ཚེ་རབས་ལས་ཀྱི་འདུ་བྲལ།
སྙིང་ལགས། དོ་ནུབ་འདྲ་པར་གྱི་ཁུག་མ་ཞིག་ཏུ་ཁྱོད་ཀྱི་འདྲ་པར་གསུམ་ཉར་ཡོད་པ་མཐོང་། བལྟས་ཀྱིན་བལྟས་ཀྱིན་སྙིང་ནས་ཤིན་ཏུ་དྲན་པ་ཞིག་རེད། ལོ་ཟླ་དེ་དག་ལ་འགལ་རེས་དང་འགྲིག་རེས་བྱས་པ་ལ་གྲངས་ཀ་ཞིག་གང་ན་ཡོད། འགལ་ཐེངས་རེར་ད་ནི་འབྲེལ་བ་ཡོངས་སུ་ཆད་སོང་སྙམ་ཡང་། ཡང་གཅིག་འགྲིག་པའི་ཚེ་ན་དེ་དག་གཏིང་བརྗེད་དུ་འགྱུར་བས་མི་ཚད། ཁྱོད་ནི་ངའི་གཏན་གྱི་འདུན་མའོ་སྙམ་སྟེ་འཆར་ཡན་གྱི་ཁྱིམ་གཞི་ཡང་བསྐྲུན་མྱོང་ཡོད། ཡིན་ནའང་ཆམ་ནད་ཐོན་པའི་ལོ་སྟེ། སྤྱི་ལོ2019ལོའི་ཆེས་མཐའ་མཇུག་གི་མཚན་མོ་དེར་ཁྱོད་ཀྱིས་ངའི་སྐད་འཕྲིན་དུ་བཏོན་ན་མི་ཚར་བའི་ཡི་གེ་ཞིག་བསྐུར་ནས་གཏན་དུ་བདེ་མོ་བཞག་ཅིང་། སྐད་འཕྲིན་ལས་བསུབས་ཏེ་མིང་ཐོ་ནག་པོ་རུ་འཕངས་པ་ནས་བཟུང་ངས་ད་ལོའི་སྟོན་ཁའི་བར་དུ་ཁྱོད་ཀྱི་གནས་ཚུལ་ཙམ་ཡང་མ་གོ གོ་དུས་ཁྱོད་ཀྱིས་ཉེ་ལམ་ལྷ་སའམ་ཁྲིན་ཏུའུ་གང་རུང་ཞིག་ན་ལས་ཚོགས་བྱེད་བཞིན་འདུག་ཟེར། ལས་ཚོགས་ཞེས་གོ་ཡོང་དུས་ངའི་ཡིད་ངོར་ཐོག་མར་འཁོར་ཡོང་བ་ནི་ཁྱོད་རང་ཕྱི་གླིང་བ་སྣེ་ལེན་བྱ་སའི་རྒྱལ་སྤྱིའི་ཡུལ་སྐོར་ཀུང་སི་ཞིག་གམ་ཡང་ན་དེར་འབྲེལ་གྱི་ལས་ཁུངས་ཤིག་ཏུ་ཡོད་སྙམ་པ་དེ་རེད། ངའི་ཡིད་ལ་ཡུལ་སྐོར་ཀུང་སི་འཁོར་བས་ཁྱོད་ཀྱིས་ཆེད་ལས་བརྗེས་པའི་ལོ་དེ་ཡང་འཁོར་བྱུང་། ལོ་དེ་ནི་ཆམ་ནད་ཐོན་པའི་ལོ་སྟེ་སྤྱི་ལོ 2019 ལོ་རེད། ལོ་དེར་ང་རང་སློབ་ཆེན་ནས་མཐར་ཕྱིན་ཅིང་ཁྱོད་ཀྱིས་སློབ་ཆེན་ལ་རྒྱུགས་འཕྲོད། ང་ཡིས་འཚོ་བ་དང་སྙན་ངག་གླེང་ཞིང་ཁྱོད་ཀྱིས་ཕུགས་བསམ་དང་རེ་བ་གླེང་བས་མཐར་འུ་གཉིས་གཞི་གཅིག་ཏུ་འབབ་མ་ཐུབ་པར་སྤྱི་ལོ 2019 ལོའི་སྤྱི་ཟླ 9 བའི་ཚེས 15 ཉིན་ལ་འུ་གཉིས་རང་རང་སར་མི་འགྲོ་ག་མེད་བྱུང་།
ལོ་དེའི་སྟོན་ཁར་ངས་ཁྱོད་ཀྱི་ངག་ལ་མ་ཉན་པར་རྫོང་མཁར་གྱི་སློབ་འབྲིང་དེ་ལ་སོང་ནས་བསྡད། ཕ་ཡུལ་གྱི་སྟོན་གཞུང་དེར་ངས་ཁྱོད་རང་བརྗེད་སོང་ན་སྙམ་ཡང་། འཇིག་རྟེན་འདི་རུ་ཆེས་དཀའ་བའི་དོན་དག་ཅིག་ནི་རང་དང་ཤ་འདྲེས་པགས་འདྲེས་སུ་སོང་བའི་མི་ཞིག་བརྗེད་དུ་འཇུག་རྒྱུ་དེ་རེད། ཁྱོད་རང་བརྗེད་པའི་ཐབས་སུ་ངས་ཁྱོད་ཀྱི་སྐད་འཕྲིན་ཡང་མིང་ཐོ་ནག་པོ་རུ་འཕངས་ཀྱང་དུས་ཚོད་ལ་ངེས་གཏན་མེད་པར་ནང་སེམས་ཀྱི་ཧྲག་བར་བརྒྱུད་ཡོང་བའི་ཕྱིར་དྲན་དེ་དག་གིས་ངའི་ཆོད་སེམས་སུ་བསྙད་པ་གང་དེ་རྨང་ནས་བསྒུལ་འགྲོ། ང་རང་ཞིབ་འཇུག་སློབ་མར་རྒྱུགས་ལེན་དུ་ཡོང་བའི་མཚན་མོ་དེར་འུ་གཉིས་གྲོང་ཁྱེར་ཞིག་གི་ཤར་ནུབ་ན་ཡོད། སྲང་ཆེན་ཞིག་གི་མགོ་རྔ་ན་ཡོད། མཚན་མོ་དེར་ངའི་རྨི་ལམ་གྱི་ས་བཅད་ཐ་དག་ཁྱོད་ཁོ་ནས་བཟུང་ཞིང་རྨི་ལམ་དུ་ཁྱོད་ཀྱིས་སྐད་འཕྲིན་ཡང་བསྣན་ནས་ཐོན། སང་ཞོགས་ཁ་པར་ལ་ལྟ་དུས་དངོས་གནས་བསྣན་འདུག་པས་རྨི་ལམ་ནི་སྐབས་རེར་དེ་འདྲའི་ཡ་མཚན་པ་ཞིག་ཀྱང་རེད། གྲང་ངར་རྒོད་ཅིང་མི་ཚོགས་ཀྱི་ཁ་རླངས་ཐུ་ལུ་ལུ་བྱེད་པའི་ཟི་ལིང་གི་ཞོགས་པར་དེར་ངའི་ནང་སེམས་ཀྱི་སྦུབས་གང་ཞིག་ལ་དྲོད་ལྟ་བུ་ཞིག་འཁྱིལ་ནས་འདུག ངས་ཁྱོད་ལ་ལན་ཞིག་སྟེར་དགོས་སྙམ་ཡང་། གློ་རྡེག་ལ་ཅི་ཞིག་བསྐུར་དགོས་པའང་མ་ཤེས་པར་གྱུར། དེ་བས་སྔ་དྲོའི་རྒྱུགས་དེ་བླངས་རྗེས་ད་གཟོད་ཁྱོད་ལ་སྐད་བཞག་པ་དྲན། ཁྱོད་ཀྱིས་ཐོག་མར་ཁམས་འདྲི་བྱས། དེ་ནས་རང་གི་ཉེ་ལམ་གྱི་གནས་ཚུལ་གཅིག་གཅིག་གཉིས་གཉིས་ཀྱིས་བཤད། དེ་ནས་ངའི་གནས་ཚུལ་དྲིས། ཧ་ལམ་ཟླ་བ་གཅིག་གི་གོང་ལ་ང་རང་ལན་གྲུ་ལ་ཐེངས་གཅིག་སོང་ནས་ཕྱིར་ཡོང་ཁར་ཁྱོད་ཀྱི་ཆེས་བཟང་བའི་གྲོགས་མོ་ཞིག་ལ་འཕྲད་ཅིང་། སྔོན་མ་ནས་ཁྱོད་བརྒྱུད་དེ་དྲ་ལམ་ནས་ངོ་ཤེས་པའི་སྟབས་ཀྱིས་ངས་མོ་ལ་དཔེ་ཆ་ཞིག་ལེགས་སྐྱེས་སུ་བྱིན། མོས་དཔེ་ཆ་དེ་ཐད་ཀར་དུ་དྲ་ལམ་དུ་བཞག་པར་ཁྱོད་ལ་གོ་ལོག་ཐེབས། འུ་གཉིས་ཀྱིས་སོ་སོའི་གནས་ཚུལ་གླེང་ནས་ཚར་མ་ཐག་ཁྱོད་ཀྱིས་གོང་གི་གནས་ཚུལ་དེ་དྲུད་ཡོང་ནས། ངས་ཁྱོད་གཉིས་ལ་འབྲེལ་བ་ཞིག་ཡོད་པར་བསམ་བྱུང་ཞེས་ཡུན་རིང་ལ་ཁོག་ཏུ་བཅུག་པའི་སྐད་ཆ་དེ་གཞི་ནས་སྙིང་རྗེ་བའི་ཉམས་དང་བཅས་ཏེ་བཤད། ཉམས་འགྱུར་དེ་དང་སྐད་ཆ་དེས་ངའི་ཡིད་སེམས་དྲག་ཏུ་སྐྱོམ་པར་བྱས་པས་ངས་དོན་དག་དེའི་ཐད་ནས་ཁྱོད་ལ་གསལ་བཤད་ཅིག་ཅིས་ཀྱང་བྱེད་དགོས་བྱུང་། ཁྱོད་ཀྱིས་མུ་མཐུད་དུ་བཤད་རྒྱུར་ངས་ཁྱོད་ཀྱི་སྐད་འཕྲིན་ཐེངས་འགའ་ལ་བསྣན་ཀྱང་མིང་ཐོ་ནག་པོ་རུ་འཕངས་ཡོད་ཚུལ་དང་། དེ་ང་ལ་མི་འབབ་ཚུལ། དེ་ལ་བསམ་འཆར་ཡོད་རབས་སོགས་ཀུ་རེ་དང་དོན་གཏམ་སྦྲགས་མའི་ངང་ནས་བཤད། སྐབས་དེར་སུ་ཡིས་བཤད་པ་མི་དྲན་མོད་ཕོ་མོའི་བརྩེ་དུང་ནི་འགལ་ནས་ཡང་བསྐྱར་མཐུན་དུས་ཀྱི་སྐེ་འཇུ་དེའི་ནང་ན་ཡོད་ཅེས་པ་བཞིན་ཁྱོད་ཀྱི་ཀུ་རེ་དང་དོན་གཏམ་སྦྲགས་མའི་སྐད་ཆ་དེ་ལ་ངས་རང་དབང་མེད་པར་སྐེ་འཇུ་ཞིག་བསྐུར་དགོས་བྱུང་། སྐེ་འཇུ་དེའི་ནང་དུ་དེང་སྐབས་ཀྱི་སྐད་ཆས་བཤད་ན་ངས་བཤད་མ་ཐུབ་པ་མང་བོ་ཞིག་ཀྱང་ལྷག་ཡོད། མཚན་མོ་དེར་འུ་གཉིས་ཀྱིས་ཁ་བརྡ་བྱས་ནས་མཚམས་ཤིག་ལ་ཐོན་རྗེས་ཁྱོད་ཀྱིས་གཅེས་པའི་ངག་གིས་དོ་དགོང་ངས་ཁྱོད་ལ་མགྲོན་བྱེད། ཅི་ཞིག་འཐུང་ན་འདོད་ཟེར། ངས་ཁ་ཚ་ཉུང་བའི་ཟ་མ་སྟབས་བདེ་ཞིག་གིས་འཐུས་ཞེས་ཀྱང་ཁྱོད་ཀྱིས་གསང་སྟབས་ཀྱིས་འབྲས་དང་བཅས་པའི་སྔོ་ཚལ་སྣ་ཁ་འགའ། ཆུ་མོག་རླངས་བཙོས། སིལ་ཏོག་ཞོ་བསྲེས་སོགས་མི་གཅིག་གིས་འཐུང་ན་མི་ཚར་བའི་ཚོད་ཅིག་བོས་བྱུང་། སྐབས་དེར་ཁྱོད་ད་དུང་སློབ་མའི་གནས་སྐབས་སུ་ཡོད་པར་བསམ་ན་སྒོར་བརྒྱ་ཤོག་ཅིག་ཀྱང་ཉུང་ཉུང་མིན་ནོ། ། ངས་ཟ་མ་དེ་དག་ལ་ཆེད་དུ་བརྙན་ཞིག་བླངས་ནས་ཁྱོད་ལ་བསྐུར་བ་ཞིག་ཉིན་འགའི་སྔོན་ལ་གླེང་མོལ་ཉུལ་དུས་དེ་གར་ད་དུང་ཉར་ཚགས་བྱས་འདུག མཚན་མོ་དེར་ངས་ད་དུང་ཕྱི་ཉིན་གྱི་རྒྱུགས་དག་ལ་བསྐྱར་སྦྱོང་རེ་བྱེད་དགོས་ཤིང་ཁྱོད་ཀྱང་ཟི་ན་ལུང་བའི་ཤར་མཐའ་ཞིག་ཏུ་ཡོད་པས་འུ་གཉིས་ཀྱི་ཐུག་འཕྲད་དེ་ཉིན་གཅིག་གིས་ཕྱིར་ལ་སྣུར་དགོས་བྱུང་། ཡིན་ནའང་དེའི་ཕྱི་ཉིན་སློབ་གྲྭ་ནས་གློ་བུར་དུ་ཁ་པར་ཐོན་ཏེ་མྱུར་དུ་ཡོང་དགོས་པའི་བརྡ་བརྒྱབས་པས་འུ་གཉིས་ཀྱི་དུས་བཏབ་དེ་ཡང་བསྐྱར་རྗེས་སུ་མི་སྣུར་ག་མེད་བྱུང་། སློབ་གྲྭར་འབྱོར་རྗེས་མཇུག་རྒྱུགས་ལེན་ལ་ཉེ་ཞིང་སློབ་རའི་རིག་རྩལ་འཁྲབ་སྟོན་ཞིག་ཀྱང་འཚོག་ལ་ཉེ་བས་ང་རང་དེ་དག་གི་ནང་ནས་མ་ཁོམ་པར་སྐྱེ་བ་ཟད་ཅིང་། ཁྱོད་ཀྱང་སྔོན་དང་བསྡུར་ན་དེ་འདྲ་ཁོམ་གྱི་མེད་པས་འུ་གཉིས་ཀྱིས་ཁོམ་དང་མི་ཁོམ་པའི་བར་གླགས་ནས་ཁ་བརྡ་རེ་བྱེད་ཀྱི་ཡོད་ནའང་། སྔོན་ཆད་ལྟར་དུ་ཞེ་ལྷོད་ལ་ཕབ་ནས་ཁ་བརྡ་ཞིག་རྩ་བ་ཉིད་ནས་བྱེད་མི་ཐུབ་ཨང་། དེ་ལྟར་བྱེད་མ་ཐུབ་པས་མཚམས་ཤིག་ནས་ཁ་བརྡ་ཡང་རིམ་གྱིས་ཇེ་ཉུང་ལ་སོང་ཞིང་བར་ཐག་ཀྱང་རིམ་གྱིས་ཇེ་རིང་ལ་འགྲོ་བཞིན་པའི་སྣང་བ་འཆར། ཁ་བརྡ་ཇེ་ཉུང་ལ་སོང་བས་བར་ཐག་ཇེ་རིང་དུ་སོང་བའམ་བར་ཐག་ཇེ་རིང་ལ་སོང་བས་ཁ་བརྡ་ཇེ་ཉུང་དུ་སོང་བ་གང་ཡིན་ཆ་མ་འཚལ་བའི་གནས་སྐབས་དེ་དག་ཏུ། འུ་གཉིས་ཀྱིས་ངེས་པར་དུ་བཤད་ནས་དག་འབུད་དགོས་པའི་སྐད་ཆ་སྐོར་ཞིག་ཀྱང་བཤད་འཕྲོར་ལུས། སྐད་ཆ་དེ་དག་བཤད་འཕྲོར་ལུས་པས་ད་གཟོད་འུ་གཉིས་ཀྱི་ལས་འཕྲོ་ཡང་མཚམས་དེ་ག་ཞིག་ནས་རྫོགས་པ་འདྲ། བཤད་འཕྲོར་ལུས་པའི་སྐད་ཆ་དེ་དག་ནི་འུ་གཉིས་ཀྱི་མི་ཚེའི་འབྱུང་འགྱུར་ལ་ཐད་ཀར་དུ་འབྲེལ་བ་ཡོད་པ་ཞིག་སྟེ། དེ་ཡང་གསལ་བོར་བཤད་ན་གོང་ནས་གླེང་བ་བཞིན་འཚོ་བ་དང་སྙན་ངག