ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ་གསར་པ། 《ཨ་ཁུ་བློ་བཟང་རྗེས་སུ་དྲན་པ》

ལྷ་བྱམས་རྒྱལ།(པེ་ཅིན) 琼迈文学网 2025-09-23

        ཨ་ཁུ་[1]བློ་བཟང་གཤེགས་ནས་ཟླ་ཁ་ཤས་ཕྱིན་སོང་།

  དགོན་པ་དང་གྲོང་ཚོའི་ནང་དུ་ད་ནི་ཁོང་གླེང་མཁན་ཕལ་ཆེར་ཡོད་རྒྱུ་མ་རེད། དེ་ནི་ཁོང་འཚོ་བཞུགས་དུས་ཀྱི་གནས་ཚུལ་དང་མཚུངས་ཏེ། དུས་ནམ་ཡང་དགོན་པར་རྒྱུན་བཞུགས་ཀྱིས་སྦས་པའི་བརྟུལ་ཞུགས་བསྐྱངས་ནས་མི་རྣམས་ཀྱི་འཚོ་བའི་ནང་མངོན་མི་ཡོང་། ད་ལྟ་ཡང་རྣམ་པ་དེའི་རྒྱུན་བསྲིངས་བ་ཙམ་ལས་གཞན་མིན་ཞིང་། འདི་ཡོད་ཚད་རྒྱུན་ལྡན་ཞིག་ཡིན་པས། ངས་མི་རྣམས་ཀྱིས་ཁོང་འདི་ལྟར་ག་ལེར་བརྗེད་འགྲོ་བཞིན་པར་ལེ་བདའ་ཅི་ཡང་བྱེད་འདོད་མི་འདུག

  ཡིན་ན་ཡང་། ངས་ཁོང་ཡང་ཡང་དྲན་ཡོང་། སྔོན་ཆད་ཁོང་གསོན་ངོགས་སུ་བཞུགས་དུས། ཡུལ་དུས་ཀྱིས་བསྐལ་ཡང་ཡིད་ལ་ཡང་ཡང་དྲན་མྱོང་ལ། ད་ལྟ་ཚེ་འདི་ཕྱིའི་བར་ཐག་གིས་ཆོད་དུས་དེ་བས་ཀྱང་ཡིད་ལ་ཡང་ཡང་དྲན་ཡོང་གིན་འདུག

  ཕལ་ཆེར་ཀློག་མཁན་མང་བོ་ཞིག་གིས་བརྗེད་ཡོད་ལས་ཆེ། ཨ་ཁུ་བློ་བཟང་ངའི་སྒྲུང་གཏམ་《རླུང་ལ་བཅོལ་བ》ཞེས་པར་མི་སྣ་གཙོ་བོའི་ཚུལ་དུ་ཀློག་མཁན་ཀུན་གྱི་སེམས་ནང་དུ་མ་མཐའ་ཡང་ཐེངས་གཅིག་ལ་སླེབས་མྱོང་ཡོད། སྒྲུང་གཏམ་དུ་ངས་འདི་ལྟར་ཨ་ཁུ་བློ་བཟང་ཞིབ་འབྲི་བྱས་ཡོད་དེ། “དུས་ཚོད་ཟེར་བའི་གཟུགས་མེད་པའི་སྟོབས་ཤུགས་འདིས་རྙོག་དྲ་བཟོས་འདུག དུས་ཚོད་ཀྱིས་པྲ་ཆལ་གྱིས་དང་ཐོག་གི་ཕྲུ་གུ་དེའི་གདོང་ལ་གཉེར་མའི་རྗེས་ཤུལ་ཕབ་འདུག་ཅིང་། སྨ་ར་དང་སྨིན་མར་ཡང་དཀར་རྩི་བྱུགས་འདུག”ཅེས་དང་། ཡང་ཨ་ཁུ་བློ་བཟང་གི་གྲྭ་ཤག་ཀྱང་ཞིབ་འབྲི་བྱས་ཡོད་དེ། “དབེན་འཇགས་ཀྱི་གྲྭ་ཤག་འདི། གཙང་དག་ཡང་དག་གི་ཁང་མིག་འདི། བདུག་སྤོས་ཀྱི་བསུང་ངད་འདི། མཐིལ་ཤིང་སྐྱ་བོ་འདི། ཕྱིས་ནས་འོད་ཡུག་ཡུག་བྱེད་པའི་ཆ་སྒམ་འདི། ཚ་ཐབ་འདི། མདུན་ཅོག་འདི། ཆོས་དཔེ་འདི། གྲྭ་རྒན་འདི། འདི་ཡོད་ཚད་ཅི་འདྲའི་རྒྱུས་ཡོད་ཅིག་རེད་ཨང་། ཐ་ན་སྒེའུ་ཁུང་བརྟོལ་ནས་འཕྲོས་ཡོང་བའི་ཉི་ཐིག་འདི་དང་། ཉི་ཐིག་གི་ཀློང་དུ་སོག་སོག་འགུལ་བའི་རྡུལ་ཕྲན་འདི་དག དཀར་ཡོལ་འབྲུག་རིས་མ་འདི། འདི་དག་ཡོད་ཚད་ལ་ཡར་སྔོན་ལྟར་འགྱུར་བ་ཅི་ཡང་མི་འདུག”ཅེས་བྲིས་ཡོད། སྒྲུང་གཏམ་ཡིན་ཡང་། སྐབས་དེར་ངས་འབྲི་དུས་ཡིད་དུ་ཨ་ཁུ་བློ་བཟང་རྣལ་འབྲི་བྱས་པ་ཞིག་ཡིན་པས། འཚོ་བའི་ནང་གི་ཁོང་དང་ཁོང་གི་གྲྭ་ཤག་ཀྱང་སྒྲུང་གཏམ་ནང་གི་ཞིབ་འབྲི་དང་མི་འདྲ་ས་ཆེར་ཡོད་མི་སྲིད།

  《རླུང་ལ་བཅོལ་བ》འབྲི་དུས་ཕལ་ཆེར་ཉིས་སྟོང་བརྒྱ་མེད་བརྒྱད་ཙམ་ཡིན། དེ་དུས་ཨ་ཁུ་བློ་བཟང་དགུང་ལོ་བདུན་ཅུ་ལྷག་བརྒལ་འདུག་ལ། ཨག་ཚོམ་དང་སྨིན་མ་ཡང་དཀར་པོར་འགྱུར་བཞིན་འདུག དེ་ནས་དུས་ཚོད་ཀྱི་རླུང་ཤ་ངའི་མི་ཚེའི་ནང་ནས་ཤར་སེ་གཡུགས་ཤིང་མི་ལོ་ཉི་ཤུར་ཉེ་བའི་ལོ་ཟླ་འཁྱུག་ཙམ་གྱིས་ཤོར་འདུག ཁོང་ད་ལོར་སྐུ་གཤེགས་དུས་དགུང་ལོ་དགུ་བཅུ་གོ་བདུན་ཡོལ་འདུག ངས་འདི་ལྟར་རྩིས་ཤིག་རྒྱག་དུས་ཁོང་ནི་དུས་རབས་སྔོན་མའི་ལོ་རབས་ཉི་ཤུ་པར་འཁྲུངས་པའི་མི་ཞིག་ཡིན་ལ། སྤྱི་ཚོགས་གསར་རྙིང་དངོས་སུ་བརྒྱུད་མྱོང་མཁན་ཞིག་རེད། བྱེས་སུ་གྱར་མགོ་བརྩམས་པ་ནས་བཟུང་། ང་ཕ་ཡུལ་དུ་ལོ་སར་སོགས་ཀྱི་གོ་སྐབས་དང་བསྟུན་ནས་ལོག་ཐེངས་རེར་དུས་ཚོད་ཀྱི་བར་སྟོང་ཅུང་ཙམ་ཡོད་ཚེ་དམིགས་ཀྱིས་དགོན་པར་ཐེངས་གཅིག་འགྲོ་བཞིན་ཡོད་པ་དང་། དགོན་པའི་ནང་གི་གྲྭ་པ་ཆེས་རྒན་ཤོས་ཏེ་ཨ་ཁུ་བློ་བཟང་ལ་ཐེངས་གཅིག་མཇལ་དུ་འགྲོ་བཞིན་ཡོད།

  ང་ཡོང་ཐེངས་རེར། གྲྭ་ཤག་གི་ཚ་ཐབ་ཐོག་བཞུགས་ཡོད་པའི་ཨ་ཁུ་བློ་བཟང་གིས་གསོམ་པའི་མདུན་ཅོག་ཆུང་ཆུང་དེའི་ཐོག་གི་ལག་བྲིས་ཀྱི་ཆོས་དཔེ་སྣ་ཐུང་མ་ཟད་པོ་དེ་གླེགས་རས་རྙིང་པ་ཞིག་གི་ཁུད་དུ་གཅུད་བཞིན། ངའི་ཕྱོགས་ལ་འཛུམ་དམུལ་ལེར་“ཁྱོད་ཐོན་དང་ངམ”ཞེས་འཚམས་འདྲི་གནང་ཞིང་“ལམ་ནས་མ་གྲང་ངམ། ཡ་ད་ཇ་འཐུང་ཇ་འཐུང་”ཞེས་ཕྱག་ཟུང་ངའི་ཕྱོགས་སུ་ཡར་འགྱོག་བཞིན་མགྲོན་རྩིས་གནང་། འདི་ལྟ་བུའི་ངང་ཚུལ་དེ་མི་ལོ་ཉི་ཤུ་ལྷག་ལ་འགྱུར་བ་ཅི་ཡང་མེད་ཅིང་། རྣམ་པ་དེ་ནི་བརྙན་རིས་ཤིག་ཡང་དང་བསྐྱར་དུ་བཏང་ནས་བསྐྱར་ཟློས་བྱེད་པ་ལྟར་རེད། དོན་དམ་དུ། ང་དེ་ལྟར་ཕ་ཡུལ་དུ་ལོག་དུས་ཨ་ཁུ་བློ་བཟང་ལ་ཅིས་ཀྱང་ཐེངས་གཅིག་མཇལ་དུ་འགྲོ་དོན་ནི། བསྐལ་བ་གསར་རྙིང་བརྒྱུད་ཡོང་བའི་མི་རྒན་བླ་རྒན་འདི་ལ་སེམས་གཏིང་ནས་གུས་བཀུར་ཡོད་པ་ཁོ་ན་ཙམ་མ་ཡིན་ཏེ། ཞིབ་ཏུ་བསམས་ན། རྣམ་པ་ཀུན་ཏུ་ཁོམ་ལོང་མེད་པར་འཚོ་བའི་ཁྲོམ་གསེང་དུ་འདུར་ཅིང་རྒྱུགས་ཤིང་། མི་ངོ་ཤེས་པ་ཙམ་ལས་འདྲིས་ལོང་མེད་པ་དང་ལས་མགོ་ཚུགས་པ་ཙམ་ལས་མཐའ་འཁྱོལ་ཁོམ་མེད་པའི་དུས་རབས་འདིར། ཨ་ཁུ་བློ་བཟང་དང་ཁོང་གི་གྲྭ་ཤག དེ་མིན་མི་ལོ་བཅུ་ཁའི་རིང་ལ་འགྱུར་བ་མེད་པའི་གནས་སྟངས་དེ་དག་གིས་ང་ལ་གསལ་འདེབས་དང་དྲན་སྐུལ་གཞན་ཞིག་སྤྲད་ཡོང་ལ། ངལ་གསོ་དང་དབུགས་དབྱུང་གཞན་ནས་ཐོབ་མི་སྲིད་པ་ཞིག་སྤྲད་ཡོང་། འདི་ནི་ང་ཁོང་ལ་མཇལ་འདོད་ཆེ་ལ་ཁོང་ལ་ཉེ་བར་བཅར་འདོད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་སྲིད།

