ཕྱིར་དྲན།
ངས་དུས་ངེས་མེད་དུ་ཆུང་གྲོགས་རྡོ་རྗེས་ཁོ་རང་གི་ཨ་ཕའི་འདས་དོན་བཤད་པའི་རྣམ་པ་དེ་དྲན་ཡོང་། རྡོ་རྗེས་ཕ་རྒན་གྱི་འདས་དོན་བཤད་ཐེངས་རེར་སྐད་གདངས་དམའ་མོར་ཆགས་འགྲོ་ཞིང་ངོ་གདོང་ཧྲིལ་པོར་ལོ་ངོ་ཉི་ཤུ་ལྷག་ལ་སེམས་སུ་སྦས་པའི་དྲན་གདུང་ཞིག་མངོན་ཡོང་།
ལོ་དེའི་སོས་ཀ་སྟེ། སླར་ཡང་དབྱར་རྩྭ་དགུན་འབུའི་མགོ་བོ་འབུས་ཡོང་བའི་དུས་ལ། ང་ཚོ་སྡེ་བ་གཅིག་པའི་ཁྱིམ་མཚེས་རུ་སྐོར་རྣམས་ཀྱང་གཅིག་རྗེས་གཅིག་མཐུད་ཀྱིས་རི་ཁར་བུད་ཅིང་སྒར་བཏབ་ནས་འབུ་བརྐོ་བར་གྲ་སྒྲིག་བྱས། འབུ་རྐོ་བའི་དུས་ཚིགས་སུ་སྐབས་རེར་ཁ་བ་ཆེན་པོ་རེ་འབབ་ཡོང་། སྐབས་དེ་དག་ལ་འབུ་རྐོ་བའི་གླགས་མི་རྙེད་པས། ལས་མེད་གཏོལ་མེད་དུ་རི་ཁ་དེ་ནས་འདུག་པ་དང་། ཡང་ན་ཕྱིར་ཁྱིམ་དུ་ལོག་འགྲོ་བ་ཡིན་མོད། ང་ནི་སྐབས་དེ་དག་ལ་གོམས་ལོབས་ལྟར་གྲོགས་པོ་རྡོ་རྗེ་འཚོལ་བར་འགྲོ་ངེས། ང་རང་ཁོ་ཚང་གི་ཕྱོགས་སུ་འགྲོ་ཐེངས་རེར་ཐོག་མར་མིག་ལམ་དུ་མངོན་པ་ནི་ཁོའི་ཨ་ཕ་གུར་གྱི་འགྲམ་དུ་བསྡད་ནས་དབྱར་རྩྭ་དགུན་འབུའི་སྟེང་གི་ས་རྡུལ་འབྱིད་བཞིན་པ་དེ་ཡིན། ངས་རྡོ་རྗེའི་ཕ་རྒན་དེ་ལྟར་སྒམ་བརླིང་ངང་བསྡད་ཡོད་པ་མཐོང་ཐེངས་རེར་རྡོ་རྗེ་ལ་སྨོན་པ་ཤོར་འགྲོ་ཞིང་། ཁྱིམ་ན་ཕ་ཞེས་འབོད་ས་ཞིག་ཡོད་པ་ནི་འཇིག་རྟེན་སྟེང་གི་ཆེས་ཆེ་བའི་བདེ་སྐྱིད་དེ་མིན་ནམ་སྙམ། རྡོ་རྗེས་ཀྱང་ནམ་རྒྱུན་ང་ལ་ཨ་ཕ་ཁྱིམ་ན་ཡོད་དུས་མཚན་མོར་གཉིད་ཁུག་ལུགས་ཀྱང་ཁ་ཁ་རེད་ཅེས་གླེངས་ཡོང་། ང་ལ་མཚོན་ན་སྐབས་ཐོག་དེ་དག་ལ་མགོ་བོ་སྨད་ནས་འདུག་པ་ལས་ཅི་ཞིག་བཤད་དགོས་པའང་མི་ཤེས་པར་གྱུར་འགྲོ།