ཕུགས་བསམ་དང་རེ་བ་བཅས་ཀྱི་བར་ལ་མཐུན་ཟམ་ཞིག་སྐྲུན་ཐུབ་ན་སྙམ་པ་དེ་རེད། ཡིན་ནའང་ལས་བསམ་སར་མ་སོང་གསེག་སར་སོང་། རྡོ་གཡའ་མའི་ཆག་ཁ་འཕྲེད་དུ་སོང་བས་སྔོན་ཆད་སྐར་མ་གཅིག་གི་རིང་ལའང་མེད་ན་མི་སྡོད་པའི་མི་གཉིས་ལ་ད་ཆ་རིམ་གྱིས་ཁ་བརྡ་མེད་པར་གྱུར་ནས་ཉིན་གཅིག་འདས། གཟའ་འཁོར་གཅིག་འདས། ཟླ་ཕྱེད་ཅིག་འདས་པའི་རྗེས་སུ་ཁྱོད་ཀྱིས་གཞི་ནས་ཡི་གེ་དེ་བསྐུར་ནས་ཐོན། ཡི་གེ་དེ་མ་བསྐུར་བའི་སྔོན་ལ་ཁྱོད་ཀྱིས་རང་གི་སྐད་འཕྲིན་གྱི་བར་སྟོང་དུ་ཕལ་ཆེར་ཉིན་བཞིན་སྡུག་གཏམ་རེ་སྤེལ་ཡོང་ལ། ངས་ཀྱང་ཁྱོད་ཀྱིས་རིག་དང་མི་རིག་པའི་མངོན་ལྐོག་ཀུན་དུ་དེ་ལྟར་དུ་སྤེལ་བཞིན་ཡོད། དེ་ལྟར་དགུན་ཟླ་ཞིག་ལ་འུ་གཉིས་ཀྱིས་གྲང་དམག་ཡ་ང་བ་ཞིག་བརྒྱབ། གལ་ཏེ་གྲང་དམག་དེ་མ་བརྒྱབ་པའི་སྔོན་ནམ་ཡང་ན་རྒྱག་པའི་སྐབས་ཤིག་ལ་ངས་རང་ཚུགས་སུ་བསྙད་པའི་ཨུ་ཚུགས་དེ་ལོགས་ཤིག་ཏུ་གཡུགས་ནས། ཁྱོད་ཁོ་ནར་བཤད་རྒྱུ་ཞིག་མེད་ནའང་ཡོད་པའི་ཁུལ་གྱིས་ཧ་ལམ་གཟའ་འཁོར་གཅིག་གི་རིང་ལ་ཁ་བརྡའི་རྒྱུན་བསྲིངས་ཡོད་ཚེ་འུ་གཉིས་ཚད་འདི་འདྲ་ཞིག་ཏུ་ལྷུང་མེད་ཀྱང་སྲིད་མོད། གལ་ཏེ་ཞེས་གླེང་དུས་ཡོད་ཚད་འཕྱིས་འདུག་པ་སྐབས་དེ་ཤེད་ཅིག་ལ་ག་ལ་ཤེས་ཨང་།
2019 ལོའི་ཆེས་མཐའ་མཇུག་གི་མཚན་མོ་དེར་ངས་ཁྱོད་ཀྱིས་བསྐུར་བའི་ཡི་གེ་དེ་ཆ་ཚང་བར་བཀླགས་རྗེས་ཁྱོད་ལ་ལན་ཞིག་སྟེར་དགོས་སྙམ་ནས་སྔོན་ལ་ཚིག་ཇ་ཞིག་བསྐུར་བར་ཁྱོད་ཀྱིས་ངའི་སྐད་འཕྲིན་མིང་ཐོ་ནག་པོ་རུ་འཕངས་འདུག དེ་བས་ངས་ལན་དེ་ཁྱོད་ཀྱི་ཁ་པར་ཨང་གྲངས་ཀྱི་སྟེང་དུ་བསྐུར་བ་ཡིན་མོད། སྐབས་དེར་ཨང་གྲངས་དེ་ཡང་ཁྱོད་ཀྱིས་འཛིན་གྱི་ཡོད་མེད་ཤེས་མ་སོང་། དེ་གཅིག་བྱས་ན་ཁྱོད་ཀྱིས་སྔ་མོ་ནས་གང་ཞིག་ལ་གཡུགས་ཡོད་ཀྱང་སྲིད། གལ་ཏེ་གཡུགས་ཡོད་ཚེ་ཁྱོད་ཀྱིས་ངའི་སྐད་ཆའི་ཕག་གི་སྐད་ཆ་སྐོར་ཞིག་ནམ་ཡང་གོ་ཐབས་མེད་པས་དུས་དེ་ནས་བཟུང་ཁྱོད་ལ་གྲག་འགུལ་མེད་པ་ཡང་གཅིག་བྱས་ན་ངའི་སྐད་ཆ་དེ་དག་མ་གོ་བ་ལ་འབྲེལ་བ་ཡོད་སྲིད། ངས་དེ་ལྟར་འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་ཁྱོད་ཀྱིས་བཤད་པའི་སྐད་ཆ་གཉིས་ནི་ནམ་ཡང་བརྗེད་མི་ཐུབ། སྐད་ཆ་དེ་གཉིས་ནི་ཡི་གེ་སྔ་མའི་ནང་གི “གལ་ཏེ་ཁྱོད་ཀྱིས་ང་རང་ལོ་སུམ་ཅུའི་བར་དུ་བསྒུག་ཐུབ་ན་ང་ཐད་ཀར་ཁྱོད་ལ་གཉེན་བསྒྲིག་ངེས” ཞེས་གཏིང་ཐག་ཆོད་པའི་སྐད་ཆ་ཞིག་བཤད་ཡོད་པ་དེ་དང་། ཡང་ཡི་གེ་ཕྱི་མའི་ནང་གི“བདེ་མོ་བྱོས། སྐྱེ་བ་འདིར་ང་ནམ་ཡང་ཁྱོད་ལ་དགའ” ཞེས་པ་དེ་རེད། ནམ་རྒྱུན་སྐད་ཆ་དེ་གཉིས་ལ་བསམ་ཐེངས་རེར་ང་རང་ཐོག་མར་དགའ་ཞིང་མཐའ་མར་སྡུག ཡང་ན་ཐོག་མར་སྡུག་ཅིང་མཐའ་མར་དགའ། སྐད་ཆ་དེ་གཉིས་ལས་འབྱུང་བའི་དགའ་སྡུག་ནི་རེས་འཁོར་སིལ་གྲངས་ལྟར་དུ་ཐོག་མཐའ་ལ་ངེས་པ་མེད་པར་ཡང་ནས་བསྐྱར་དུ་འཁོར་བཞིན་གདའ། དེ་ཡང་ཨ་མདོའི་ལ་གཞས་ཤིག་ཏུ“རོགས་འདང་ཆེན་དྲན་དུས་ནམ་གུང་རེད། །ཚིག་འགངས་ཆེན་དྲན་དུས་ནམ་ལངས་རེད” ཅེས་པ་བཞིན་ཁྱོད་དྲན་ཐེངས་རེ་ལ་ཁྱོད་ཀྱི་སྐད་ཆ་དེ་དག་ཀྱང་དྲན་ནས་འོང་ཞིང་། ཁྱོད་ཀྱི་སྐད་ཆ་དེ་དག་དྲན་ནས་འོང་ན་ཁྱོད་ཀྱི་གསལ་ཞིང་དག་པའི་སྨྲ་ལྕེ་དང་། སྙན་ཞིང་འཇེབས་པའི་སྐད་ངག བརྗེད་དུ་མེད་པའི་ཁ་ཚིག རྒྱུ་མ་གཅོད་པའི་ཀྱལ་ག་སོགས་ཀྱང་དྲན་ནས་འོང་།
སྤྱི་ལོ 2020 ལོའི་ལུགས་རྙིང་གི་ལོ་སར་རྗེས་ནས་ང་ཡོད་སའི་སློབ་གྲྭ་དེའི་དགེ་རྒན་དང་ལས་བཟོ་བ་སོགས་ཟླ་བ་གཅིག་གི་རིང་ལ་སློབ་གྲྭ་ནས་ཟུར་བཀར་བྱེད་རྒྱུ་ཡིན་ཞིང་། དུས་ལྟར་སློབ་གྲྭར་འབྱོར་དགོས་པའི་བརྡ་ཐོན་པས་ངས་བསྡུ་གསོག་ཙག་ཙིག་ཅིག་བྱས་རྗེས་ཐད་ཀར་སློབ་གྲྭར་ལོག་པ་ཡིན། ཟླ་བ་གཅིག་གི་རིང་ལ་ངེད་ཅག་ཤིན་ཏུ་ཁོམ་དྲགས་པས་ཉིན་མོར་སློབ་ཁྲིད་ལ་གྲ་སྒྲིག་ལྟ་བུ་རེ་བྱས་ཤིང་མཚན་མོར་ལྷན་དུ་བྱ་ཤ ༼སྐབས་འདིར་རོལ་རྩེད་ཅིག་ལ་གོ༽ ཏག་ཏག་ཟོས་ནས་བསྡད། སྐབས་དེར་འུ་གཉིས་ཀྱིས་གྲང་དམག་བརྒྱབ་ནས་མཇུག་བསྡུས་མ་ཐག་ཡིན་པས་ངས་ཁྱོད་བཙལ་མི་ཕོད་ལ། ཁྱོད་ཀྱིས་ཀྱང་ང་གནས་སྐབས་སུ་བཙལ་ནས་མི་ཡོང་བ་ཤེས། དེའི་རྗེས་ཀྱི་ལོ་ཟླའི་ནང་དུ་ཁྱོད་ཀྱིས་ང་རང་བཙལ་ཡོད་པར་སྲིད་ཀྱང་། སྤྱི་ལོ 2020 ལོའི་སྤྱི་ཟླ 7 པའི་ཚེས 19 ནས་སྤྱི་ལོ 2023 