐེངས་གྲངས་མང་ནའང་།ཁོས་ཐོག་དང་པོར་བུ་མོ་ཞིག་གིས་འདི་ལྟར་ཁོའི་ཆེད་དུ་སྤྲོ་སྣང་དང་བཅས་བརྒྱུགས་ཡོང་བར་མཉམ་འཇོག་བྱས་ཤིང་།ཐོག་དང་པོར་ནང་སེམས་ཀྱི་ཁེར་རྐྱང་དེ་གར་སོང་ཆ་མེད་དུ་གྱུར་བའི་ཚོར་བ་ཡང་ཡང་སྐྱེས།ཁོ་ཡང་ཕར་བརྒྱུགས་ནས་བསོད་ནམས་སྒྲོལ་མ་བྲང་ཁར་སྦྱར་འདོད་ཀྱི་མདུན་པ་སྐྱེས་ནའང་།སྲང་ལམ་དུ་མི་མང་བས་རེ་ཞིག་བསོད་ནམས་སྒྲོལ་མར་སྒུག་སྡོད་པ་ལས་ཐབས་གཞན་མ་རྙེད་པར་ལུས།བསོད་ནམས་སྒྲོལ་མ་ཁོའི་གམ་ལ་སླེབས་དུས།མོའི་ལུས་ཀྱི་དྲི་བསུང་བསེར་བུའི་རྒྱུ་ཕྱོགས་དང་བསྟུན་རྡོ་བཀྲའི་སྣ་ལམ་དུ་ཡང་ཡང་འཐུལ་འོངས་ཤིང་།དེ་གཅིག་པུས་ཀྱང་རྡོ་བཀྲར་སྔར་བྱུང་མ་མྱོངས་པའི་སྤྲོ་སྐྱིད་ཅིག་སྦྱིན་ཡོང་།
“ཅི་རེད།ཡང་སེམས་མི་སྐྱིད་པའི་དོན་ཞིག་བྱུང་སོང་བ་ཡིན་ནམ།”
བསོད་ནམས་སྒྲོལ་མས་རྡོ་བཀྲ་དེ་རུ་ཧད་འདུག་པ་མཐོང་འཕྲལ་དེ་ལྟར་ཟེར།
“ག་ལ་ཡིན།ངས་ཁྱོད་དེ་རིང་བར་འདི་ལྟར་སྤྲོ་སྣང་གིས་ཁེངས་ཡོད་པ་མཐོང་མ་སོང་།”
“དེར་ཧ་ལས་རྒྱུ་ཅི་ཡོད།རྗེས་ཕྱོགས་ནས་ང་རང་སྤྲོ་སྣང་ཅན་གྱི་མི་ཞིག་བྱེད་རྒྱུ་ཐག་བཅད་ཟིན།”མོས་མུ་མཐུད་ནས“དོན་བཟང་སྤྲོ་སྣང་ཅན་གྱི་མིའི་ཐོག་ཏུ་འཁོར་བ་མ་ཡིན་ནམ།”ཞེས་ཟེར།
ཟ་མ་ཟོས་རྗེས་ཁོ་གཉིས་དལ་དལ་ངང་རྒྱ་སྲང་དུ་འཆམ་འཆམ་བྱས།སྐབས་དེར་སྨག་ཡོངས་སུ་རུབ་ཟིན་ནའང་རྒྱ་སྲང་དུ་མི་ནི་ཉིན་དཀར་ལས་ཀྱང་མང་བ་འདྲ་སྟེ།དེ་ནི་ཉིན་དཀར་ཚ་བ་ཧ་ཅང་ཆེ་བས་མི་རྣམས་ས་རུབ་རྗེས་ད་གཟོད་སྒོར་ཡོང་པ་ཡིན་པར་འདུགབསོད་ནམས་སྒྲོལ་མ་དང་རྡོ་བཀྲ་གཉིས་ཀྱང་སྲང་ལམ་གྱི་ན་གཞོན་ཕོ་མོ་ཟུང་དེ་དག་དང་འདྲ་བར་ལག་སྦྲེལ་བྱས་ཏེ་འགྲོ་བཞིན་འདུགསྐབས་ཤིག་ལ་ཁོ་གཉིས་སྟེགས་གྲུག་རྩེད་ས་ཞིག་གི་སྒོ་དྲུང་དུ་སླེབས།
“ངེད་གཉིས་སྟེགས་གྲུག་རྩེད་དུ་སོང་ན་ག་འདྲ་འདུག”བསོད་ནམས་སྒྲོལ་མས་དེ་ལྟར་དྲིས།
“ང་རྩེད་མི་ཤེས།”
“ང་ཐོག་དང་པོར་སྟེགས་གྲུག་རྩེད་མི་ཤེས་པའི་སྐྱེས་པ་ཞིག་ལ་འཕྲད་པ་ཁྱོད་ཡིན།ཧ་ཧ་ཧ།”མོས་ཀུ་རེ་ངང་དེ་ལྟར་ཟེར་ཞིང་ཡང་མུ་མཐུད་དུ“འགྲོ་དང་།ངས་ཁྱོད་ལ་རྩེད་ཕྱོགས་བསླབས།”ཞེས་ཟེར་བཞིན་རྡོ་བཀྲའི་ལག་མགོ་ནས་བཟུང་སྟེ་ནང་དུ་ཁྲིད་སོང་།
6
ལས་གྲོགས་གསར་བ་གངས་ལྷས་ལས་གྲོགས་གཞན་ལས་རྡོ་བཀྲར་ཁ་བརྡ་བྱེད་ལ།དུས་རྒྱུན་མོས་བྱ་བའི་ཕྱོགས་ཀྱི་དོན་ཙག་ཙིག་མ་ཤེས་པའམ་ཡང་ན་མ་ཤེས་ཁུལ་གྱིས་རྡོ་བཀྲའི་སར་ཡོང་སྟེ་འདྲི་བར་བྱེད།ཡང་གཅིག་བཤད་ན་ལས་ཁུངས་ནང་རྡོ་བཀྲ་ལས་གཞན་གྱི་ལས་གྲོགས་དག་ནི་མང་ཤས་ལོ་ན་ཅུང་ཆེ་བས་ཡིན་སྲིད།དོན་དག་ཙག་ཙིག་དེ་དག་ལ་རྡོ་བཀྲའི་རོགས་རམ་ཐོབ་རྗེས་མོས་རྡོ་བཀྲར་བཀའ་དྲིན་ཞུ་ཆེད་དུ་ཟས་མགྲོན་བྱེད་ཞེས་བཤད་ཀྱང་།རྡོ་བཀྲས་རོགས་རམ་དེ་ལྟ་བུ་ནི་ཁོས་བྱེད་འོས་པ་ཞིག་རེད་བསམ་པས་ཟས་མགྲོན་བྱེད་དགོས་དོན་མི་འདུག་སྙམས་སྟེ་མཐའ་གཅིག་དུ་དང་ལེན་མ་བྱས།གངས་ལྷ་ནི་ལས་ཁུངས་ནང་དུ་ཁ་གྲགས་པར་མི་དགའ་བ་འདྲ་ཡང་།སྒོ་ཕྱིའམ་ཡང་ན་རྡོ་བཀྲ་དང་མཉམ་དུ་སྡོད་དུས་མོར་བཤད་མི་ཚར་བའི་ཁ་བརྡ་སྣ་ཚོགས་ཤིག་ཡོད་པ་སྟེ།མོས་མོ་རང་ལས་ཚོགས་བྱེད་པར་མི་དགའ་བ་དང་།ལས་ཁུངས་འདིའི་ནང་དུ་ཡོང་པ་ཡང་མོའི་ཨ་ཕའི་བཀོད་སྒྲིག་ཡིན་ཟེར།ཨ་ཕས་མོ་རང་ཉིད་ཀྱི་བསམ་ཕྱོགས་ལ་བརྩི་བཀུར་མི་བྱེད་པར་ཡོད་ཚད་ཁོ་རང་ཉིད་ཀྱིས་ཐག་བཅད་འགྲོ་བས་མོར་རང་དབང་ཅུང་ཙམ་ཡང་མེད་ཟེར།རྡོ་བཀྲས་འདི་དག་ཐོས་པའི་མོད་ལ་རང་ཉིད་ཀྱི་ཕ་རྒན་ཡིད་ལ་ཡང་ཡང་ཤར་ཡོང་།ཁོའི་སེམས་སུ་གལ་ཏེ་ཕ་རྒན་ད་དུང་འཇིག་རྟེན་ན་ཡོད་པའི་དབང་དུ་བཏང་ཚེ་ཁོང་གིས་རྡོ་བཀྲས་བྱ་བ་ཅི་ཞིག་སྒྲུབ་པར་ཐེ་གཏོགས་བྱེད་སྲིད་དམ།ཡང་ན་ཁོང་གིས་རྡོ་བཀྲའི་ནང་སེམས་ཀྱི་དགའ་སྐྱོ་དང་དངོས་ཡོད་ཀྱི་འཚོ་གནས་གཉིས་ལས་གང་ཞིག་ལ་ལྷག་པར་ཐུགས་ཁུར་བྱེད་སྲིད་དམ།ཁོ་སྟོང་འདངས་ཁྲོད་ལུས་སྐབས་གམ་གྱི་གངས་ལྷས་“ཅི་རེད།ཁྱོད་ཀྱི་ཨ་ཕས་ཁྱོད་ཀྱིས་ཅི་ཞིག་བྱེད་པར་རང་དབང་སྟེར་རམ།”ཞེས་དྲིས་སོང་།
“གལ་ཏེ་ཁོ་འཇིག་རྟེན་ན་བཞུགས་པའི་དབང་དུ་བཏང་ན་ངས་ཅི་ཞིག་བྱེད་པར་རང་དབང་སྟེར་སྲིད།”
གངས་ལྷས་སྐད་ཆ་འདི་ཐོས་པའི་མོད་ལ་གདོང་ལ་མཚར་ཉམས་ཤར་ཡོང་ཞིང་ཡང་དེ་མུར་མཚར་ཉམས་དེ་སྐྱོ་མདངས་སུ་བསྒྱུར་ནས་“དགོངས་དགངས་ཁྱོད་ལ་དེ་ལྟར་འདྲི་མི་འོས།”ཞེས་ཟེར།གངས་ལྷ་དང་འབྲེལ་འདྲིས་བྱེད་ཡུན་ཇེ་རིང་ལ་སོང་བ་དང་བསྟུན་རྡོ་བཀྲས་ལས་གྲོགས་བུ་མོ་འདི་ནི་འདྲིས་སླ་བའི་མི་ཞིག་ཡིན་པ་རྟོགས་ཤིང་།མ་མཐའ་ཡང་མོ་དང་མཉམད་དུ་ལབ་གླེང་བྱེད་སྐབས་སུ་ཁོར་གནོན་ཤུགས་དང་རང་དམན་གྱི་འདུ་ཤེས་རྩ་ནས་སྐྱེས་མི་སྲིད་པས།རྡོ་བཀྲས་ཀྱང་ལས་གྲོགས་གཞན་ལས་གངས་ལྷར་ཁ་བརྡ་བྱེད་པར་དགའ་བར་གྱུར།རྡོ་བཀྲས་གངས་ལྷ་ནི་ནང་ལོག་གི་སློབ་ཆེན་ཅུང་མིང་གྲགས་ཅན་ཞིག་ནས་མཐར་ཕྱིན་པ་རྟོགས་ཤིང་།ལས་ཁུངས་འདིའི་ནང་དུ་མོ་ནི་ཕྱོགས་གང་ནས་བསྡུར་ཡང་ལས་གྲོགས་གཞན་ལས་ཆ་རྐྱེན་ཅུང་བཟང་བ་སྟེ།དེའི་རྐྱེན་ཡིན་ནམ་གང་ལྟར་ལས་གྲོགས་བུ་མོ་གཞན་རྣམས་གངས་ལྷར་མི་འདྲིས་པར་འདུག
ཟླ་གཅིག་ལྷག་གི་རིང་ལ་རྡོ་བཀྲ་དང་གངས་ལྷའི་འབྲེལ་བ་བླ་ལྷག་ཏུ་ཇེ་བཟང་ལ་སོང་ཞིང་།མ་མཐའ་ཡང་ལས་གྲོགས་རྐྱང་རྐྱང་ཙམ་མ་ཡིན་པར་གྲོགས་པོ་བཟང་པོའི་ཚད་དུ་སླེབས།ཁོ་གཉིས་ཀྱིས་བྱ་བའི་སྟེང་ནས་ཕན་ཚུན་ལ་རོགས་རམ་དང་།ལས་ཚོགས་གྲོལ་རྗེས་མཚམས་རེར་མཉམ་དུ་རྒྱ་སྲང་ཉུལ་བའང་འདུགའོན་ཀྱང་རྡོ་བཀྲ་གངས་ལྷ་དང་མཉམ་དུ་སྡོད་དུས་བསོད་ནམས་སྒྲོལ་མ་དང་མཉམ་དུ་སྡོད་སྐབས་ཀྱི་དེ་འདྲའི་སྤྲོ་སྣང་ཞིག་ཅིས་ཀྱང་སྐྱེས་དཀའ་བར་གྱུར།གངས་ལྷ་དང་མཉམ་དུ་སྡོད་དུས་རྡོ་བཀྲས་རང་དབང་མེད་པར་བསོད་ནམས་སྒྲོལ་མ་དྲན་ཡོང་ཞིང་།གངས་ལྷ་དང་མཉམ་དུ་སྡོད་དུས་ཀྱི་དུས་ཚོད་ཇི་ལྟར་རིང་ན་ཁོས་བསོད་ནམས་སྒྲོལ་མ་དྲན་པའི་དྲན་གདུང་ཡང་དེར་བསྟུན་གྱིས་ཇེ་དྲགས་སུ་འགྲོ་སྲིད།སྐབས་དེ་དག་ཏུ་ཁོས་གངས་ལྷར་ཁ་གཡར་ས་གཞན་ཞིག་བཙལ་ཏེ་བསོད་ནམས་སྒྲོལ་མའི་སར་འགྲོ་སྲིད་ཅིང་།བསོད་ནམས་སྒྲོལ་མ་མཐོང་དུས་ཁོའི་ནང་སེམས་ཀྱི་གཏིང་རིམ་ཞིག་ནས་དངོས་པོ་ལྗིད་མོ་ཞིག་ཐང་ལ་བཞག་པ་དང་ཡང་མཚུངས།ཁོས་བསོད་ནམས་སྒྲོལ་མར་ནང་སེམས་ཀྱི་ཚོར་འདུ་དེ་དག་བཤད་འདོད་ཀྱང་།ཡང་མོའི་གམ་ལ་སླེབས་དུས་བཤད་འདོད་ཀྱི་སྤོབས་པ་ཡོངས་སུ་དབེན་པར་གྱུར།
རྡོ་བཀྲའི་སེམས་ནང་དུ་བསོད་ནམས་སྒྲོལ་མ་དང་ཁོ་གཉིས་ཀྱི་དུས་ཚོད་ཡུན་མི་རིང་བའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཡོང་པས།རྡོ་བཀྲས་བསོད་ནམས་སྒྲོལ་མ་བློས་མི་ཐོངས་པའི་ཚོར་འདུ་དྲགས་པོ་ཞིག་ཀྱང་སེམས་ཀྱི་གཏིང་རིམ་ནས་མེ་ལྕེ་བཞིན་མཆེད་ཡོང་།ཡིན་ཡང་གངས་ལྷས་ཉིན་རེ་ནས་ཉིན་རེར་རྡོ་བཀྲར་འབྲེལ་བ་བྱེད་ཚད་ཇེ་དྲགས་སུ་སོང་ཤིང་།སྐབས་སྐབས་སུ་མཚན་གུང་དུའང་རྡོ་བཀྲར་སྐད་འཕྲིན་གྱི་ལམ་ནས་འབྲེལ་གཏུགས་བྱེད་ཅིང་།བརྩེ་དུང་སྐོར་གྱི་ཁ་བརྡའང་བྱེད་འོངས་པས།རྡོ་བཀྲས་ཀྱང་དེར་བསྟུན་གྱི་རང་གིས་བརྩེ་དུང་ལ་བཟུང་པའི་རིན་ཐང་གི་ལྟ་བ་ཙག་ཙིག་རེ་གླེང་པར་བྱེད།ཡང་ཉིན་ཞིག་གི་མཚན་མོར་གངས་ལྷས་སྐད་འཕྲིན་གྱི་ལམ་ནས་“དོ་དགོང་ངའི་སེམས་ཁམས་སྐྱིད་པོ་མི་འདུགཁྱོད་ཀྱིས་ང་ལ་ཁ་བརྡ་ཞིག་བྱས་ན་ཆོག་གམ།”ཞེས་ཟེར།
“སེམས་ཅིའི་ཕྱིར་མི་སྐྱིད་པར་འདུག”རྡོ་བཀྲས་དེ་ལྟར་དྲིས།
“ངའི་དགའ་གྲོགས་ཀྱིས་བུ་མོ་གཞན་ཞིག་བཙལ་ཟིན།”
“ངས་ཁྱོད་ལ་དགའ་གྲོགས་ཞིག་ཡོད་པ་མ་ཤེས།”
“དེ་གཙོ་བོ་མ་རེད།ད་ནི་ངས་ཅི་བྱས་ན་བཟང་ངམ།”
“ངས་ཁྱོད་དང་གཞན་ཞིག་གི་བརྩེ་དུང་ལ་ཐེ་གཏོགས་བྱེད་མི་འདོད།”
“དེ་ཐེ་གཏོགས་ག་ལ་ཡིན།ཡང་གཅིག་བཤད་ན་ཁོས་ང་ལ་འོས་མེད་བྱས་པ་ལས་ངས་ཁོར་འོས་མེད་བྱས་མེད།ངས་ད་རག་བར་དུ་ཁོར་གུ་ཡངས་བྱས་ཏེ་བསྡད་པ་ཡིན།”མོས་མུ་མཐུད་དུ་“ངས་སྔོན་ནས་ཁོས་བུ་མོ་གཞན་ཞིག་དང་འབྲེལ་བ་བྱེད་ཀྱིན་པ་ཤེས་ཡོད།ངས་ཅི་ལྟར་མ་ཤེས་ཁུལ་བྱས་ན་ཁོ་དེ་ལྟར་ཇེ་དྲགས་སུ་འགྲོ།”
“ཁྱོད་ལ་དངོས་གནས་ཁག་མི་འདུགད་ལྟ་ཁྱོད་ཀྱིས་ཅི་བྱེད་རྩིས་ཡོད།”
“ད་ཅི་བྱེདཨང་།ངས་ཁོ་དང་འབྲེལ་ཐག་གཅོད་རྩིས་ཡོད།”
“ཁྱོད་ཀྱིས་ད་དུང་འདངས་ཤིག་མི་རྒྱག་གམ།ཡང་ན་ཁོར་ཆེས་མཐའ་མཇུག་གི་གོ་སྐབས་ཤིག་བྱིན་ན།”
“ངས་ཁོར་གོ་སྐབས་མ་བྱིན་བསམ་པ་མེད།ད་ནི་ང་རང་དངོས་གནས་ཐང་ཆད་འདུག”
“ཁྱོད་ཀྱིས་ཁོ་རང་བློས་ཐོངས་སམ།”
“ཧུན།ཁོས་ང་བློས་ཐོངས་ན་ངས་ཁོ་བློས་མི་ཐོངས་རྒྱུ་ཅི་ཡོད།ཡང་གཅིག་བཤད་ན་བརྩེ་དུང་ནི་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བསྟུན་ཤེས་དང་གུ་ཡངས་བྱེད་དགོས་པ་ལས་ཕྱོགས་གཅིག་གིས་གུ་ཡངས་རྐྱང་རྐྱང་བྱེད་དགོས་པ་ཞིག་ག་ལ་ཡིན།”
གངས་ལྷས་ཁོང་དགོད་དེ་ཁ་པར་གྱི་སྒྲ་དུང་བརྒྱུད་རྡོ་བཀྲའི་རྣ་ལམ་དུ་འཚང་འོངས་ཤིང་།ཁོ་མོའི་ཁོང་དགོད་དེའི་གསེབ་ན་ངུ་སྐད་ཅིག་ཀྱང་འདྲེས་པར་སྣང་།
“དེ་ངོ་མ་རེད།བརྩེ་དུང་ནི་མ་གཞི་ནས་བདེ་སྐྱིད་ཀྱི་མཚོན་རྟགས་ཤིག་ཡིན་པ་ལས་སྡུག་བསྔལ་གྱི་གྲུབ་ཆ་ཞིག་ག་ལ་ཡིན།གལ་སྲིད་ཁོས་ཁྱོད་ལ་སྡུག་བསྔལ་ལས་སྟེར་མི་ཐུབ་ན་ཁོ་ཁྱོད་ཀྱི་བརྩེ་དུང་གི་ལམ་ཁར་ངེས་པར་བརྒལ་དགོས་པའི་འགག་ཤིག་སྒོ་ཡིན་པའི་རྟགས་རེད།”
རྡོ་བཀྲས་དྲ་སྒང་ནས་ཤེས་པའི་ཚིག་ཅིག་གིས་གངས་ལྷར་དེ་ལྟར་བདེན་ཁ་བྱིན།
“ད་ངས་ཤེས་སོང་།ང་ངེས་པར་དུ་ཁོ་དང་ཁ་འབྲལ་དགོས།ཁྱོད་ལ་ངོ་མ་བཀའ་དྲིན་ཆེ།”གངས་ལྷས་ཚིག་ཐག་ཆོད་པོའི་ངང་དེ་ལྟར་ཟེར།
ཕྱི་ཉིན་ལས་ཚོགས་ཚོགས་དུས་རྡོ་བཀྲས་གངས་ལྷ་ལས་ཚོགས་སུ་ཡོང་མེད་པ་ཤེས།མོས་རྡོ་བཀྲར་སྐད་འཕྲིན་གྱི་ལམ་ནས་“སྔ་དྲོར་ངས་གནང་བ་ཞུས་ཡོད།ཕྱི་དྲོར་ཕྱིར་ཐོན་ངེས།”ཞེས་བསྐུར་འདུགདེའང་མི་ཤེས་རྒྱུ་མི་འདུག་སྟེ་དེ་ནི་མོས་མདངས་དགོང་བཤད་པའི་དོན་དེར་འབྲེལ་བ་ཡོད་སྲིད།
ཕྱི་དྲོའི་ལས་ཚོགས་ཀྱི་སྐབས་སུ་གངས་ལྷས་ལྭ་བ་གསར་བ་ཞིག་གོན་ཞིང་གདོང་ལའང་མཛེས་ཆོས་བྱུགས་འདུགའོན་ཀྱང་པིར་གྱིས་བྲིས་པའི་སྨིན་མའི་འོག་ཏུ་མོའི་མིག་གཉིས་ཅུང་དམར་པོ་དང་མིག་མཐའ་ཅུང་སྐྲངས་འདུག་པས་སུ་ཞིག་གིས་བལྟས་ཀྱང་མོ་ཡུན་རིང་ཞིག་ལ་ངུས་པ་ཤེས་ཐུབ།
“ང་ལ་འགྱུར་བ་ཅི་ཞིག་འདུག”
གངས་ལྷ་བྱ་བའི་ཕྱོགས་ཀྱི་དོན་ཞིག་མ་ཤེས་ཁུལ་གྱིས་རྡོ་བཀྲའི་སར་ཡོང་སྟེ་འཛུམ་དང་བཅས་སྐད་དམའ་མོས་དེ་ལྟར་ཟེར།
“ཁྱོད་ཇེ་མཛེས་ལ་སོང་འདུག”
“དེ་མ་གཏོགས་གཞན་ཅི་ཞིག་གི་འགྱུར་བ་འདུག”
“ཁྱོད་ཀྱི་མིག་གཉིས་སྐྲངས་འདུག”
“ཁྱོད་ཀྱིས་ང་རང་ཇེ་མཛེས་ལ་སོང་འདུག་ཞེས་བཤད་པ་མིན་ནམ།མིག་སྐྲངས་ཡོད་ན་ཇི་ལྟར་མཛེས་སམ།”གངས་ལྷས་བྱིས་པ་ཞིག་གི་མ་འཐད་པའི་ཉམས་དང་བཅས་དེ་ལྟར་ཟེར།
“མིག་སྐྲངས་འདུག་པས་ཇེ་མཛེས་ལ་སོང་འདུག”
“དྲང་མོར་བཤད་ན་ད་ལྟ་ང་དང་ཁོ་གཉིས་ཡོངས་སུ་མཇུག་རྫོགས་ཟིན།དེ་བས་ཁྱོད་ཀྱིས་ང་ལ་རྟེན་འབྲེལ་ཞུས་ན་འགྲིག”མོས་མུ་མཐུད་དུ“ལས་ཚོགས་གྲོལ་རྗེས་ངེད་གཉིས་མཉམ་དུ་ཟ་མ་བཟའ་རུ་སོང་ན་ཇི་འདྲ་རེད།”
“ངས་དོ་དགོང་ལས་སྣོན་བྱེད་དགོས།ད་དུང་ཡིག་ཚགས་འགའ་སྡུད་སྒྲིག་བྱས་ནས་ཚར་མེད།ཅུས་ཀྲང་གིས་དོ་དགོང་ཡིག་ཚགས་དག་སྡུད་སྒྲིག་བྱས་ཏེ་ཚར་དགོས་ཟེར།”
རྡོ་བཀྲས་དེ་ལྟར་ཁ་གཡར་ས་གཞན་ཞིག་བཙལ་ཏེ་མོར་དང་ལེན་མ་བྱས།
“ངས་དེ་རིང་ཆེད་དུ་མཛེས་ཆོས་བྱུགས་ཏེ་ཁྱོད་དང་མཉམ་དུ་དགོང་ཟས་ཟ་བསམ་པ་ཡིན།”གངས་ལྷའི་གདོང་ལ་ཕངས་ཉམས་ཤིག་མངོན་ཡོང་།
“ངོ་མ་དགོངས་པ་མ་ཚོམ།ངས་ཀྱང་ཁྱོད་དང་མཉམ་དུ་དགོང་ཟས་ཤིག་ཟ་འདོད།འོན་ཀྱང་་་་་”
“ཡ་ཡ།སྐྱོན་མེད།སང་ཉིན་དགོང་མོར་ཟས་ཀྱང་ཆོགཁྱོད་ལའང་ཁག་མི་འདུགངས་ང་རང་གཅིག་པུ་ལས་བསམ་ཀྱིན་མི་འདུག”
མོས་དེ་ལྟར་ཟེར་ཡོང་དུས་རྡོ་བཀྲར་ཡང་ཕངས་སེམས་ཤིག་རང་བཞིན་དུ་སྐྱེས་ཡོང་།
རྡོ་བཀྲས་མཚན་མོའི་དུས་ཚོད་བཅུ་གཅིག་བར་ལས་སྣོན་བྱས་རྗེས་ཐད་ཀར་བསོད་ནམས་སྒྲོལ་མ་ཡོད་སའི་ཆང་ཁང་དེར་སོང་།ཁོས་བསོད་ནམས་སྒྲོལ་མ་དང་བུ་མོ་འགས་ཆང་ཁང་གི་གར་སྟེགས་སྟེང་དེང་རབས་ཞབས་བྲོ་འཁྲབ་བཞིན་པ་མཐོང་།མོའི་སྨད་གཡོགས་ཐུང་ངུ་ཞིག་གོན་འདུག་ཅིང་རྐང་འགོར་རྟིང་ག་མཐོ་བའི་ལྷམ་ཞིག་གོན་འདུགདཀར་དམར་ཁྲ་གསུམ་གྱི་གློག་སྒྲོན་དང་རོལ་དབྱངས་ཀྱི་འགྱུར་ཁུགས་ཁྲོད་བསོད་ནམས་སྒྲོལ་མའི་ཕྲ་ལ་མཉེན་པའི་ལུས་ཀྱི་འགུལ་སྟངས་དང་གར་གྱི་སྟངས་སྟབས་དེས་རྡོ་བཀྲ་ལས་གཞན་གྱི་གསར་བུ་དག་ལ་ཅི་ཡིན་མི་ཤེས་པའི་ཟ་འཕྲུག་ཅིག་བསླངས་ཡོང་།གཤམ་གྱི་གསར་བུ་དེ་དག་གིས་དགའ་འབོད་ཅི་ལྟར་བསྒྲགས་ན་རྡོ་བཀྲའི་སེམས་དེ་ལྟར་མི་སྐྱིད་པར་བཟོ་ཞིང་།ལྷག་པར་བསོད་ནམས་སྒྲོལ་མས་གསར་བུ་གཞན་རྣམས་དང་མཉམ་དུ་ཆང་འཐུང་དུས་རྡོ་བཀྲའི་སེམས་དེ་ལས་ཀྱང་མི་སྐྱིད་པར་གྱུར།
“ཁྱོད་ཀྱིས་བྱ་བ་གཞན་ཞིག་བརྗེས་ན་མི་ཆོག་གམ།”
“བྱ་བ་གཞན་ཞིག་གང་ནས་འཚོལ་ལམ།”
“མ་མཐའ་ཡང་ཆང་ཁང་ནང་དུ་བྱ་བ་མ་སྒྲུབ་ན་མི་ཆོག་གམ།”
“ཅི་རེད།ཁྱོད་ཆང་ཁང་གི་བྱ་བ་འདིར་ལྟ་ཚུལ་གཞན་ཞིག་ཡོད་དམ།”
“ལྟ་ཚུལ་ཡོད་པ་མིན།ངས་ཁྱོད་ནམ་ཞིག་གི་ཚེ་ང་དང་ཁ་བྲལ་འེ་འགྲོར་སྐྲག་པ་ཡིན།”
“ང་ཁྱོད་དང་ཁ་བྲལ་མིན་དེ་ཆང་ཁང་གི་བྱ་བར་ཅི་ཞིག་གི་འབྲེལ་བ་ཡོད།ཧ་ཧ་ཧ་ཁྱོད་ཀྱི་བསམ་བློ་གཏོང་ཕྱོགས་འདི་ངོ་མ་ཡ་མཚན་ཞིག་རེད།”མོས་མུ་མཐུད་དུ“ངས་ཁྱོད་ཀྱི་སེམས་ཁུར་དེ་ཤེས་གིཁྱོད་ཀྱི་སེམས་བདེ་མོ་བྱོས་དང་ཆོག་ང་རང་ཚིགས་མེད་པའི་མི་ཞིག་གཏན་མིན།”ཞེས་ཟེར།
“ངས་ཀྱང་ཁྱོད་གཞན་དང་མི་མཚུངས་པ་ཞིག་ཡིན་པ་ཤེས་ཡོད།མ་མཐའ་ཡང་ངའི་སེམས་སུ་ཁྱོད་བུ་མོ་གཞན་ཞིག་དང་བསྡུར་ཐབས་མི་འདུག”
“ཧ་ཧ་ཧ།ཁ་ཡག”
“ངོ་མ་ཟེར་བ་ཡིན།ངས་ཁ་ཡག་བཤད་མི་ཤེས།”
“དེ་བདེན།ཁྱོད་ཀྱིས་དངོས་གནས་ཁ་ཡག་བཤད་མི་ཤེས་པར་འདུགང་ཡང་ཏག་ཏག་ཁྱོད་ཀྱི་བསམ་གཟས་ནས་ཁ་ཡག་བཤད་མི་ཤེས་པའི་གཤིས་ཀ་འདི་ལ་དགའ་བོ་འདུག”
“དེ་ལྟར་བཤད་ན་ཁྱོད་ལ་བསམ་གཟས་ནས་ཁ་ཡག་བཤད་པའི་མིའང་ཡོད་འདུགཨང་།”
