ང་རང་སྨྱོན་པར་གྱུར་དོན།

ཆོས་དབྱིངས་རྒྱ་མཚོ། 琼迈文学网 2026-08-05

  “སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར། །དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན། །” མལ་སའི་སྟེང་གན་རྐྱལ་དུ་ལོག་ནས་ཉིན་ཞག་འདི་དག་གི་བྱུང་བ་ལ་བློ་རྩེ་སྐོར་དུས། མཚམས་ཚིགས་མེད་པར་གསུང་ཚིག་འདི་དྲན་ཡོང་སྟེ། ད་ལྟ་ང་ལ་གསུང་ཚིག་འདི་ལས་ནང་སེམས་ལ་བྱིལ་བྱིལ་གཏོང་ཐུབ་མཁན་གཅིག་ཀྱང་མི་འདུག། ཐ་ན་ཆེས་སེམས་ཐག་ཉེ་བའི་གཉེན་ཉེ་དུ་ཟེར་བ་དེ་ཚོས་ཀྱང་ཕན་མི་ཐོགས་པར་འདུག། ལྡོག་སྟེ་ཁོ་ཚོའི་ངོ་གདོང་གི་འཛུམ་མདངས་དེ་དག་གི་ཁྲོད་ན་གཡོ་སྒྱུ་དང་བསླུ་བྲིད་འབའ་ཞིག་གིས་ཁེངས་ཡོད་པའི་ཉམས་སྣང་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཡོང་།

  1

  བར་སྐབས་ཤིག་ནས་བཟུང་། ངའི་ཨ་མ་གདོན་གྱིས་བརླམས་པ་ལྟར་བལྟས་བལྟས་རིག་རིག་ལ་མི་གཞན་ཞིག་ཏུ་གྱུར་སོང་། ངེད་ཕ་སྤད་གཉིས་ལ་བཅངས་པའི་བརྩེ་དུང་དང་ཁྱིམ་ཚང་འདི་ལ་བཟུང་བའི་རྣམ་འགྱུར་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཅིག་བྱུང་སོང་། ངས་ཀྱང་ཁྱིམ་ཚང་འདིའི་སྐྱུག་བྲོ་ཞིང་ངོ་གནོང་བའི་དོན་དག་རྣམས་གཞན་གྱིས་མ་ཤེས་ན་འདོད་རུང་། ཐ་ན་ང་རང་གི་ལུས་ཀྱི་རྩ་སྦུབས་རེ་རེ་དང་སེམས་ཀྱི་རྨ་ཁ་རེ་རེས་སྨྲ་སྒོར་དེད་ཡོང་བས། ངས་མཐའ་མཇུག་རང་ཉིད་རྩོམ་པ་པོ་ཞིག་གི་སྨྱུ་གུར་སྤྲུལ་ནས་སེམས་ཀྱི་སྡུག་བསྔལ་མ་ལུས་ཡིག་རིས་སུ་མི་ཕབ་ཐབས་མེད་བྱུང་།

  ཉིན་དེར། ཕྱི་དྲོའི་སློབ་ཐུན་གྲོལ་ནས་ང་རང་སློབ་གྲྭའི་སྒོ་ཁར་འབྱོར་དུས། ཨ་མས་ཁུག་མ་དམར་པོ་ཞིག་ཕྲག་པར་བསྙེས་ཤིང་དགའ་སྐྱོ་ཅི་ཡིན་མི་ཤེས་པའི་རྣམ་འགྱུར་ཡ་མ་ཟུང་ཞིག་གདོང་ལ་དྲུད་ནས་ང་ལ་བསྒུགས་འདུག་མོད། ང་རང་མོའི་གམ་དུ་སླེབས་ནས་ཡུད་ཙམ་འདས་ཀྱང་ཨ་མ་འདང་རྒྱག་གི་ནང་དུ་ལྷུང་ནས་ང་ལ་དོ་སྣང་བྱུང་མི་འདུག་པས། ངས་བསམ་གཟས་ནས་སྐད་ཆེན་པོས་ཐེངས་གཅིག་བོས་པ་ན། ད་གཟོད་གཉིད་ལས་སད་པ་ལྟར་ཅི་བྱེད་འདི་བྱེད་མེད་པར་གྱུར། ངས“ཨ་མ། དེ་རིང་ཨ་ཕ་མ་ཡོང་ངམ”ཞེས་བཤད་དེ་ད་ཅིའི་གནས་སྟངས་མཚར་པོ་ལས་སྒྲོལ་ཐབས་བྱས།

  “དེ་རིང་ཁྱིམ་ལ་མགྲོན་པོ་འགའ་ཐོན་འདུག། ཨ་ཕས་ཁོང་ཚོར་སྣེ་ལེན་བྱེད་ཀྱིན་ཡོད།” ཨ་མས་ང་རང་གམ་དུ་སླེབས་པ་ཤེས་རྗེས་ཅུང་དོགས་མི་བདེ་བའི་ཉམས་ཀྱིས་དེ་ལྟར་བཤད་ཅིང་། དེ་ནས་ངའི་ལག་གཡས་ལ་འཇུས་བྱུང་བས་ངེད་གཉིས་རླངས་འཁོར་དང་མི་ཚོགས་མང་བའི་གྲོང་བར་ནས་རང་ཁྱིམ་གྱི་ཕྱོགས་སུ་ཕྱིན།

  ཨ་མས་ལམ་ཧྲིལ་པོར་ང་ལ་སྐད་ཆ་ཚིག་གཅིག་མ་བཤད་ལ། ངས་ཀྱང་སྣང་དོགས་ཅི་ཡང་མེད་པར་ཨ་མའི་རྗེས་སུ་བསྙེགས་ནས་སོང་། ཁྱིམ་ན་ཨ་ཕ་ཁེར་མར་བསྡད་འདུག། མགྲོན་པོ་དེ་ཚོ་ག་ཤེད་ལ་སོང་ཟིན་པ་འདྲ། ང་ཨ་ཕའི་གམ་དུ་སོང་ནས་ཁ་བརྡ་ཉུང་ཙམ་བྱེད་འདོད་བྱུང་མོད། འོན་ཀྱང་། ཨ་མས་ང་ལ་ཐད་ཀར་ཁང་ཐོག་ཏུ་སོང་ནས་ལས་བྱ་ཕྲིས་ཞེས་ངག་བཀོད་འཐེན་བྱུང་བས། ངས་ཀྱང་ཡ་ཡོ་མ་བྱས་པར་ལམ་སང་ལས་བྱ་འབྲི་བར་ཕྱིན།

