ངའི་སྣ་ཁྲག་དང་ཨ་མའི་མིག་ཆུ།
བརྩེ་བའི་ཨ་མ་ལགས། དེ་རིང་ནི་ཁྱེད་ཉིད་འཇིག་རྟེན་གཞན་ཞིག་ཏུ་ཕེབས་ནས་མི་ལོ་ཧྲིལ་བོ་བཅུ་ལ་ཕྱིན་པ་རེད། དུས་ཚོད་ནི་དེ་འདྲའི་སྙིང་རྗེ་མེད་པ་ཞིག་ཡིན་སྟབས་འཕར་ཆ་རེ་རེ་རླུང་བུ་ལས་རྒོད་པས། ཁྱེད་རང་དྲན་པའི་དུས་ཚོད་ཀྱང་ཇེ་ཉུང་ལ་འགྲོ་ཞིང་ཁྱེད་རང་མེད་པའི་ན་ཟུག་ཀྱང་ཇེ་ཡང་ལ་འགྲོ་ཡི་གདའ།འོན་ཀྱང་མི་ལོ་བཅུའི་སྔོན་གྱི་དེ་རིང་གི་ཉིན་མོ་འདི་བརྗེད་ག་ལ་བཟོད་དེ། ཉིན་དེ་དྲན་ཐེངས་རེར་གྱེས་བྲལ་གྱིས་རྨ་ཁ་ཕོག་པའི་སེམས་ཀྱི་གཉོམ་ས་དེ་རུ་གངས་ཆར་ལྷུང་ལྷུང་དུ་འབབ་ཀྱི་འདུག འོན་ཏེ་སྒོ་གསུམ་དག་པའི་བསྔོ་བ་དང་སྨོན་ལམ་བྱེད་བཞིན་སྨྲེང་བས་ཁེབས་པའི་ནང་ཁོག་སྐྱ་བོ་འདི་ལ་རང་ཉིད་ཀྱིས་བྱིལ་བྱིལ་བྱས་ནས།སྔར་ལྟར་དགོན་པ་དག་ཏུ་མཆོད་མེ་རེ་ཕུལ་བ་དང་ཐར་མདོ་ཚར་གཅིག་བཏོན། ཁྱེད་ཉིད་གཏན་ནས་བདེ་ཞིང་སྐྱིད་པའི་སྐྱབས་འཇུག་དཀོན་མཆོག་གསུམ་པོར་ཞུས། དེ་ག་ཙམ་ལས་ཤི་གསོན་གྱི་བར་ཐག་སྦྲེལ་བའི་འུ་གཉིས་ཀྱི་ལས་དབང་ལ་བྱ་ཐབས་གཞན་ཞིག་གནམ་འོག་ཏུ་མེད་ཚོད་རེད། ངས་ཁྱེད་ཉིད་དྲན་པའི་སྐབས་སུ་ཁྱེད་ཀྱིས་དབུས་ཉི་མ་ལྷ་ས་ནས་ང་ལ་ལག་རྟགས་སུ་འཁྱེར་ཡོང་བའི་མུ་ཏིག་ཕྲེང་བ་དཀར་པོ་ཞིག་ཡོད་པ་དེ་འཛིན་ནས།འཕགས་མཆོག་ཐུགས་རྗེ་ཆེན་པོའི་གཟུང་སྔགས་མ་ཎི་ཡིག་དྲུག་ལེན་མང་དུ་བགྲངས་ཀྱི་ཡོད། དེ་ལྟར་བགྲངས་ཀྱིན་བགྲངས་ཀྱིན་ངས་ཁྱེད་ཉིད་ད་ལྟ་འཇིག་རྟེན་གང་དུ་ཡོད་པར་དྲན། གལ་ཏེ་ཁྱེད་ཉིད་ད་དུང་འཇིག་རྟེན་འདི་རུ་ཕྱིར་བསླེབས་ཡོད་ཚེ་ང་ཁྱེད་དང་ཡང་བསྐྱར་ཐེངས་ཤིག་མཇལ་སྙིང་བྲོ། ཁྱེད་ཀྱིས་ང་རང་བརྗེད་ཟིན་ངེས་ལ་ཐ་ན་སུ་ཡིན་པ་ཙམ་ཡང་མ་ཤེེས་ནའང་།ངའི་དྲན་གདུང་གི་ན་ཟུག་རུས་ལ་ཟུག་པས་ང་ཁྱེད་དང་ཆེས་ཉེ་ཤོས་སུ་བཅར་ནས། སྐྱོ་ངལ་དང་ཡིད་མུག་བློ་ཕམ་སོགས་ཀྱིས་ངའི་མིག་མདངས་ཀྱི་འོད་སྣང་ག་ལེེར་འཕྲོག་ཟིན་ཀྱང་། སླར་ཁྱེད་ཀྱི་གམ་ནས་རང་ཚུགས་དང་སྲ་གཟུགས་ཡོད་ཚད་དོར་ཏེ་ནར་མ་སོན་པའི་བྱིས་པ་ཞིག་ལྟར་དྲན་གདུང་གི་མིག་ཟུང་ཞིག་གིས་ཁྱེད་ལ་ཨ་མ་ཞེས་ཐེངས་གཅིག་འབོད་སྙིང་སྐྱེས།དུས་འདིར་ལོ་ཟླའི་མགྱོགས་འགྲོས་ནི་ཧ་ཅང་རྒོད་དེ། ཐ་ན་མི་རྣམས་ཀྱིས་རང་གི་ནང་སེམས་ཀྱི་དྲོ་ཚད་ལ་རེག་པའི་དུས་ཚོད་ཀྱང་རྙེད་ཀྱི་མེད་ཚོད་རེད། དེ་ལྟར་དུས་ཀྱིས་བཙིར་ཞིང་སྒྱུ་མས་རླུང་འཚུབ་རེ་རེས་ངའང་ས་མཐའ་ཞིག་ཏུ་ཁུར་བའི་སྣང་ཚུལ་བྱུང་།ས་མཐའ་དེ་ནས་ང་རང་ནར་སོན་ཞིང་སྙིང་རུས་དང་བཟོད་བསྲན་སྒེར་ཚུགས་དང་རང་རྩིས་ཤེས་མཁན་ཞིག་ཏུ་ཆགས། ས་མཐའ་དེ་ནས་ངས་འཇིག་རྟེན་གྱི་ཆ་མི་མཚུངས་བའི་ངོས་མང་པོ་ཞིག་ཀྱང་མཐོང་བས། ད་ཆ་ངས་འཇིག་རྟེན་འདི་ལ་བརྩེ་བའི་འོད་སྣང་བསྒྲེངས་མཁན་ཨ་མ་ཞིག་གི་རིན་ཐང་ཡང་ངང་གིས་རྟོགས་པར་གྱུར།
བརྩེ་བའི་ཨ་མ་ལགས།དེ་ནི་ལོ་ཟླ་ག་ཚོད་ཅིག་གི་ཡར་སྔོན་ཡིན་ཨང་། ཏག་ཏག་རེད། ང་རང་ལོ་བརྒྱད་ལ་ཟིན་ཞིང་ཀ་ཁའི་དབྱངས་ལ་འཇུག་པའི་སློབ་གསར་ཞིག་སྟེ།བརྩོན་འགྲུས་མེད་ཅིང་བསྟན་བཤིག་ཚ་བའི་སྒང་དེ་ཡིན། ཕྱི་དྲོ་ཞིག་ལ་ཨ་མས“ཡི་གེར་ལྟོས། ཡི་གེར་ལྟོས།”ཟེར་ནས་ང་རྩེད་མོ་རྩེད་གར་འགྲོ་མ་བཅུགངས་ཁ་མ་ཉེན་པར་ཡག་རྒྱུག་མར་རྒྱུག་བྱས། མཐར་ཨ་མས་ཆུ་སྐྱོགས་ཤིག་འཁྱེར་ནས་ངའི་རྗེས་སུ་བསྙེགས།ང་ཉལ་ཁང་དུ་རྒྱུགས་ནས་ཉལ་ཁེབས་ཀྱི་ནང་དུ་འཛུལ།ཨ་མས་ཨོང་ཤ་ཡིན་སྙམ་ནས་ཆུ་སྐྱོགས་གཅིག་བརྒྱབ་པས། སྟབས་མ་འགྲིག་པར་ངའི་སྣ་ལ་ཁེལ་ནས་སྣ་ཁྲག་དོན། ངས་ལམ་སང་མགོ་བོ་ཡར་བཀྱགས་ནས།“ཨ་ར་ར། ངར་སྣ་ཁྲག་བཞུར་བྱུང་།”ཞེས་སྐད་བརྒྱབ་པས་ཨ་མའི་ཁོང་ཁྲོའང་དེ་མ་ཐག་ཞི་ཞིང་། “ད་ཅི་དྲགཨ་མའི་མ་དགའ།”ཟེར་ནས་ཅུང་སེམས་འཚབས་པར་གྱུར། དེ་ལྟར་སྐར་མ་ལྔ་དྲུག་ཅིག་ལ་སྣ་ཁྲག་མཚམས་མ་ཆད་པས་གློ་བུར་དུ་ཨ་མ་ངུས་བྱུང་།དེ་ནི་སྐྱེ་བ་འདི་ལ་བརྗེད་རྒྱུ་ཞིག་མི་འདུགཨ་མས“ཡི་གེ་མ་བལྟས་ན་ཆོགམ་བཏོན་ན་ཆོགམ་ཤེས་ན་མ་ཤེས།རྗེས་སུ་ངས་བཙན་པོ་མི་བྱེད།ངའི་བུ་མོ།”ཟེར་ནས་ཨ་མའི་ངོ་གདོང་ལས་བསྟུད་མར་མིག་ཆུ་འཐོར་བྱུང་།སྐབས་དེར་ང་རང་ཧ་ལས་ནས་བསམས་རྒྱུར་ང་བརྡུངས་ནས་སྣ་ཁྲག་བཞུར་ཡང་མ་ངུས་མོད། འོན་ཀྱང་ངུ་མཁན་དེ་ནི་ཨ་མ་ཆགས་སོང་བསམས་པ་ཙམ་ལས།ངས་སྐབས་དེར་ཁོ་མོའི་ངོ་གདོང་ལས་མངོན་པའི་སེར་སྣ་དང་ལུས་སེམས་ལས་གསལ་བའི་བྱམས་པ་ལ་སྣང་འཇོག་གང་ཡང་མ་བྱུང་།ཨ་མ་ཞིག་གི་བརྩེ་བ་ནི་ད་གཟོད་མཚོ་ལས་ཟབ་ཅིང་གངས་ལས་དཀར་བའང་མ་ཤེས། རྗེས་སུ་ཨ་མས་ང་ལ་འགྲེལ་བཤད་གནང་རྒྱུར་སྐབས་དེར་ཁོ་མོས་ཨོང་ཤ་རེད་འདུག་བསམས་ནས་བརྒྱབ་པ་ཡིན།གལ་ཏེ་མགོ་བོ་ཡིན་པ་ཤེས་ན་ཁྱོན་ནས་བརྒྱག་ཀྱི་མ་རེད་ཟེར། ཁྱེད་རང་ནི་ཅི་འདྲའི་བརྩེ་བས་ཕྱི་ནང་བརླན་པ་ཞིག་རེད་ཨང་།ད་ལྟ་བསམ་ན་དོན་དག་དེ་འདྲའི་ཆུང་ཆུང་ཞིག་གིས་ཀྱང་མི་བཟོད་པར་ངའི་དོན་དུ་ངུ་མཁན་ནི་ཨ་མ་ལས་སུ་ཡོད་དེ། སུ་ཡང་མེད། ང་ནི་ཁྱེད་ཀྱི་སྙིང་ཁ་ནས་