“ལོས་ཡོད།འོན་ཀྱང་དེ་དག་གི་ཁ་ཡག་ནི་ཅི་ཞིག་ཐོབ་འདོད་ཀྱི་ཁ་ཡག་ཙམ་རེད།”
“ཁྱོད་ཀྱིས་བསམ་ན་ངས་ཅི་ཞིག་ཐོབ་འདོད་ཀྱིན་འདུག”
“དེ་ངས་མི་ཤེས།ཡང་གཅིག་བཤད་ན་ངའི་སྟེང་ན་ཁྱོད་ལ་མཁོ་བ་དེ་མེད་ཀྱང་སྲིད།”
“དྲང་མོར་བཤད་ན་ངས་ཁྱོད་ཀྱི་སྟེང་ཅི་ཞིག་ཐོབ་འདོད་ཀྱི་བསམ་པ་གཏན་ནས་མེད།གང་ལྟར་ཁྱོད་དང་མཉམ་དུ་སྡོད་པའི་དུས་སུ་ངས་མ་མཐའ་ཡང་རང་ཉིད་ཀྱིས་ཅི་ཞིག་བཤད་ཀྱིན་པ་དང་ཅི་ཞིག་སྒྲུབ་ཀྱིན་པ་ཤེས་ཐུབ་པར་འདུག”
“དེའང་ཡིན་སྲིད།ང་ཡང་ཁྱོད་དང་མཉམ་དུ་སྡོད་དུས་བསམ་གཟས་ནས་ཁ་འཛུམ་ངོ་འཛུམ་བྱེད་མི་དགོས་པར་འདུགཏག་ཏག་འདི་ནི་ང་ཁྱོད་དང་མཉམ་དུ་སྡོད་འདོད་ཀྱི་བསམ་པ་ངོ་མ་དེ་ཡིན་སྲིད།”
བསོད་ནམས་སྒྲོལ་མའི་གོམ་པའི་འདེགས་འཇོག་སྒྲ་དེ་སྟོང་ལྷང་ལྷང་གི་རྒྱ་སྲང་འདིར་མངོན་གསལ་དོད་ལ་མཚམས་ཚིགས་ལྡན་པ་ཞིག་རེད།མོས་མུ་མཐུད་དུ།
“ང་སྐྱེས་པ་མང་པོ་ཞིག་ལ་འཕྲད་མྱོངས་ཡོད།ལུས་འབྲེལ་ཡང་བྱས་མྱོངས།སུའི་ཡིན་མི་ཤེས་པའི་མངལ་ཡང་ཆགས་མྱོངས།”
“ཁྱོད་ཡར་སྔོན་ཅི་འདྲ་ཞིག་ཡིན་པ་དེ་ང་ལ་མཚོན་ན་དེ་འདྲའི་གལ་ཆེན་ཞིག་མིན་པར་འདུགདེ་དག་ཡོད་ཚད་འདས་ཟིན།ངས་ཤེས་པ་ནི་ད་ལྟའི་མིག་མདུན་གྱི་ཁྱོད་རེད།འོན་ཀྱང་་་”
“ཅི་རེད།ཁྱོད་ལ་བཤད་རྒྱུ་ཞིག་ཡོད་དམ།”
“ང་ལ་སེམས་ཁུར་ཞིག་ཡོད་པ་ནི་ཁྱོད་ནམ་ཞིག་གི་ཚེ་ང་དང་ཁ་བྲལ་འེ་འགྲོར་སྐྲག་འོངས།”
“་་་་་་”
བསོད་ནམས་སྒྲོལ་མས་ཅི་ཡང་བཤད་མ་སོང་།ཡང་གཅིག་བཤད་ན་ཕྱིར་རྡོ་བཀྲར་ཅི་ཞིག་བཤད་དགོས་པའང་མ་ཤེས་པ་འདྲ།
ཕྱི་ཉིན་སྔ་མོར་རྡོ་བཀྲ་བསོད་ནམས་སྒྲོལ་མའི་མལ་ཁང་ལས་བུད་དེ་ལས་ཚོགས་སུ་སོང་།ཁོ་གཞུང་ལས་ཁང་ནང་ཐོན་དུས་ལས་གྲོགས་དག་གིས་འདུ་འཛི་ལང་ལོང་གིས་དོན་ཅི་ཞིག་ལ་གྲོས་བྱེད་ཀྱིན་འདུགཁོ་རང་མིག་མདུན་གྱི་རྣམ་པ་དེར་ཧད་ནས་ལུས་སྐབས་གངས་ལྷ་ཁོའི་གམ་དུ་ཡོང་ནས་“ལས་ཁུངས་ནང་མི་གསུམ་བྱ་བ་དངོས་ལ་བསྐོར་རྒྱུའི་འཆར་གཞི་འདུག”ཞེས་ཟེར།
“ནམ་ཞིག་གི་དོན་རེད།”
“ཁྱོད་ཀྱིས་སྐད་འཕྲིན་ཚོགས་པའི་ནང་བསྐུར་བའི་བརྡ་སྦྱོར་མ་མཐོང་ངམ།”
རྡོ་བཀྲས་མྱུར་བར་ཁ་པར་བླངས་ཏེ་བལྟས་ཙ་ན་དངོས་གནས་སྐད་འཕྲིན་ཚོགས་པའི་ནང་དུ་ཡིག་ཆེན་དམར་པོས་ཁ་བྱང་བྲིས་ཡོད་པའི་གློག་རྡུལ་གྱི་བརྡ་སྦྱོར་ཞིག་སྔ་དྲོའི་ཆུ་ཚོད་དྲུག་པའི་སྟེང་བསྐུར་འདུགམ་གཞི་ཁོས་ཚོགས་པ་དེ་གའི་བརྡ་མི་གོ་བར་བྱས་འདུག་པའི་རྐྱེན་ཡིན་འདུགགངས་ལྷས་མུ་མཐུད་དུ།
“ཁྱོད་འདི་ད།བརྡ་སྦྱོར་འདི་ཁྱོད་ལ་མཚོན་ན་དངོས་གནས་གོ་སྐབས་བཟང་པོ་ཞིག་རེད།”
“ངས་བསམ་ན་ང་ལ་གོ་སྐབས་འདི་ཐོབ་དཀའ་བར་འདུག”
རྡོ་བཀྲས་དེ་ལྟར་ཟེར་ཞོར་ག་ལེར་རང་ཉིད་ཀྱི་འདུག་སྟེགས་སྟེང་བསྡད་ཅིང་།གློག་ཀླད་ཀྱི་ཁ་ཕྱེ་སྟེ་ཁ་སང་གཏགས་མ་ཚར་བའི་ཡིག་ཆ་དེའི་འཕྲོ་གཏགས་པའི་མགོ་བརྩམས།
“དེ་ལྟར་བཤད་སྲོལ་ག་ལ་ཡོད།”
“ང་ལ་སུ་ཞིག་གིས་རྒྱབ་བསྐྱོར་བྱེད་དམ།”
“ངས་ཁྱོད་ལ་རྒྱབ་བསྐྱོར་བྱེད།”
གངས་ལྷས་སྐད་དམའ་མོས་རྡོ་བཀྲའི་རྣ་ཁར་གཏད་དེ་དེ་ལྟར་ཟེར།ཕྱི་དྲོའི་ཚོགས་འདུའི་སྟེང་ཅུས་ཀྲང་གིས་བརྡ་སྦྱོར་དེའི་མགོ་མཇུག་བར་གསུམ་གྱི་ནང་དོན་ལ་གསལ་བཤད་བྱས་སོང་།ཁོས་ཧ་ཅང་གཟབ་ནན་ངང་“འུན་་་་་དེ་ཡིན་ན་ཚང་མས་བརྡ་སྦྱོར་མཐོང་ཡོད་སྲིད།ང་ཚོས་ལས་ཁུངས་ནང་ལ་མི་གསུམ་བྱ་བ་དངོས་ལ་བསྐོར་རྒྱུའི་འཆར་གཞི་འདུགའདི་གོང་རིམ་སྲིད་གཞུང་གི་བཀའ་རེད་ངའི་བཀའ་མ་རེད།འུན་་་་དེ་ཡིན་ན་མི་འདི་གསུམ་ཇི་ལྟར་བདམས་རྒྱུའི་དབང་ཆ་ང་ལ་ཡོད་པ་རེད།ཡིན་ཡང་ང་གཅིག་པོས་ཐག་གཅོད་བྱས་ནའང་མི་འགྲིག་པར་འདུགདེ་བས་དེ་རིང་ང་ཚོས་འདིའི་ཕྱོགས་ནས་གྲོས་བསྡུར་ཞིག་བྱེད།དེ་ཡིན་ན་རང་རང་ལ་འདིའི་ཕྱོགས་ཀྱི་བསམ་འཆར་ཅི་ཞིག་ཡོད་ན་ཤོད་དང་ཆོག”ཞེས་ཟེར་བ་ན་ཚོགས་ཁང་ནང་ཏབ་ཅིག་ལ་ཤབ་ཤུབ་ཀྱི་སྒྲས་ཁེངས་སོང་།ཅུས་ཀྲང་གིས་མུ་མཐུད་ནས“ཡ་ཚང་མ་ཅུང་ཙམ་ལ་ཁ་རོག་སྡོད།ཐོག་མར་ངས་རང་ཉིད་ཀྱིས་མི་འདི་དག་ཇི་ལྟར་བདམས་རྒྱུའི་འཆར་གཞིའམ་ཡང་ན་ཐབས་བཀོད་ཅིག་བཤད།དེ་ཡིན་ན་ངས་བལྟས་ན་ཐོག་མར་བྱ་བ་བསྒྲུབས་པ་ནན་ཏན་ཡིན་པ་དང་།གོང་རིམ་དང་རྩ་འཛུགས་ཀྱི་བཀའ་དང་སྒྲིག་ལམ་བརྩི་སྲུང་བྱེད་པ།ལས་གྲོགས་ཕན་ཚུན་བར་མཐུན་སྒྲིལ་ཆེ་བ་བཅས་ཀྱི་མི་དྲུག་བདམས་སྟེ་ཟླ་འགའི་རིང་ཁོ་ཚོའི་ཕྱོགས་ཡོངས་ཀྱི་ནུས་པར་གཏིང་ཟབ་སྒོས་རྒྱུས་ལོན་དང་དཔྱད་ཞིབ་ཅིག་བྱེད།ཆེས་མཇུག་མཐར་དེ་དག་ལས་རྩེ་གྲས་གསུམ་བྱ་བ་དངོས་ལ་བསྐོར་རྒྱུ་བྱེད།ཚང་མས་ལྟོས་ན་ཅི་འདྲ་རེད།བསམ་འཆར་འེ་ཡོད།”ཞེས་ཟེར།
“བསམ་འཆར་མེད།”
“འོ་རེད།དེ་ཡིན་ན་གཟའ་འཁོར་རྗེས་མའི་རེས་གཟའ་དང་པོའི་བར་ཚང་མས་རང་ཉིད་ཀྱིས་མཚམས་སྦྱོར་རམ་ཡང་ན་རྒྱབ་བསྐྱོར་བྱེད་འདོད་པའི་མི་དེའི་མིང་ངའི་སྐད་འཕྲིན་སྒེར་ལ་བསྐུར་ཤོགཡ་ད་བསམ་འཆར་མེད་ན་ཚོགས་འདུ་གྲོལ།”
རྡོ་བཀྲ་རང་ཉིད་ཀྱི་འདུག་སྟེགས་སྟེང་བསྡད་དེ་གངས་ལྷས་“ངས་ཁྱོད་ལ་རྒྱབ་བསྐྱོར་བྱེད།”ཅེས་པའི་གཏམ་དེར་བསམ་བློ་བཏང་།མོའི་གཏམ་དེ་ཁོ་མོའི་ཨ་ཕ་སྟེ་རྫོང་དཔོན་གཞོན་པར་འབྲེལ་བ་ཡོད་སྲིད་དམ།གལ་ཏེ་དེ་ལྟ་ན་ཁོའི་ལག་ཏུ་བྱ་བ་དངོས་རེག་པའི་རེ་བ་ཧ་ཅང་ཆེ་བ་མ་ཡིན་ནམ།གལ་ཏེ་ཡིག་ཚད་ལ་ཞུགས་མ་དགོས་པར་བྱ་བ་དངོས་རེག་ཐུབ་ན་ཅི་འདྲའི་དགའ་བ་ལ།ད་ལྟའི་དུས་འདིར་བྱ་བ་དངོས་ཀྱི་ཡིག་ཚད་ཀྱི་འགྲན་རྩོད་ནི་ཁོ་ལྟ་བུ་ཞིག་གིས་ག་ལ་ནུས།མ་མཐའ་ཡང་གསབ་སྦྱོངས་འཛིན་གྲྭ་ཞིག་ཏུ་ཟླ་འགའ་འམ་ཡང་ན་ལོ་གཅིག་ལྷག་ལ་གསབ་སྦྱོངས་བྱེད་དགོས་ཤིང་།སྒོར་ཁྲི་གཅིག་གཉིས་ལྷག་གི་འགྲོ་སོང་ཡང་ཁོ་ཚང་ལྟ་བུ་ཡུལ་ན་མ་རྒན་དང་ཕྱུགས་ཟོག་ཁ་ཤས་ལས་མེད་པ་ཞིག་གིས་ག་ལ་ནུས།ནུས་པའི་དབང་དུ་བཏང་ཡང་ཡིག་ཚད་འཕྲོད་པའི་ངེས་པའང་མི་འདུགདེ་བས་ད་ཐེངས་གི་འདི་ནི་དངོས་གནས་ཁོ་ལ་མཚོན་ན་གོ་སྐབས་ལེགས་ཤོས་ཤིག་རེད།འོན་ཀྱང་གངས་ལྷས་ལས་གྲོགས་གཞན་སུ་ལའང་རྒྱབ་བསྐྱོར་མི་བྱེད་པར་ཁོར་རྒྱབ་བསྐྱོར་བྱེད་དོན་ཅི་ཡིན་ནམ།རང་ཉིད་ཀྱིས་མོར་ཅི་ཞིག་གི་སྐྱིན་ཚབ་འཇལ་དགོས་སམ།
“ལས་ཚོགས་གྲོལ་རྗེས་དོན་དག་ཡོད་དམ།མེད་ན་མཉམ་དུ་དགོང་ཟས་ཟ་རུ་སོང་ན་ཅི་འདྲ་རེད།”
རྡོ་བཀྲས་དེ་ལྟར་འདངས་རྒྱག་ནང་ལ་ལྷུང་དུས།གངས་ལྷ་ཁོའི་གམ་དུ་འགྲེངས་འདུག
“ཡ་ཡ།ཆོག་གི”
རྡོ་བཀྲས་དང་ལེན་བྱས།
7
“ང་ལ་མངལ་ཆགས་འདུག”
ཉིན་འགའི་རྗེས་སུ་བསོད་ནམས་སྒྲོལ་མས་ཁ་པར་ཡོང་སྟེ་དེ་ལྟར་ཟེར།རྡོ་བཀྲས་ཏབ་ཅིག་ལ་ཅི་ཞིག་བཤད་དགོས་པའང་མི་ཤེས་པར་གྱུར།
“སུའི་རེད།”
རྡོ་བཀྲས་ཐེ་ཚོམ་དང་བཅས་དེ་ལྟར་དྲིས།
“ཁྱོད་ཀྱིས་ལྟོས་ན་སུའི་རེད།”
“ངའི་རེད་དམ།”
“ཉེ་ཆར་ཁྱོད་མ་གཏོགས་སུ་ལའང་ལུས་འབྲེལ་བྱས་མ་མྱོངས།”
“ད་ནི་ཅི་བྱཨང་།”
“ངས་བྱིས་པ་འདི་སྐྱེས་རྩིས་ཡོད།”
“ཅིའི་ཕྱིར།”
“འདི་ནི་ངས་ཐོག་དང་པོར་སུའི་ཡིན་ཤེས་པའི་བྱིས་པ་དེ་ཡིན།”
“ངས་བསམ་ན་དེད་བཏང་ན་བཟང་།”