  ཨ་ཁུ་བློ་བཟང་ཁ་བརྡ་ལ་ཧ་ཅང་དགའ། ཁོང་དགུང་ལོ་ཇི་ལྟར་བགྲེས་ཀྱང་རིག་ལམ་ཤིན་ཏུ་གསལ་ལ། བྱམས་བརྩེས་ཁེངས་པའི་སྤྱན་ཟུང་དུ་དུས་ནམ་ཡང་ཤེས་རབ་ཀྱི་འོད་སྣང་ཞིག་འཕྲོ་བཞིན་ཡོད། དེ་བས་ཀྱང་ཁོང་གི་དྲན་པའི་འཛིན་སྟོབས་ནི་ངོ་མཚར་བ་ཞིག་སྟེ། ཁོང་གིས་གྲོང་ཚོའི་ནང་གི་ཚོ་བ་རེ་རེ་དང་ཁྱིམ་ཚང་རེ་རེའི་མི་རྒྱུད་ཕྲེང་རྡོག་བགྲངས་བ་བཞིན་ཧ་ཅང་ཞིབ་གསལ་གྱིས་གུང་བསྒྲིགས་ཐུབ། གྲོང་ཚོ་དང་དགོན་པའི་སྤྱི་ཚོགས་གསར་རྙིང་གི་ལོ་རྒྱུས་ཀྱི་འཕོ་འགྱུར་མང་པོ་ཞིག་ངས་ཁོང་གི་ཁ་བརྡ་བརྒྱུད་ནས་གསལ་ཁ་བླངས་མྱོང་ལ། ང་རང་གི་ཁྱིམ་རྒྱུད་ཀྱི་དར་རྒུད་དང་མེས་པོ་དག་གི་གནས་ཚུལ་ཡང་ཁོང་གི་ཕྱིར་དྲན་ཁྲོད་ནས་རྒྱུས་བླངས་པ་ཡིན། ད་ལྟ་ཡང་ངའི་དྲན་པའི་ཡོལ་ངོར་ཤར་ཡོང་བ་ནི་ཨ་ཁུ་བློ་བཟང་གིས་ཕྱག་གི་ཕྲེང་བ་མདུན་ཅོག་ཏུ་བཞག་ནས་དཀར་ཡོལ་འབྲུག་རིས་མའི་ནང་དུ་གསོལ་ཇར་ཧུབ་བྱེད་པའི་རྣམ་པ་དེ་རེད། ཁོང་གིས་གསོལ་ཇ་ཧུབ་གང་མཆོད་རྗེས་འཛུམ་དམུལ་དམུལ་གྱིས་“ད་ཧོན་ལོག་བཞིན་འདུག མང་པོ་ཞིག་དྲན་གསོས་ཀྱིན་མི་འདུག”གསུངས།

  ངས་སྔོན་ཆད་འབུམ་རམས་པའི་བསླབ་གནས་ལ་བརྩོན་དུས། མཐར་ཕྱིན་དམ་བཅའི་དཔྱད་རྩོམ་དུ་དགེ་ལུགས་པའི་དགོན་མ་ལག་གི་སྐོར་གྱི་ལོ་རྒྱུས་དང་རིག་གནས་ལ་དཔྱད་ཞིབ་ཙམ་བྱ་ཁུལ་བྱས་མྱོང་། དེ་དུས་ངས་རྐང་བཙུགས་ནས་གྲོང་ཚོའི་དགོན་པ་འདིའི་སྐོར་གྱི་ཡིག་ཚང་བཙལ་མོད། ལོ་ངོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་དགོན་རྙིང་འདིའི་སྐོར་ལ་ཞིབ་ཕྲའི་ཡིག་རྙིང་མང་པོ་མི་འདུག འདིའི་སྐོར་ལ་ངས་ཨ་ཁུ་བློ་བཟང་ལ་ཁ་བརྡ་བྱས་མྱོང་ཡོད། ཁོང་གིས་ང་ལ་དེ་ལ་མཚར་རྒྱུ་ཆེན་པོ་མེད་ཟེར། ང་ཚོའི་དགོན་པ་ནི་དགོན་པ་ཆུང་ཆུང་ཞིག་ཡིན་པ་དང་། འཆད་ཉན་དང་སྒྲུབ་པ་ཉམས་ལེན་ཡང་དགོན་ཆེན་དག་དང་བསྡུར་ན་དར་སྤེལ་ཅི་ཡང་བྱུང་མེད། ང་ཚོས་དགོན་པ་ཆུང་ཆུང་འདིའི་དམ་པ་གོང་མ་རྣམས་ཀྱིས་བཙུགས་པའི་བཅའ་ཡིག་གི་ལྕགས་འཁར་མ་འགྱེལ་བར་སྲུང་ནས། གྲོང་རུ་དགོན་གྱི་ཆོ་ག་ཕྱག་ལེན་དང་བཅའ་བ་རིམ་གྲོ་ཙམ་བསྒྲུབས་པ་ལས། གཞན་ཅང་མེད་པས་ཡིག་ཚང་དུ་འབྲི་དགོས་པ་ཅི་ཡང་མེད་ཟེར། ཨ་ཁུ་བློ་བཟང་ནི་དུས་ནམ་ཡང་འདི་ལྟར་ཁེངས་སྐྱུང་ཅན་གྱི་བགྲེས་སོང་ཞིག་རེད། ཁོང་གི་སྨྲ་བརྗོད་དུ་ཁོང་དང་འབྲེལ་བ་ཡོད་པའམ་ཡང་ཁོང་རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་སྐོར་ལ་སྐད་ཆ་མང་པོ་བཤད་འདོད་མེད་ཅིང་། བཤད་ཀྱང་དེ་ལ་གླེང་རིན་མེད་ཟེར། ཡིན་ན་ཡང་། སྐབས་དེ་དག་ཏུ་ངས་ཁོང་གི་ཁེངས་ཆུང་འདི་ནི་ཅི་འདྲའི་རྩ་ཆེ་བ་ཞིག་རེད་ཨང་སྙམ་ཡོང་ལ། གྲོང་ཚོའི་དགོན་པ་ཆུང་ཆུང་དང་གྲྭ་རྒན་བགྲེས་པོ་འདི་ནི་ཅི་འདྲའི་གཙིགས་ཆེ་བ་ཞིག་རེད་ཨང་སྙམ་ཡོང་།

  བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕལ་ཆེར་དགོན་པ་ཆེ་འབྲིང་ཆུང་གསུམ་སྟོང་ཕྲག་བཞི་ལ་ཉེ་བ་ཙམ་ཡོད་སྐད། དེ་དག་ལས་སྟོང་ཕྲག་གསུམ་ལས་བརྒལ་བ་ནི་དགོན་པ་ཆུང་ཆུང་འབའ་ཞིག་ཡིན་ལ། དེ་དག་ཀྱང་གྲོང་ཚོ་ཆུང་ཆུང་ཞིག་གི་ཉེ་རྒྱང་གང་རུང་དུ་བཏབ་ཡོད་ཅིང་གྲོང་རུ་དགོན་གྱི་འབྲེལ་བའི་ཚུལ་དུ་གྲོང་ཚོ་དང་གཅིག་ལ་གཅིག་བརྟེན་གྱིས་གནས་ཡོད་པ་ཤ་སྟག་རེད། ངས་ཞིབ་འཇུག་ལས་སྤྱི་བསྡོམས་འདི་འདྲ་ཞིག་བརྒྱབ་ཡོད་དེ། གྲངས་འབོར་ཆེ་བའི་དགོན་པ་ཆུང་ཆུང་འདི་དག་གི་དྲིན་གྱིས་བོད་ཡུལ་གྱི་གྲུ་ག་ཚང་མར་ནང་པསྟན་གྱི་འོད་སྣང་འཕྲོས་ཡོད་པ་དང་། འོད་སྣང་འདི་དག་གིས་ཆེས་བབ་ཆགས་པའི་དམངས་ཕལ་བ་དག་གི་སེམས་ནང་དུ་རེ་བའི་སྒྲོན་མེ་སྦར་ཡོད་པ་རེད། གལ་ཏེ། ནང་པའི་བསྟན་པ་འདི་མདོ་དབུས་མཐོ་སྒང་དུ་སྐྱེས་ཡོད་པའི་བྱང་ཆུབ་ཀྱི་ལྗོན་པ་ཞིག་ཡིན་ཚེ། དགོན་པ་ཆུང་ཆུང་འདི་དག་ནི་ས་ཆེན་གྱི་གཏིང་རུམ་དུ་ཟུག་ཡོད་པའི་རྩ་བ་དེ་དག་ཡིན་ཏེ།

  ནང་པའི་བསྟན་པར་གསོན་ཤུགས་རྒྱས་པར་བྱེད་པའི་སྲོག་རྩ་ཕྲ་མོ་དེ་དག་ཡིན་ཞིང་། གནད་ཀྱི་ཉག་ཕྲ་ས་དེ་ཡང་ཡིན། དེ་བས་ཀྱང་དགོན་པ་ཆུང་ཆུང་འདི་དག་ནི་རྒྱ་ཆེ་བའི་དད་འབངས་དང་ཐག་ཆེས་ཉེ་སར་ཡོད་པས། དམ་པའི་ཆོས་ཀྱི་ས་བོན་ཐད་ཀར་དད་འབངས་ཀྱི་གཤིན་ས་རྒྱ་ཆེ་ས་དེར་སྟོར་མཁན་ཡིན། དེར་བརྟེན། དགོན་པ་ཇི་ལྟར་ཆུང་ཡང་དེ་དེ་ལྟར་གལ་ཆེ་ལ། དེའི་དར་རྒུད་དང་གནས་སྟངས་ནི་ཐད་ཀར་དུ་བོད་ཀྱི་རིག་གནས་ཀྱི་རྩ་བ་དང་འབྲེལ་ཡོད་པ་ཞིག་རེད་སྙམ་པས། ཨ་ཁུ་བློ་བཟང་གིས་ཇི་ལྟར་ཁེངས་ཆུང་གནང་ཡང་ངའི་སེམས་ནང་ནས་ཁོང་གི་གོ་གནས་དེ་ལྟར་ཇེ་མཐོར་འགྲོ་བཞིན་ཡོད།