ལོའི་ལོ་སར་གྱི་བར་དུ་ངས་སྐད་འཕྲིན་འདིའི་སྒོ་གཏན་ནས་ཕྱེ་མ་ཐུབ་པས་དེའི་རིང་ལ་བཙལ་ཡོད་ཚེ་ཁྱོད་ལ་ཡིད་རྩ་བ་ནས་ཆད་དུ་བཅུག་ཡོད། ལོ་ཟླ་དེ་དག་ལ་ང་རང་འགལ་རྐྱེན་རུ་ལྟར་འཛིངས་པའི་གསེབ་ལ་ལྷུང་ཞིང་རང་ལ་ཐོབ་འོས་པ་མང་བོ་ཞིག་ཀྱང་བལྟས་བལྟས་རིག་རིག་ལ་ཤོར་སོང་བས་དངོས་གནས་འཇུ་སྐལ་བཟང་ལགས་ཀྱིས “བྲག་དཀར་འཛོང་ཐེམ་པ་མཐོ་སོང་ཟིག །མཚོ་མཚེའུའི་འགྲམ་རྒྱུད་དམའ་སོང་ཟིག །ཤིང་ཡལ་གའི་ལྕུག་ཕྲན་གཉོམ་སོང་ཟིག །ཚེ་ད་ངོགས་འདི་ལ་ལས་མེད་ཀི” ཞེས་པ་བཞིན་ཁྱོད་དང་ཁ་བྲལ་བའི་ལོ་ཟླ་དེ་དག་གི་རིང་ལ་འུ་གཉིས་ཀྱི་བར་ལ་ཧེ་བག་ཆེ་ཞིག་ཤོར་སོང་བའི་ཉམས་སྣང་གིས་མཚམས་ཤིག་ནས་ཁྱོད་རང་བཙལ་རྒྱུའི་སྤོབས་པ་དེ་ཡང་གཏན་ནས་ཉམས་པར་གྱུར། ཡང་གཅིག་བཤད་ན་ཁྱོད་ཀྱིས་ཀྱང་རང་ལ་དབང་ཐག་ཆོད་ཀྱི་འཚོ་བ་ཞིག་རོལ་བཞིན་ཡོད་ན་ངས་ཁྱོད་ཀྱི་འཚོ་བ་ལ་བར་ཆད་ཀྱང་གཏོང་མ་ཕོད་པས་ཡིན། དེ་ལྟར་རྟིང་མའི་ལོ་ཟླའི་ནང་དུ་སྟེས་དབང་དང་སྟེས་དབང་མ་ཡིན་པའི་ངང་ནས་མི་རེ་ཟུང་ལ་འཕྲད་ཀྱང་ཁྱོད་ལ་ལོབས་ལོབས་ཤིག་སུ་ལའང་ལོབས་དཀའ་ཞིང་ཁྱོད་ལ་དགའ་དགའ་ཞིག་སུ་ལའང་དགའ་མི་ཐུབ་པས་དངོས་གནས་རྒྱང་རིང་གི་ས་ཀུ་ར་རྗེ་མ་བྱ་བར་འཇིག་རྟེན་འདི་རུ་སྐྱེས་པའི་སེམས་སུ་ནམ་ཡང་བཙལ་ན་མི་རྙེད་པའི་བུད་མེད་རེ་བསྐུངས་ཡོད་ཅིང་། བུད་མེད་ཀྱི་སེམས་སུ་ཡང་ནམ་ཡང་བཙལ་ན་མི་རྙེད་པའི་སྐྱེས་པ་རེ་བསྐུངས་ཡོད་མོད། མི་དེའི་རིགས་ནི་སེམས་སུ་ཉར་རྒྱུ་ཞིག་ལས་བཙལ་ནས་ཡོང་རྒྱུ་ཡོད་པ་ཞིག་མ་རེད་ཅེས་འབྱུང་། དེས་ན་ཁྱོད་ནི་ཏག་ཏག་ངའི་སེམས་སུ་བསྐུངས་པའི་བུད་མེད་དེ་ཡིན་པར་ངེས་ཤིང་ཁྱོད་ཀྱི་སྟེང་ལ་ངས་བཙལ་ན་མི་རྙེད་པའི་ཡོན་ཏན་གྱི་ཆོས་མང་པོ་ཞིག་བསྒོས་ཀྱང་ཡོད་པས་ངའི་སྐྱེ་བ་འདི་ཡི་དུས་ཚོད་ཐ་དག་ནི་ཁྱོད་ཉིད་དྲན་པའི་སེམས་ཀྱིས་བསྐྱལ་དགོས་པ་འདྲ། རྒྱུ་མཚན་དེ་ཡི་ཕྱིར་ན་ངས་ནམ་རྒྱུན་ཁྱོད་རང་དྲན་ཐེངས་རེ་ལ་ཁྱོད་ཀྱིས་ང་ལ་བཞག་པའི་དྲན་རྟེན་དེ་དག་ཀྱང་དྲན་ནས་འོང་བས། ན་ནིང་དབྱར་ཁར་ངས་དྲན་རྟེན་ཞེས་པའི་སྙན་ཚིག་ཅིག་བྲིས་པ་ནི་འདི་ལྟ་སྟེ། ནམ་མཁའ་སྔོ་ཞིང་དྭངས་པའི་ཉིན་ཞིག་ལ། །མེ་ཏོག་ཁྲ་ཆིལ་བཞད་པའི་ཚལ་ཞིག་ཏུ། །དང་པོར་འུ་གཉིས་འཕྲད་པའི་རྣམ་པ་བྲིས། །བར་དུ་འུ་གཉིས་འགྲོགས་པའི་རིམ་པ་བྲིས། །མཐའ་མར་འུ་གཉིས་བྲལ་བའི་མཆི་མ་བྲིས། །འདུས་བྱས་མི་རྟག་པའོ་ཞེས་ཀྱང་བྲིས། །འོན་ཏེ་ཕྱིར་དྲན་གསེར་གྱི་མེ་ལོང་དུ། །ཁྱོད་ཀྱི་ཁྲེལ་གཞུང་ཕྱི་ཐག་མ་ལུས་བཀྲ། །དེ་ནི་ང་ལ་བཞག་པའི་དྲན་རྟེན་ཏེ། །ང་ལ་དེ་ཡི་ཕན་ནས་ཅི་ཞིག་དགོས། །ང་ལ་དེ་ཉིད་བཞག་པས་ཅི་ཡང་བཞག །ཏག་ཏག་ཁྱོད་ཀྱིས་ང་ལ་དེ་ལྟ་བུའི་དྲན་རྟེན་རེ་བཞག་པས་ངས་འུ་གཉིས་ཀྱི་འདས་སོང་གི་དོན་དག་ཕྲ་རགས་ཀུན་ལ་ཕྱིར་དྲན་རེ་བྱེད་དུས་དགའ་སྡུག་གི་ཚོར་སྣང་རེ་རེས་ཡིད་སེམས་བརྟོལ་ཡོང་བའི་གནས་སྐབས་དེ་དག་ནི་ངའི་རྫོགས་ལྡན་གྱི་ལང་ཚོའི་ལེའུ་ལ་དམིགས་བསལ་གྱིས་ཉམས་སུ་མྱོང་སྟངས་གཞན་ཞིག་གོ །
སྙིང་ལགས། ལོ་ཟླ་ནི་དངོས་གནས་མགྱོགས་པ་ལ་ཨང་། མིག་རྡེབ་དབང་ཙམ་གྱི་རིང་ལ་མི་ལོ་བདུན་ཕྱིན་འདུག མི་ལོ་བདུན་གྱི་རིང་ལ་ངས་ཁྱོད་ཀྱི་གནས་ཚུལ་ཙམ་ཡང་མ་གོ དྲང་མོར་བཤད་ན་ཨེ་གོར་ཡང་མ་བལྟས། བལྟས་ཀྱང་ཡིད་སེམས་སྡུག་པའི་སྣོན་མ་ལས་མེད་པ་འདྲ། ད་ལོའི་སྟོན་ཁར་ཁྱོད་དང་སྡེ་བ་གཅིག་པའི་གསར་བུ་ཞིག་གི་ཁ་ནས་ཁྱོད་ཀྱི་གནས་ཚུལ་ཕྲན་ཙམ་ཞིག་གོ་བས་སྙིང་ལ་ཤིན་ཏུ་ཉེ་བ་ཞིག་བྱུང་། ལོ་ངོ་འདི་དག་གི་རིང་ལ་ངས་ཁྱོད་མགྱོགས་འཕྲིན་དང་འདར་དབྱངས་སོགས་སུ་ཐེངས་གཅིག་ལའང་མ་རིག དེ་ལ་བལྟས་ན་ཁྱོད་ཀྱིས་མཉེན་ཆས་དེ་དག་སྔོན་ཆད་ལྟར་དུ་སྤྱོད་ཀྱིན་མེད་པ་འདྲ། ཁྱོད་ཀྱིས་སྔར་མགྱོགས་འཕྲིན་དུ་སྤེལ་བའི་བརྩམས་ཆོས་དག་ཀྱང་ད་ནི་ཡོངས་སུ་བསུབས་པའམ་ཕྱིར་འཐེན་བྱས་ནས་གཅིག་ཀྱང་མེད་པ་བཟོས་འདུག གཞེས་ནིང་དབྱར་ཁ་ཞིག་ལ་སློབ་གྲོགས་ཀྱི་ཚོགས་པ་ཞིག་ཏུ་ཁྱོད་ཀྱི་སྐད་འཕྲིན་ཡང་སུ་ཞིག་གིས་བསྣན་ནས་ཐོན་པས། ངས་འཕྲལ་དུ་ཁྱོད་ཀྱི་སྐད་འཕྲིན་གྱི་རྒྱབ་ལྗོངས་ལ་ཅིག་བལྟས་མོད། བརྩམས་ཆོས་གཅིག་ཀྱང་འཆར་རྒྱུ་མེད་པ་བཟོས་འདུག དེ་བས་སྐད་འཕྲིན་གྱི་མགོ་པར་ལ་ཞིབ་ལྟ་ཐེངས་གཅིག་བྱེད་འདོད་བྱུང་། པར་དེ་ནི་བོད་ཡུལ་བསིལ་མོ་ལྗོངས་ཀྱི་ལུང་པ་ག་གེ་མོ་ཞིག་ཏུ་བླངས་ཤས་ཆེ། གནམ་ངོ་རུབ་ཚུལ་དང་སྨུག་པ་འཐིབ་ཕྱོགས་ལ་བལྟས་ན་དུས་ཚོད་དེ་ནི་ཆར་བ་ཡུན་རིང་ལ་བབས་རྗེས་ཀྱི་སྟོན་མཇུག་ཅིག་ལ་ཁེལ་ཡོད་པ་འདྲ། མཐོང་སྣང་ལ་ལོས་འཁྱག་སྙམ་པའི་གནམ་གཤིས་དེའི་ངོགས་སུ་ཁ་ཁྱེར་དུ་དར་ལྕོག་འཐེན་ཡོད་པའི་ལྗོངས་གཟིགས་ཀྱི་སྟེགས་བུ་ཞིག་ཏུ། དབུ་སྐྲ་རྒྱབ་ཏུ་གཏོར་ཅིང་ལྭ་རིང་སྨུག་ནག་གྱོན་པའི་བུད་མེད་ཅིག་གིས་ཁུག་མ་སེར་པོ་ཞིག་གཡས་ནས་རྒྱབ་ལ་ཅུང་ཙམ་བསྐོར་ནས་ཁུར་ཅིང་། མདུན་གྱི་རི་ཚོགས་ཀྱི་ཕང་བ་རུ་ཞོ་ལྟར་ཆགས་པའི་སྨུག་སྤྲིན་ལ་མགོ་བོ་ཨེན་ཙམ་ཞིག་དགྱེ་ནས་བལྟས་འདུག