“ཁྱོད་ཀྱི་སེམས་བདེ་མོ་བྱོས།ངས་ཁྱོད་ལ་སྐབས་ལས་ཅི་ཡང་བཟོ་མི་སྲིད།”
“ཁྱོད་ད་ལྟ་གང་ན་ཡོད།ཉིན་འདི་ཚོར་ཁྱོད་ཀྱིས་ངའི་ཁ་པར་མི་ལེན་དོན་ཅི་ཡིན།”
རྡོ་བཀྲས་དེ་ལྟར་འདྲི་དུས་བསོད་ནམས་སྒྲོལ་མས་སྔོན་ནས་ཁ་པར་གྱི་སྒོ་གཏན་འདུགཁོས་ཡང་ནས་བསྐྱར་དུ་བསོད་ནམས་སྒྲོལ་མར་ཁ་པར་བཏང་རུང་མོས་རྩ་བ་ནས་བླངས་མ་སོང་།རྡོ་བཀྲར་གློ་བུར་དུ་སྔར་བྱུང་མ་མྱོངས་པའི་བྲེལ་འཚུབ་ཅིག་སྐྱེས།མོས་གངས་ལྷ་དང་ཁོ་གཉིས་མཉམ་དུ་འགྲོ་བཞིན་པ་མཐོང་སོང་བས་ད་གཟོད་ཁོར་འབྲེལ་གཏུག་མི་བྱེད་ལ་ཁོའི་ཁ་པར་ཡང་མ་བླངས་པ་ཡིན་ནམ།ཡང་གཅིག་བཤད་ན་ཁོའི་སེམས་ནང་གི་བསོད་ནམས་སྒྲོལ་མ་ནི་ཁོག་རྒྱ་དེ་ཙམའང་མེད་པའི་བུ་མོ་ཞིག་ག་ལ་ཡིན།ཡང་ན་མོ་གནས་ལ་བྱིན་སོང་བ་ཡིན་ནམ།དེ་ལྟ་ན་མོས་མངལ་གྱི་བྱིས་པ་དེ་སྐྱེས་རྩིས་བྱེད་མི་སྲིད།མོ་གསར་བུ་གཞན་ཞིག་ལ་འཕྲད་སོང་བ་ཡིན་ནམ།དེའང་དཔེ་ག་ལ་སྲིད།མོས་མངལ་དུ་བྱིས་པ་ཞིག་སྦྲུམ་སྟེ་གསར་བུ་གཞན་ཞིག་ལ་འབྲེལ་འདྲིས་བྱེད་མི་སྲིད།
རྡོ་བཀྲས་དེ་ལྟར་བསམ་བློ་གཏོང་དུས་སྐད་འཕྲིན་གྱི་བརྡས་ཁོ་ཧད་སེར་བཏང་།དེ་ནི་དངོས་གནས་བསོད་ནམས་སྒྲོལ་མའི་སྐད་འཕྲིན་གྱི་བརྡ་རེད།མོས་འདྲ་པར་ཞིག་བསྐུར་འདུགདེ་ནི་བརྟག་དཔྱད་མཇུག་འབྲས་ཀྱི་འདྲ་པར་ཞིག་རེད།དེའི་སྟེང་དུ་མོར་མངལ་ཆགས་འདུག་པའི་བརྟག་དཔྱ་བཇུག་འབྲས་འཁོད་འདུག
“ཁྱོད་ད་ལྟ་གང་དུ་ཡོད།”
རྡོ་བཀྲས་ཡི་གེའི་ལམ་ནས་དེ་ལྟར་དྲིས།
“ང་ས་གཞན་ཞིག་ཏུ་བུད་སོང་།”
“ནམ་ཞིག་ལ།ས་གཞན་གང་ཞིག་ལ་བུད་སོང་།”
རྡོ་བཀྲས་དེ་ལྟར་དྲིས་ཀྱང་་ཕ་རོལ་གྱི་བསོད་ནམས་སྒྲོལ་མས་ལན་ཅི་ཡང་བཏབས་མ་སོང་།
བསོད་ནམས་སྒྲོལ་མ་ཁོ་དང་ཁ་བྲལ་རྗེས།ཁོར་མཚན་མོར་གཉིད་མི་ཡོང་ཞིང་།ཉིན་དཀར་ལས་ཚོགས་བྱེད་སྐབས་ཀྱང་རྣམ་རིག་གིས་དབེན་པར་སྣང་།ཁོ་མཚན་མོ་རེ་རེར་སྔོན་ཆད་བསོད་ནམས་སྒྲོལ་མ་སྡོད་སའི་ཆང་ཁང་དེར་སོང་སྟེ་ར་བཟི་བར་བྱས་ཤིང་།མཚན་གུང་ཆུ་ཚོད་གཉིས་གསུམ་སྟེང་ཆང་ཁང་གི་སྒོ་གཏན་དུས་གོམ་པ་འཁྱར་འཁྱོར་ངང་སྔོན་ཆད་བསོད་ནམས་སྒྲོལ་མ་སྡོད་སའི་མལ་ཁང་གི་སྒོ་ཁར་སོང་སྟེ་ཡུན་ཙམ་ལ་སྒོ་བརྡུངས་པར་བྱེད་ཅིང་།དེ་ནས་ཡང་གོམ་པ་འཁྱར་འཁྱོར་སྤོ་བཞིན་རང་ཉིད་ཀྱི་མལ་ཁང་ནང་ཡོང་པར་བྱེད།
དེ་ལྟར་ཟླ་བཅུ་ལྷག་གི་རིང་ལ།ལས་ཁུངས་གིས་བྱ་བ་དངོས་ལ་བསྐོར་རྒྱུའི་ཆ་རྐྱེན་ལྡན་པའི་ཁོངས་མི་དྲུག་གི་ཕྱོགས་ཡོངས་ལ་ཞིབ་གཤེར་བྱས་ཤིང་།ད་ནི་ཆེས་མཐའ་མཇུག་གི་ལུས་པོར་བརྟག་དཔྱད་བྱེད་པའི་གོ་རིམ་ལ་སླེབས་ཡོད།མ་གཞིར་རྡོ་བཀྲ་ནི་ལས་ཁུངས་ནང་གི་ལས་གྲོགས་གཞན་དང་བསྡུར་ན་ཕྱོགས་ཡོངས་ཀྱི་ཆ་རྐྱེན་ཅུང་ཞན་ཤོས་དེ་ཡིན་ཡང་།ཟླ་བཅུ་ལྷག་གི་སྔོན་ལ།ཅུས་ཀྲང་གིས་སྐད་འཕྲིན་ཚོགས་པའི་ནང་ཆེས་མཐའ་མཇུག་བདམས་ཐོན་བྱུང་བའི་མི་དྲུག་གི་མིང་ཐོ་བསྐུར་ཡོང་དུས།རྡོ་བཀྲའི་མིང་ཡང་དེ་དག་གི་གྲས་སུ་འདུགརྡོ་བཀྲ་ལས་གཞན་གངས་ལྷའི་མིང་ནི་ཆེས་མགོར་བཞག་འདུག་ལ་གཞན་གྱི་མི་གསུམ་ཡང་ལས་ཁུངས་ནང་ལོ་རེ་འགའ་འགོར་པའི་ལས་མི་ཅུང་རྒན་གྲས་དག་རེད།
“རྡོ་བཀྲ།རྡོ་བཀྲ་སུ་ཡིན།”
སྐབས་ཤིག་ལ་སྨན་པས་བརྟག་དཔྱད་མཇུག་འབྲས་ཀྱི་ཤོག་ལྷེ་དང་སྤྱིན་ཤེལ་བཟུང་ནས་གཞུང་ལས་ཁང་གི་སྒོ་ཁ་ནས་འགྲེངས་སྟེ་དེ་ལྟར་འབོད་ཀྱིན་འདུག
“ང་ཡིན།ང་ཡིན།”
རྡོ་བཀྲ་སྨན་པའི་གམ་ལ་སླེབས་དུས།སྨན་པས་མིག་ཤེལ་ཡར་འདེད་ཙམ་བྱས་ཏེ་ཡུན་ཙམ་ལ་རྡོ་བཀྲའི་གདོང་ལ་ཅེར་ནས་ལུས།