  ང་རང་ལས་བྱ་འབྲི་བར་སྟ་གོན་བྱེད་སྐབས། ཁང་ཞབས་ཀྱི་གྲགས་འགུལ་གྱིས་རྟབ་རྟབ་པོར་བསྒྱུར། ཁང་ཞབས་ཀྱི་གྲགས་འགུལ་དེས་ང་རང་སྡོད་བཟོད་མི་བདེ་བར་བཏང་ཞིང་། རིམ་བཞིན་ཨ་མས་སྐད་འགྲགས་བརྒྱབ་པའང་གསལ་པོར་ཐོས་ཡོང་བས། ངས་ལས་བྱ་བྲི་རྒྱུ་བསྐྱུར་ནས་འོག་ཁང་དུ་མི་འགྲོ་ཐབས་མེད་བྱུང་།

  ང་རྐང་འཇབ་ལག་འཇབ་ཀྱིས་སྐས་ལས་མར་བབས་ཏེ་ཁང་ཞབས་སུ་ཐོན་དུས། ག་ལེར་སྒེའུ་ཁུང་གི་བར་གསེང་ཆུང་ངུ་ཞིག་བརྒྱུད་ནས་ནང་དུ་ལྟ་ཙམ་བྱས། སྐད་ཅིག་མ་དེར་ངས་རང་དབང་མེད་པར་ཨག་སྐད་ཆེན་པོ་ཞིག་ཤོར་སོང་། ཨག་སྐད་དེས་ནང་དུ་ཡོད་པའི་ཕ་མ་གཉིས་ལའང་འཇིགས་སྐྲག་གཟིལ་བུན་པ་ཞིག་སྐྱེས་སུ་བཅུག་པ་འདྲ་སྟེ། གཉིས་ཀས་རྟབ་རྟབ་པོའི་ངང་ནས་ངའི་ཕྱོགས་སུ་བལྟས་བྱུང་། ཁོ་གཉིས་ཀྱིས་ང་རང་ཡིན་པ་ཤེས་རྗེས་དོན་དག་ཅི་ཡང་མ་བྱུང་བ་ལྟར་སྔར་བཞིན་སྔོན་གྱི་འཁྲབ་སྟོན་ལྟ་བུ་དེའི་ཁུང་གསེང་དུ་འཛུལ་ཅི་ཐུབ་བྱས།

  “གཉེན་འཐོར་མ་བརྒྱབ་ན་ངས་རང་སྲོག་གཅོད་རྒྱུ་ཡིན།” ཨ་མས་རྒྱུན་པར་རང་ཉིད་ཀྱིས་ཤ་དང་ཚོད་མ་གཏུབ་པར་སྤྱོད་པའི་ཚོད་གྲི་ཆེན་པོ་དེ་རང་ཉིད་ཀྱི་རྐེ་ལ་གཏད་ནས“ཉི་མ་དེ་རིང་ནས་བཟུང་། ཤ་ཁག་ཁག་གྲི་སོ་སོ་མ་བྱས་ན་ང་འཆི་རྒྱུ་ལས་འོས་མེད”ཅེས་ཤིན་ཏུ་ཚིག་ཐག་ཆོད་པོ་དང་ངར་ཤུགས་ལྡན་པའི་སྒོ་ནས་བཤད་བྱུང་།

  སྐད་ཆ་འདིས་ང་ཙམ་དུ་མ་ཟད་ཨ་ཕ་ཡང་བློང་བློང་པོར་བཏང་སོང་། ཕར་བལྟས་ན་ཨ་ཕ་ངུ་དགོས་སམ་དགོད་དགོས་པ་མི་ཤེས་པ་ཞིག་ཏུ་གྱུར། ངག་ནས་སྐད་ཆ་ཚིག་གཅིག་ཀྱང་མ་ཁྲོལ་བར་ཁ་མལ་དེ་ནས་ཡར་འགྲོ་མར་འགྲོ་བྱེད་ཅིང་འདུག། ང་རང་ཨ་ཕའི་ཅི་བྱེད་འདི་བྱེད་དང་ཅི་བཤད་འདི་བཤད་མེད་པའི་གནས་སྟངས་དེ་ལ་ཡིད་སྐྱོ་བ་ཞིག་བྱུང་ལ། དེ་ལས་ཀྱང་ཨ་མའི་སེམས་ལ་འདི་འདྲའི་སྡུག་བསྔལ་ཆེན་པོ་ཞིག་འཇོག་དོན་ཅི་ཡིན་ནམ་སྙམ་གྱིན་སེམས་ཁྲལ་ལྷག་མ་ཞིག་བྱུང་།

  ངས་ཇི་ལྟར་འདང་བརྒྱབ་རུང་། ཡིད་ངོར་ཤར་བ་ནི་ཨ་ཕས་ཁྲེལ་མེད་ཀྱི་ལས་ཀ་ཞིག་བསྒྲུབས་ཡོད་པ་ཐག་ཆོད་རེད་སྙམ་སོང་། “ཨ་ཕ། དོན་གང་བྱུང་སོང་།” ངས་ཐད་ཀར་ཨ་ཕའི་གདོང་ལ་ངོ་གནག་སྟེ་ལྟ་ཞོར་དེ་སྐད་དྲིས།