བཞུར་བའི་མར་ཁུ་ཡིན་ཞིང་ང་ནི་ཁྱེད་ཀྱི་བློ་དང་མཆིན་པ་གང་རུང་ཡིན་སྲིད།བརྩེ་བའི་ཨ་མ་ལགས།འཛིན་ཐབས་བྲལ་བའི་སྐད་ཅིག་མ་དེ་དག་རྨི་ལམ་བཞིན་འཇའ་ལྟར་ཡལ་ནའང་། མཛེས་སྡུག་གིས་བརླན་པའི་འུ་གཉིས་བར་གྱི་བརྩེ་དུངས་ནི་ཚེ་རབས་ཀུན་ཏུ་གནས་ཤིང་སྐྱེ་བ་ནས་སྐྱེ་བའི་བར་དུ་བརྟན་པའི་ཡིད་ཆེས་འདུག
བརྩེ་བའི་ཨ་མ་ལགས།བཤད་སྲོལ་ལྟར་ན་མི་ཞིག་རྗེས་དྲན་བྱེད་སྟངས་ཆེས་ཡག་ཤོས་ནི་མི་དེའི་རྣམ་པ་ལྟར་དུ་གསོན་རྒྱུ་དེ་རེད་ཟེར། མི་ལོ་འདི་དག་གི་ནང་དུ་ངས་ཁྱེད་ཀྱི་རྣམ་འགྱུར་དང་དགའ་ཕྱོགས་མང་པོ་ཞིག་ངོས་མ་ཟིན་པར་ད་ནི་རབ་རིབ་ཞིག་ཏུ་གྱུར་སོང་། ཧ་ཅང་དྲན་ངོགས་སུ་ཡོད་པ་དེ་ནི་ཁྱེད་རང་ཁོམ་པའི་བར་གསེང་ནས་མ་ཎི་དང་ཁ་བཏོན་སོགས་འདོན་ཞོར། ཉི་ཁུག་ཅིག་ཏུ་ཁུ་སིམ་མེར་ཉི་མ་ལྡེ་ནས་འདུག་པ་དེ་རེད་ཨང་།དེ་དུས་ཀྱི་ང་ནི་རྩེད་མོའི་རྒྱ་ཡན་དུ་ཤོར་བའི་བྱིས་པ་ཅོལ་ཆུང་ཞིག་ཡིན་སྟབས།ཁྱེད་ཀྱི་འགྲམ་དུ་འདུག་ནས་བྱམས་པའི་ངག་ལས་བྱུང་བའི་ཁ་བཏོན་གྱི་སྒྲ་དང་གདོང་གི་རྣམ་འགྱུར་རེ་རེ།བཅོས་མིན་གྱི་འཛུམ་མདངས་སོགས་ལ་ཉམས་མ་བཞག་པར་ད་ལྟ་སྙིང་ནས་ཤིན་ཏུ་ཕངས། བཟློག་ཐབས་མེད་པའི་སྐྱེ་འཆིའི་ཆོས་ཉིད་ལས་ཁྱེད་རང་མལ་ས་དེ་རུ་གཏན་དུ་གཟིམས་པའི་ངང་ཚུལ་དེས། སྐྱ་རེངས་བསྐྱག་པའི་ནམ་མཁའ་རུ་སྐར་ཚོགས་དང་འོད་སྣང་མེད་པའི་མུན་པ་སྟུག་པོ་ཞིག་རུབ།དུས་དེ་ནས་བཟུང་ཤིན་ཏུ་སྟུག་པའི་མུན་ནག་དེ་ལས་ངས་ཁྱེད་རང་གཏན་དུ་རྙེད་ཐབས་མ་བྱུང་། ཁྱེད་ཀྱི་འཛུམ་མདངས། ཁྱེད་ཀྱི་སྐད་ངགཁྱེད་ཀྱི་བརྩེ་བའི་མིག་མདངས། ཁྱེད་ཀྱི