ཕ་ཡུལ་གྱི་དྲན་ཤིང་།(ཞར་བཀོད་གསུམ་ཡོད)
ཉིན་འདི་དག་ལ་ཕ་ཡུལ་ནས་གཙོས་ལ་ཆུ་ལེན་དུ་འགྲོ་བ་བཞིན་ཕར་འགྲོ་ཚུར་འགྲོ་གང་མང་བྱས་མོད། ལམ་འགྲམ་གྱི་སྡོང་རྒན་གཉིས་ཚེབ་ཅན་དེ་ལ་མཉམ་འཇོག་ཡེ་ནས་མ་བྱས། དེ་རིང་ཡང་སྔར་ལྟར་གཙོས་ལ་འགྲོ་བའི་ལམ་བར་ནས། མིག་གི་ལྟ་ཕྱོགས་ཞིག་གིས་སྡོང་རྒན་གཉིས་ཚེབ་ཅན་དེའི་སྡོང་སྐེད་ན་ལྗང་མདོག་གི་ཡལ་ག་གསར་བ་ཞིག་སྐྱེས་འདུག་ཀྱང་སྡོང་མགོ་སྐམ་འདུག་པ་མཐོང་བྱུང་། སེམས་ལ་སྡོང་རྒན་འདིའང་དུས་ཚོད་ཀྱི་འགྲོས་ཀྱིས་རྒས་ཡོད་པས། ང་ཚོའང་དེ་དང་འདྲ་བར་གདོང་གི་གཉེར་མ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དྲན་བྱུང་།
སྡོང་རྒན་གཉིས་ཚེབ་ཅན་དེ་ང་དང་འདྲ་བའི་ཡུལ་མི་དག་གི་སེམས་ཀྱི་དྲན་ཤིང་དང་། ཕ་ཡུལ་གྱི་ས་རྟགས་ལྟ་བུ་ཡིན་ལ། མི་མང་བོ་ཞིག་གིས་རྡོར་གསུམ་གྱི་སྡོང་རྒན་གཉིས་ཚེབ་ཅན་དེ་ཞེས་སྡོང་བོ་མང་བོའི་གྲས་ཀྱི་རྟགས་མ་ལྟ་བུར་ངོས་འཛིན་བྱེད། སྡོང་རྒན་དེ་ནི་ཁ་གྲག་ཤེས་པའི་གནའ་མི་ལོ་ལོན་ཞིག་དང་འདྲ་བར་ཡུལ་འདིའི་འདས་དོན་མང་བོ་བཤད་ཤེས། དེའི་ནང་དུ་ཞེ་དགའ་བའི་གཏམ་བཟང་ཡོད་ལ། ཡིད་སྐྱོ་བའི་མཆི་མའང་ཡོད་ངེས། ངའི་བྱིས་དུས་ཀྱི་དགོད་བྲོ་བའི་གཏམ་རྒྱུད་སྣ་ཚོགས་ཀྱང་སྡོང་རྩ་འདིར་སྦས་ཡོད།
ང་ཚོའི་ཡུལ་ནས་སློབ་གྲྭའི་བར་ལ་སྤྱི་ལེ་གསུམ་བཞི་ཙམ་ཡོད་ལ། ནམ་རྒྱུན་སློབ་གྲྭ་གྲོལ་ནས་ཡུལ་ལ་ལོག་ན་སྡོང་རྒན་གཉིས་ཚེབ་ཅན་དེ་བརྒྱུད་དགོས། ཉིན་རྒྱུན་སློབ་གྲྭ་གྲོལ་ཁར་དགེ་རྒན་གྱིས་ང་ཚོ་ཚང་བརྩི་བྱ་ངེས། དེ་དུས་གྲལ་སྒྲིག་སྟངས་ཀྱང་འཛིན་གྲྭ་རེ་རེ་བྱས་ནས་བསྒྲིགས་མེད་པར་སྡེ་བ་རེ་རེའི་བྱིས་པ་དག་མཉམ་དུ་བསྒྲིགས་ནས་ཚང་བརྩི་བྱེད་བཞིན་ཡོད། དགེ་རྒན་གྱིས་ད་ཡིན་ཞེས་ཡུལ་ལ་ལོག་ཆོག་པའི་བརྡ་བསྟན་རྗེས། ང་ཚོ་སློབ་གྲྭའི་རྒྱ་སྒོ་མན་ལ་ཐོན་པ་ནས་རྒྱུགས་རེས་བྱས་ཏེ། གཅིག