  “ངས་ཀྱང་ཤེས་མ་སོང་།” ཨ་ཕས་མ་ཉེས་ཁ་གཡོགས་ཀྱི་ཉམས་ཤིག་གིས་ངའི་ཕྱོགས་སུ་ལྟ་ཞོར“ད་ཅི་ཁྱོད་གཉིས་ཕྱིར་ཁྱིམ་དུ་སླེབས་པ་ནས་བཟུང་གདོན་གྱིས་བཟུང་བ་ལྟར་གཟའ་འཐོར་བྱེད་དགོས་ཟེར”ཞེས་བཤད་བྱུང་།

  སྐབས་དེར། ཨ་མས་བསྐྱར་དུ་ཁ་གྲགས་བྱུང་། “ད་ཐེངས་གཉེན་འཐོར་མ་བརྒྱབ་ན་ང་འཇིག་རྟེན་དཀར་ངོགས་འདི་ནས་མི་འདུག་ཁོ་ཐག་ཡིན།” སྐད་ཆ་འདིས་ང་དང་ཨ་ཕ་གཉིས་སྔར་ལས་ཀྱང་ཅི་བྱེད་འདི་བྱེད་མེད་པར་བཏང་སོང་།

  ཨ་མའི་གདོང་གི་རྣམ་འགྱུར་དང་ལུས་ཀྱི་སྤྱོད་སྟངས། ངག་གི་སྐད་ཆ་སོགས་གང་ལ་གཞིགས་ཀྱང་དོན་དག་ནི་གཡང་གཟར་ལས་ལྷུང་བའི་བྲག་རྡོ་བཞིན་ལྡོག་ཐབས་མེད་པ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ་པ་རེད། དེ་བས། ང་ནི་མིག་མདུན་གྱི་སྐྱི་གཡའ་བའི་དོན་དག་དེས་སམ། བཟློག་ཐབས་མེད་པའི་ལས་དབང་སྐྱོ་བོ་འདི་བསམ་བཞིན་དྲན་མེད་དུ་བརྒྱལ་སོང་།

  ང་བརྒྱལ་བ་ལས་སད་དུས་ནམ་གུང་ཞིག་ཏུ་ཁེལ་འདུག་ལ། ངའི་གཡས་གཡོན་དུ་ཕ་མ་གཉིས་ཀ་འགྲེངས་འདུག་པས། ཨ་མ་ཤི་མ་ཐུབ་པ་ནི་ཁོ་ཐག་ཆོད་མོད། ཁོང་གཉིས་གཉེན་འཐོར་རྒྱུ་ཡིན་མིན་ང་ལ་ཆ་མ་འཚལ།

  2

  ང་རང་སེམས་ཁྲལ་གྱིས་ནོན་པའི་ཉིན་ཞག་འདི་དག་གི་རིང་ལ། ཨ་ཕ་ཡང་རང་ཁྱིམ་དང་ཁ་བྲལ་ནས་ག་ཤེད་ལ་བུད་སོང་བས། ངའི་སེམས་ཀྱི་ཁུར་པོ་ལྷག་ཏུ་ཇེ་ལྕི་རུ་གྱུར་ཅིང་ཉིན་མཚན་གཉིས་ལ་གཉིད་ཆག་ཟས་བརྗེད་ལྟ་བུར་གྱུར་སོང་། འོན་ཀྱང་། ངས་ཨ་མ་ལགས་ལ་ཨ་ཕ་གང་དུ་སོང་མིན་འདྲི་མ་ཕོད་ཅིང་། ལྡོག་སྟེ་ཨ་ཕ་ལགས་ཀྱིས་ངེད་མ་བུ་བསྐྱུར་སོང་སྙམ་ནས་ཁོང་ཁྲོ་ལངས་པར་མ་ཟད། ཁྱིམ་ཚང་འདི་ཞོ་བཞིན་ཆགས་པ་ཁྲག་བཞིན་དཀྲུག་མཁན་དེ་ཨ་ཕ་རང་རེད་སྙམ་བཞིན་ཁོའི་སྟེང་ལ་ཞེ་སྡང་ཡང་ངང་ངམ་ཤུགས་ཀྱིས་སྐྱེས།

  ཕ་མ་ཟུང་གཉེན་འཐོར་བྱས་ན། ཕ་མ་མགོ་འཛོམས་མིན་པའི་དྭ་ཕྲུག་ཚོ་དང་འདྲ་བར་སློབ་གྲྭ་ནས་སློབ་གྲོགས་ཚོའི་འཕྱ་སྨོད་དང་མཐོང་ཆུང་། བརྙས་བཅོས་ཅི་རིགས་མྱོང་ངེས་རེད། ངའི་ཀླད་པའི་ནང་དུ་མཚམས་ཚིགས་མེད་པར་གཞན་གྱི་བརྙས་བཅོས་དང་ཁྱད་གསོད་མྱོང་བཞིན་པའི་སྣང་བརྙན་ཅི་རིགས་ཤིན་ཏུ་གསོན་ཉམས་ལྡན་པའི་སྒོ་ནས་ཤར་ཡོང་བས། གཞུག་ཕྱོགས་སློབ་གྲྭར་འགྲོ་བར་དཀའ་ཁག་ཧ་ཅང་ཆེན་པོ་ཡོད་རྒྱུ་རེད་སྙམ།

  ཉིན་ཞག་འགའ་ཞིག་ཕར་ལ་འདས་ཀྱང་། ཨ་ཕའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་བས། ད་ནི་ཁོ་ཐག་ཆོད་སོང་། ད་ནས་བཟུང་ཆག་གྲུམ་དུ་གྱུར་པའི་ཁྱིམ་ཚང་འདི་ལ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་རང་ཉིད་ཀྱིས་འགན་འཁུར་དགོས་པ་རེད་སྙམ་བཞིན་སྐ་རགས་ཡང་བཅིངས་དང་བསམ་བློ་ཡང་གཏོང་བྱེད་དགོས་སྙམ།

