ཁ་པར་གྱི་འགོས་ནད།

  ལོ་རེ་རེ་ཡི་དབྱར་ཁའི་ད་ཚོད་འདིར།ངས་ཁྲ་ལམ་ལམ་གྱི་དབྱར་ཁའི་མཛེས་སྡུག་ལ་རོལ་མྱོང་བྱེད་བཞིན། རྩྭ་ཐང་ངམ་མེ་ཏོག་ཁྲ་ལམ་ལམ་ཡོད་པའི་སྤང་ཐང་གང་ཞིག་ཏུ་གན་རྐྱལ་དུ་ལོག་ནས།གཞན་གང་དུ་ཡང་མཐོང་བར་དཀོན་པའི་ཕ་ཡུལ་གྱི་དབྱར་ཁའི་མཛེས་སྡུག་དེ་དག་ལུས་སེམས་ཀྱིས་རོལ་མྱོང་བྱེད་བཞིན་ཡོད་སྲིད།ད་ལོའི་དབྱར་ཟླ་འདིར།ངའི་ནང་མི་ཞིག་ན་བཞིན་འདུག་པས།ངས་ཕ་ཡུལ་གྱི་དབྱར་ཁའི་མཛེས་སྡུག་དེ་དག་མི་འདོད་བཞིན་རྒྱབ་ཏུ་བསྐྱུར་ཏེ་ལེ་བར་སྟོང་ཚོ་འགའི་བར་ཐག་ཆོད་པའི་གྲོར་ཁྱེར་དུ་སྨན་པར་བསྟན་སར་སོང་བ་ཡིན།ནང་མི་ཞིག་ན་བཞིན་ཡོད་ན་དེ་ཉིད་བདེ་ཐང་ཡོང་ཕྱིར།ས་ཐག་ཅི་འདྲ་རིང་པོ་ཞིག་ལ་འགྲོ་དགོས་ན་ཡང་འགྲོ་ལོས་དགོས།ཐ་ན་བར་དོའི་འཕྲང་ལ་སོང་ནས་ཕྱིར་འཁྲིད་ཐུབ་བྱ་དགོས་ཀྱང་འཁྲིད་ཨེ་ཐུབ་ལྟ་བ་ནི་འགྲོ་བ་མིའི་སྤྱི་མཐུན་གྱི་བསམ་བློ་ཞིག་ཡིན་གཤིས།ང་ཡང་དེ་ཉིད་ལས་མ་འདས་སོ།།

  ད་ནི་ངའི་ནང་མི་ལགས་ཀྱང་ཧ་ཅང་བདེ་ཐང་ཡོང་བཞིན་འདུག་པས་སེམས་ནས་བཤད་མི་ཤེས་པའི་དགའ་སྣང་ཆེན་པོ་ཞིག་འདུག དགའ་སྣང་དེ་ནི་རིན་ཐང་གཞལ་མཐའ་བྲལ་བའི་ནོམ་པ་ཞིག་ལག་ཏུ་སོན་པའི་དགའ་སྣང་དང་མཚུངས།དགའ་སྣང་དེ་ལས་ཀྱང་བརྒལ་བའི་དགའ་སྣང་ཞིག་ཅི་ལ་མིན་ཏེ་ཡིན་ནོ།།