“ཅི་རེད་སྨན་པ།”
“འདི་ཁྱོད་ཀྱི་བརྟག་དཔྱད་མཇུག་འབྲས་རེད།ཁྱོད་ཀྱི་ཁྱིམ་མི་གང་དུ་ཡོད།སྐད་ཆ་ལ་ལ་ཞིག་ཁྲོད་ཀྱི་ཁྱིམ་མིར་བཤད་ན་འོས་འཚམ་རེད།”
“ང་ལ་ཁྱིམ་མི་ཞིག་མེད།སྨན་པ་ང་ལ་ནད་འདྲ་མེད་དམ།”
“ཁྱོད་ལ་འབྲས་སྐྲན་བྱུང་འདུག”
“་་་་་་”
དེ་ལྟར་རྡོ་བཀྲ་སྨན་ཁང་གི་སྒོར་བུད་དེ་ཐད་ཀར་གླ་གཏོང་རླངས་འཁོར་ཞིག་གླས་ཏེ་ཨ་ཁུ་འཇམ་དབྱངས་འཚོལ་ཆེད་དུ་དགོན་པར་སོང་ཞིང་།ལམ་བར་དུ་གངས་ལྷས་ཀྱང་ཁ་པར་མང་དུ་བརྒྱབས་ཡོང་།འོན་ཀྱང་རྡོ་བཀྲས་གཅིག་ཀྱང་བླངས་མ་སོང་།གངས་ལྷས་སྐད་འཕྲིན་དུའང་སྐད་མང་དུ་བཞག་ཡོང་།མོས་རྡོ་བཀྲར་ལུས་པོའི་བརྟག་དཔྱད་མཇུག་འབྲས་ཅི་འདྲ་ཡིན་པ་འདྲི་བཞིན་འདུགའོན་ཀྱང་རྡོ་བཀྲས་མོར་ཁ་པར་དང་སྐད་ཅི་ཡང་བཞག་མ་སོང་།ཡང་ན་མོར་ཅི་ལྟར་བཤད་དགོས་པའམ་ཅི་ཞིག་བཤད་དགོས་པ་མ་ཤེས་པའང་ཡིན་སྲིད།
ཕྱི་དྲོའི་ཉི་འོད་ཀྱི་ཟེགས་མས་འདུ་ཁང་གི་རྒྱ་ཕིབ་ལ་སྔར་ལས་ལྷག་པའི་བཀྲགས་མདངས་ཤིག་བསྣན་འདུགདགོན་པའི་གླིང་བར་ཀུན་ཏུ་ཤུག་པ་དང་བསང་རྫས་ཀྱི་དྲི་ངད་ཀྱིས་ཡོངས་སུ་བཀངས་འདུག་ཅིང་།གྲྭ་བ་དག་གི་སྐྱོར་ཀློག་གི་སྒྲའང་ལྷང་ལྷང་དུ་གྲགས་ཡོང་།རྡོ་བཀྲ་གླ་གཏོང་རླངས་འཁོར་ལས་བབས་ཏེ་ཡུན་ཙམ་ལ་དབང་བོ་ལྔས་སྐབས་འདིའི་ཡོད་ཚད་ལ་རོལ་མྱོངས་ཤིག་བྱེད་དགོས་པར་གྱུར།
ཁོ་གོམ་པ་འཁྱར་འཁྱོར་སྤོ་བཞིན་ཨ་ཁུ་འཇམ་དབྱིངས་ཀྱི་མདུན་ལ་སོང་སྟེ་རང་ཉིད་ལ་བཅོས་ཐབས་མེད་པའི་ནད་ཅིག་བྱུང་པའི་རྒྱུ་མཚན་ཞུས་པ་ན།ཨ་ཁུ་འཇམ་དབྱིངས་ཀྱིས་ཀྱང་དེ་དག་ཚང་མ་ལས་ཀྱི་བཀོད་སྒྲིག་ཡིན་པས་ད་ནི་ཟློག་དཀའ་བར་འདུག་གསུང་།
རྡོ་བཀྲ་ཨ་ཁུ་འཇམ་དབྱིངས་ཀྱི་གྲྭ་ཤག་ལས་སྒོར་འབུད་དུས་ཉི་མ་ནི་སྔོན་ནས་ནུབ་རིའི་རྒྱབ་ཏུ་ཡལ་ཟིན།དེ་སྔོན་སྐྱོར་ཀློག་བྱེད་ཀྱིན་པའི་བན་དེ་དེའང་མཐོང་ལམ་དུ་མི་འདུགཁོ་རང་ཐད་ཀར་དགོན་པའི་མདུན་རོལ་ན་བཞུར་གྱིན་པའི་མང་ཆུའི་འགྲམ་དུ་སོང་ཞིང་།དེ་ནས་རྙིང་རལ་དུ་གྱུར་པའི་ཟམ་པ་དེའི་སྟེང་དུ་འགོས།ཁོས་ཁ་པར་བླངས་སྟེ་ཐོག་མར་མ་རྒན་ལ་ཁ་པར་བཏང་།མ་རྒན་གྱིས་ཁ་པར་སྒོ་གཏན་འདུགམ་རྒན་གྱི་ཁ་པར་གློག་ཚར་སོང་བ་ཡིན་ངེས།ཨ་ཧོ།ཉིན་འགའི་སྔོན་ལ་མ་རྒན་གྱིས་གཟའ་མཇུག་ཡུལ་ལ་ཡོང་སྐབས་ཁ་པར་གློག་གསོག་ཆས་ཤིག་ཉོས་ཤོག་ཅེས་བཤད་མྱོངས་པ་མ་ཡིན་ནམ།ཁོར་ནོངས་འགྱོད་ཅིག་སྐྱེས།ཁོས་བརྟག་དཔྱད་མཇུག་འབྲས་ཀྱི་ཤོག་ལྷེ་དེ་རྡོ་ཞིག་མནན་ཏེ་གཞན་གྱིས་མཐོང་སླ་སར་བཞག་ཅིང་།དེ་ནས་ཟམ་པའི་ལན་ཀན་སྟེང་འགྲེངས་ནས་ཆུ་ལ་ལྕེབ་པའི་སྟ་གོན་བྱས།སྐབས་དེར་ཁོའི་ཨམ་ཕྲག་ནང་དུ་ཁ་པར་གྱི་སྒྲ་ལྷང་ལྷང་དུ་གྲགས་ཡོང་།ཁོས་ཁ་པར་བླངས་ཏེ་བལྟས་ཙ་ན་ཁ་པར་གཏོང་མཁན་ནི་རྒྱུས་མེད་ཀྱི་ཨང་གྲངས་ཤིག་རེད།ཁོས་མདོག་ལྗང་ཁུའི་ནང་དུ་ཁ་པར་གྱི་རི་མོ་ཡོད་པའི་སྒོར་དབྱིབས་དེས་མནན་དེ་ཁ་པར་རྣ་ཁར་བཞག
“ཝེ།”
དེ་ནི་ཧ་ཅང་རྒྱུས་ཡོད་ཀྱི་བུ་མོ་ཞིག་གི་སྐད་ཅིག་རེད།
“ང་ཕྱིར་ཐོན་ཡོད།ངེད་གཉིས་ངོ་ཞིག་ཐུག་ན་ཆོག་གམ།”
ཕ་རོལ་པོས་མུ་མཐུད་དུ་དེ་ལྟར་ཟེར།ཕ་རོལ་པོས་དེ་ལྟར་ཟེར་སྐབས་སུ་བྱིས་པ་ཞིག་གི་ངུ་སྐད་ཀྱང་དེ་དང་འགྲོགས་ནས་ལྷང་ལྷང་དུ་མཆེད་ཡོང་།དེ་ནི་གསོན་ཤུགས་ཀྱིས་ཁེངས་པའི་ངུ་སྐད་ཅིག་རེད་ལ།མཐའ་འཁོར་གྱི་ལྷང་འཇགས་ཡོངས་སུ་དཀྲོགས་པའི་ངུ་སྐད་ཅིག་ཀྱང་རེད།།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