  “ཨ་ཕ་གང་ལ་སོང་བ་རེད།” ཉིན་ཞིག་ང་རང་སློབ་གྲྭ་གྲོལ་ནས་ཕྱིར་ཁྱིམ་དུ་སླེབས་དུས་ཡུན་རིང་སེམས་ལ་བརྣགས་པའི་དོན་དག་དེ་ཨ་མར་མི་བཤད་ཐབས་མེད་བྱུང་།

  ཨ་མས་ངའི་སྐད་ཆ་མ་གོ་བ་ཡིན་ནམ། མ་གོ་ཁུལ་བྱས་པ་ཡིན། གང་ལྟར་ཁྱིམ་ལས་ལ་མགོ་འཁོར་ནས་ང་ལ་ཨ་ལན་གནང་མ་བྱུང་།

  ངས་ཡང་བསྐྱར་ཨ་མ་ལ་གཟབ་ནན་དང་བཅས་ཏེ་འདྲི་དགོས་བྱུང་། ཨ་མས་སྔར་བཞིན་ལན་མ་བཏབ། ཉིན་ཞག་འདི་དག་ལ་ནངས་ནུབ་ནམ་ཞིག་དང་སྒོ་ཁྱིམ་ཕྱི་ནང་གང་ཞིག་ཡིན་རུང་ཨ་མས་ང་ལ་གཡོལ་གང་ཐུབ་བྱས་ཏེ་ཐ་ན་ངའི་སློབ་སྦྱོང་གི་གནས་ཚུལ་ལའང་ཐེ་གཏོགས་ཆེར་མི་བྱེད་པར་འདུག།

  ཉིན་ཞག་འདི་དག་ལ་ངའི་ཨ་མ་ནི་བླ་འཁྱམས་པ་ལྟར་ལུས་པོ་ཁྱིམ་དུ་གནས་ཀྱང་རྣམ་ཤེས་གཞན་དུ་གྱར། སྐབས་ལན་རེར་མོ་རང་གིས་ཅི་ཞིག་བྱ་དགོས་པའམ་ཅི་ཞིག་བྱེད་བཞིན་པའང་མི་གོ་བར་ཡོད་པ་ལྟར་སྣང་། ཨ་མའི་གནས་སྟངས་དེས་ང་རང་སྔར་ལས་ཀྱང་སེམས་མི་བདེ་བར་གྱུར།

  ངས་ཨ་ཕ་ལགས་གང་དུ་ཕྱིན་པའམ་ཕ་མ་ཟུང་གི་བར་དུ་དོན་དམ་པར་གནས་ཚུལ་གང་འདྲ་ཞིག་ལྷགས་ཡོད་པ་ཤེས་འདོད་བྱུང་བ་དང་། ཡང་དང་བསྐྱར་དུ་ཨ་མ་ལགས་ལ་འདྲི་རྩད་བཏང་བས། མཐར་ཨ་མའང་ངའི་བྱེད་སྟངས་ཀྱིས་འུ་ཐུག་ཐབས་ཟད་དུ་གྱུར་ནས་ལན་གནང་བྱུང་།

  “ཨ་ཕས་ངེད་མ་བུ་བསྐྱུར་ནས་སོང་ཚར་བ་རེད། ད་ནས་ང་ཚོ་རང་གིས་འཚོ་བ་རོལ་ཐབས་བྱ་དགོས། ད་གོ་སོང་ངམ།” ཨ་མས་དབུགས་ཐེངས་གཅིག་གིས་བཤད་པའི་སྐད་ཆ་དེས་ང་རང་བློང་བློང་པོར་བཏང་ནས་དྲན་མེད་དུ་བརྒྱལ།

  3

  ངའི་དྲན་པ་སོར་ཆུད་བྱུང་དུས་སླར་ཡང་ནམ་གུང་ཞིག་ཏུ་ཁེལ་འདུག། ཕ་མ་གཉིས་ངའི་ཉལ་ཁྲིའི་གཞོགས་གཉིས་སུ་ལངས་ཏེ་ང་རང་སད་པར་སྒུག་འདུག། ང་རང་བརྒྱལ་ལས་སད་པ་མཐོང་འཕྲལ་གཞི་ནས་དབུགས་དབྱུང་ཙམ་ཐོབ་ཅིང་སེམས་བདེ་བའི་ཉམས་ཤིག་ངོ་གདོང་ལ་དོད་མོད། ཁོང་གཉིས་སུས་ཀྱང་ཁ་གྲགས་མ་བྱུང་།

  ང་རང་གློ་བུར་དུ་འདི་ལྟར་སད་ཅིང་། སླར་ཡང་འདི་ལྟ་བུའི་གནས་སྟངས་ཞིག་ཏུ་ཚུད་པས་ཅི་ཞིག་བཤད་དགོས་མ་ཤེས་པར་ལུས། གང་ལྟར་ཨ་ཕ་ལོག་ཕེབས་པས་ངའི་སེམས་ལ་དྲོད་སྣང་མི་དམན་པ་ཞིག་བྱིན་བྱུང་བས། ང་རང་སྔར་བཞིན་མལ་ཁྲིར་གན་རྐྱལ་དུ་ཉལ་ནས་མིག་མདུན་གྱི་ཆེས་རྒྱུས་ཆེ་བའམ་ཡང་ན་ཆེས་ཆ་མེད་དུ་འགྱུར་བཞིན་པའི་ཕ་མ་གཉིས་ཀྱི་ངོ་གདོང་ལ་ཅེར་ནས་མིག་ཆུ་ཤོར།

  ཕྱི་ཉིན་སྔ་མོར་གཉིད་ལས་སད་དུས། ཨ་ཕ་མིག་འཕྲུལ་བསྟན་པ་བཞིན་སླར་ཡང་ག་ཤེད་ཅིག་ལ་སོང་ཟིན་འདུག། དེས་མདང་ནུབ་ཀྱི་ཡོད་ཚད་ནི་རྨི་ལམ་ཙམ་མོ་ཞེས་བརྗོད་པ་དང་ཀུན་ནས་མཚུངས། དེ་འདྲ་ཡིན་ན། ང་རང་རྨི་ལམ་དེ་ལས་གཏན་དུ་སད་རྒྱུ་མ་བྱུང་ན་དགའ་ཨང་།