  ང་རང་མི་ལོ་ཉེར་བདུན་ལ་སོན་ཡང་།ཕ་ཡུལ་དང་ཁ་ཐག་རིང་བའི་རྒྱ་ནང་ངམ་གྲོང་ཁྱེར་ཆེན་པོའི་ནང་དུ་ཡོང་བ་ཐེངས་དང་པོ་ཡིན། མི་ལོ་ཉེར་བདུན་ལ་ཕ་ཡུལ་གྱི་མཛེས་སྡུག་གི་དྲོད་ཁོལ་དང་ཁ་བྲལ་མ་མྱོང་བའི་ང་རང་།ཕ་ཡུལ་དང་ཁ་ཐག་རིང་བའི་བས་མཐའ་གང་ཞིག་ཏུ་གློ་རྡེག་ཏུ་སླེབ་པ་ན།གནས་འདིའི་མཁའ་དབུགས་དང་གནམ་གཤིས་སོགས་ལ་མི་ལོབས་པའི་ཆ་མང་ཙམ་འདུག།ང་ནི་ཆུང་ནས་ད་ལ་མ་ཐུག་གི་བར་དུ་རང་གི་ཕ་ཡུལ་གྱི་མཁའ་དབུགས་དང་གནམ་གཤིས་སོགས་ལ་འདྲིས་གོམས་ཆེ་བའི་ཡིན་གཤིས་གནས་འདིའི་རི་ཆུ་ལ་མི་ལོབ་པར་ཐུགས་ཁག་ཅི་ལ་ཡོད། འདྲིས་གོམས་ཆེ་བ་ཙམ་གྱིས་ཀྱང་མ་ཡིན་པར་ཕ་ཡུལ་གྱི་མཁའ་དབུགས་དང་གནམ་གཤིས་ནི་ཆེས་མཛེས་པའི་མཆོག་ཡིན་པ་གཞན་ཡུལ་ནས་ད་གཟོད་མཐོང་བྱུང་།

  ང་རང་གྲོང་ཁྱེར་དུ་མར་ཡོང་བའི་ལམ་སྐབས་སུ། ཡུལ་སྐོར་བ་དག་གིས་རླངས་འཁོར་གཅིག་རྗེས་གཉིས་མཐུད་ཀྱི་སྒོ་ནས་ཡར་བོད་ཡུལ་ལ་ཡོང་གིན་འདུག ཡུལ་སྐོར་བ་རེ་འགའ་ས་མཐོའི་ནད་ཀྱིས་འཚེས་ནས་འཆི་ཉེན་ཐུག་གིན་འདུག་ལ། རེ་འགའ་འཆི་བ་མགོ་ལ་ཐོན་ཟིན་པའང་འདུག དེ་ཚོ་དཔའ་མི་ཞུམ་པར་ཡར་བོད་ཡུལ་དུ་ཡོང་ཅི་ཐུབ་བྱེད་ཀྱིན་འདུག ཡུལ་སྐོར་བ་དག་སྤྲིན་ནག་འཁྲིགས་པ་བཞིན་ཡོང་དོན།དྭངས་གཙང་གི་མཁའ་དབུགས་དང་དྭངས་གཙང་གི་ནམ་མཁའ་ཞིག་རོལ་མྱོང་ཐེངས་གཅིག་བྱ་ཕྱིར་འཆི་ཉེན་ལ་མ་འཛེམས་པར་བོད་དུ་ཡོང་བ་རེད་འདུག།

  ང་རང་གྲོང་ཁྱེར་ཆེན་པོ་འདིར་ཐོན་པའི་རྒོངས་མོ་དེར།རླངས་འཁོར་ནང་ནས་འབབ་བཞིན་པའི་གླགས་དེར།གནས་འདིའི་མཁའ་དབུགས་ལ་འབྱིན་རྔུབ་ཐེངས་གཅིག་བྱས་འཕྲལ།གནས་འདིའི་མཁའ་དབུགས་དང་ཕ་ཡུལ་གྱི་མཁའ་དབུགས་གཉིས་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་དེ་མ་ཐག་ཚོར་བྱུང་།རྒྱ་མི་དག་ཀྱང་བོད་དུ་འགྲོ་ཅི་ཐུབ་བྱེད་ཀྱིན་པ་ལ་ཁག་པོ་མི་འདུག་སྙམ་བྱུང་ལ།དུས་རྒྱུན་ཚང་མས།གྲོང་ཁྱེར་ཆེན་པོའི་ནང་གི་མཁའ་དབུགས་ནི་འབག་བཙོག་ཡིན་ལ།ཕ་ཡུལ་གྱི་མཁའ་དབུགས་དྭངས་ཤིང་གཙང་ཟེར་བཞིན་པའི་དོན་དེའང་གཞི་ནས་རང་སྟེང་ནས་ཧ་ཞིག་གོ་ཐུབ་པ་བྱུང་སོང་།