  གྲོང་ཚོའི་ནང་དུ་ཨ་ཁུ་བློ་བཟང་གི་མི་ཚེའི་བརྒྱུད་རིམ་སྐོར་ལ་ཆ་ཚང་ཞིག་བཤད་ཐུབ་མཁན་མི་འདུག ཁོང་དང་དུས་མཉམ་ཡིན་པའི་རྒན་པ་མང་པོ་ཞིག་གཅིག་འཕྲོ་གཅིག་མཐུད་ཀྱིས་ཕྱི་མར་གཤེགས་སོང་། ངས་ཁོང་ལ་ཞིབ་ཏུ་འདྲི་བསམས་ཀྱང་ཁོང་གིས་གླེང་རིན་མེད་པས་མི་བཤད་ཟེར། ཡིན་ན་ཡང་། མཚམས་རེར་གཞན་གྱི་ལོ་རྒྱུས་གླེང་དུས་ཁོང་གི་ངག་ནས་ཁོང་རང་ཉིད་ཀྱི་མི་ཚེའི་གནས་ཚུལ་ཐར་ཐོར་ཞིག་ཀྱང་ཐོས་ཐུབ་ལ། སྔོན་ཆད་གྲོང་ཚོའི་རྒན་པ་དག་གི་ངག་ནས་ཀྱང་ཐར་ཐོར་རེ་ཐོས་ཐུབ། ཐར་ཐོར་དེ་དག་གུང་བསྒྲིགས་ཀྱང་ངས་སྔར་བཞིན་ཁོང་གི་མི་ཚེའི་ལོ་རྒྱུས་གོ་རིམ་ལྡན་པ་ཆ་ཚང་བ་ཞིག་བསྒྲིགས་མི་ཐུབ་པ་འདྲ། རགས་རིམ་ཙམ་བཤད་ན། ཁོང་ནི་དུས་རབས་སྔོན་མའི་ལོ་རབས་སུམ་ཅུ་ཙམ་ནས་གྲོང་ཚོའི་དགོན་པར་ཞུགས་པ་དང་། ཕྱིས་སུ་དུས་འགྱུར་རབ་དང་རིམ་པ་བརྒྱུད་ཅིང་ཕྱིའི་ཆ་ལུགས་སྐྱ་སེར་གང་རུང་དུ་བསྒྱུར་རུང་། ནང་སེམས་ཀྱི་དད་པ་དང་དེ་ལ་ཡིད་ཆེས་པའི་ཆོད་སེམས་གཏན་ནས་དོར་མ་མྱོང་བའི་གྲྭ་པ་དཀྱུས་མ་ཞིག་ཡིན་པ་འདྲ། ཁོང་གྲྭ་ས་ཆེན་པོར་འགྲིམས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་མ་མྱོང་བ་དང་། སྔགས་ཀྱི་སྒོམ་ལམ་དུ་ཞུགས་ནས་རྫོགས་ཆེན་གྱི་ས་ལམ་བསྙེགས་མ་མྱོང་། ཁོང་གི་སྐུ་ཚེ་གང་བོར་དམ་པ་གོང་མ་རྣམས་ཀྱི་ལུགས་བཞིན་ཁ་ཏོན་དགེ་སྦྱོར་དང་ཆོ་ག་ཕྱག་ལེན་ཁོ་ནར་གཞོལ། ཁོང་དགོན་པའི་ནང་དུ་བཞུགས་ནས་དགེ་སློང་ཚད་ལྡན་ཞིག་གི་འདུལ་ཁྲིམས་སྲོག་བཞིན་བསྲུངས། སྐུ་ཚེ་གང་བོར་གྲོང་ཚོའི་ནང་ལ་ཆོས་ཀྱི་ཞབས་འདེགས་ལྷུར་ལེན་ཞུས། དེ་ལྟར་མི་ཚེ་སྐྱེལ་ཡོང་བ་འདྲ། མཚམས་རེར། གྲོང་ཚོའི་ནང་གི་མི་རྣམས་ཀྱིས་དགོན་པའི་གྲྭ་པ་སྐྱ་སར་བབས་པ་ཐོས་དུས། དབང་མེད་དུ་ཨ་ཁུ་བློ་བཟང་གླེང་ཡོང་སྟེ། ཁོང་ཚོས་ད་ནི་དུས་འགྱུར་འདུག མི་ཡང་དེ་བས་ཀྱང་འགྱུར་འདུག་ཟེར། རིག་གསར་གྱི་དུས་སུ། སྲིད་ཇུས་ལྟར་ཨ་ཁུ་བློ་བཟང་གྲོང་ཚོའི་ཐོན་སྐྱེད་རུ་ཁག་གི་ཟོག་རྫིར་མངགས་མྱོང་ཟེར། སྐབས་དེར་དམར་སྲུང་དམག་གིས་ཨ་ཁུ་བློ་བཟང་ལ་མནའ་མ་མི་ལེན་པར་ཁྱོད་ཀྱིས་ད་དུང་ཆོས་ལུགས་སླར་གསོ་བྱ་རྩིས་ཡོད་དམ་ཞེས་འཇིགས་སྐུལ་ཡང་ཡང་བྱས་ཀྱང་། ཁོང་གིས་སང་ཉིན་ལེན་རྒྱུ་ཡིན་གནངས་ཉིན་ལེན་རྩིས་ཡོད། སང་ལོ་ལེན་རྒྱུ་ཡིན་གནངས་ལོ་ལེན་རྩིས་ཡོད་ཅེས་གསུངས་ནས་རིག་གསར་མཇུག་རྫོགས་པའི་བར་དུ་རི་མགོ་ནས་ཟོག་འཚོས་ཏེ་སྡོམ་པ་སྲུང་བ་རེད། ཕྱིས་སུ་ཆོས་སྒོ་སླར་གསོ་བྱེད་དུས། ཨ་ཁུ་བློ་བཟང་སླར་ཡང་དགོན་པར་ལོག་ཅིང་། གྲོང་ཚོའི་དགོན་པ་ཆུང་ཆུང་འདིའི་ཆོས་རྒྱུན་མ་ཉམས་པར་རྒྱུན་སྤེལ་བར་མཛད་རྗེས་མི་དམན་པ་བཞག