གཉིས་ཞེས་རྡོར་གསུམ་མདོའི་སྨན་ཆུ་འཐུང་བའི་ཨང་རིམ་རྩོད་ཀྱིན་ཡོད། དེ་ནས་སྨན་ཆུ་ཧུབ་གང་དོ་འཐུང་ཚར་རྗེས་ཡར་སྨི་བརྒྱ་ཡས་མས་ཡོང་ན། སྡང་རྒན་གཉིས་ཚེབ་དེའི་གཡས་འགྲམ་ལ་ཐོན་ཡོད་པ་དང་དེར་༼ཝ་དཀར་འདྲིས༽ཟེར་ཞིང་། ཆུ་འགོ་ཞིག་ཀྱང་ཡོད་སྟབས། དེ་ནས་སྡེ་བ་གང་བོའི་བྱིས་པ་ཚང་མས་མཉམ་དུ་བྲོ་ཁ་ཟ་ཞོར་དུ་ཆུ་ཧུབ་གང་དོ་འཐུང་ནས་ངལ་གསོ་བྱེད་པ་གོམས་སྲོལ་ཞིག་ཏུ་ཆགས་ཡོད་ལ། མཚམས་ལན་རེར་སྔ་གཞུག་ཤོར་ཡོད་ནའང་ཅུང་མགྱོགས་པ་དག་གིས་གནས་དེ་ནས་རྗེས་མ་ཚོར་བསྒུགས་ནས་མཉམ་དུ་བྲོ་ཁ་ཟ་རག་བར་དུ་འདུག་ངེས། སྐབས་ལན་རེར་བྲོ་ཁའི་ནང་དུ་གཡོས་རྒྱུ་དང་ཕག་རྩམ་རེ་ཡོད་དུས། ཆུ་འགོ་སྦགས་འགྲོ་ཞེས་བྲོ་ཁ་དེ་མི་ཟ་བར་གཞན་གྱི་བྲོ་ཁ་ཟོས་ནས་ཕོ་བ་རྒྱགས་ཐབས་བྱེད་ཀྱིན་ཡོད།
དེ་ལྟར་ཉིན་ནས་ཉིན་མཐུད། ཟླ་ནས་ཟླ་མཐུད་དེ་སློབ་གྲྭ་དེ་ནས་མཐར་ཕྱིན་རག་བར་སྡོང་རྒན་གཉིས་ཚེབ་ཅན་དེ་དང་འགྲོགས་ཏེ། བྱིས་དུས་ཀྱི་གཏམ་རྒྱུད་མང་བོ་ཞིག་བྲིས་ཡོད།
དེ་རིང་སྡོང་རྒན་འདི་མཐོང་བ་ན་བྱིས་དུས་ཀྱི་འདས་དོན་མང་བོ་ཞིག་མེ་ལོང་ནང་ལ་རི་མོ་ཤར་བ་བཞིན་ཡིད་ངོར་འཁོར་བྱུང་། ལོ་འདི་དག་ལ་རང་ཉིད་དང་རང་གི་ན་མཉམ་གྱི་བྱིས་པ་དག ད་དུང་ཕ་ཡུལ་གྱི་གོམས་གཤིས་སོགས་མང་བོ་ཞིག་འགྱུར་ནས་ངོ་མི་ཤེས་པ་ཞིག་ཏུ་གྱུར་ཚར་འདུག་མོད། སྡོང་རྒན་འདི་ནི་གནསའདིར་ཆེས་ཁྲེལ་གཞུང་ཅན་གྱི་གྲོགས་པོ་རྙིང་བ་ཞིག་དང་འདྲ་བར་ཁུ་སིམ་མེར་འགྲེངས་འདུག འདི་ནི་ཕ་ཡུལ་གྱི་ས་རྟགས་ལྟ་བུ་ཁོ་ན་མ་ཡིན་པར་ཕ་ཡུལ་གྱི་རང་ཚུགས་སྲུང་བའི་གནའ་མི་ཨུ་ཚུགས་ཅན་ཞིག་དང་ཡང་མཚུངས།
ལམ་ཁ་འདི་ནས་སྡོང་རྒན་འདིས་ཕ་ཡུལ་གྱི་ན་གཞོན་མང་བོ་ཞིག་ཕར་བསྐྱལ་ཅིང་ན་གཞོན་མང་བོ་ཞིག་ཚུར་བསུས་པ་རེད། ཁོ་ནི་བློ་ཁོག་ཡངས་པའི་མེས་པོ་རང་ཚུགས་ཅན་ཞིག་དང་འདྲ་པར་རྒྱལ་ཁ་ཅན་འཛུམ་གྱིས་བསུ་ལ། ཕམ་ཁ་ཅན་ཡང་འཛུམ་གྱིས་བསུ། ནོར་འཁྲུལ་ཅན་ལའང་ཁྲོ་གཉེར་མེད་པར་འཛུམ་གྱིས་བསུ་ཨང་།
ཕན་གཞན་ཐོགས་ལ་ཤིག གཡང་རང་ལ་འཁོར་ཤོག
ཉིན་འགའི་སྔོན་ལ་ཨ་ཕས་རྒྱ་ནང་གི་རྒྱ་རྒན་བཟང་ས་ཞིག་ལ་ཁ་པར་བཏང་ནས་ངེད་ཚང་ལ་ཡ་རུ་གཟའ་རོ་ཞིག་ཡོད་རབས་གླེང་ཡོད་པས། ཁ་སང་རྒྱ་རྒན་དེས་ཨ་ཕར་ཁ་པར་ཡོང་སྟེ། ངེད་ཚང་ལས་གཞན་པའི་ཁྱིམ་ཚང་དག་ལ་ཟོག་ལུག་གཟའ་རོ་ཡོད་མིན་འདྲི་བཞིན་འདུག་ལ། ཁོ་ཚང་ལ་ཁྱི་ཕྲུག་ཡོད་རབས་དང་ཁྱི་ཕྲུག་གཅིག་གི་རིན་གོང་མཐོན་པོ་ཡིན་རབས་སོགས་བཤད་སོང་།