  སྨན་ཁང་ནང་དུ་སྡོད་པའི་ཉིན་འདི་དག་དཀའ་ལས་ཞེ་དྲག་འདུག།ང་རང་ལྷིང་འཇགས་ལ་དགའ་བ་ཡིན་གཤིས།རང་བསམ་བཞིན་ཡོང་མ་ཐུབ་པ་མང་པོ་འདུག།གཅིག་འཛག་གཉིས་འཛག་བྱེད་ཀྱིན་པའི་གནམ་ཁབ་ལ་མིག་གིས་འཚོས་པ་མང་རྐྱེན།ད་ནི་གནམ་ཁབ་དག་ལ་རང་བཞིན་གྱིས་མཐོང་ན་མི་སྐྱིད་པའི་ཚོར་བ་ཞིག་ཀྱང་མངོན་བྱུང་། དཔེ་དེབ་ཅིག་ཚོར་བ་དང་ལྡན་པའི་སྒོ་ནས་བཀླགས་པར་འདོད་ཀྱང་། ནད་ཁང་གི་ནད་པ་དང་ནད་གཡོག་ཚོས་འདར་དབྱངས་དང་མགྱོགས་འཕྲིན་སོགས་ཀྱི་སྒྲ་ཕྱི་ལ་གཏོང་ཆེ་བས། ལུས་སེམས་འདི་ལྷོད་ལ་བཞག་ནས་དཔེ་དེབ་ལྟ་ཐུབ་བྲལ། དེ་ལྟ་ན་ཡང་ངས་དཔེ་དེབ་རེ་འགའ་བཙན་གྱིས་བལྟས་ཤིང་མཇུག་ཕུད་པ་ཡིན། སྨན་ཁང་འདིའི་ཉེ་འགྲམ་དུ་བོད་ཡིག་དཔེ་ཁང་ཡག་པོ་ཞིག་འདུག།ངས་དཔེ་ཁང་དེ་ནས། བོད་ཀྱི་རྩོམ་རིག་ཞིབ་འཇུག་ཅེས་པའི་དེབ་གཅིག་ཉོས་ནས་བལྟས་པ་ཡིན།ཞོར་དུ་དཔེ་ཁང་བདག་མོ་དེས་ང་ལ་ཉིས་སྟོང་ཉེར་དྲུག་ལོའི་གངས་དཀར་རི་བོའི་དེབ་ཅིག་ཀྱང་གནང་བྱུང་། དུས་དེབ་གྲགས་ཆེན་འདིའི་ནང་དུ་ངའི་བརྩམས་ཆོས་རེ་འགའ་འགྲོ་མྱོང་ལ།ང་རང་དུས་དེབ་ཁག་ལས་གངས་དཀར་རི་བོའི་དེབ་ལ་ཤིན་ཏུ་དགའ་པོ་ཡོད་གཤིས།སེམས་ནས་དགའ་བ་རབ་ཏུ་འཕེལ་བྱུང་། གངས་དཀར་རི་བོ་སྤྱིའི་དེབ་གྲངས་བརྒྱ་དང་ཞེ་བརྒྱད་པ་འདིའི་ནང་དུ།ཉི་མ་ནོར་བུས་བརྩམས་པའི་གསང་དོར་སུམ་ཅུ་སོ་བརྒྱད་ཅེས་པའི་བརྩམས་སྒྲུང་ཡག་པོ་ཞིག་ཀྱང་མཇལ་བྱུང་། བརྩམས་སྒྲུང་དེ་མཇལ་བའི་སྐད་ཅིག་མ་དེར།ང་རང་འབག་བཙོག་གིས་བཟོས་པའི་གནས་འདིར་ཡོད་པའང་རྦད་དེ་བརྗེད་སོང་།ད་ལྟའི་གྲོང་ཁྱེར་ལ་གནས་པའི་ང་རང་བརྩམས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་ལྷ་དཔལ་དང་ཤིན་ཏུ་མཚུངས་ཏེ། སྒེའུ་ཁུང་གི་ཐད་དང་།གོས་རྒྱོང་སྟེང་བཀལ་བའི་གསར་དོར་དེ་དག་མཐོང་ན་སེམས་ལ་མི་སྐྱིད་པའི་ཚོར་བ་ཞིག་ཀྱང་ངང་གིས་སྟེར་བར་བྱེད།