  ཨ་ཕས་སྒྱུ་འཕྲུལ་བསྟན་པ་ལྟར་ང་རང་ན་ཚ་དང་ཉེན་ཁ་ལ་འཕྲད་ཡོད་དུས་ལམ་སང་གམ་དུ་སླེབས་ཡོང་བ་དང་། ང་རང་ནད་དང་ཉེན་ཁ་ལས་གྲོལ་བའི་ཚེ་འཇའ་ཚོན་བཞིན་གར་སོང་ཆ་མེད་དུ་ཡལ་འགྲོ་བ་ནི་ང་ལ་མཚོན་ན་མནར་གཅོད་ཅིག་རེད་ལ། ལྐོག་གྱུར་གྱི་སེམས་གསོ་ཞིག་ཀྱང་རེད། ཕ་མ་ཟུང་ཁ་མ་འབྲལ་བར་གམ་དུ་གནས་ན། ང་རང་ཚེ་གང་པོར་ནད་གདོན་གྱིས་མནར་ཡང་སྐྱོན་མི་འདུག་བསམས་བྱུང་།

  ཉིན་དེར། ང་རང་སློབ་གྲྭར་མ་ཕྱིན་པར་ཉིན་གང་པོར་ཁྱིམ་ནས་ཉལ་བསྡད་པ་ཡིན། ངས་རང་ཉིད་ཀྱི་ཁང་མིག་ཆུང་ཆུང་དེ་ནས་ཉིན་གང་པོར་ཨ་ཕའི་ལོག་ཕེབས་ལ་བསྒུགས་མོད། སྒོའི་ནང་དུ་འཛུལ་ཡོང་མཁན་ནི་ཨ་མ་ཁོ་ན་ཙམ་སྟེ། ཨ་མའང་ཡོང་ཐེངས་ཤིན་ཏུ་ཉུང་ཉུང་རེད། སྒེའུ་ཁུང་ལས་ནང་དུ་འཚེར་བའི་འོད་སྣང་ཡང་ཇེ་ཞན་ནས་ཇེ་ཞན་དུ་གྱུར་ཏེ། མཐར་ཡོད་ཚད་སྨག་ནག་གིས་བཏུམས་སོང་ཡང་། ཨ་ཕའི་གྲིབ་མ་ཙམ་མཐོང་རྒྱུ་མ་བྱུང་།

  སྐབས་ཤིག་ལ་ཨ་མ་ནང་དུ་འཛུལ་ཡོང་ནས་ངའི་ཁང་མིག་གི་གློག་སྒྲོན་བཀར་བ་དང་། ང་ལ་ནུབ་འཚལ་ཞིག་གྲ་སྒྲིག་བྱས་འདུག། འོན་ཀྱང་། ང་ལ་ཟས་ཀྱི་ཡི་ག་གཏན་ནས་མི་འདུག། དེས་ཨ་མར་སེམས་ཚེགས་ངེས་ཅན་གཏད་པ་ཐག་གིས་ཆོད་དེ། མོས་ང་ལ་ཟས་ཡག་པོ་མ་ཟོས་ན་ལུས་ལ་གནོད་རབས་དང་ནད་སོས་མི་ཐུབ་རབས་སོགས་མང་པོ་ཞིག་བཤད། ངས་རང་ཉིད་ལ་ནམ་ཡང་དྲག་སྐྱེད་འབྱུང་རྒྱུ་མེད་པའི་ནད་ཅིག་བྱུང་ན་ཅི་མ་རུང་། ནམ་ཡང་ཕ་མ་གཉིས་ཀས་བསྐོར་ནས་འདུག་དགོས་པའི་ནད་ཅིག་བྱུང་ན་ཅི་མ་རུང་ཨང་སྙམ་བྱུང་། ངས་ཨ་མའི་ངག་ལ་མ་ཉན་ཅིང་ཟ་མ་ཁམ་གང་ཡང་མ་ཟོས་པར་སྡུག་ཆེ་མདོག་གིས་མལ་ཁྲིའི་སྒང་དུ་ཙོག་པུར་བསྡད་པ་ཡིན། ཐ་ན་ཁོང་ལ་ཁ་གཅིག་ཀྱང་མ་གྲག་པ་ཡིན། རྒྱུ་མཚན་ཡང་ཨ་མས་ང་ལ་དོན་དག་འདིའི་འབྱུང་རྐྱེན་སོགས་ཕྱི་གསལ་ནང་གསལ་ཞིག་བཤད་ཡོང་ན་བསམ་པ་ཡིན།

  སེམས་པ་སྟོང་ལྷང་ལྷང་། ཕོ་བ་སྟོང་ལྷང་ལྷང་། ང་རང་ཡང་བསྐྱར་རང་ཉིད་ཀྱི་ཁང་མིག་ཆུང་ཆུང་དེ་ནས་མཚན་གང་པོར་ཁེར་རྐྱང་དུ་ལུས། ནམ་སྨད་ཙམ་ལ་གཉིད་ཟ་ཟི་ཞིག་གི་དབང་དུ་གྱུར་ཅིང་། སླར་ཡང་གཉིད་ལས་སད་དུས་ཕྱི་ཉིན་ཉིན་གུང་ཙམ་ལ་ཁེལ་འདུག།

  4

  ཉིན་ཞག་མང་པོ་ཞིག་འགོར་སོང་། ཨ་ཕ་སྔར་བཞིན་ཕྱིར་ལོག་རྒྱུ་མ་བྱུང་།

  ངས་བསྒུགས་བསྒུགས་པའི་མཐར། ཨ་ཕ་ཕྱིར་ལོག་རྒྱུའི་ཚབ་ཏུ་སྔོན་ཆད་མཐོང་མྱོང་མེད་པའི་རྒད་པོ་ལོ་ཡར་གསེག་ཅིག་སླེབས་བྱུང་། ངས་རྒད་པོ་དེ་ལ་ཁ་གཅིག་ཀྱང་མ་གྲག་མོད། ང་ལ་བྱམས་བྱམས་འདྲ་ཞིག་བྱས་ཡོང་བས། དེ་ལས་ཀྱང་མི་བདེ་མི་སྐྱིད་པའི་ཚོར་སྣང་ཞིག་གིས་ངའི་ལུས་སེམས་གཉིས་ལ་གཙེས་ཡོང་།

  ངོ་མི་ཤེས་པའི་རྒད་པོ་དེས་ནི་ཡུན་རིང་བཙལ་བའི་གནས་མལ་ཞིག་རྙེད་སོང་བ་ལྟར་ངེད་ཚང་ནས་ཤིན་ཏུ་བག་ལྷོད་ངང་བསྡད་པས། ང་ནི་ཉིན་རེ་ལས་ཉིན་རེར་ཞེ་འཁོན་ལྟ་བུ་ཞིག་གིས་གཙེས་ཏེ་ཤིན་ཏུ་སྡོད་བཟོད་མི་བདེ་བར་གྱུར།

  ཉིན་ཞིག་ལ་ཨ་མའི་གམ་དུ་བཅར་ནས“རྒད་པོ་ཁོ་སུ་རེད། ངེད་ཚང་ལ་ཡོང་དོན་ཅི་རེད། ཨ་ཕ་ད་རུང་ཕྱིར་མི་ལོག་དོན་ཅི་རེད”ཅེས་དྲི་བ་གཅིག་ཐོག་གཉིས་བརྩེགས་བྱས་ནས་དྲིས་མོད། ཨ་མས་སྔར་བཞིན་ང་ལ་མི་སྨྲ་བའི་བརྟུལ་ཞུགས་བཟུང་ནས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པས། ང་ནི་ལྷག་པར་བཟོད་བསྲན་མི་ཐུབ་པ་ཞིག་ཏུ་གྱུར་སོང་། དེ་བས། ཐད་ཀར་ཨ་མའི་གདོང་ལ་མཛུབ་མོ་ཀེར་ནས“རྒད་པོ་འདི་ངེད་ཚང་ནས་ནམ་ཞིག་ལ་འགྲོ་རྒྱུ་རེད། ཁོ་སློང་མོ་བ་ཞིག་རེད་དམ། གལ་ཏེ་ཡིན་ན་ཟ་རྒྱུ་འཐུང་རྒྱུ་ཉུང་ཙམ་སྤྲད་ནས་ག་ཤེད་ལ་མངགས་ན་མི་དགའ་འམ”ཞེས་ཟུར་ཟ་དང་བཅས་ཏེ་བཤད་པ་ཡིན། སྐད་ཆ་དེ་ཨ་མའི་རྣ་བར་རབ་ཏུ་གཟན་བྱུང་བའམ་ཡང་ན་སེམས་ཀྱི་རྨ་ཁ་གང་ཞིག་ལ་རེག་པ་ལྟར་མོས་ངའི་ངོ་གདོང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་ནས“ཁྱི་ཁ་ཚུམས། ཉི་མ་དེ་རིང་ནས་བཟུང་འདི་འདྲའི་སྐད་ཆ་ཞིག་ཤོད་དང་ངས་རང་དགར་མི་འཇོག་ཁོ་ཐག་ཡིན”ཞེས་ང་རང་དགྲ་ནག་པོ་ཞིག་གི་ཚད་དུ་བཟུང་ནས་བཤད་བྱུང་བས། ང་རང་ཧ་ལས་ཤིང་ཧང་སངས་པར་གྱུར་ཏེ་རེ་ཞིག་ལ་ཅི་བྱ་གཏོལ་བྲལ་དུ་གྱུར། ཨ་མའི་སྐད་ཆ་དང་བྱེད་སྟངས་དེ་དག་གིས་ངའི་སེམས་པ་ཐེལ་ཚལ་སྦར་ཚལ་དུ་བཏང་། ངས་དངོས་འབྲེལ་རང་ཉིད་ཤི་སོང་ན་ཅིས་མི་དགའ་སྙམ་བྱུང་།

  ཉི་མ་དེ་ནས་བཟུང་ངས་རྒད་པོ་དེ་ནི་ངེད་ཚང་གི་ཁྱིམ་ཚང་འདིའམ་ངའི་དྲིན་ཆེན་ཕ་མ་ཟུང་ཁ་ཐོར་དུ་གཏོང་བའི་གཏེ་བོ་ཡིན་པ་ཤེས་བྱུང་། ཨ་ཕ་ཕྱིར་ལོག་མེད་པའི་རྒྱུ་མཚན་ཡང་ཁོ་ལ་ཐུག་ཡོད་པ་གསལ་པོར་གོ་སོང་བས། ངས་ཁོ་རང་དགྲ་ནག་པོ་ཞིག་ལ་བརྩིས་ནས་ཁ་ལོག་ཚིག་ལོག་དང་མིག་ལོག་བརྡ་ལོག་ཁོ་ན་བྱས་པ་ཡིན་མོད། རྒད་པོས་དེ་ལས་ལྡོག་སྟེ་ང་རང་གང་ནས་མཐོང་ན་བྱམས་དུང་དུང་དང་སྙིང་རྗེ་རྗེས་ཁ་བཟང་ཚིག་རྒྱན་བཤད་ཡོང་། དེས་ང་ལ་སེམས་འགུལ་ཐེབས་པ་ལྟ་ཞོག། སྔར་བས་ཀྱང་ཞེ་འཁོན་ལྷག་པ་ཞིག་གིས་གཙེས། དེ་ནས་ཁྱིམ་འདིར་ང་ལ་སྐྱིད་པའི་སྐལ་བ་དུས་གཅིག་ཙམ་ཡང་མ་བྱུང་། ཐ་ན་ཨ་མ་ཡང་ང་དང་ཐག་ཇེ་རིང་དུ་ཕྱིན་ཚར་བའི་སྣང་བ་ཞིག་འགོག་མེད་དུ་སྐྱེས།