སྤྱིར་བཏང་ཡིན་ན་ད་ནངས་ངའི་ཨ་ཕ་འབྲོག་ལ་ཚོད་འཛིན་དབང་གིས་མི་བཙོང་ཐབས་མེད་ཡིན་པའི་འབྲི་མ་བུ་དག་ཉོ་བདག་གི་ལག་ལ་སྤྲོད་དུ་འགྲོ་དགོས་མོད། ཨ་ཕས་རྒྱ་ནང་གི་བཟང་ས་དེ་ཡོང་རག་བར་སྒུག་ནས་བསྡད། རྒྱ་རྒན་དེ་ཡང་སྔ་མོ་ནས་ཐོན་འདུག ཨ་ཕས་ང་ལ་དཀར་ཡོལ་གཙང་མ་ཞིག་བཀྲུས་ཏེ་མར་ཆེ་ཙམ་ཞིག་འཕེན་དགོས་ཞེས་ནན་གྱིས་བཤད་བྱུང་བས། ངས་ཀྱང་དཀར་ཡོལ་གཙང་མ་བཀྲུས་རྗེས་ཆུར་བ་ཉུང་ཙམ་ཞིག་དང་མར་ཆེ་ཙམ་ཞིག་འཕངས་ནས། དཀར་ཡོལ་རྒྱ་རྒན་དེའི་ལག་ལ་བཞག་པ་ཡིན། ཨ་ཕས་རྒྱ་དེར་རྩམ་པ་ཟོ་དང་རྩམ་པ་གཙང་མ་ཡིན་ཚུལ་སོགས་བཤད་པའི་ཞོར་ལ་ཚོང་གཏམ་འགོ་བརྩམས། རིན་གོང་ཁོ་གཉིས་ཀྱི་ཕུ་རུང་ནང་ནས་གཏམ་པས། དོན་དངོས་སུ་གཟའ་རོའི་རིན་གོང་ཅི་ཙམ་ཡིན་པ་ངས་མ་ཤེས་ལ། ནངས་ཇ་འཐུང་ཚར་རྗེས། ང་ཀྱང་ཡ་རུ་དེ་རླངས་འཁོར་ནང་ལ་འཇོག་རོགས་ལ་སོང་བ་ཡིན།
ངེད་གསུམ་གྱིས་ཡ་རུ་དེ་རླངས་འཁོར་ནང་ལ་བཞག་ཚར་རྗེས། རྒྱ་རྒན་གྱིས་རིན་གོང་ལག་སྒོར་བྱས་ཏེ་སྟེར་དགོས་སམ་ཡང་ན་ཁ་པར་ནས་བསྐུར་རྒྱུ་ཡིན་ཞེས་དྲིས་པར། ཨ་ཕས་ང་ལ་ལག་སྒོར་དགོས་ཞེས་བཤད་པས། དེ་ན་ད་ཐེངས་ངའི་ལག་ན་ལག་སྒོར་མང་བོ་ཞིག་མེད་པས། རྗེས་མ་ཡར་ཡོང་ན་སྟེར་ཞེས་བཤད་བྱུང་། ཨ་ཕས་ཡ་རུའི་རྔ་མའི་ནང་ནས་རྩིད་པ་ཉུང་ཙམ་བལ་ནས་ཕན་གཞན་ལ་ཐོགས་པར་ཤོག་ཅིག གཡང་རང་ལ་འཁོར་བར་ཤོག་ཅིག་ཅེས་ཁ་གཡང་བོས་བྱུང་།
ཉིན་འདི་དག་ལ་ངས་ཨ་ཕས་ཡ་རུ་ལ་སྐྱེལ་མའི་ཚུལ་དུ་བོས་པའི་ཁ་གཡང་དེར་བསམ་བློ་ཡང་ཡང་བཏང་བ་ཡིན། ཕན་གཞན་ལ་ཐོགས་པ་དང་གཡང་རང་ལ་འཁོར་དགོས་པའི་བསམ་བློ་འདི་ནི་ཇི་འདྲའི་བསམ་ཡུལ་ལས་འདས་པ་ཞིག་ཨང་། ངའི་ཡིད་ལ་སྐབས་སྐབས་སུ་ནམ་མཁའ་དང་ས་གཞི་འཁོར་ཡོང་།
ཕན་གཞན་ལ་ཐོགས་དགོས་པ་ནི་གཞན་ཕན་གྱི་བསམ་བློ་ཞིག་དང་། གཡང་རང་ལ་འཁོར་དགོས་པ་ནི་འཚོ་བར་བཅང་བའི་རེ་སྨོན་དང་བརྩེ་བ་ཟབ་མོ་ཞིག་རེད། གནས་ལུགས་འདི་ཙམ་ནི་སུས་ཀྱང་གོ་ཐུབ་མོད། གནས་ལུགས་འདི་ལྟ་བུ་ཞིག་མི་གཅིག་གི་བསམ་བློར་ཤོང་བ་ནི་དེ་ལས་ཀྱང་ཧ་ལས་པ་ཞིག་རེད། བལྟས་ཙམ་གྱིས་འགལ་བ་ལྟ་བུའི་བསམ་བློ་འདི་ལྟ་བུ་ཞིག་ཤེས་རབ་ལྡན་པའི་འབྲོག་པ་ཚོའི་བློ་ངོ་ལ་ད་གཟོད་འགལ་མེད་དུ་གནས་ཐུབ།