  ངའི་ནང་མི་ལགས་མཆིན་པ་ན་བཞིན་ཡོད་པས་ངོ་གདོང་ནག་པོ་དང་མིག་སེར་པོར་གྱུར་འདུག སྨན་པས་ནད་འདི་སངས་དྲག་འགྲོ་དགོས་ན་སྨན་བསྟེན་པ་དང་ཆུ་མང་ཙམ་འཐུང་བ་ལས་གཞན་ད་རུང་སྐུ་ངལ་ཡག་པོ་གསོ་དགོས་པ་དང་། སྐུ་ངལ་ཡག་པོ་མ་གསོས་ན་བདེ་ཐང་ཡོང་དཀའ་ནི་རེད་ཟེར།ལྷག་པར་མཆིན་པ་བདེ་ཐང་ཡོང་དགོས་ན་མིག་བཙུམ་ནས་སྐུ་ངལ་གསོ་དགོས་རེད་ཟེར། སྨན་ཁང་ནང་སྡོད་པའི་ཉིན་དེ་དག་ལ་ངས་ཁོ་ལ་ཁ་པར་མང་པོ་ལྟ་རུ་མ་བཅུག་པར་ལུས་སེམས་ཀྱིས་སྐུ་ངལ་ཡག་པོ་གསོ་བཅུག་པ་ཡིན།ངས་ཁོ་ལ་སྐབས་རེར་དཔེ་དེབ་ཀློག་འདོན་བྱས་པ་ཡིན་ལ། ཡང་སྐབས་རེར་འཚོ་བ་དང་འབྲེལ་བའི་སྐད་ཆ་བཤད་པ་ཡིན། ཡང་སྐབས་རེར་མགྱོགས་འཕྲིན་དང་འདར་དབྱངས་སོགས་ལ་བལྟས་པ་མང་ན་ལུས་སེམས་ཀྱི་བདེ་ཐང་དང་ཀླད་པ་སོགས་ལ་གནོད་པ་ཤིན་ཏུ་མང་ཚུལ་བཤད་པ་ཡིན།མདོར་ན་ཁོ་རང་ཁ་པར་མི་ལྟ་ནས་སེམས་ངལ་ཡག་པོ་ཞིག་གསོ་ཕྱིར་ཞི་དྲག་གི་ཐབས་གཉི་ཀ་བྱས་པ་ཡིན། སྨན་ཁང་དུ་སྡོད་པའི་ཉིན་དེ་དག་ལ།ཁོས་ཁ་པར་མང་པོ་མ་བལྟས་ནས་སེམས་ངལ་ཡག་པོ་གསོས་པས་ཡིན་གཤིས།ངེད་གཉིས་སྨན་ཁང་ནས་ཉིན་མང་པོ་ལ་འདུག་མ་དགོས་པར་བུད་ཐུབ་པ་བྱུང་སོང་། དོན་དེ་ང་ལ་མཚོན་ན་ཧ་ཅང་དགའ་དགོས་པ་ཞིག་ཅི་ལ་མིན། འོན་ཀྱང་སྨན་ཁང་གི་ནད་པ་དག་གིས་ཁ་པར་ཁོ་ན་བལྟས་པ་མཐོང་འཕྲལ་སེམས་པ་སྐྱོ་ལྷང་ལྷང་གི་གནས་སུ་མི་ལྷུང་ཀ་མེད་གྱུར།