  གཞིས་ཁྱིམ་དྲོན་མོ་ཞིག་གློ་བུར་དུ་འདི་ལྟར་འགྱུར་དགོས་བྱུང་བ་ནི་ཅིས་ཀྱང་དང་ལེན་དཀའ་བ་ཞིག་སྟེ། ངས་ཇི་ལྟར་གནས་སྟངས་གསར་པ་འདི་སྣང་ལ་མ་ངེས་པའི་ངང་དུ་བཞག་ན། དེ་ལྟར་ནང་སེམས་སུ་ལྡིང་སྐོར་བརྒྱབ་ཡོང་ལ། ཇི་ལྟར་ནང་སེམས་སུ་ལྡིང་སྐོར་བརྒྱབ་ན་དེ་ལྟར་ཞེ་སྡང་དང་ཁོང་ཁྲོ་འཕྱུར་ནས་ལུས་སེམས་ཐམས་ཅད་བསྲེགས་ཡོང་བར་འདུག།

  རྒད་པོ་དེ་ངེད་ཚང་དུ་སླེབས་པ་ནས་ང་རང་དྲན་མེད་དུ་བརྒྱལ་ཡང་རེ་སྒུག་ཁྲོད་ཀྱི་ཨ་ཕའི་གྲིབ་མ་ཙམ་ཡང་མ་མཐོང་། དེ་ནི་ང་ལ་མཚོན་ན་མནར་གཅོད་ཅིག་རེད་ལ། དེ་ལས་ཀྱང་ཤིན་ཏུ་ཐེག་པར་དཀའ་བའི་ཁེར་རྐྱང་གི་སྡུག་བསྔལ་ཞིག་རེད། ང་རང་ནམ་གུང་དུ་སད་ཐེངས་རེ་རེར་ནམ་ཡང་སད་རྒྱུ་མ་བྱུང་ན་ཅི་མ་རུང་སྙམ་ཡང་། ད་ལྟ་རྒད་པོ་དང་ཨ་མ་གཉིས་ཀ་ཙམ་དུ་མ་ཟད། ང་དང་འབྲེལ་བའི་ཁོར་ཡུག་དང་མཁའ་དབུགས། ནམ་མཁའ་དང་ས་གཞི། ས་ཆུ་མེ་རླུང་སོགས་ཡོད་ཚད་ངའི་ཁ་གཏད་དུ་ལངས་ནས་ང་ལ་བརྙས་བཅོས་གཏོང་བཞིན་པ་ལྟར་དུ་སྣང་བས། ང་རང་ཉིན་རེ་ལས་ཉིན་རེ་བཞིན་སྡུག་བསྔལ་གྱི་རྒྱ་མཚོའི་གཏིང་དུ་བྱིངས་ནས་སྒྲོལ་ཐབས་མ་བྱུང་།

  5

  ད་ལྟ་ངས་གསལ་ཐག་ཆོད་སོང་། ཕ་མ་གཉིས་གཉེན་འཐོར་ཚར་འདུག། རེ་སྒུག་ཁྲོད་ཀྱི་ཨ་ཕ་ལ་སླར་ལོག་རྒྱུ་མ་བྱུང་། སེམས་ནང་གི་ཚེར་མ་དང་མིག་ནང་གི་འཛེར་མ་ལྟ་བུའི་རྒད་པོ་དེ་ནི་ངེད་ཚང་ནས་གཏན་དུ་འདུག་རྒྱུ་ཡིན་པ་ལྟར་ཉི་མ་རེ་རེར་ཁོ་རང་གི་འཚོ་བའི་མཁོ་ཆས་མང་པོ་ཞིག་ཁྱིམ་ལ་སྤར་ཡོང་བར་མ་ཟད། ཨ་མས་ང་རང་སྣང་མེད་དུ་འཇོག་པའི་བྱ་སྤྱོད་དག་གིས་ང་ཁྱིམ་ཚང་འདི་ནས་སྡོད་བཟོད་མི་བདེ་བར་བཏང་། འོན་ཀྱང་། ང་ལ་འགྲོ་སའི་གནས་དང་རེ་སའི་སྐྱབས་མེད་པས་མུ་མཐུད་དུ་འདི་ལྟར་སྡུག་སྒོམ་བྱས་ནས་སྡོད་པ་ལས་ཅི་བྱ།

  ཨ་ཕ་ཁྱིམ་དང་བྲལ་བ་ནས་བཟུང་། ངེད་ཚང་གི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་། ཐོག་མར་ཆ་མེད་རྒྱུས་མེད་ཀྱི་རྒད་པོ་ཞིག་ལ་གདོང་གཏད་ནས་དེ་དང་འདྲེས་ཐབས་བྱ་དགོས་པར་མ་ཟད། སྐབས་དང་སྐབས་སུ་ཨ་མ་དང་ཁོ་གཉིས་ཀྱི་ངོ་ཚ་ཁྲེལ་མེད་ཀྱི་བྱ་སྤྱོད་འགའ་རེའང་མཐོང་ལམ་དུ་སྣང་ཡོང་བས། སྔོན་གྱི་ཡ་རབས་ཚུལ་ལྡན་གྱི་ཁྱིམ་ཚང་འདི་ད་ལྟ་འདི་ལྟར་ནང་དུ་བརྩེ་བ་ཡལ་ཞིང་ཕྱི་རུ་འཕྱ་སྨོད་མང་བའི་སྐྱུགས་བྲོ་ཞེ་མེར་བ་ཞིག་ཏུ་གྱུར་པ་དེས། ང་རང་སྤྱི་ཚོགས་དང་འཚོ་བ་སོགས་ཕྱོགས་གང་ཐད་ཀྱི་བས་མཐར་དེད་ཡོང་བས། ཁྱིམ་ན་ཡོད་དུས་སློབ་གྲྭར་འགྲོ་འདོད་མེད་པ་དང་སློབ་གྲྭ་ན་ཡོད་དུས་ཁྱིམ་ལ་ལོག་འདོད་མེད་པ་ཞིག་ཏུ་གྱུར་སོང་། གང་དུ་སོང་ཡང་གང་ནས་བསྡད་ཀྱང་ང་རང་གཅིག་པུ་གྲོགས་མེད་ཁེར་རྐྱང་དུ་འདུག་པ་ལས། གཞན་ལ་གྲོགས་སྒྲིག་པའམ་འབྲེལ་འདྲིས་བྱེད་པའི་སེམས་ཁམས་དེ་རྨང་ནས་ཡལ་ཟིན་འདུག།