བཟོ་ལྟ་དེ་ནི་ཇི་འདྲའི་སྙིང་དུ་སྡུག་པ་ལ། ངས་ད་ལྟའི་བར་དུ་བུད་མེད་དེ་ཁྱོད་ཡིན་པར་ཆ་འཇོག་བྱས་ནས་ཡོང་བ་ཡིན། དེ་གཅིག་བྱས་ན་ཁྱོད་ཡིན་སྲིད་ལ། ཡང་གཅིག་བྱས་ན་ཁྱོད་མིན་ཡང་སྲིད་མོད། གང་ལྟར་ངའི་མཐོང་སྣང་ལ་བུད་མེད་དེ་དང་ཁྱོད་གཉིས་ཀྱི་གཟུགས་བརྙན་ངོ་བོ་དབྱེར་མེད་དུ་འདྲེས་ནས་འདུག ཁྱོད་གཉིས་ཀྱི་གཟུགས་བརྙན་ངོ་བོ་དབྱེར་མེད་དུ་འདྲེས་པའི་ཚད་ནི 《ནོར་ཝེའི་ནགས་ཚལ》 ནང་གི་ཁྱོད་དང་ཀྲི་ཙི་གཉིས་ཀྱི་བྱད་བཞིན་ངོ་བོ་དབྱེར་མེད་དུ་འདྲེས་པའི་ཚད་ལས་ཀྱང་ཆེས་ཆེར་ལྷག་གོ །
སྙིང་ལགས། འཛོམས་པའི་མཐའ་མར་འབྲལ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ལགས་ན་འཇིག་རྟེན་འདི་ནས་ང་རང་ཁྱོད་དང་སྙིང་ནས་ཐེངས་གཅིག་འགྲོག་རྒྱུ་བྱུང་བ་དེས་ནི་ཅིས་ཀྱང་ཆོག་གོ །སྐྱིད་སྡུག་ལ་ངེས་སྲོལ་མེད་པའི་འཇིག་རྟེན་འདི་རུ་ངས་སྐབས་མང་པོར་སྐྱབས་ཆེན་བདེ་གྲོལ་ལགས་ཀྱི་གཞས་ཚིག་ཚན་པ་ཞིག་ཀྱང་དྲན་འོང་། གཞས་དེ་ང་ཁྲིན་ཏུའུ་ལ་འགྲོ་དུས་ཤིག་ལ་ཁྱོད་ཀྱིས་གངས་ཅན་པའི་གཞས་འགའ་བསྐུར་བའི་ནང་གི་གཅིག་རེད། ལོ་དེའི་སྟོན་ལྗོངས་ཀྱི་མཚན་མོ་དེར་ང་རང་ས་སེར་མཐོ་སྒང་གི་ནུབ་རྒྱུད་བརྒལ་ནས་འགྲོ་བའི་མེ་འཁོར་ཞིག་ཏུ་བསྡད་ཡོད། ངས་མེ་འཁོར་དེ་རུ་ཁྱོད་ཀྱིས་བསྐུར་བའི་བརྩེ་གཞས་ཞེས་པའི་གཞས་དེ་ལ་ཉན་བཞིན་སོང་། གཞས་དེའི་ནང་གི་ཚིག་ཚན་པ་ཞིག་ཁྱོད་དང་ཁ་བྲལ་ནས་མི་ལོ་བདུན་འདས་རྗེས་ཀྱི་དོ་ནུབ་ངའི་ཡིད་ལ་ཡང་བསྐྱར་འཁོར་བྱུང་། ཚིག་དེ་ནི་འདི་རེད། “སྙིང་སྡུག མི་ཚེ་འདི་ཡི་དུས་ཚོད་ཐ་དག་ཁྱོད་ཉིད་དྲན་པའི་སེམས་ཀྱིས་བསྐྱལ་དགོས་བྱུང་ཡང་། ཁྱོད་རང་མི་ཡུལ་ཁམས་ན་ད་དུང་བདེ་བར་ཡོད་པའི་སྐད་ཆ་དེས་ཆོག་གོ །”
སྤྱི་ལོ 2025 ལོའི་ལུགས་རྙིང་གི་ཟླ 12 པའི་ཚེས 13 ཉིན་གྱི་མཚན་མོར་ཕ་ཡུལ་ནས་བྲིས་ཤིང་སྤྱི་ལོ 2026 ལོའི་སྤྱི་ཟླ 5 པའི་ཚེས 28 ཀྱི་ཕྱི་དྲོར་པེ་ཅིང་གི་ཏ་ཞིན་གནམ་ཐང་གི་ཉེ་འགྲམ་དུ་དག་བཅོས་ཀྱི་རིམ་པས་མཇུག་ཡོངས་སུ་བསྒྲིལ།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