  ད་ལྟའི་དུས་རབས་འདིར། སྨན་ཁང་གི་ནད་པ་སྤྱི་ལ་ན་ཚབ་ཆེ་བའི་འགོས་ནད་ཅིག་ཕོག་འདུག།དེ་ནི་ཤིན་ཏུ་འཇིགས་ཡེར་བ་ཞིག་རེད། སྤྱིར་ན་དུས་རབས་འདིའི་ནང་གི་མི་མང་ཆེ་བ་ཁ་པར་གྱི་འགོས་ནད་ཕོག་བཞིན་འདུག་མོད།ལྷག་པར་དུ་ནད་ཁང་གི་ནད་པ་དག་ནི་ཁ་པར་གྱི་འགོས་ནད་ཕོག་ཟིན་འདུག ཁོང་ཚོ་ནད་ཁང་གི་ནད་ཁྲིར་སྡོད་པ་དང་ཁ་པར་ལྟ་བ་གཉིས་ཧ་ལམ་དུས་མཉམ་ལྟ་བུར་གྱུར་འདུག སྨན་པས་སྨན་བསྟེན་ནས་སྐུ་ངལ་ཡག་པོ་གསོས་ཟེར་ན་ཁོང་ཚོས་ནད་ཁྲིར་སྡོད་ནས་ཁ་པར་ཅེར་ནས་བསྡད་ན་སྐུ་ངལ་གསོ་སྟངས་ལེགས་ཤོས་དེ་ཡིན་སྣང་ཤར་གྱིན་འདུག ཁ་པར་དང་ཁ་བྲལ་ནས། ཉི་མ་གཅིག་ཁོ་ནར་སེམས་ཁམས་ལྷོད་ལ་ཕབ་ནས་སེམས་ངལ་ཡག་པོ་གསོ་ཐུབ་མཁན་ཧ་ལམ་ཉིན་མོའི་སྐར་མ་ཙམ་དུ་སྣང་།ཁོང་ཚོས་ལུས་ངལ་གསོ་ཤེས་པ་ཙམ་ལས་སེམས་ངལ་གསོ་ཤེས་ཀྱིན་མི་འདུག དྲང་མོར་བཤད་ན་ལུས་ངལ་ཙམ་ཡང་ཡག་པོ་གསོ་ཤེས་མཁན་ག་ཙམ་ཡོད་སྲིད་ཨང་། ཁ་པར་ཅེར་ནས་སྡོད་ན་ལུས་ངལ་གསོ་ཐུབ་པ་ཕར་ཞོག་ལུས་ལ་གནོད་པ་ཚབས་ཆེན་སྐྱེལ་ཡོང་བ་ནི་གདོན་མི་ཟ་བའི་ཆོས་ཉིད་ཅིག་ཡིན་པ་ཁོང་ཚོས་ཤེས་ཀྱིན་མི་འདུག།

  རྒྱ་རིགས་དང་བོད་རིགས་དབྱེ་བ་མེད་པར་སྨན་ཁང་གི་ནད་པ་སྤྱི་ལ་ཁ་པར་ལྟ་བའི་ངན་གཤིས་ཤིག་ཆགས་འདུག། སྨན་ཁང་དུ་སྡོད་པའི་ལོ་ན་རྒན་གཞོན་མེད་པའི་བོད་མི་དེ་དག་གིས།ཁ་ནས་མ་ཎི་དང་ལག་ཏུ་ཕྲེང་བ་ཆད་མེད་དུ་དགོས་པའི་ཚོད་ཡིན་མོད། ཁ་པར་གྱི་བསླུ་བྲིད་དེ་ནི་དངོས་གནས་འཇིགས་ཡེར་བ་ལ་ཨང་། ཁོང་ཚོ་འཆི་བདག་དང་ཁ་ཐག་ཤིན་ཏུ་ཉེ་པོར་གྱུར་ན་ཡང་། ཁ་པར་དང་བྲལ་ཐབས་ཡོད་ཀི་མི་འདུག། ཁ་པར་ལྟ་བ་དེ་ཡང་མགྱོགས་འཕྲིན་དང་འདར་དབྱངས་སོགས་སྙིང་པོ་མེད་པ་རྐྱང་རྐྱང་རེད། དེ་དག་གིས་མིའི་ལུས་སེམས་དང་ཀླད་པ་སོགས་ལ་གནོད་པ་ཅི་ཙམ་བཟོ་བཞིན་ཡོད་པ་ཁོང་ཚོས་གཅིག་ཀྱང་ཤེས་ཀྱིན་མི་འདུག ཁ་པར་གྱི་དབང་དུ་ཤོར་བ་མང་རྐྱེན ཁོང་ཚོ་སྨན་ཁང་དུ་སྡོད་ཡོད་པའང་བརྗེད་འདུག་པ་འདྲ།