  རྒད་པོ་དེ་ངེད་ཚང་དུ་སླེབས་པ་ནས་བཟུང་། ངས་ཁོ་ལ་ངོ་གདོང་དཀར་པོ་ཞིག་ཐེངས་གཅིག་ལའང་བསྟན་མ་མྱོང་། དེ་ལས་ཀྱང་ཞེ་སྡང་དང་ཁོང་ཁྲོའི་མིག་མདངས་ཁོ་ནས་གདོང་གཏད་པས་མིན་འགྲོ། སྐབས་ཤིག་ནས་ཁོའི་སྔོན་གྱི་བཅོས་མའི་འཛུམ་མདངས་དེའང་གར་སོང་ཆ་མེད་དུ་གྱུར་སོང་བར་མ་ཟད། ཨ་མས་མཉམ་བཞག་མེད་པའི་སྐབས་སོགས་སུ་ང་ལ་གཤེ་གཤེ་གཏོང་བའམ་མི་དགའ་བའི་རྣམ་འགྱུར་ཅི་རིགས་སྟོན། ད་ལྟ་ང་ལ་སྔོན་ཆད་ལྟར་ཨ་མ་དང་མཉམ་དུ་གཅིག་སེམས་གཅིག་ལ་འདྲེས་ཏེ་སྙིང་གཏམ་གླེང་བའི་གོ་སྐབས་མེད་པས། རང་གི་སྐྱིད་སྡུག་ཐམས་ཅད་རང་སེམས་སུ་བསྐུངས་ནས་མིག་ཆུ་དང་ལྷན་དུ་ཁོག་སྡུག་འཆང་བ་ལས་ཅི་བྱར་ཡོད།

  ཉིན་ཞིག་ལ། ངས་ཡིད་གཟབ་མ་བྱས་པར་རྒད་པོ་དེའི་ཕོར་པ་ཐང་ལ་ཤོར་ནས་ཆག་གྲུམ་དུ་གྱུར་པས། རྒད་པོ་ཁོ་ཁ་སྤོ་ཁ་ནས་ལངས་ཞེ་སྤོ་གཏིང་ནས་ལངས་ཏེ་ང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་པར་མ་ཟད། ཤིན་ཏུ་གཟན་པའི་ཚིག་རྩུབ་འབའ་ཞིག་གང་བྱུང་དུ་བརྡོལ་ཡོང་བས་ངའི་ལུས་སེམས་གཉིས་ལ་རྨ་ཁ་ཆེན་པོ་བཞག་སོང་། གློ་བུར་དུ་བྱུང་བའི་དོན་དག་འདི་ཨ་མས་ཀྱང་གསལ་པོར་མཐོང་སོང་མོད། ཨ་མས་བཀག་འགོག་ཙམ་ཡང་མ་བྱས་པར། ལྡོག་སྟེ་ང་ལ་གཤེ་གཤེ་བཏང་ནས“བླ་འཁྱམས་སོང་བ་རེད་དམ། རྣམ་ཤེས་བོར་སོང་བ་རེད། བྱ་བ་གང་ཞིག་སྒྲུབ་ཀྱང་ཡིད་གཟབ་གཏན་ནས་མི་བྱེད་པ་ཅི་རེད”ཅེས་ཧ་ཅང་རྣ་བར་གཟན་ཞིང་སེམས་སུ་དྲན་ཡང་མི་ཐུབ་པའི་སྐད་ཆ་དེ་འདྲ་བསྙད་བྱུང་བས། ང་རང་དངོས་འབྲེལ་བླ་འཁྱམ་པ་ལྟར་ཁ་མལ་དེ་ནས་ཡང་བསྐྱར་དྲན་མེད་དུ་བརྒྱལ་སོང་།

  ཐེངས་འདིར་དྲན་པ་སླར་སོས་དུས་སྔར་བཞིན་ནམ་གུང་ཞིག་ཏུ་ཁེལ་འདུག་མོད། ད་ཐེངས་ང་རང་སྨན་ཁང་དུ་མི་འདུག་ལ། ཉལ་ཁྲིའི་གཞོགས་གཉིས་སུ་ཕ་མ་གཉིས་ཀའང་མི་སྣང་། ང་རང་མལ་ཁྲིའི་ཐོག་ཏུ་ཁེར་རྐྱང་ངང་ལུས་འདུག། ཁུ་སིམ་ལྷིང་འཇགས་ཀྱི་མཚན་མོ་དེ་ནས་བཟུང་ང་རང་སྐབས་ངེས་མེད་དུ་བརྒྱལ་འགྲོ་བ་དང་། བརྒྱལ་བ་ནས་སད་ཐེངས་རེ་རེར་ཁེར་རྐྱང་དུ་ལུས་འདུག།

  6

  དུས་དེ་ནས་བཟུང་ང་རང་ནམ་རྒྱུན་ཤེས་པ་འཆོལ་ནས་ཅི་ཡིན་འདི་ཡིན་མེད་པ་ཞིག་ཏུ་གྱུར་ནས་རིམ་བཞིན་སྨྱོན་པ་སྨྱོན་ནག་ཅིག་ཏུ་གྱུར་སོང་།

  ༢༠༢༦ལོའི《མི་རིགས་ཀྱི་རྩོམ་རིག》དེབ་བཞི་པར་བཀོད།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ང་རང་སྨྱོན་པར་གྱུར་དོན།

2026-08-05 ཆོས་དབྱིངས་རྒྱ་མཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།