  ཡིན་ན་ཡང་། འདི་ཡོད་ཚད་ཨ་ཁུ་བློ་བཟང་གིས་གླེང་རིན་ཡོད་པ་མ་རེད་ཟེར། ཁོང་གིས་འདི་ཡོད་ཚད་སྟོན་པ་རིན་པོ་ཆེ་ཡི་བཀའ་དྲིན་ཡིན་པ་དང་། བསྟན་པ་རིན་པོ་ཆེ་འཁྲུལ་བ་མེད་པའི་དན་རྟགས་ཡིན་པའི་དགོངས་ཚུལ་བསྟན་ཡོང་། སྟོན་པ་དང་བསྟན་པའི་བྱིན་རླབས་དང་། ལས་འབྲས་བསླུ་བ་མེད་པའི་ཆོས་ཉིད་ཀྱིས། ད་ལྟའི་ཆར་སླར་ཡང་ཆོས་སྒྲུབ་པའི་སྐལ་བཟང་གི་ཉི་མ་འཆར་ཡོང་བ་འདི་རེད་ཟེར་བ་དང་། ཞལ་མུག་མུག་གིས་སྐྱབས་འཇུག་ཉུང་ཙམ་དབང་མེད་དུ་ཞུས་ཡོང་། ཨ་ཁུ་བློ་བཟང་གི་ཁ་གཏད་ནས་སྡོད་དུས། ངས་དབང་མེད་དུ་ལེགས་བྱས་ཐམས་ཅད་རྒྱུན་འཁྱོངས་བྱེད་པ་ལ་མི་འཇིག་པའི་དད་པ་དང་མི་གཡོ་བའི་ཡིད་ཆེས་བརྟན་པོ་ཞིག་ཡོད་དགོས་པའི་གནས་ལུགས་དེ་རྟོགས། ད་ལྟའི་དུས་རབས་ནི་འགྱུར་བག་ཤིན་ཏུ་རྒོད་པའི་དུས་ཤིག་དང་། ད་ལྟའི་དུས་ཀྱི་མི་ནི་ཨ་གསར་ཤིན་ཏུ་ཆེ་བའི་མི་རབས་ཤིག་སྟེ། བརྟན་ཚུགས་དང་རྩ་དོན་ལ་རྡོག་རྫིས་གཏོང་བར་འཛེམ་དོགས་ཅི་ཡང་མེད་པ་འདྲ། དེ་བས་ཀྱང་གང་ན་གྲགས་སྐད་ཆེ་ན་དེ་ཡི་རྗེས་སུ་འབྲངས་ནས་སྐད་རྒྱག་ཅིང་། གང་ན་འཁོར་བ་སྒྲུབ་པའི་ཁེ་ཕན་ཡོད་ན་དེ་ཡི་ཆེད་དུ་ཁྲེལ་དང་ངོ་ཚའི་ས་མཚམས་ཀྱང་སྲུང་མི་དགོས་པ་ཞིག་ཏུ་གྱུར་འདུག་པ་འདྲ། སྣང་ཚུལ་འདི་ནི་རིག་གནས་སློབ་གསོ་མ་ལག་ཆ་ཚང་ཅི་ཡང་བརྒྱུད་མ་མྱོང་བའི་མི་ཚོགས་ལྟ་ཅི། ཐ་ན་རིག་གནས་པ་དང་ཤེས་ཡོན་ཅན་ཡིན་ཟེར་མཁན་མང་བོ་ཞིག་ལ་ཡང་ནད་ཡམས་བཞིན་འགོས་འདུག ངས་དེ་དག་མཐོང་ཡོང་དུས། དབང་མེད་དུ་དགོན་པ་ཆུང་ཆུང་དུ་མངོན་ཆུང་གིས་བཞུགས་པའི་ཨ་ཁུ་བློ་བཟང་དྲན་ཡོང་བ་དང་། ཁོང་དེ་ལྟར་བཞུགས་པ་ནི་མི་རིགས་འདིས་འབོར་མི་ཉན་པར་ཆེས་གཙིགས་སུ་འཛིན་འོས་པ་ཅི་ཞིག་ད་དུང་ཨུ་ཚུགས་ཀྱིས་གནས་ཡོད་པའི་ཚོར་སྣང་བྱུང་།

  གཙིགས་སུ་འཛིན་འོས་པ་དེ་ནི་ཅི་ཞིག་ཡིན་ནམ། རྒྱལ་ཁབ་ཅིག་ཡིན་ན་ཡང་འདྲ། མི་རིགས་ཤིག་ཡིན་ན་ཡང་འདྲ། ཐ་ན་ཚོགས་པ་ཆུང་ཆུང་ཞིག་ཡིན་ན་ཡང་འདྲ། དེ་ལ་ཀུན་གྱིས་ཚད་མར་འཛིན་པའམ་གཙིགས་སུ་འཛིན་པ། ཡིད་ཆེས་ཤིང་ཡིད་རྟོན་པའི་སྙིང་སྟོབས་ཤིག་ཡོད་དེ། སྙིང་སྟོབས་དེ་ནི་སྲོག་ཤིང་དུ་གྱུར་ཡོད། སྲོག་ཤིང་དེ་ཡོད་པས་ཐམས་ཅད་མི་འཆོལ་བ་དང་མི་འཁྲུག་པར་འགྱུར་ཅིང་། མང་མང་གིས་སྟོབས་ཤུགས་རྡོག་སྒྲིལ་གྱིས་དེ་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། སྙིང་སྟོབས་ཀྱི་སྲོག་ཤིང་དེ་ཡོད་པས། མི་རྣམས་ལ་གཞི་ནས་རེ་བ་ཡོད་པར་གྱུར་ཅིང་། ཁ་ཕྱོགས་ཡོད་པར་གྱུར། སྙིང་སྟོབས་དེ་རིགས་ནི་མདུན་དུ་མཆོངས་མཁན་དང་སྣེ་ཁྲིད་བྱེད་མཁན་དེ་དག་ལ་ཡོད་པ་ལས་གཞན་མི་སྒེར་ཕལ་བ་ཞིག་གི་བསམ་སྤྱོད་ཀྱི་ངོས་ནས་ཀྱང་མངོན་འགྱུར་ཡོང་ཆོག ངས་བསམ་ན་ཨ་ཁུ་བློ་བཟང་གི་མི་ཚེའི་གོ་རིམ་དུ་ཡང་འདི་ལྟ་བུའི་སྙིང་སྟོབས་ཤིག་ཡོངས་སུ་སིམ་འདུག་སྟེ། དེ་ནི་གང་ལ་དད་པ་དེ་ལ་མི་ཕྱེད་པ་དང་མི་གཡོ་བའི་ཡིད་ཆེས་བརྟན་པོ་ཞིག་ཡོད་པ་དང་། ཡིད་ཆེས་དེ་ལ་བརྟེན་ནས་རང་གི་བསམ་སྦྱོར་གཉིས་ལ་གཅུན་བསྡོམས་གང་ལེགས་ཤིག་བྱེད་ཐུབ་པ་དེ་རེད། འདི་ནི་ད་ལྟའི་ཆར་ཀུན་གྱིས་འབོར་བཞིན་པའི་གཙིགས་ཆེ་བ་དེ་ཡིན་སྲིད།