  ཁ་པར་ཡུན་རིང་བལྟས་པ་མང་ན་ལུས་སེམས་ལ་གནོད་པ་ཇི་ལྟར་ཡོད་ཅེ་ན། ལི་ཀོང་ཞུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དུས་རྒྱུན་ཁ་པར་ནང་ཚུད་པའི་མི་ཚོགས་ཀྱི་ཀླད་པའི་བྱེད་ནུས་ལ་བརྙན་ལེན་ཞིབ་འཇུག་བྱས་ན། ཁ་པར་ལ་ལྟ་དགའ་ཆེ་མཁན་གྱི་ཀླད་པའི་ནུས་པར་གནོད་པ་ཐེབས་བཞིན་པ་རྟོགས་ཐུབ། དེ་བཞིན་ཞིབ་འཇུག་ཞིབ་ཕྲ་བྱས་པ་ན།ཁ་པར་ལ་དགའ་མཁན་གྱི་ལུས་ཁམས་ཁྱད་ཆོས་ནི་ཐ་མག་དང་ཆང་ལ་དགའ་མཁན་དང་འདྲ་བར། ལས་ཀ་སྒྲུབ་སྐབས་ཀླད་པ་གྲུང་པོ་མིན་པར་ཆགས་པ་དང་།ནོར་འཁྲུག་འབྱུང་སླ་བ་རེད་ཅེས་སེམས་ཁམས་ཚན་ཁག་གི་ཀྲུའུ་རེན་སྨན་པ་གཞོན་པ་ལི་ཀོང་ཞུའེ་ཡིས་ལན་གསལ་པོ་བཏབ་ཡོད།

  མགྱོགས་འཕྲིན་དང་འདར་དབྱངས་སོགས་ཀྱི་ནང་ནས་བརྙན་ཐུང་བལྟས་པ་མང་ན་ཀླད་པར་གནོད་པ་ཇི་ལྟར་འབྱུང་ཟེར་ན།བརྙན་ཐུང་ཞིག་ཁ་ཕྱེ་ནས་སྐར་ཆ་འགའ་བལྟས་རྗེས་འཕྲལ་མར་བརྙན་ཐུང་གཞན་ཞིག་ཁ་ཕྱེ་བ་དང་།བརྙན་ངོས་གྱུར་ཞིང་སྐད་སྒྲ་གྱུར་ལ།བསམ་ཚུལ་ཡང་གྱུར། འོན་ཀྱང་མི་འགྱུར་བ་ནི་བརྙན་ཐུང་རྫོགས་མེད་ཁ་ཕྱེ་བའི་བྱེད་སྟངས་དེ་རེད། ཕྱི་ཚུལ་ནས་ལུས་སེམས་གཉིས་ཀ་ཆ་འཕྲིན་གྱི་རྦ་རླབས་ཁྲོད་ཞུགས་ཡོད་མོད། དོན་དངོས་ཐོག་ཡིད་ལ་ཅི་ཡང་འཛིན་མི་ཐུབ་པ་ཞིག་རེད། ཉེ་བའི་ལོ་ཤས་རིང་གི་ཚན་རིག་ཞིབ་འཇུག་གི་འབྲས་བུར་གཞིགས་ན།བརྙན་ཐུང་ཞིག་ཁ་ཕྱེ་ནས་སྐར་ཆ་འགའ་བལྟས་རྗེས་འཕྲལ་མར་བརྙན་ཐུང་གཞན་ཞིག་ཁ་ཕྱེ་བའི་བྱེད་སྟངས་དེས་ཀླད་པར་གནོད་པ་ཆེན་པོ་སྐྱེལ་བཞིན་ཡོད་དེ།དུས་ཡུན་རིང་པོ་དེ་ལྟར་བྱས་ནས། ང་ཚོའི་དཔེ་ཀློག་དང་སློབ་སྦྱོང་གི་ནུས་པར་ཤུགས་རྐྱེན་ངན་པ་བཟོ་སྲིད།བརྙན་ཐུང་ལ་ལྟ་སྐབས། ཀླད་པ་ད་ལྟ་རང་དགོད་སྤྲོའི་བརྙན་ཐུང་ཞིག་གི་ནང་གཡེང་ཡོད་པའི་སྐབས་ལ།སྐར་ཆ་འགའ་ཤས་ཀྱི་རྗེས་ལ་ལོ་རྒྱུས་རིག་གནས་ཁྲོད་ཞུགས་པ། དེ་ནས་ཞིམ་ཟས་བཟོ་རིམ་ཁྲོད་ཞུགས་བཞིན་ཡོད།འདི་ལྟ་བུའི་དུས་ཚོད་ཐུང་ངུའི་ནང་བརྗེ་བསྒྱུར་ཐེངས་མང་བྱེད་པ་དེ་ནི་རྒྱུན་མཐུད་ངང་དོན་དག་རྐྱང་པ་གཅིག་སྒྲུབ་པ་ལས་ཀྱང་དཀའ་ལས་ཆེ་བ་ཡོད།དེ་མ་ཟད་ཀླད་པ་འདི་འདྲའི་མགྱོགས་མྱུར་དང་།ཆོས་ཉིད་མེད་པའི་བརྗེ་བསྒྱུར་གྱི་འགྲོས་དང་བསྟུན་པ་ན། རྗེས་སུ་གློག་བརྙན་ལ་ལྟ་བ་དང་། སློབ་ཁྲིད་ལ་ཉན་པ། དཔེ་ཆ་ཀློག་པ་ལྟ་བུའི་འབྲེལ་ཆགས་ཀྱི་དོན་དག་བསྒྲུབ་ན་རིག་པ་རྩེ་གཅིག་ཏུ་སྒྲིམ་ཁག་པར་འགྱུར་འགྲོ།ཞེས་དེང་གི་ཚན་རིག་པ་ཚོས་འཆད་བཞིན་ཡོད་པ་རེད།