རང་གཞན་གཉིས་ཕན་ཞེས་པའི་ཐ་སྙད་འདི་སྔ་མོ་ནས་མཐོང་མྱོང་མོད། དེ་ལ་དཔེ་བརྗོད་འོས་འཚམ་ཞིག་ད་སྔ་ཡིད་ལ་མ་འཁོར། རྡེའུ་ཆུང་ཆུང་གཉིས་ལྷམ་ཆུང་གཅིག་ཏུ་བླུགས་པ་དང་། སྤང་ཐང་དུ་བཞག་པ། རྒྱ་མཚོར་གཡུགས་པ་རེ་རེ་ལ་འགྱུར་ལྡོག་རེ་རེ་འབྱུང་སྲིད། ཁོར་ཡུག་ཅི་ཙམ་ཆུང་ན་གཙུབ་བརྡར་དེ་ཙམ་ཆེ་ལ། ཁོར་ཡུག་ཅི་ཙམ་རྒྱ་ཆེ་ན་དེ་ལྟར་གཙུབ་བརྡར་མེད་པར་གནས་ཐུབ། གནས་ལུགས་འདིས་བདག་གི་བློ་སྒོ་ཕྱེ་སོང་། འཚོ་བའི་ཁྲོད་ཀྱི་གཙུབ་བརྡར་མང་བོའི་འབྱུང་རྐྱེན་ཡང་རོབ་ཙམ་ཞིག་ཟུར་གྱིས་མཐོང་སོང་བ་འདྲ།
ཨ་མྱེས་དང་ཆུ་རགས།
ད་སྐབས་ཡུལ་ཕྱོགས་སོ་སོ་ན་ཆུ་རགས་དང་ཆུ་རྐ་ཆེ་ཆུང་སྣ་ཚོགས་བཟོས་ཏེ་རྨ་འབྲི་ཟླ་གསུམ་གྱིས་མཚོན་པའི་ཆུ་དང་གཙང་བོ་མང་བོ་འཚོ་བའི་མཐུན་རྐྱེན་དུ་བཀོལ་བཞིན་མཆིས། ཀྲུང་གོའི་ལོ་རྒྱུས་ཁྲོད་རྨ་ཆུའི་འབབ་རྒྱུད་ལ་ཆུ་རགས་རྒྱག་པ་ནི་གོམས་སྲོལ་ལྟ་བུ་ཞིག་ཏུ་ཆགས་ཡོད་པར་མ་ཟད། མ་ལས་ཐབས་མེད་ཡིན་པའི་ལས་གཞི་ཆེ་གྲས་ཀྱི་ཁོངས་སུ་ཚུད་ཡོད་དེ། ལོ་རེའི་དབྱར་ཁར་རྨ་ཆུའི་སྟོད་རྒྱུད་ནས་ཆུ་རྒྱས་ན། རྨ་ཆུའི་སྨད་རྒྱུད་ཀྱི་མང་ཚོགས་ཀྱི་ས་ཞིང་དང་གྲོང་ཁྱེར་ཆུས་ནུབ་པ་ནི་རྒྱུན་ལྡན་གྱི་གསར་འགྱུར་ལྟ་བུར་གྱུར་ཡོད། རྨ་ཆུའི་ལོ་རྒྱུས་ལ་ཕྱིར་མིག་རེ་བལྟས་ནའང་མང་ཚོགས་ཀྱི་རེ་བ་དང་དམག་འཁྲུག་གི་དགེ་དབང་སོགས་ཀྱིས་རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་རགས་ཀྱིས་མི་སེར་ཁྲི་འབུམ་མང་བོའི་བདེ་སྡུག་ལ་འགྱུར་བ་བཏང་མྱོང་།
སྤྱི་ལོ་༡༩༤༢ལོ་གཅིག་བུར་ཡང་ནང་ལོགས་ཧི་ནན་ཞིང་ཆེན་དུ་འཇར་འགོག་གི་ཆེད་དུ་རྨ་ཆུ་བེད་སྤྱོད་བཏང་སྟེ་དགྲ་བོའི་མདུན་བསྐྱོད་ཀྱི་ལམ་བཀག་པས་མཐར་ཧི་ནན་གྱི་ས་ཞིང་ཡོད་ཚད་རྨ་ཆུས་བསྣུབས་ཏེ་མི་སེར་ཁྲི་སུམ་བརྒྱ་ལྷག་མུ་གེར་ཤི་བ་རེད། ལོ་རྒྱུས་དེ་ཨ་རི་བ་ཞིག་གིས་བྲིས་པའི་༼ཆུ་ལོག་དང་མུ་གེ༽《洪水与饥荒》ཞེས་པའི་དེབ་ཏུ་གསལ་བར་མ་ཟད། ཀྲུང་གོའི་སྒྲུང་རྩོམ་པ་གྲགས་ཅན་ལིའུ་ཀྲིན་ཡུན་གྱི་སྤྱི་ལོ་༡༩༤༢ཕྱིར་དྲན་པ་温故一九四二ཞེས་པའི་སྒྲུང་རྩོམ་ཡང་བརྗོད་བྱ་དེར་འབྲེལ་ཡོད། སྒྲུང་རྩོམ་དེ་གློག་བརྙན་དུ་བཟོས་ཡོད་པ་ལ་བལྟ་འདོད་ཆེན་པོ་ཡོད་ཀྱང་ད་སྔ་བལྟ་མ་ཐུབ།