  ཨ་ཁུ་བློ་བཟང་དགུང་ལོ་དགུ་བཅུ་ལྷག་གི་ན་ཚོད་དུ་སླེབས་ཀྱང་། སྐུ་ལུས་ཀྱི་ཟོར་ཡང་ལ་རིག་པའི་རྣོ་གསལ་བ་ཞིག་རེད། ང་ལོ་རེ་གཉིས་ཀྱི་ནང་དུ་ཁོང་དང་མཇལ་ཐེངས་རེར་སྣང་བ་ཞིག་ལ་ཁོང་གི་བགྲེས་སོང་གི་རྣམ་པ་དེ་ལ་མངོན་གསལ་དོད་པའི་འགྱུར་བ་ཆེན་པོ་འགྲོ་བཞིན་མི་འདུག ལོ་ཟླ་ཁོང་དང་གཡོལ་ནས་འགྲོ་བཞིན་པའི་ཚོར་བ་འདུག ངས་འདི་ནི་ ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགེ་སློང་ཞིག་གཙང་མ་ཞིག་གིས་མི་ཚེ་གང་བོར་དམ་པའི་ལྷ་ཆོས་ཀྱི་སྙིང་བོ་བསམ་སྦྱོར་དུ་སྒོམ་པའི་ནུས་འབྲས་ཡིན་པར་ཡིད་ཆེས་ཏེ། མི་ཞིག་གིས་མི་ཚེ་གཅིག་གི་དུས་ཚོད་བཀོལ་ནས་འཚོ་བ་སྟབས་བདེར་བཏང་བ་དང་། འདོད་པ་ཇེ་ཆུང་དུ་བཏང་། ད་དུང་གྲགས་འདོད་རྒྱབ་ཕྱོགས་སུ་གཡུགས་ཏེ། ཆེས་བབ་ཆགས་པ་དང་ཆེས་གཙང་དག་གི་འཚོ་བ་ཞིག་རོལ་ཡོང་ན། དེ་ལ་ང་ཚོ་སུས་ཀྱང་བསམ་ཚོད་བྱ་མི་ཐུབ་པའི་འབྲས་བུ་མི་གཅིག་པ་ཞིག་ཅིས་ཀྱང་འབྱུང་སྲིད། སྣང་ཚུལ་འདི་ལ་ཁོང་གིས་ཁེངས་ཆུང་གིས་གཤིན་རྗེ་ཆོས་རྒྱལ་གྱིས་ང་བླ་རྒན་ད་དུང་སྐད་གཏང་འདོད་མེད་པ་འདྲ་ཟེར། གང་ལྟར་ཁོང་དགུང་ལོ་བརྒྱ་ལ་ཉེ་བར་བཞུགས་རུང་། རྣམ་ཀུན་འབྱུང་གཞིར་ན་ཚ་ཆེན་པོ་ཅི་ཡང་མེད་པར་སྐད་ལ། མ་གཤེགས་པའི་བར་དུ་ཚེ་སྲོག་ལ་སྤུས་ཀ་ཡོད་ཅིང་དུས་ཚོད་ལ་སྙིང་བོ་ཡོད་པ་ཞིག་ཅིས་ཀྱང་ཡོང་འདུག་སྙམ།

  ཨ་ཁུ་བློ་བཟང་གཤེགས་རྗེས་སྐུ་ཕུང་དགོན་པའི་སྟོད་ཕྱོགས་ཀྱི་ལུང་པའི་ཕུ་ནས་སྦྱིན་བསྲེགས་བྱས། ཉིན་དེར་གྲོང་རུ་དགོན་གསུམ་དུ་འབོད་པའི་སྐྱ་སེར་ཚང་མ་མ་བོས་མཉམ་དུ་འདུས་ནས་མ་ཎི་བསྐོལ་བ་དང་ཁོང་ལ་སྐྱེལ་མ་ཞུས། དུས་རབས་གཉིས་ཀྱི་མགོ་རྔ་བརྒྱུད་ཅིང་སྤྱི་ཚོགས་གསར་རྙིང་གི་སྐྱིད་སྡུག་མྱངས་པའི་གྲྭ་པ་བགྲེས་སོང་འདི་དུས་གཏན་དུ་གྲོང་ཚོ་དང་དགོན་པ་དང་ཞལ་གྱེས་ནས་ཕེབས་སོང་། ཁོང་གིས་རང་ལ་དད་པ་ཡོད་པའི་གྲོང་ཚོའི་སྐྱ་སེར་རྣམས་ལ་ཞལ་ཆེམས་ཀྱང་དམིགས་བསལ་བ་ཅི་ཡང་བཞག་མི་འདུག ཁོང་སྐུ་འཚོ་བཞུགས་དུས། གྲོང་ཚོའི་ཁྱིམ་ཚང་རེ་རེར་ཕེབས་ནས་བཅའ་བ་རིམ་གྲོ་བསྒྲུབས་མྱོང་ཡོད་ལ། ཤི་བོའི་སྔས་མགོར་ཕེབས་ནས་སྨོན་ལམ་བསྔོ་བ་གསུངས་མྱོང་ཡོད། ཐ་ན་གྲོང་ཚོ་འདིའི་མི་ཕལ་ཆེ་ཤོས་ཀྱི་མིང་ཡང་ཁོང་གིས་བཏགས་པ་ཡིན། ཡིན་ན་ཡང་། ཁོང་གིས་ད་ལྟ་བར་དུ་མི་རྣམས་ལ་རྒྱ་ཆེ་བའི་གནས་ལུགས་གསུངས་མྱོང་མེད་ཅིང་། གཏིང་ཟབ་པའི་གདམས་ངག་ཀྱང་བསྟན་མྱོང་མེད། དེ་ལས་ལྡོག་སྟེ། ཁོང་གིས་རང་གི་ཚེ་གང་གི་ལག་ལེན་དང་བྱ་སྤྱོད་ཀྱིས་མི་རྣམས་ལ་དམ་པའི་ཆོས་ཀྱི་སྙིང་བོ་མི་ཞིག་གི་བསམ་སྦྱོར་དུ་ཇི་ལྟར་མངོན་འགྱུར་ཡོང་བར་དཔེ་སྟོན་ལེགས་པོ་ཞིག་གནང་ཡོད། ཁོང་གིས་ཁ་དོན་དགེ་སྦྱོར་ཆགས་མེད་གནང་ཞིང་། ཆོ་ག་ཕྱག་ལེན་འཆོལ་མེད་དུ་བསྒྲུབས། མི་སུ་ལ་འཕྲད་ཀྱང་ཁེངས་ཆུང་གིས་གུས་ཞབས་གནང་། བརྩེ་བ་ཆེན་པོས་འཛུམ་དམུལ་དམུལ་གནང་། ཁོང་ལོ་དུ་མའི་དུས་ཚོད་ནང་མཇལ་སྐོར་སོགས་ལས་གཞན་སྐུ་དགོན་པ་དང་མི་འབྲལ། ཕྱག་ཕྲེང་བ་དང་མི་འབྲལ། ངག་མ་ཎི་དང་མི་འབྲལ། ཁོང་གིས་འདི་ལྟ་བུའི་བསྐྱར་ཟློས་ཀྱི་འཚོ་བ་ཞིག་ལོ་དང་ཟླ་བར་རྒྱུན་འཁྱོངས་གནང་ནས་ཡོང་། འདི་ནི་ཅི་འདྲའི་རྗེས་སུ་ཡི་རངས་བྱ་འོས་པའི་མི་ཚེ་ཞིག་རེད་ཨང་།