འོན་ཀྱང་། ཏག་ཏག་སྐབས་ཐོག་དེ་འདྲ་ཞིག་ནས་འགོ་བརྩམས་ཏེ། རྡོ་རྗེའི་མགོ་ཐོག་ལའང་ཐེག་དཀའ་བའི་སྡུག་བསྔལ་ཞིག་གམ་ཡང་ན་མི་ཚེའི་དཀྱོགས་མཚམས་ཤིག་ལ་ཕྱོགས་བཞིན་པ་ཁོས་ལར་ནས་ཚོར་མེད། ལོ་དེའི་སོས་ཀ་ཡི་ཉིན་ཞིག་གི་ཕྱི་དྲོར། རྡོ་རྗེའི་ཨ་ཕ་གློ་བུར་དུ་ནད་ཚབས་ཆེན་ཞིག་གིས་མནར་ཏེ་མུ་མཐུད་དུ་འབུ་རྐོ་མ་ཐུབ་པར་ཁྱིམ་དུ་ལོག་དགོས་བྱུང་། རི་སྒང་ནས་མར་ལོག་རྗེས་རྡོ་རྗེའི་ཕ་རྒན་ནི་ཉལ་སར་ལྷུངས་ཏེ་ནད་བབ་ཇེ་སྡུག་ནས་ཇེ་སྡུག་ཏུ་ཕྱིན་པ་དང་། ནམ་རྒྱུན་ཅི་ཡིན་འདི་ཡིན་མི་ཤེས་པའི་གཤེར་ཁུ་སེར་པོ་ཞིག་བསྐྱུགས་ཡོང་། སྡེ་བའི་ནང་གི་སྨན་པ་དང་གྲོང་རྡལ་གྱི་སྨན་པ་སོགས་ཐེངས་འགར་དྲངས་པ་དང་མོ་རྩིས་ལུང་གསུམ་གང་མང་བགྱིས་ཀྱང་དྲག་སྐྱེད་ཅི་ཡང་མ་བྱུང་། དེ་དུས་ངེད་ཚང་ཡང་རི་སྒང་ནས་མར་བབས་ཏེ་ཁོང་ཚང་ལ་རོགས་རམ་ལྟ་བུར་ཡོང་བས། རྡོ་རྗེ་ངེད་གཉིས་སྔར་བཞིན་མཉམ་འགྲོ་མཉམ་འདུག་ཡིན་མོད། འོན་ཀྱང་། ཁོ་རང་བལྟས་བལྟས་རིག་རིག་ལ་སྨྲ་བ་ཇེ་ཉུང་ལ་ཕྱིན། ཁོས་ང་ལ་སྐད་ཆ་ཚིག་གཅིག་བཤད་པ་ནི། ད་ནས་བཟུང་ཕ་རྒན་གྱིས་ང་རང་རི་སྒང་ལ་ཁྲིད་ནས་འགྲོ་མི་ཐུབ་པ་འདྲ་ཞེས་པ་དེ་ཁོ་ན་ཙམ་རེད།
གྲིབ་ཆེན་ཐང་ལ་ལྷུང་བའི་ཕྱི་དྲོ་ཞིག་ལ། ང་རང་རྡོ་རྗེ་ཚང་གི་སྒོ་རའི་ནང་དུ་རྡོ་རྩེད་ལ་རོལ་བཞིན་ཡོད། འོན་ཀྱང་། ཡུན་རིང་མ་འགོར་བར་གློ་བུར་དུ་ཁོ་ཚང་ནས་ངུ་སྐད་རྣར་གཟན་པ་ཞིག་མཆེད་བྱུང་། ང་རང་འཕྲལ་དུ་ནང་ལ་བརྒྱུགས་དུས་རྡོ་རྗེ་དང་ཁོའི་ཨ་ཅེ་རྣམས་ཕ་རྒན་གྱི་ཉལ་ཁྲིའི་འགྲམ་དུ་འཐམས་འདུག། ཨ་ཅེ་གཉིས་ནི་ངུས་ནས་བརྒྱལ་ལ་ཁད་དུ་གྱུར་འདུག་མོད། རྡོ་རྗེས་ཨམ་གཙིགས་བསྡམས་ནས་ཐ་ན་མིག་ཆུ་ཐིགས་པ་གཅིག་ཀྱང་ཕྱིར་མ་བཏོན། འོན་ཀྱང་མིག་ཟུང་ནི་དམར་པོར་གྱུར་པ་ལ་བལྟས་ན་ནང་སེམས་ཀྱི་སྡུག་བསྔལ་ནི་སྨྲ་བསམ་བརྗོད་འདས་ཤིག་ཡིན་པ་རྟོགས་ཐུབ། སྐབས་དེར་རྡོ་རྗེའི་ཨ་ཕས་མིག་ཟུང་བཙུམས་ནས་ཁ་ཅུང་ཙམ་གདངས་འདུག་པས། ངས་དོན་རྐྱེན་མི་ལེགས་པ་ཞིག་བྱུང་ཟིན་པ་ལམ་སང་རྟོགས་སོང་། སྐབས་ཐོག་དེར་རྡོ་རྗེས་གློ་བུར་དུ་ངའི་ལག་པ་ནས་འཐེན་ཙམ་བྱས་ཏེ་ང་རང་ཁོང་གི་འགྲམ་དུ་བཀུག་ནས“ཨ་ཕས་སྐད་ཆ་ཚིག་གཅིག་མི་བཤད་དོན་ཅི་ཡིན་ནམ། ཁྱོད་ཀྱིས་ང་ལ་གསལ་པོར་ཤོད་དང”ཞེས་དྲིས་བྱུང་བས། ང་ནི་རྡོ་རྗེའི་གློ་བུར་བའི་དྲི་བ་དེས་ཅི་བཤད་འདི་བཤད་མེད་པར་བཏང་སོང་། ངའི་སེམས་ལ་རྡོ་རྗེས་སྔ་མོ་ནས་རང་གི་ཕ་རྒན་མགྱོགས་མྱུར་འཇིག་རྟེན་དཀར་ངོགས་ནས་བྲལ་འགྲོ་བར་སྔོན་དཔག་ཐུབ་ཡོད་ངེས་རེད་དྲན་བྱུང་།
རྗེས་སུ་རྡོ་རྗེས་ང་ལ་བཤད་རྒྱུར། ཉིན་དེར་ཁྱོད་ཀྱིས་ངའི་དྲི་བར་ལན་མ་བཏབ་ཀྱང་། ཨ་མ་དང་ཨ་ཅེ་རྣམས་ཀྱིས“ཨ་ཕ་མེད་པར་གྱུར་སོང་བ་རེད”ཅེས་བཤད་དུས་ངས་ནི་ཁོང་ཚོས་རྫུན་གཏམ་ཁོ་ན་ལབ་ཀྱིན་འདུག་དྲན་སོང་། ངས་ཨ་ཕ་ལགས་རེ་ཞིག་ལ་གཉིད་སོང་བ་ཡིན་ངེས་ཙམ་ལས་གཞན་ཅི་ཡང་དྲན་མ་ཐུབ་ཅེས་ཟེར།
ཕྱི་དྲོ་དེར། རྡོ་རྗེ་ཚང་གི་སྒོ་ར་ནས་མཆེད་པའི་ངུ་སྐད་དེ་གཙང་འགྲམ་དུ་ཆུ་ལེན་པར་སོང་བའི་མ་རྒན་གྱི་རྣ་ལམ་དུ་བརྒྱུད་པས། མོས་ཆུ་ལེན་ས་ནས་ཐ་ན་ཆུ་ཟོམ་དང་ཆུ་སྐྱོགས་ཀྱང་ཐང་ལ་གཡུགས་ཏེ་ཕྱིར་ཁྱིམ་དུ་རྒྱུགས་ནའང་། མོ་རང་ཕྱིར་སླེབས་དུས་རྒད་པོའི་དབུགས་ཀྱི་རྒྱུ་བ་འགག་ནས་ཡུན་རིང་འགོར་ཟིན་པས། མོའང་བརྒྱལ་ལ་ཁད་ཀྱིས་ཆེས་ཆེར་ངུས་བྱུང་། ངུ་སྐད་དེས་ང་ཚོའི་སྡེ་བའི་ལྷིང་འཇགས་དེ་ཡོངས་སུ་དཀྲོགས་སོང་། ཡུན་རིང་མ་འགོར་བར་སྡེ་མི་གཅིག་གིས་སྨན་པ་ཞིག་གདན་ནས་སླེབས་ཀྱང་། སྨན་པ་དེས་རྡོ་རྗེའི་ཕ་རྒན་གྱི་སྣ་སྒོར་འཛུབ་མོ་འཇོག་ཙམ་དང་མིག་ཟུང་ཕྱེ་ཙམ་རེ་བྱས་རྗེས་མགོ་བོ་འཕྲེད་དུ་གཡུག་བཞིན་ད་ནི་རྗེས་འཇུག་ལ་གྲ་སྒྲིག་བྱས་ན་དགའ་འདུག་ཅེས་བརྗོད་པས། རིམ་གྱིས་དེར་འདུས་ཡོད་པའི་མི་ཚོགས་ཀྱི་ཁྲོད་ནས་ངུ་སྐད་ཇེ་མང་ལ་ཕྱིན་སོང་།
དེ་ནས་ཡུན་རིང་མ་འགོར་བར། རྡོ་རྗེ་ཚང་གི་སྒོ་རའི་ནང་དུ་གུར་ཕུབ་པ་དང་། ཐག་ཉེ་རིང་གི་གཉེན་ཉེ་དང་ཁྱིམ་མཚེས་ཚང་མ་རོགས་རམ་ལ་ཡོང་ནས་བྲེལ་བ་ཆེན་པོ་བྱེད་བཞིན་འདུག་མོད། རྡོ་རྗེ་ངེད་གཉིས་གྲུ་ཟུར་ཞིག་ཏུ་བསྡད་ནས་ཁོང་ཚོས་ཅི་ཞིག་བསྒྲུབ་ཡོང་བར་ལྟ་བཞིན་པའི་སྐབས་སུ། རྡོ་རྗེས་ང་ལ་ཡང་བསྐྱར་དྲི་བ་གློ་བུར་བ་ཞིག་དྲིས་བྱུང་། “ཨ་ཕ་ནམ་ཞིག་ལ་ཡར་ལངས་ནས་ང་རང་འབུ་བརྐོ་སར་ཁྲིད་ཐུབ་བམ”ཞེས་ཟེར། ངས་ནི་ཁོའི་ཕྲག་པར་རྡེབ་ཙམ་བྱེད་པ་ལས་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ཐུབ། རྡོ་རྗེར་མཚོན་ན་དྲི་བ་དེ་ནི་ཁོའི་མི་ཚེ་རིང་མོའི་རེ་འདུན་ཞིག་ཡིན་སྲིད་མོད། འོན་ཀྱང་། དུས་དེ་ནས་བཟུང་ཁོ་རང་ཡང་ང་དང་འདྲ་བར་ཕ་མེད་པའི་དྭ་ཕྲུག་ཅིག་ཏུ་གྱུར་ཟིན་པ་ངས་སྐབས་དེ་དུས་གསལ་པོར་རྟོགས་ཡོད།
ལོ་ངོ་ཉི་ཤུ་ལྷག་ཙམ་འདས་རྗེས། ང་ཚོ་ཚང་མ་ཕོ་ལོ་བཞི་བཅུར་སླེབས་ལ་ཉེ་སོང་། སོ་སོ་མི་ཚེའི་འགག་འཕྲང་མི་ཉུང་བ་ཞིག་བརྒྱུད་མྱོང་བ་དང་། ནམ་རྒྱུན་ཅི་བྱ་གཏོལ་བྲལ་དུ་གྱུར་འགྲོ་བའི་གནད་དོན་མང་པོ་ཞིག་ལ་གདོང་གཏོད་བཞིན་ལག་ཆགས་ཡོང་བ་རེད།
ལོ་མང་པོ་འགོར་རྗེས་ཀྱི་ཉིན་དེར། རྡོ་རྗེ་ངེད་གཉིས་གྲོང་ཁྱེར་འདིའི་ས་སྲོས་ཀྱི་ཆང་ཁང་ཞིག་ཏུ་འཛོམས་ནས་ཆང་འཐུང་བཞིན་ཁ་བརྡ་གློད་པ་ན། རྡོ་རྗེས་ཁོ་རང་གི་ཕ་རྒན་དང་འབྲེལ་བའི་འདས་དོན་དེ་གླེང་བྱུང་། ཁོས་ཆང་ཕོར་གང་གཙང་བཞེས་གནང་སྟེ་དབུགས་རིང་ཞིག་འབྱིན་ནས་སྐད་ཆ་བཤད་འགོ་རྩོམ་དུས། ཁོའི་སྐད་གདངས་སྔར་ནས་དམའ་རུ་ཆགས་འདུག། ཁོས་ཤིན་ཏུ་ཡིད་སྐྱོ་བའི་ངང་ནས“ལོ་ངོ་འདི་དག