ཉིན་འདི་དག་ལ་ང་ཚོའི་ཡུལ་ཚོའི་སྡེ་བ་སོ་སོའི་ཆུ་འགྲམ་དང་ཆུ་མེད་པའི་ལུང་བ་ཚང་མའི་ནང་དུ་ཆུ་རགས་རྒྱག་བཞིན་འདུག་ལ། སྡེ་བའི་ནང་གི་མི་ཚོས་བཤད་ན་ད་ཐེངས་ཀྱི་ཆུ་རགས་ལས་ཀ་འདི་སྲིད་གཞུང་གིས་ལས་པའི་ཆུ་རགས་ཀྱི་ལས་གཞི་ཞིག་ཡིན་པ་དང་། སྔོན་གྱི་ཆུ་རགས་དེ་ཆུ་ལོག་དཀྲུགས་ནས་ཁུར་ཚར་སོང་ཟེར་ཐོས་འཕྲལ། ངའི་དྲན་པའི་རྩིགས་ལྡེབས་ངོས་སུ་ངའི་ཨ་མྱེས་ཀྱིས་ཀྱང་ང་ཚོའི་སྡེ་བའི་ཆུ་རགས་ཀྱི་དོད་དུ་ཡར་རྒྱུགས་མར་རྒྱུགས་བྱས་པའི་འདས་དོན་དག་ཡིད་ངོར་འཁོར་བྱུང་།
སྐབས་དེང་ང་རང་ཕལ་ཆེར་ལོ་བཅུ་ཡས་མས་ཤིག་ཡིན་པ་འདྲ་ལ། དེ་དུས་རྒྱལ་ཁབ་ལ་འདི་འདྲའི་ལས་ཀའི་རྣམས་གྲངས་ཀྱང་མེད་པར་སྣང་། ངའི་ཨ་མྱེས་ཀྱིས་ངེད་ཚང་གི་ཨ་དགའ་༼དོན་དངོས་སུ་ངའི་ཨ་ཕའི་སྤུན་ཡིན་མོད། ང་རང་ཆུང་དུས་ནས་ཨ་དགའ་ཞེས་འབོད་བཞིན་ཡོད།༽ཕར་ཁའི་ནགས་ལ་མངགས་ནས་ལྕང་མ་ཁུར་བོ་གཉིས་གསུམ་ཙམ་འཐུ་རུ་བཅུག་པ་དང་། ཕྱི་ཉིན་ནས་ལྕང་མའི་རྩད་པ་ནས་ཅུང་ཙམ་ཕྲ་རུ་བཏང་རྗེས་འབོ་འབུ༼དབྱིབས་གོར་གོར་གྱིས་ལས་པའི་སླེ་བོའི་རིགས་ཤིག༽ཆེན་པོ་ལས་རུ་འཇུག་ངེས་ལ། ཞོར་དུ་ཨ་མྱེས་ཁོང་ཡང་རང་དགར་མི་འདུག་པར་སག་སྒོ་སྣ་ཚོགས་ལས་ཏེ། ང་ཚོའི་སྡེ་བའི་ཡར་ཀའི་ལུང་བའི་གྲོག་མོའི་ནང་དུ་འཁྱེར་ཏེ་སྡེ་བའི་སོག་ལམ་༼སོག་མ་དང་ལོ་ཏོག་འདྲུད་སའི་ལམ།༽དང་གྲོག་ཤུར་ཐོད་ཐུག་སའི་གྲོག་ཤུར་ནང་དུ་འབོ་འབུ་གཉིས་གསུམ་ཙམ་བཞག་ནས་ལམ་གྱི་ཁོད་ཇེ་ཡངས་སུ་གཏོང་ལ། དེར་ཆུ་ལོག་གི་གནོད་པ་སྔོན་འགོག་བྱ་བའི་ཆེད་དུ་འབོ་འབུའི་ནང་དུ་ང་ཚོར་རྡོ་ཆེ་ཆུང་སྣ་ཚོགས་འཐུ་རུ་བཅུག་ནས་ཁ་བསྐངས་པར་བྱེད་དགོས། དེ་ནས་འབོ་འབུའི་གཡས་གཡོན་དུ་ས་དོང་བརྐོ་རུ་བཅུག་སྟེ་ལྕང་སྡོང་རེ་གཉིས་ཀྱང་འཛུགས་དགོས།
ང་ཚོའི་ལུང་བའི་ནང་ན་ཆུ་འགོ་འགའ་ཤས་མ་གཏོགས་མེད་སྟབས། ཟོག་ལུག་ལ་ཆུ་བླུད་ན་སྟབས་བདེ་ཡང་མིན་པར་སྣང་། ངའི་ཨ་མྱེས་ཀྱིས་དེ་ལ་དམིགས་སམ་ཅི་ཡིན་མི་ཤེས་མོད། ཆུ་འགོའི་མན་ཆོད་ནས་ཡང་འབོ་འབུ་བཞག་སྟེ་ཆུའི་བཞུར་ལམ་བཀག་ནས་ཆུ་འཁྱིལ་དུ་བཅུག་ཡོད། ད་དུང་ཞིང་འགྲམ་དུ་ཆུ་ལོག་གིས་ཆུ་རྐ་ཟབ་མོ་འཐེན་ཡོད་ས་ནས་ཀྱང་ལྕང་མ་རྐང་རེ་གཉིས་འཛུགས་པ་སོགས། མདོར་ན་ལུང་བ་དོག་མོ་དེའི་ནང་དུ་ཁོང་ལ་ཁོམ་པ་མེད་པའི་ལས་ཀ་མང་བོ་ཡོད། ཁོང་དང་མཉམ་དུ་ང་ཚོ་ཡང་འདུར་རྒྱུག་མང་བོ་བྱེད་དགོས། ང་ཚོའི་ལུང་བའི་ཕུ་ན་ཁྱིམ་ཚང་རེ་འགའི་རུ་བ་ཡོད་པས་རུ་བ་འདུག་སའི་གཡས་གཡོན་གཉིས་ཀ་ཡང་གྲོག་ཤུར་ཡིན་སྟབས་གྲོག་ཤུར་དེ་དག་ཏུའང་ས་དོང་འགའ་བརྐོས་ཏེ་ལྕང་མ་འཛུགས་བཞིན་ཡོད།
ལོ་ངོ་གང་མང་ཞིག་ལ་ཨ་མྱེས་ཀྱིས་ལས་པའི་ལས་ཀ་ཙག་ཙིག་དེས་སྡེ་བ་གང་བོར་ཕན་ཅུང་ཙམ་རེ་ཐོགས་ཡོད་ཀྱང་སྲིད་མོད། རྗེས་སུ་ཆུ་ལོག་ཆེུན་པོ་ཞིག་རྒྱུགས་ནས་ཨ་མྱེས་ཀྱིས་བཙུགས་པའི་ལྕང་སྡོང་དག་དང་འབོ་འབུ་དག་སྐད་ཅིག་མར་བཅོམ་སོང་།
དེ་ལྟར། མི་ལོ་གང་མང་ཞིག་འགོར་བའི་དེ་རིང་ཨ་མྱེས་ཁོང་ནི་ལོ་ན་བདུན་ཅུ་ལ་ཐོན་ཡོད་ལ། ཁོང་གིས་དཀའ་ལས་བརྒྱབས་ཏེ་ཆུ་རགས་དང་ཆུ་རྐའི་དོན་དུ་ལས་པའི་ལས་ཀའི་རྗེས་ཤུལ་ཙམ་ཡང་མཐོང་རྒྱུ་མི་འདུག
ཆུ་རགས་ནི་ལོ་ཟླས་ཟོས་འགྲོ་ལ། ཆུ་ལོག་གིས་ཀྱང་འཁྱེར་འགྲོ། འོན་ཀྱང་ཨ་མྱེས་ཀྱིས་སྡེ་མི་ཚོར་བཞག་པའི་བག་ཆགས་དེ་ཕལ་ཆེར་རང་བྱུང་གི་གནོད་འཚེས་འཁྱེར་མི་ཐུབ་སྙམ། ཉུང་མཐར་ཡང་ངེད་ཚང་གི་ཁྱིམ་མི་ཚོར་ཁོང་གིས་བག་ཆགས་གསུབ་ཐབས་མེད་པ་ཞིག་བཞག་ཡོད།
མལ་ཁང༦༡༤
ང་ཚོ་ནི་ས་ཕྱོགས་མི་གཅིག་སོ་སོ་ནས་དམིགས་འདུན་གཅིག་གི་ཆེད་ལ་མཉམ་དུ་འཛོམས་པའི་མལ་ཁང་གཅིག་ཡིན་ལ། ང་ཚོ་ནི་དགའ་ཕྱོགས་མི་གཅིག་སོ་སོ་ནས་རེ་བ་གཅིག་ལ་འཐམས་པའི་མལ་ཁང་གཅིག་ཡིན།
ང་ཚོའི་མལ་ཁང་དེ་རྩིས་ཚན་དང་རིག་ཚན་བཀར་བ་དང་མཉམ་དུ་མལ་ཁང་ཡང་བཀར་བས་༦༡༤ལས་མི་ལོ་གཉིས་ཙམ་བསྐྱལ་དགོས་པའང་ལས་དབང་ཞིག་གི་བཀོད་སྒྲིག་ཡིན་ངེས། ང་ཚོའི་མལ་ཁང་དེར་མི་བརྒྱད་རེ་འདུག་ཐུབ་ལ། ས་གནས་གཅན་ཚའི་མལ་གྲོགས་གཅིག་དང་རྨ་ཆུའི་མལ་གྲོགས་གཅིག བླ་བྲང་རྒན་གྱའི་མལ་གྲོགས་གཅིག ཅོ་ནེའི་མལ་གྲོགས་གཅིག ཀླུ་ཆུའི་མལ་གྲོགས་གཉིས། གཙོས་ནས་ང་དང་བཅས་པའི་མལ་གྲོགས་ཏེ་བསྡོམས་པས་མི་བརྒྱད་ཡོད།