  གང་ལྟར་ཀྱང་། ང་ལ་མཚོན་ན་ཨ་ཁུ་བློ་བཟང་གཤེགས་པ་ནི་ཕ་ཡུལ་གྱི་གཟུངས་གཞུག་ཅིག་མེད་པར་གྱུར་བའི་ཚོར་སྣང་འདུག ད་ནི་དགོན་པར་བསྐྱོད་དུས་ཨག་ཚོམ་དང་སྨིན་མ་དཀར་པོར་གྱུར་བའི་བགྲེས་སོང་དེའི་ཞལ་རས་མཇལ་མི་ཐུབ་ལ། ཁོང་གི་སྤྲོ་སྣང་དོད་པོའི་ཁ་བརྡ་དེར་ཉན་མི་ཐུབ། ཡིན་ན་ཡང་། ཁོང་གིས་གསུངས་མྱོང་བ་བཞིན་འདི་ཡོད་ཚད་མི་རྟག་པའི་རང་གཟུགས་ཙམ་ཡིན་ཏེ། བསམས་ཤེས་ན་སྐྱོ་བའི་སྣང་བ་ཅི་ཡང་མི་འདུག ཅུང་བློ་ཕམ་ཆེ་བ་ནི་ད་ལྟའི་དུས་འདིར་ཁོང་ལྟ་བུའི་བགྲེས་སོང་ཉུང་ནས་ཉུང་དུ་འགྲོ་ཞིང་། ཁོང་ལྟ་བུའི་ཕལ་བའི་བརྟུལ་ཞུགས་མི་ཚེ་གཅིག་ལ་སྲོག་བཞིན་སྲུང་མཁན་ཉུང་ནས་ཉུང་དུ་འགྲོ་བ་དེ་རེད།

  ཁོང་རྗེས་སུ་དྲན་པའི་རྩོམ་འདི་བྲིས་ཏེ་མཇུག་ལ་སླེབས་དུས། ངས་རང་གིས་ལོ་ཉི་ཤུ་ཙམ་གྱི་ཡར་སྔོན་དུ་བྲིས་པའི་སྒྲུང་གཏམ་《རླུང་ལ་བཅོལ་བའི》ནང་གི་མཇུག་གི་ཚན་པ་དེ་དག་དྲན་ཡོང་། “ཇ་འཐུངས་རྒྱུ་མང་དྲགས་པས། ངས་གྲྭ་རྒན་བློ་བཟང་དང་ཁ་བརྡའི་མཚམས་བཞག་སྟེ་ཕྱི་ལོགས་སུ་ཆབ་གསང་དུ་བསྐྱོད། མཐོ་སར་ཆགས་པའི་དགོན་པ་ཆུང་ཆུང་འདིའི་མཐོང་ལམ་གྱི་ཕ་ཡུལ་གྱི་རི་ལུང་སྐྱ་ཐིང་ཐིང་བྱེད་ཅིང་། བྱང་རླུང་གྲང་མོ་ཞིག་སྒང་གཤོང་ཀུན་ལ་སྨྱོ་ཧམ་ཆེན་པོས་རྒྱུག་བཞིན་འདུག ང་རླུང་ཁར་ཡུད་ཙམ་ལ་འགྲེང་སྟེ་བསྡད།”ངས་ལོ་དེར་འདི་ལྟར་བྲིས་མྱོང་། ད་ལྟའི་ཆར་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ས་ཆེན་དུ་མུ་ཏིག་གི་ཕྲ་རྒྱན་བཏབ་པ་ལྟ་བུའི་དགོན་པ་ཆུང་ཆུང་དེ་དག་དུས་རབས་ཀྱི་རླབས་ཕྲེང་ཁྲོད་སྔར་དང་བསྡུར་ན་ཆུང་ནས་ཆུང་དུ་འགྲོ་ཞིང་། ཇ་ནག་ཁུའི་ཁར་འཕྱོ་བའི་འབྲི་མར་སེར་པོའི་ཐིགས་པ་རེ་རེ་བཞིན་ཞུ་བཞིན་འདུག དུས་མཚུངས་སུ་ཨ་ཁུ་བློ་བཟང་ལྟ་བུའི་གྲྭ་པ་རྒན་པ་དག་ཀྱང་མཆོད་རྐོང་ནང་གི་མར་མེ་བཞིན་དུས་ཀྱི་རླུང་ཁར་ཡུན་རིང་ཡམ་ཡོམ་གཡོས་རྗེས་འདི་ལྟར་རེ་རེ་བཞིན་འཇིལ་འགྲོ་བཞིན་མཆིས། ད་ལྟ། ང་ཚོ་མི་རེ་རེའི་མི་ཚེ་དང་འཚོ་བའི་ནང་འཐིབས་པའི་མུན་པ་དེ་ད་ནི་ཇི་ལྟར་སངས་ཨང་།

  གང་ལྟར་ཀྱང་། ད་ནི་ཨ་ཁུ་བློ་བཟང་ཡང་འབྱུང་བར་འཐིམས་ནས་དུས་གཏན་དུ་མི་སྣང་བར་གྱུར་འདུག

                                        2025.9.21པེ་ཅིན་ནས་བྲིས།

  [1] ཨ་མདོའི་སྐད་དུ་གྲྭ་པ་ལ་ཨ་ཁུར་འབོད།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ་གསར་པ། 《ཨ་ཁུ་བློ་བཟང་རྗེས་སུ་དྲན་པ》

2025-09-23 ལྷ་བྱམས་རྒྱལ།(པེ་ཅིན) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།