་གི་རིང་ལ་ང་རང་དོན་དག་ཆེ་ཕྲ་གང་ཞིག་ལ་འཕྲད་ཀྱང་བློ་འདྲི་ས་ཞིག་མེད་དུས། ངས་ད་གཟོད་ཨ་ཕ་ལགས་ང་ཚོ་དང་བྲལ་སོང་བ་དེས་ཅི་ཞིག་མཚོན་པ་གསལ་པོར་ཤེས་སོང་། ཁྱིམ་ཚང་ཞིག་ལ་ཕ་ཞིག་མེད་པ་ནི་ཁང་པ་ཞིག་ལ་ཀ་བ་མེད་པ་དང་ཅི་འདྲའི་མཚུངས་ཨང་། ལོ་དེར། ཕ་རྒན་གྱིས་དེ་ལྟར་ང་ཚོ་ཤུལ་དུ་བསྐྱུར་ནས་བུད་འགྲོ་དུས། ངས་ཨ་ཕ་ལགས་ང་ཚོ་དང་གཏན་བྲལ་ཡིན་པ་རྩ་བ་ནས་ཤེས་མི་འདུག། ཐ་ན་ད་ལྟ་ད་དུང་ཡང་ཉིན་ཞིག་ཨ་ཕ་ལགས་སླེབས་ཡོང་ངེས་རེད་སྙམ་ནས་འཁྲུལ་སྣང་སྐྱེས་ཡོང”ཞེས་ཤོད་བཞིན་མིག་ཆུ་ཐ་ར་ར་བཏང་བྱུང་། ང་ནི་སྔར་བཞིན་ཅི་ཞིག་བརྗོད་དགོས་མི་ཤེས་པར་གྱུར་པས། སླར་ཡང་རྡོ་རྗེའི་ཕྲག་པར་རྡེབ་ཙམ་བྱེད་པ་ལས་ཅི་ཡང་མ་ཐུབ།
སྡུག་ལ་བརྗེད་རྒྱུ་མེད་ཀྱང་རྙིང་རྒྱུ་ཡོད་ཅེས་བཤད་ཀྱང་། རྡོ་རྗེས་རྟག་ཏུ་ང་ལ“སྐབས་དེར་ཁོ་རང་སེམས་སྡུག་མི་ཤེས་དོན་ཅི་ཡིན་ནམ། ཨ་ཕའི་ལག་པ་ནས་དམ་པོར་བཟུང་སྟེ་ཁོང་ལ་འབྲལ་མི་བཟོད་པའི་སེམས་གཏམ་མི་བཤད་དོན་ཅི་ཡིན་ནམ”ཞེས་ཁོ་རང་ལ་འཁང་ར་བྱེད་ལ། ནམ་རྒྱུན་ངའི་གམ་ནས་ཆང་རག་མཆོད་ཐེངས་རེར་ཁོ་རང་གི་ཕ་རྒན་གྱི་སྐོར་གླེངས་ནས་མིག་ཆུ་གཏོང་བར་བྱེད། ཁོ་རང་ང་ལ་བསྙེས་ནས་མིག་ཆུ་གཏོང་ཐེངས་རེར་ང་ནི་ཅི་བྱ་གཏོལ་བྲལ་དུ་གྱུར་ནས་ཕྲག་པར་རྡེབ་ཙམ་བྱེད་པ་ལས་ཅི་ཡང་མི་ཐུབ། དྲང་མོར་བཤད་ན། ངས་ནི་ནམ་རྒྱུན་ཁོའི་མིག་ཀོང་ནས་ཡོང་བའི་མིག་ཆུའི་ཐིགས་པ་རེ་རེའི་ནང་དུ་ངའི་མིག་ཆུའི་ཆ་ཤས་ཤིག་ཡོད་ངེས་དྲན་གྱིན་ཡོད།
རྗེས་སུ་སྡེ་མི་ཚོས་བཤད་རྒྱུར། གྲོང་ཚོའི་ནང་དུ་རྒན་རྒོན་སྨྱོན་པ་ཞིག་ཡོད་པ་དེ་ནི་རྒྱུན་དུ་རླུང་དང་བསྟུན་ནས་སྐད་ཆ་བཤད་རྒྱུར་དགའ་ཟེར། ཁོ་རང་ནམ་རྒྱུན་རླུང་གི་རྒྱུ་ཕྱོགས་ལ་ཁ་འཁོར་ནས་སུས་ཀྱང་གོ་མི་ཐུབ་པའི་སྨྱོ་གཏམ་ལབ་པར་དགའ་ཟེར། ཡང་མི་ལ་ལས་བཤད་རྒྱུར། རྒན་པོ་དེས་རྟག་ཏུ་གྲོང་ཚོའི་ནང་སུ་ཚང་ལ་ཕྲུ་གུ་གསར་དུ་སྐྱེས་ན། དེ་ནི་དེ་ཚང་གི་འདས་པོ་སུ་ཞིག་ཕྱིར་ལོག་ཡོང་བ་རེད་ཅེས་བཤད་ཀྱིན་འདུག་ཟེར། གང་ལྟར་རྒན་པོ་སྨྱོན་པ་དེ་དང་རྡོ་རྗེ་གཉིས་ལ་འབྲེལ་བ་ཅི་ཡང་མེད་མོད། སྐབས་ཤིག་ནས་བཟུང་རྡོ་རྗེ་ནི་རྒན་རྒོན་དེའི་སྐད་ཆར་ཡིད་ཆེས་པ་ལྟར་གྱུར་པར་མ་ཟད། དེ་དང་མཉམ་དུ་མཚན་མོ་རེ་རེ་བཞིན་ཨ་ཕ་དང་འབྲེལ་བའི་རྨི་ལམ་སྣ་ཚོགས་རྨིས་ཡོང་ཟེར། ཁོས་བཤད་རྒྱུར། རྨི་ལམ་ནང་ནས་ནམ་རྒྱུན་ཨ་ཕ་རིག་ཐུབ་པར་མ་ཟད། ཨ་ཕ་ནི་ཁོ་ཚང་གི་སྒོ་ཁྱིམ་ཕྱི་ནང་ལས་གཞན་གང་དུའང་ཕྱིན་མེད་པ་འདྲ། ཁྱོད་ཀྱིས་བསམ་ན། རྒན་རྒོན་སྨྱོན་པའི་སྐད་ཆ་དེ་བདེན་པ་ཡིན་སྲིད་དམ། ང་རང་ཏན་ཏན་ཁོང་གི་སྐད་ཆར་ཡིད་ཆེས་འདུག ངའི་ཨ་ཕ་ཐག་རིང་ཞིག་ལ་མ་སོང་བར་འཚོ་སྟངས་གཞན་པ་ཞིག་གིས་ང་ཚོ་དང་མཉམ་དུ་གནས་ཡོད་པ་འདྲ། ཨ་ཕ་ལགས་ནམ་ཞིག་ཕྱིར་ལོག་ཐག་ཆོད་རེད་ཅེས་བཤད་ཡོང་།
ཁོང་གིས་ཡིད་ཆེས་དང་བཅས་ཏེ་དེ་ལྟར་བཤད་ཐེངས་རེར། ཁོ་རང་ནི་ཡིད་ཆེས་དང་རེ་སྨོན་ཞིག་གི་ཀློང་ན་ཡོད་པ་ངས་གསལ་པོར་མཐོང་ཐུབ། རྡོ་རྗེའི་བུ་ཆུང་སྐྱེས་ནས་དུས་ཡུན་རིང་པོ་མ་འགོར་བར། སྡེ་མི་ཚོས་སླར་ཡང་གསར་འགྱུར་ཞིག་བསྒྲགས་བྱུང་། རྡོ་རྗེའི་བུ་ཡི་སྨིན་མ་དང་མིག་གི་བར་དུ་ཁོའི་ཨ་ཕ་ལོ་ན་གཞོན་པའི་སྐབས་ཀྱི་རྣམ་པ་ཞིག་ཏན་ཏན་མངོན་འདུག་ཅེས་ཟེར།
གཅིག་བྱས་ན། ཁ་བྲལ་བ་ནི་ནམ་ཡང་མཇུག་མཐའི་ལས་དབང་དེ་ཡིན་མི་སྲིད་ལ། བཤད་མི་ཐུབ་པའི་དྲན་པ་དེ་དག་དང་སེམས་སུ་ལུས་པའི་སྡུག་བསྔལ་དེ་དག་ཀྱང་ནམ་ཡང་དྲོད་ཁོལ་ཞིག་གིས་གཏམས་ཡོད་པ་རེད་ཨང་།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།