་བྱམས་པའི་ལག་ཟུང་།ཡོད་ཚད་སྣང་མེད་དུ་གྱུར་ནས་སྟོང་བར་ལུས་པའི་ང་ཡི་འཇིག་རྟེན་དུ་འཕྲལ་མར་ཤི་གསོན་བར་གྱི་འཆིང་ཐག་གིས་བཅིངས་སོང་། ཨ་མ། ངས་ལོ་འགའི་སྔོན་དུ“MamaCoco”མ་མ་ཁོ་ཁོ་ཞེས་པའི་ཨ་རིའི་འགུལ་རིས་གློག་བརྙན་ཞིག་ལ་བལྟས་པ་ཡིན། གློག་བརྙན་དེའི་བརྗོད་དོན་གཙོ་བོ་ནི་ཚེ་སྲོག་གི་མཐར་ཐུག་ནི་འཆི་བ་མ་ཡིན་ཞིང་།ཡིད་ཀྱིས་གཏིང་བརྗེད་དུ་གྱུར་བ་ནི་ད་གཟོད་ཚེ་སྲོག་གི་མཐར་ཐུག་ཡིན་པ་བསྟན་འདུགགློག་བརྙན་དེས་ང་ལ་བསམས་གཞིགས་ཆེན་པོ་ཞིག་བསྐྲུན་བྱུང་། དེ་ལྟར་རྗེས་སུ་ངས་ཀྱང་རང་ཉིད་ལ་སེམས་གསོ་འདི་ལྟར་བྱས་པ་ཡིན།གལ་ཏེ་ཁྱེད་ཉིད་གཏན་དུ་ང་ཡི་སེམས་སུ་བཅུག་སྟེ་ནམ་ཡང་ངའི་སེམས་ཁོང་དུ་བཞུགས་ཚེ་འུ་གཉིས་སོ་སོར་གྱེས་མེད་དེ།མ་ཟད་འུ་གཉིས་ཚེ་རབས་གཅིག་ལ་མཉམ་དུ་སྦྲེལ་ཞིང་མཉམ་དུ་གསོན་ཡོད་པའི་རྟོག་བཟོ་བྱས། དེ་ལྟར་ནའང་ཁྱེད་དང་བྲལ་བའི་ཉིན་ཞག་རེ་རེ་ང་ལ་སྨྲ་བསམ་བརྗོད་འདས་ཀྱི་ན་ཟུག་གྲངས་མེད་བསླངས་མྱོང་།ལོ་ཟླ་དེ་དག་ལས་ངས་མི་རྟག་གི་གདུག་རྩུབ་ཚོར་བྱུང་ལ་ཆོས་ཉིད་ཀྱི་ངོ་བོའང་རྟོགས་བྱུང་།
བརྩེ་བའི་ཨ་མ་ལགས།ངས་བརྒྱུད་པའི་ལམ་བུ་རེ་རེར་ཁྱེད་ཀྱིས་འབྱིན་པའི་དགོད་སྒྲ་མཆིས།ངའི་རེ་བ་དང་སྨོན་པ་ཡང་ན་འབད་བརྩོན་གྱི་གྲུ་ཟུར་རེ་རེར་ཁྱེད་ཀྱིས་མངགས་པའི་ཞལ་ཏ་མངའ།ངའི་བྱམས་པ་དང་བརྩེ་བའི་ཉམས་འགྱུར་རེ་རེར་ཁྱེད་ཀྱིས་བསླབས་པའི་འོད་སྣང་འཕྲོས། གང་ལྟར་ང་ཡི་ཡོད་ཚད་ཁྱེད་ཉིད་ལས་བྱུང་བ་ཅིས་ཀྱང་བཤད་མི་དགོས་ཏེ།ཁྱེད་ནི་ངའི་མི་ཚེའི་ཁྲོད་ཀྱི་དགེ་རྒན་ཐོག་མ་དེ་ཡིན་ལ། ང་ནི་ཁྱེད་ཀྱི་འགྲོ་འདུག་བྱ་སྤྱོད་ལ་ལད་མོ་བྱས་ནས་འཚར་ལོངས་བྱུང་མཁན་དེའོ།ཁྱེད་རང་ནི་ཕལ་བའི་འབྲོག་སྡེ་ཞིག་ཏུ་སྐྱེས་ཤིང་མེ་ཏོག་དང་སྤྲིན་དཀར་ཉི་འོད་དང་བསིལ་རླུང་རུམ་དུ་བཅུག་སྟེ།མཛེས་པའི་འབྲོག་ཐང་ཞིག་ནས་རྟ་ནོར་ལུག་གསུམ་དང་གྲོགས་སུ་བསྡེབས།དཀར་གཙང་དར་ལས་འཇམ་པའི་ཤེས་ལྡན་འབྲོག་མོ་ཞིག་གི་ཁྱད་ཆོས་ཡོངས་སུ་ཁྱེད་ལ་བཞད་མྱོང་།བརྩེ་བའི་ཨ་མ་ལགས།ཁྱེད་ཀྱིས་ཁྱིམ་ཚང་ཞིག་གི་ཆེད་དུ་རྔུལ་ཆུ་དང་ཟུངས་ཁྲག་གྲངས་མེད་ཅིག་བཏང་ཞིང་།བརྩེ་བ་མཁའ་ལྟར་བརྗིད་པས་ཁྱེད་ཀྱི་ལང་ཚོ་དང་མཛེས་སྡུགརྨི་ལམ་ཡོད་ཚད་གཏོང་ཕོད་ཆེན་པོས་ཁྱིམ་ཚང་ཞིག་ལ་ཕུལ་བ་ཡིན་ཙང་། ད་བཟོད་ཁྱིམ་ཚང་དེ་ལ་དགའ་ལྷུང་ལྷུང་ཞིག་དང་དྲོད་འཁྱིལ་ལེར་གནས་པའི་རྒྱུ་མཚན་ཡིན། ཁྱེད་རང་བཞུད་པའི་ལོ་ངོ་འདི་དག་གི་ནང་དུ་ང་ལ་སྣ་ཁྲག་དོན་ཐེངས་རེ་རེར་ངས་ཁྱེད་རང་དྲན་པ་ཡིན།ཁྱེད་ཀྱིས་ང་ཡི་ཆེད་དུ་བཏང་བའི་མིག་ཆུ་དྲན་པ་ཡིན། སྣ་ཁྲག་ནི་ཁྱེད་ཀྱི་ང་ལ་བཞག་པའི་དྲན་རྟེན་ཡིན་ཞིང་ཁྱེད་ཀྱི་ང་ལ་བཞག་པའི་བརྩེ་བའང་ཡིན། ཁྱེད་ཀྱི་བཀའ་དྲིན་ནི་ང་ཅག་གིས་བཞལ་ཐབས་བྲལ་ཏེ་བརྩེ་བའི་འཛུམ་ཞལ་རེ་རེའང་ད་དུང་ང་ཡི་ཡིད་ལ་གསལ་བོ་གནས།བརྩེ་བའི་ཨ་མ་ལགས།ཁྱེད་རང་མེད་པའི་ལོ་ཟླ་ནི་ཅིས་ཀྱང་གྲང་འཁྱག་གིས་མནར་ཞིང་།ཁ་བ་བབས་པའི་དགུན་གཞུང་རེ་རེར་ཁྱེད་ཀྱིས་མེ་ཁ་གསོས་པའི་ཐབ་མེའང་ལྷག་ཏུ་དྲན།
༢༠༢༦.༨.༣ཉིན་མངའ་རིས་གངས་རིན་པོ་ཆེའི་འདབས་ནས་ཡང་དུ་བཅོས་ནས་སྦྱར་བ་དགེའོ།།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