  ནད་པ་མ་ཡིན་པའི་མི་དག་ལ་ཁ་པར་གྱི་འགོས་གནོད་ཀྱིས་འདི་ལྟར་འཚེ་འབྱུང་བཞིན་ཡོད་ན་ནད་པ་དག་ལ་ལྟ་ཅི།ནད་པ་དག་གིས་སྨན་ཁང་ནས་ལུས་སེམས་ཀྱི་སྐུ་ངལ་ཡག་པོ་གསོས་དགོས་པའི་དུས་ཡིན་མོད།འོན་ཀྱང་ཁ་པར་གྱིས་ཁོང་ཚོའི་ལུས་སེམས་ཀྱི་སྐུ་ངལ་རྦད་ནས་གསོ་རུ་བཅུག་གི་མི་འདུག ནམ་ཞིག་སྨན་ཁང་གི་ནད་པ་དག་གིས་ལུས་སེམས་ཀྱི་སྐུ་ངལ་ཡག་པོ་གསོ་ཐུབ་ཕྱིར་ཁ་པར་ལ་བལྟ་མི་ཆོག་པའི་ཁྲིམས་སམ།ཡང་ན་ཁ་པར་ཡར་བསྡུ་འགྲོ་བའི་སྲོལ་ཞིག་ཡོད་ན་ཅི་མ་རུང་།དེ་ལྟ་ན་ཁོང་ཚོ་སྨན་ཁང་ནས་ཡུན་རིང་སྡོད་མི་དགོས་པར་སྨན་ཁང་དུ་སྡོད་པའི་ཉིང་དགོས་ཀྱང་མྱུར་དུ་འགྲུབ་འགྲོ་རྒྱུ་རེད་ཨང་། ང་རང་གྲོང་ཁྱེར་གྱི་འུར་ཟིང་དང་གྱེས་ཏེ་ཕ་ཡུལ་དུ་སྐྱོད་འགོ་བརྩམས།དྭངས་གཙང་གི་མཁའ་དབུགས་དང་ཁ་ཐག་ཇེ་ཉེ་ཇེ་ཉེ་གྱུར། ངས་སྨན་ཁང་དུ་ཁ་པར་གྱི་འགོས་ནད་ཕོག་པའི་ནད་པ་དག་ལ་ཕྱིར་མིག་ཅིག་གནང་རྗེས།ཁོང་ཚོས་ཁ་པར་གྱི་འཆར་ཤེལ་ལ་ཅེར་གྱིན་འཁྲུལ་སྣང་གིས་ཕ་ཡུལ་འཚོལ་གྱིན་འདུག་གོ།།

                           ༢༠༢༦/༧/༨ཉིན་གྲུབ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།