ང་རང་སློབ་གྲྭར་འགྲིམས་པའི་བརྒྱུད་རིམ་ཁྲོད། སློབ་ཆུང་ནས་བཟུང་སློབ་གྲྭར་མལ་ཁང་ཡོད་པས། ཁང་མིག་གཅིག་ནས་མལ་གྲོགས་མང་བོ་འཛོམས་མྱོང་ལ། མལ་གྲོགས་དེ་དག་གི་འདུ་ཤེས་དང་བསམ་བློ་ཀུན་སྤྱོད་ཀྱིས་ངའི་སློབ་སྦྱོང་གི་བརྒྱུད་རིམ་ལ་ཤུགས་རྐྱེན་ཐེབས་པའང་ཉུང་ཉུང་མིན། ལྷག་ཏུ་དེ་རིང་གི་བརྗོད་བྱར་གྱུར་པའི་མལ་ཁང་༦༡༤ལྟ་བུར་མཚོན་ན། སློབ་སྦྱོང་གི་དཀའ་ཁག་ཡོད་དུས་སམ་གོམ་པ་མཉམ་གཤིབ་ཀྱིས་མཐོ་རྒྱུགས་ལ་གྲྭ་སྒྲིག་བྱེད་པའི་དུས་སྐབས་ཀྱི་མལ་གྲོགས་ཡིན་པས་ནམ་རྒྱུན་ཁོམ་སྐབས་རེ་བཞིན་འཁྲེང་སེམས་ཀྱི་ཕྱིར་མིག་དེ་ཁོ་མོའི་ཚོའི་སྟེང་ལ་ཡང་ཡང་ཤོར་འགྲོ།
དེ་དུས་སློབ་གྲོགས་ཚང་མས་མཐོ་རྒྱུགས་ཀྱི་ཆེད་དུ་འབད་འབུངས་བྱེད་བཞིན་ཡོད་ལ། ང་ཚོའི་མལ་ཁང་གིས་ཀྱང་མཉམ་གཅིག་ཏུ་མི་རེའི་ལག་ནས་སྒོར་འགའ་རེ་བསྡུ་ཆ་བརྒྱབས་ནས་སྒོ་སམ་ཆུང་ཆུང་གཅིག་ཉོས་ཏེ། སྒོ་སམ་དེ་ཆ་གཉིས་ཙམ་བགོས་ནས་ཆ་ཆུང་བའི་སྟེང་ལ་ང་ཚོའི་མི་བརྒྱད་པོ་འགྲོ་འདོད་སའི་སློབ་ཆེན་གྱི་མིང་དེའི་ཡིག་འབྲི་དང་བོ་བྲིས་ཡོད། ཆ་ཅུང་ཙམ་ཆེ་ཤོས་དེ་ལ་དགོང་མོ་ཕྱིར་མལ་ཁང་ནང་ལ་ཐོན་ནས་རང་སྦྱོང་བྱེད་སྐབས། བརྩི་བྱ་གང་རུང་ཞིག་མི་ཤེས་ན་དེ་ཤེས་མཁན་གཅིག་གིས་ཁྲིད་དེ་སློབ་སྦྱོང་ཡར་བསྐྱེད་ཡོང་ཐབས་བྱེད་སྤྱད་ཅིག་ཡིན།
ད་སྐབས་སྒོ་སམ་ཆུང་གྲས་དེའི་རིགས་མཐོང་ན་སྐབས་དེ་དུས་ཀྱི་རྣམ་པ་ཡིད་ལ་ལྷང་ངེར་དྲན་ཡོང་། དེ་ནས་ནམ་རྒྱུན་གཟའ་མཇུག་ལ་བསླེབ་ན། ཟ་མ་མཉམ་གཅིག་ཏུ་ཟ་བའི་སྲོལ་ཞིག་ཀྱང་ཡོད། ཕལ་ཆེར་སློབ་གྲྭའི་སྒྲིག་ལམ་དང་འགལ་ཡོད་སྲིད་མོད། སྐབས་དེར་མལ་ཁང་དང་མལ་ཁང་བྱས་ནས་ཟ་མ་ཟ་སྟངས་ཤིག་དར་འདུག ལྐོག་ནས་སློབ་གྲོགས་ཞུ་ལི་ཚོའི་ཟ་བྱང་གཡར་ནས་ང་ཚོའི་མི་བརྒྱད་པོའི་ཟ་བྱང་དང་མཉམ་དུ་བཞག་ན་ཕལ་ཆེར་སྒོར་ཉིས་བརྒྱ་ཡས་མས་ཤིག་ཡོད་པས། གཟའ་མཇུག་ལ་བྱ་ཤ་བརྔོས་མའམ་ཁ་ཚའི་སྦྲིད་ཐང་ཟ་རྒྱུར་དགའ་བོར་ཡོད་པར་མ་ཟད། འཕྲོག་རེས་བྱས་ནས་ཟས་ན་ཤིན་ཏུ་ཟ་འདོད་སྐྱེ་བ་ཞིག་ཀྱང་ཡིན།
དེ་ལས་གཞན་ང་ཚོའི་མལ་ཁང་དེར་ཧ་ཅང་རྩེད་དགའ་ཆེ་བའི་མལ་གྲོགས་དག་དག་འཛོམས་ཡོད་དེ། གད་མོ་ཞིག་བགད་ནའང་ཧབ་ཆ་ཆེན་པོ་རྒྱག་མཁན་དེ་འདྲ་ཡིན། ནམ་རྒྱུན་མཚོ་མོ་དང་སངས་རྒྱས་མཚོ་གཉིས་ཁ་རྒོད་སོགས་བཤད་རྒྱུར་མཁས་པོ་ཡོད་པས། གཉིད་ཅོག་བརྒྱབས་ནས་མགོ་བོ་ཐེག་མི་ཐེག་བྱེད་དུས། ཁོ་མོ་གཉིས་ཀྱིས་དགོད་ཁ་བསླངས་ནས་མལ་ཁང་གང་བོ་ལྷུག་ལྷུག་དགོད་དུ་འཇུག་ངེས། ཉིན་ཞིག་པན་མཚོས་གར་ཆུང་ཞིག་བྲིས་འདུག༼ནང་དོན་མཐོ་རྒྱུགས་ལ་གྲྭ་སྒྲིག་བྱེད་སྐབས་ཀྱི་དཀའ་ཁག་དང་སུན་སྣང་ལ་འབྲེལ་བ་ཡོད་པ་ཞིག༽ པན་མཚོས་བརྗོད་དོན་གླུ་དབྱངས་དེ་འཐེན་ཞོར་གཞན་པ་ཚོས་ལས་བྱ་འབྲི་བ་སོགས་བྱས་ཏེ་གར་དེ་འཁྲབ་ནས་བརྙན་བླངས་པ་ཡིན། བརྙན་དེ་ད་སྐབས་བལྟས་ན་དངོས་གནས་སྙིང་ཡང་རྗེ་ལ་དགོད་ཀྱང་སྤྲོ་བ་ཞིག་འདུག ཡིན་ཡང་ཅུང་ཙམ་ཡིད་ཕང་བ་ཞིག་ལ་གཙན་ཚྭའི་མལ་གྲོགས་དེ། མཐོ་རྒྱུགས་ལ་ཞུགས་དགོས་ཞེས་ཕྱིར་མཚོ་སྔོན་ཕྱོགས་ལ་འགྲོ་དགོས་བྱུང་བས། ང་ཚོ་མཐར་ཕྱིན་ཁར་ཁོ་མོ་དང་མཉམ་འཛོམས་བྱེད་མ་ཐུབ།
ང་ཚོའི་རེ་འདུན་ལྟར་སྒོ་སམ་ཆུང་བ་དེའི་སྟེང་ལ་བྲིས་ཡོད་པའི་སློབ་ཆེན་དེར་འགྲོ་མ་ཐུབ་པའང་ཡོད་མོད། ཡིན་ཡང་ང་ཚོ་ཚང་མར་སྔ་འདང་ཕྱི་འདང་གསལ་བོར་བརྒྱབས་རྗེས་སློབ་ཆེན་གྱི་སྒོ་ཐེམ་དེ་འགྲིམས་པའི་གོ་སྐབས་རེག་སོང་།
སློབ་མཐར་ཕྱིན་ནས་མི་ལོ་གང་མང་ཞིག་འགོར་བའི་དེ་རིང་ཁོ་མོ་ཚོ་དང་མཉམ་དུ་རང་ཚོད་ཀྱིས་སློབ་སྦྱོང་བྱས་པའི་ལོ་ཟླ་དེ་དག་ལ་ཕྱིར་དྲན་རེ་བྱས་ན་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། དེ་དུས་ང་ཚོར་སློབ་སྦྱོང་གི་གནོན་ཤུགས་ཡོད་ཀྱང་འཚོ་བའི་དཀའ་ངལ་མེད་པས་དུས་ནམ་ཡང་གདོང་ལ་སྤྲོ་འཛུམ་གྱིས་ཁེངས་ཡོད། ད་ལྟ་བསམ་ན་མི་ཚེའི་ཁྲོད་ཆེས་དཀའ་བ་ནི་སློབ་སྦྱོང་གི་དཀའ་ངལ་དེ་མ་ཡིན་པར། འཚོ་བའི་ཁྲོད་ཀྱི་དཀའ་ངལ་དེ་ཡིན་འདུག སྔོན་ཆད་སྤྲོ་འཛུམ་དང་དགོད་སྒྲས་ཁེངས་པའི་མི་མང་བོ་ཞིག་སྤྱི་ཚོགས་ཁྲོད་ཞུགས་རྗེས་གཞི་ནས་དགོད་སྒྲ་དང་འཛུམ་མདངས་མེད་པ་ཞིག་ཏུ་གྱུར་འགྲོ་བཞིན་འདུག ངའི་གྲོགས་མོ་ཚོའི་གདོང་ལ་དུས་ནམ་ཡང་འཛུམ་དཀར་བཞད་ན་ཅི་མ་རུང་། ང་ཚོའི་འཛུམ་དཀར་ལ་ཉམས་པ་མེད་པར་སྨོན། ངས་རྩོམ་ཡིག་འདི་འབྲི་སྐབས་གློ་བུར་སེམས་ལ་དངངས་འཚབ་ཅིག་དང་བཅས་སྨོན་ལམ་འདི་ཡང་ངག་ནས་ཤོར་སོང་།
མདོར་ན། མལ་ཁང་༦༡༤བའི་སློབ་གྲོགས་ཚོའི་བྱ་བཞག་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་བར་སྨོན། ནམ་ཞིག་རང་ཅག་སླར་ཡང་འཕྲད་སྐབས་ངས་ཁྱེད་ཅག་གི་འཛུམ་མདངས་དང་དགོད་སྒྲ་ཐོས་ཐུབ་པར་སྨོན།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།